སྨན་རྩིས་དྲ་བ། - ཆེད་རྩོམ།

མངོན་པའི་གཞུང་སོགས་ནས་བཤད་པའི་སྣོད་བཅུད་ཀྱི་འཇིག་རྟེན་བྱུང་རིམ། (པོད། ༡། ༥།)

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.09.2016
ཆེད་རྩོམ། >>

 

 

སྐབས་ལྔ་པ། སྣོད་བཅུད་འབྱུང་འཇིག་གི་རིམ་པ་བཤད་པ།

༡ མངོན་པའི་གཞུང་སོགས་ནས་བཤད་པའི་སྣོད་བཅུད་ཀྱི་འཇིག་རྟེན་བྱུང་རིམ།

(ཀུན་བཏུས། པོད་དང་པོ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།


 

            སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་ཚུལ་ལ་སྔོན་གྱི་འཕགས་ཡུལ་གྱི་ལྟ་གྲུབ་སྨྲ་བ་རྣམས་མི་མཐུན་པ་མང་པོ་ཞིག་བྱུང་ཞིང་། དེ་དག་ལས་བྱེ་བྲག་པ་སོགས་མུ་སྟེགས་པ་མང་པོ་ཞིག་གིས་ད་ལྟའི་འཇིག་རྟེན་གྱི་ཁམས་འདི་མ་ཆགས་གོང་ས་རྡུལ་ཕྲ་མོ་དང་། ཆུ་རྡུལ་ཕྲ་མོ། མེ་རྡུལ་ཕྲ་མོ། རླུང་རྡུལ་ཕྲ་མོ་སོགས་རྡུལ་ཕྲན་མང་པོ་ཞིག་བར་སྣང་སྟོང་པའི་ནང་སོ་སོར་མི་འཇིག་པར་གནས་ནས་ཡོད་པ་ལ། ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་སྟོང་པ་དེར་འཇིག་རྟེན་གྱི་ཁམས་ཤིག་བཟོ་དགོས་སྙམ་ནས་བློའི་འཕེན་པ་བཏང་བ་དང་། སེམས་ཅན་རྣམས་ཀྱི་ཆོས་དང་ཆོས་མིན་གྱི་ལས་ཡོངས་སུ་སྨིན་པའི་དབང་གིས་ཐོག་མར་རླུང་རྡུལ་ཕྲ་མོ་གཉིས་མཉམ་དུ་སྦྱོར་བར་བྱེད་ཅིང་། དེ་ནས་རླུང་རྡུལ་ཕྲ་མོ་གསུམ་སྦྱོར་བར་བྱེད་དོ། །དེ་ལྟ་བུའི་རིམ་པས་རླུང་རྡུལ་རྣམས་ཀྱིས་འབྲས་བུའི་རྫས་རྩོམ་པར་བྱས་ཏེ་རླུང་གི་ཕུང་པོ་ཆེན་པོ་ཆགས་ཤིང་། དེའི་སྟེང་དུ་ཆུ་རྡུལ་རྣམས་སྔར་ལྟར་སྦྱར་བས་ཆུའི་ཕུང་པོ་ཆེན་པོ་ཆགས་པ་དང་། དེའི་སྟེང་དུ་སའི་དཀྱིལ་འཁོར་ཆེན་པོ་དང་། དེའི་སྟེང་དུ་མེའི་དཀྱིལ་འཁོར་ཆེན་པོ་སྔར་གྱི་རིམ་པ་ལྟར་གྲུབ་པར་གྱུར་པ་སོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ཆགས་པར་འདོད་པར་བཤད།


            མུ་སྟེགས་གྲངས་ཅན་པས་སྤྱི་གཙོ་བོའི་སྟེང་ནས་འཇིག་རྟེན་འདི་དག་རྩ་བའི་སྒྲུབ་གཞི་མཐར་ཐུག་ཅིག་གི་རྣམ་འགྱུར་དུ་འགྲེལ་བརྗོད་བྱེད་ཅིང་། གཞན་ཡང་ལྷ་ཚངས་པ་དང་། ཁྱབ་འཇུག སྒྲའི་ཚངས་པ། བདག་རྟག་པ་སོགས་འཇིག་རྟེན་གྱི་བྱེད་པོར་འདོད་པའི་མུ་སྟེགས་པའང་ཡོད་ཅིང་། རྒྱང་འཕེན་པས་འཇིག་རྟེན་གྱི་ཁམས་འདི་འགྲུབ་ཚུལ་ནི་བེམ་རྫས་ལས་གློ་བུར་ཐོལ་བྱུང་དུ་གྲུབ་པར་འདོད་པར་བཤད།


            དེ་དག་ལས་འཇིག་རྟེན་བཀོད་པ་པོ་འདོད་པ་རྣམས་ཀྱིས་ནི་འཇིག་རྟེན་གྱི་ཁམས་འདི་བཟོ་མཁན་ཞིག་མེད་ན་འདི་འདྲའི་གྲ་འགྲིག་པོ་ཡོང་བ་མི་སྲིད་དེ། དཔེར་ན། ཁང་པ་ལྟ་བུ་བཟོ་མཁན་ཞིག་མེད་ན་ཁང་པ་མི་འགྲུབ་པ་བཞིན་ནོ་ཞེས་ཟེར། དེས་ན་དེ་དག་གིས་འཇིག་རྟེན་བྱེད་པ་པོ་ཡོད་པའི་སྒྲུབ་བྱེད་ནི། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོ་ཞིག་གི་བློ་སྔོན་དུ་སོང་སྟེ། སྡོད་ཅིང་སྡོད་ཅིང་ལས་ལ་འཇུག་པའི་ཕྱིར། ཤིང་བཟོའི་ལག་ཆ་སྟེའུ་བཞིན་ཞེས་དང་། དབྱིབས་བཀོད་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། རྫའི་བུམ་པ་བཞིན་ཞེས་དང་། དོན་བྱེད་ནུས་པའི་ཕྱིར། བུམ་པ་བཞིན་ཞེས་པའི་སྒྲུབ་བྱེད་བཀོད་ཅིང་། རིགས་པའི་སྒྲུབ་བྱེད་གཞན་ཡང་ཡོད་ཀྱང་འདི་དག་ནི་སྒྲུབ་བྱེད་གཙོ་བོ་རྣམས་ཡིན་པར་མངོན།


            དེ་ལ་ནང་པ་སངས་རྒྱས་པ་རྣམས་ནི། གཞན་སྡེ་རྣམས་ཀྱིས་བཀོད་པའི་རིགས་པ་དེ་དག་གིས་འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་སྤྱིར་བློ་སྔོན་དུ་སོང་བ་ཙམ་དུ་སྒྲུབ་པ་ཡིན་ན། འདི་དག་རང་རྒྱུ་སེམས་པའི་ལས་ལས་སྐྱེས་པར་སངས་རྒྱས་པས་གྲུབ་ཟིན་པས། སངས་རྒྱས་པ་ལ་སྔར་མ་གྲུབ་པ་སྒྲུབ་བྱེད་དུ་མི་རུང་ལ། བློ་རྟག་པ་ཞིག་གིས་བྱས་པར་སྒྲུབ་པ་ཡིན་ན་ནི། བློ་རྟག་པ་ཞིག་མི་སྲིད་པས་དཔེ་བཀོད་པ་མི་འཐད་ལ། ཡང་བྱེད་པ་པོ་གཞན་སྔོན་དུ་སོང་བ་ཙམ་སྒྲུབ་པ་ཡིན་ཟེར་ནའང་། ཁྱོད་ཀྱིས་ཐམས་ཅད་ཀྱི་ཐོག་མའི་བྱེད་པ་པོར་འདོད་པ་དེའང་བྱེད་པ་པོ་གཞན་སྔོན་དུ་སོང་བར་ཁས་ལེན་དགོས་ཤིང་། དེ་ལྟར་ན་དེ་རྟག་པ་རང་བྱུང་དུ་འདོད་པ་དང་འགལ་ཞིང་། རང་གིས་བཀོད་པའི་རྒྱུ་མཚན་མ་ངེས་པར་འགྱུར་བ་སོགས་རིགས་པ་དུ་མས་འགོག་པར་མཛད་དེ། ཚད་མ་རྣམ་འགྲེལ་ལས།

སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་པ་ལ་སོགས་པ་དག །

འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་ཚོམ་ཟ་བ་ཡིན། །1 ཞེས་གསུངས།


ཡང་རྟག་པ་རང་བྱུང་གི་འཇིག་རྟེན་བྱེད་པ་པོ་ཞིག་ཁས་བླངས་ན། རྟག་པ་ལ་རང་བཞིན་འགྱུར་བ་མེད་པས་འབྲས་བུ་མི་སྐྱེད་པའི་གནས་སྐབས་དང་སྐྱེད་པའི་གནས་སྐབས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་ལྟར་ན་རང་ཉིད་ལྡོག་པས་འབྲས་བུ་སྐྱེ་བ་ལྡོག་པའི་གཞི་མེད་པས་རྒྱུའི་དོན་མ་ཚང་ལ། གཞན་ཡང་དེ་ལྟ་བུའི་འཇིག་རྟེན་བྱེད་པ་པོ་དེ་ཉིད་མ་སྐྱེས་པ་ཡིན་པས་སྣོད་བཅུད་མཐའ་དག་དེས་བྱས་པ་མི་འཐད་པ་དང་། དངོས་པོ་རྣམས་ནི་རྒྱུ་རྐྱེན་སྣ་ཚོགས་པ་ཚོགས་པ་ལས་བྱུང་བས་བྱེད་པ་པོ་གཅིག་གིས་བཀོད་པ་མི་འཐད་པར་སྒྲུབ་སྟེ། ཚད་མ་རྣམ་འགྲེལ་ལས།

རང་བཞིན་ཁྱད་པར་མེད་པར་ནི། །བྱེད་པར་ཡང་ནི་མི་རུང་ངོ་། །

རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །2 ཞེས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་ལས་ཀྱང་།

རེ་ཞིག་བདག་ནི་མ་སྐྱེས་ཕྱིར། །དེ་ཡིས་བྱས་པར་མི་འདོད་དོ། །3 ཞེས་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་ལས།

བྱེད་པོ་གཅིག་པུ་འགའ་ཡང་མེད། །དེ་ཕྱིར་མ་ངེས་ཉིད་མ་ཡིན། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ནི་རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བའི་ཕྱིར་བྱེད་པ་པོ་གཅིག་པུ་ཞེས་བྱ་བ་མི་འཐད་དེ། གལ་ཏེ་གཅིག་པུ་ཉིད་ལ་བྱེད་པ་པོ་ཉིད་ཀྱི་མཐུ་ཡོད་པར་གྱུར་ན་རྒྱུ་དང་རྐྱེན་མང་པོར་བརྟགས་པ་དག་གིས་ཅི་བྱ། འཇིག་རྟེན་ན་དངོས་པོ་རྣམས་ཀྱི་རྒྱུ་བྱེད་པ་པོ་གཅིག་པུ་ནི་འགའ་ཡང་མི་སྣང་བས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་དུ་ག་ལ་འགྱུར། །4 ཞེས་སོགས་འབྱུང་བ་ལྟར་རོ། །


            དེས་ན་སྣོད་བཅུད་ཀྱི་འཇིག་རྟེན་འདི་བློའི་གཡོ་བ་སྔོན་དུ་སོང་བ་ལས་གྲུབ་པ་དང་། རྟག་པ་རང་བྱུང་གི་སྐྱེ་བོ་ཞིག་གིས་བྱས་པ་དང་། ཡང་རྒྱུ་མེད་ཐོལ་བྱུང་དུ་གྲུབ་པ་སོགས་གཏན་ནས་མི་འདོད་པར། རྐྱེན་ཉིད་འདི་པ་ཙམ་ཞེས་རྒྱུ་དང་རྐྱེན་གྱི་འགྲོས་ཉིད་ལས་གྲུབ་པར་བཤད་དོ། །*


            དེ་ལ་འཇིག་རྟེན་ཆགས་ཚུལ་གྱི་རྣམ་གཞག་སྟོན་པའི་འཕགས་ཡུལ་གྱི་ནང་པའི་གཞུང་ལ་མདོ་ཕལ་པོ་ཆེ། མདོ་དྲན་པ་ཉེར་བཞག འཇིག་རྟེན་བཞག་པ། མངོན་པ་གོང་འོག་གི་གཞུང་དང་། དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་སོགས་མང་པོ་ཡོད་ཀྱང་གཙོ་བོ་ནི། ཆོས་མངོན་པའི་གཞུང་རྣམས་དང་། དུས་ཀྱི་འཁོར་ལོའི་རྒྱུད་རྣམས་ཡིན། དེ་དག་ཏུ་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་ཚུལ་དང་། བཅུད་ཀྱི་སེམས་ཅན་གྱི་ཚེ་ཚད། སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་བཀོད་ཀྱི་ཁྱད་པར་དང་ཚད་སོགས་ལ་བཤད་ཚུལ་ཅུང་མི་འདྲ་བའི་ཁྱད་པར་ཡོད་ཀྱང་གཞི་རྩའི་ལྟ་ཚུལ་ལ་མི་མཐུན་པ་མེད། དེས་ན་སངས་རྒྱས་པ་རྣམས་ཀྱི་ལུགས་ལ་ཐོག་མའི་རྩོམ་གཞིའི་ས་ཆུ་མེ་རླུང་བཞིའི་རྡུལ་ཕྲ་རབ་དང་། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ལ་བརྟེན་ནས་ཐུན་མོང་གི་འཇིག་རྟེན་གྱི་ཁམས་དེ་བྱུང་བ་དང་། སོ་སོའི་ཐུན་མོང་མ་ཡིན་པའི་ལས་ལ་བརྟེན་ནས་སོ་སོའི་བདེ་བ་དང་སྡུག་བསྔལ་རྣམས་བྱུང་བ་སྟེ། དེ་ལྟར་རང་རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་རྐྱེན་རྟེན་འབྲེལ་གྱི་འཁོར་ལོ་འབའ་ཞིག་གི་ལམ་ནས་འགྲེལ་བརྗོད་བྱེད་ཅིང་། ད་ལྟ་རང་ཅག་གནས་སའི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་ལས་ཐོག་མར་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། དེའི་རྗེས་སུ་བཅུད་ཀྱི་སེམས་ཅན་ཆགས་པར་བཞེད་དོ། །


            དེ་ལྟ་བུའི་རྒྱུ་འབྲས་རྟེན་འབྲེལ་གྱི་ཚུལ་འདི་ལ་འཕགས་པ་ཐོགས་མེད་སོགས་ཀྱིས། ༡ གཡོ་བ་མེད་པའི་རྐྱེན་དང་། ༢ མི་རྟག་པའི་རྐྱེན་དང་། ༣ ནུས་པའི་རྐྱེན་བཅས་རྐྱེན་གསུམ་གྱི་ཐ་སྙད་མཛད་ཅིང་། ཚུལ་འདི་སཱ་ལུའི་ལྗང་པའི་མདོ་སོགས་ལ་བརྟེན་ནས་གསལ་བར་གསུངས་ཏེ། མངོན་པ་ཀུན་བཏུས་ལས། “མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། མི་རྟག་པའི་རྐྱེན་ལས་བྱུང་བ་དང་། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ།།”5 ཞེས་དང་། དེ་བཞིན་དུ་སློབ་དཔོན་དབྱིག་གཉེན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པར་མདོ་དྲངས་པ་ལས། “དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ་ཞེས་གསུངས་ཏེ།”6 ཞེས་སོགས་ཀྱིས་རྐྱེན་གསུམ་གྱིས་འཇིག་རྟེན་འདིའི་ཐོག་མཐའ་མེད་པའི་རང་བཞིན་ལ་གཏན་ཚིགས་ཀྱིས་སྡོམ་ཚིག་བཀོད་ནས། ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་འཇིག་རྟེན་གྱི་བྱེད་པ་པོར་ངོས་འཛིན་མི་བྱེད་པར་བསྟན་ཡོད།


            གཞུང་འདི་དག་གིས་ནི་སཱ་ལུའི་ལྗང་པའི་མདོ་ལས། “རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།”7 ཞེས་པའི་མདོའི་དོན་ཚན་པ་གསུམ་དུ་བསྡུས་ཏེ། རིམ་པ་བཞིན། “འདི་ཡོད་པས་འདི་འབྱུང་ལ།”ཞེས་པས་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། “འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།” ཞེས་པས་མི་རྟག་པའི་རྐྱེན་དང་། “གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།” ཞེས་པས་ནུས་པའི་རྐྱེན་ལས་བྱུང་བ་བསྟན་པ་དང་སྦྱར་ཏེ་གསུངས།


            དེ་ལ་དང་པོ་ཕྱི་ནང་གི་དངོས་པོ་རྣམས་གཡོ་བ་མེད་པའི་རྐྱེན་ལས་བྱུང་བར་གསུངས་པའི་དོན་ནི་འདི་ཡིན་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་འདི་བྱེད་པ་པོ་ཞིག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་གྲུབ་པ་མིན་པར། རང་རང་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་འབའ་ཞིག་གི་དབང་གིས་གྲུབ་པ་ལ་བྱེད་དོ། །དེའི་ཕྱིར་མདོ་ལས་ཀྱང་། “འདི་ཡོད་པས་འདི་འབྱུང་།” ཞེས་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་ལས་འབྱུང་གི་རྒྱུ་དང་རྐྱེན་གྱི་ཁོངས་སུ་མ་གཏོགས་པའི་ཕྱི་རོལ་གྱི་ནུས་པ་གཞན་ཞིག་གི་མཐུ་ལས་གྲུབ་པ་མིན་པ་དང་། དེ་བཞིན་དུ་སྣོད་བཅུད་ཀྱི་འཇིག་རྟེན་འདི་རྒྱུ་མེད་རྐྱེན་མེད་ལས་ཐོལ་བྱུང་དུ་གྲུབ་པའང་མིན་པར་བསྟན་ཏོ། །


            གཉིས་པ་མི་རྟག་པའི་རྐྱེན་ལས་བྱུང་བར་གསུངས་པའི་དོན་ནི། དེ་ལྟ་བུའི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་བྱུང་བར་འདོད་པ་ཙམ་གྱིས་མི་ཆོག་གི་གང་ལས་བྱུང་བའི་རྒྱུ་དེའང་འདུས་བྱས་མི་རྟག་པ་ཞིག་ཡིན་དགོས་ལ། རྟག་པའི་ཆོས་ལས་འབྲས་བུ་མི་རྟག་པའི་ཆོས་འབྱུང་བ་ནི་གནས་མ་ཡིན་པའོ། །ཞེས་པ་ནི་རྐྱེན་གཉིས་པ་གསུངས་པ་དེའི་གྲུབ་དོན་ཡིན། རྟག་པ་ནི་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པས། འབྲས་བུ་སྐྱེད་པའི་བྱ་བ་བྱེད་མི་ནུས་ལ། དེ་བཞིན་དུ་རང་ཉིད་ལ་ཆོས་གཞན་གྱི་ཕན་གནོད་ཀྱི་བྱ་བ་འཇུག་པའི་གནས་མེད་ན་ཆོས་གཞན་ལའང་རང་ཉིད་ཀྱི་ཕན་གནོད་ཀྱི་བྱ་བ་འཇུག་པའི་ནུས་པ་མེད་པ་ནི་རིགས་པས་གྲུབ་པའི་གནད་ཡིན་པས། ཕྱི་ནང་གི་སྣོད་བཅུད་ཀྱི་ཆོས་རྣམས་གང་ལས་འབྱུང་སའི་རྒྱུ་ཞིག་ཡིན་ཕྱིན། ངེས་པར་དུ་འདུས་བྱས་མི་རྟག་པའི་རང་བཞིན་ཅན་ཞིག་ཡིན་དགོས་པར་རྐྱེན་གཉིས་པ་དེས་སྟོན། དེའི་ཕྱིར་མདོ་ལས་འདིའི་ཐད་དུ། “འདི་སྐྱེས་པའི་ཕྱིར་འདི་སྐྱེ།” ཞེས་སྐྱེ་བའི་དོན་རྩལ་དུ་བཏོན་ནས་གསུངས་སོ།།


            གསུམ་པ་ཕྱི་ནང་གི་དངོས་པོ་རྣམས་ནུས་པའི་རྐྱེན་ལས་བྱུང་བར་གསུངས་པའི་དོན་ནི་འདི་ཡིན་ཏེ། རང་ཉིད་གང་ལས་སྐྱེ་བའི་རྒྱུ་དེ་ཡང་འདུས་བྱས་མི་རྟག་པའི་ཆོས་ཤིག་ཡིན་པ་ཙམ་གྱིས་མི་ཆོག་གི་གང་བསྐྱེད་པར་བྱ་བའི་འབྲས་བུ་སྐྱེད་ནུས་ཀྱི་རྗེས་སུ་མཐུན་པའི་ཆོས་ཏེ། འབྲས་བུ་བྱེ་བྲག་པ་དེ་སྐྱེད་པའི་ནུས་པ་ཡོད་པའི་ཆོས་ཤིག་ཡིན་དགོས་སོ་ཞེས་སྟོན་པ་ལ། ནུས་པའི་རྐྱེན་ལས་བྱུང་བ་ཞེས་གསུངས་སོ། །དེའི་ཕྱིར་མདོ་ལས། “གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།” ཞེས་སོགས་གསུངས་པར་བཤད།


            སྔར་བཤད་པའི་རྟེན་འབྲེལ་རྐྱེན་གསུམ་དང་ལྡན་པའི་གནད་འདིའི་གྲུབ་དོན་གྱི་ཚུལ་དུ། ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ལས་འདི་ལྟར་གསུངས་ཏེ། དོན་གྱིས་ཇི་ལྟ་བུ་ཞེ་ན། བྱེད་པ་པོ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དང་། རྒྱུ་དང་བཅས་པ་ལས་བྱུང་བའི་དོན་དང་། སེམས་ཅན་མེད་པའི་དོན་དང་། གཞན་གྱི་དབང་གི་དོན་དང་། གཡོ་བ་མེད་པའི་དོན་དང་། མི་རྟག་པའི་དོན་དང་། སྐད་ཅིག་པའི་དོན་དང་། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པའི་དོན་དང་། རྒྱུ་དང་འབྲས་བུ་མཐུན་པའི་དོན་དང་། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང་། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ།།8


ཞེས་རྒྱུ་འབྲས་རྟེན་འབྱུང་གི་ཚུལ་འདིས་རིམ་པ་བཞིན། སྣོད་བཅུད་བཟོ་མཁན་གྱི་བྱེད་པ་པོ་མེད་པ་དང་། འདུས་བྱས་ཀྱི་ཆོས་རྣམས་རྒྱུ་དང་རྐྱེན་ལས་འབྱུང་བ་དང་། གཞན་དབང་ཅན་སོགས་སུ་དོན་གྱིས་གྲུབ་པར་གསུངས་སོ།།


            འཇིག་རྟེན་གྱི་ཁམས་ཆགས་ཚུལ་མངོན་པའི་གཞུང་ལས་ཇི་ལྟར་གསུངས་ཚུལ་ནི། སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་དུ་ཤིན་ཏུ་གསལ་བས་ཅུང་ཟད་དྲངས་ན། དེ་ཉིད་ལས།

            སེམས་ཅན་རྣམས་གྱི་ལས་ཀྱི་དབང་གིས་འོག་ན་ནམ་མཁའ་ལ་བརྟེན་པའི་རླུང་གི་དཀྱིལ་འཁོར་མངོན་པར་འགྲུབ་སྟེ། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་དྲུག་འབུམ་མོ། །རྒྱར་ནི་གྲངས་མེད་དེ། འདི་ལྟར་གང་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲ་བ་ཡིན་ནོ། །དེའི་སྟེང་ན། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་ཕྲག་དག་ནི་ཉི་ཤུ་འོ། །དཀྱིལ་འཁོར་ཞེས་བྱ་བར་སྦྱར་ཏེ། སེམས་ཅན་རྣམས་ཀྱི་ལས་དག་གིས་རླུང་གི་དཀྱིལ་འཁོར་དེར་སྤྲིན་རྣམས་འདུས་ནས། ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་དེ་ཆུའི་དཀྱིལ་འཁོར་དུ་འགྱུར་ཏེ། དེའི་རྔམས་སུ་ནི་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲིའོ། །ཇི་ལྟར་ན་ཆུ་དེ་དག་ཐད་ཀར་མི་འབོ་ཞེ་ན། ཁ་ཅིག་ན་རེ་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཏེ། དཔེར་ན་བཟའ་བ་དང༌། བཏུང་བ་ཟོས་པ་དང༌། འཐུང་བ་མ་ཞུ་བ་ལོང་ཀར་མི་ལྟུང་བ་བཞིན་ནོ་ཞེས་ཟེར་རོ། །སྡེ་པ་གཞན་དག་ན་རེ་སྦྱང་གི་ཚུལ་དུ་རླུང་གིས་འཛིན་ཏོ་ཞེས་ཟེར་རོ། །ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་ལས་བྱུང་བའི་རླུང་དག་གིས་ཆུ་དེ་ཀུན་ནས་དཀྲུགས་པ་ན་འོ་མ་བསྐོལ་བ་སྤྲིས་མ་ཆགས་པའི་ཚུལ་དུ་སྟེང་མ་གསེར་དུ་འགྱུར་རོ། །ཆུའི་དཀྱིལ་འཁོར་དེ། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ལྷག་མ་ཡང་གང་ཞིག་ཅེ་ན། ཆུའི་སྟེང་རིམ་དཔག་ཚད་སུམ་འབུམ་ཉི་ཁྲི་གསེར་གྱི་རང་བཞིན་གྱི་ས་གཞིར་གྱུར་པ་དེའི་ཆུ་དང་གསེར་གྱི་རྔམས་བཤད་ཟིན་ཏོ། །9

ཞེས་སོགས་འབྱུང་བ་ཞིབ་པར་ཤེས་འདོད་ན་མཛོད་འགྲེལ་ལས་ཤེས་པར་བྱའོ། །


            དེ་ལྟར་མངོན་པ་འོག་མའི་གཞུང་དུ་འབྱུང་བཞིའི་དཀྱིལ་འཁོར་ཆགས་པའི་རྗེས་སུ། རིའི་རྒྱལ་པོ་རི་རབ་ལྟེ་བར་བྱས་པའི་ཕྱོགས་བཞི་ན་གླིང་ཆེན་བཞི་དང་། མཚམས་བཞིར་གླིང་ཕྲན་བརྒྱད་གྲུབ་པར་བཤད་ཅིང་། དེའི་མཐའ་འཁོར་དུ་ཉི་མ་དང་ཟླ་བ་དང་རྒྱུ་སྐར་རྣམས་ཀྱིས་བསྐོར་བ་དང་། ལྷོ་ཕྱོགས་ཀྱི་གླིང་ཆེན་ནི་རང་ཅག་གནས་སའི་འཛམ་བུའི་གླིང་འདི་ཉིད་ཡིན་པ་དང་། གླིང་དེ་དག་གི་བར་ན་རྒྱ་མཚོ་ཆེན་པོས་ཁེངས་ནས་ཡོད་པ་དང་། དེ་དག་ཐམས་ཅད་བར་སྣང་སྟོང་པར་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་ཡོད་པ་སོགས་བཤད། གླིང་བཞི་གླིང་ཕྲན་ཉི་ཟླ་རི་རབ་སོགས་སྟོང་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་སྤྱི་ཕུད་དེ་ལྟ་བུ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་དེ་ལྟ་བུ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །


            མདོར་ན་གླིང་བཞི་རི་རབ་སོགས་ནས་ཚངས་པའི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དེ་དག་མཐར་མཉམ་དུ་འཇིག་ཅིང་དང་པོར་མཉམ་དུ་ཆགས་པ་ཡིན་ཚུལ་ནི། ཆོས་མངོན་པ་མཛོད་ལས།

གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །

ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །

དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །

དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །10ཞེས་སོ།།*


            རྒྱ་ཆེར་རོལ་བའི་མདོ་ལས་ནི། གླིང་བཞི་པ་ནས་འོག་མིན་གྱི་བར་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གསུངས་ཏེ། དེ་ཉིད་ལས།

            གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ལ་སོགས་པ་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང༌། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང༌། ཁོར་ཡུག་དང་ཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དང༌། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང༌། སུམ་ཅུ་རྩ་གསུམ་བྱེ་བ་ཕྲག་བརྒྱ་དང༌། འཐབ་བྲལ་བྱེ་བ་ཕྲག་བརྒྱ་དང༌། དགའ་ལྡན་བྱེ་བ་ཕྲག་བརྒྱ་དང༌། འཕྲུལ་དགའ་བྱེ་བ་ཕྲག་བརྒྱ་དང༌། གཞན་འཕྲུལ་དབང་བྱེད་བྱེ་བ་ཕྲག་བརྒྱ་དང༌། ཚངས་རིས་བྱེ་བ་ཕྲག་བརྒྱ་དང༌། ཚངས་པའི་མདུན་ན་འདོན་བྱེ་བ་ཕྲག་བརྒྱ་དང༌། ཚངས་འཁོར་བྱེ་བ་ཕྲག་བརྒྱ་དང༌། ཚངས་ཆེན་བྱེ་བ་ཕྲག་བརྒྱ་དང༌། འོད་ཆུང་བྱེ་བ་ཕྲག་བརྒྱ་དང༌། ཚད་མེད་འོད་བྱེ་བ་ཕྲག་བརྒྱ་དང༌། འོད་གསལ་བྱེ་བ་ཕྲག་བརྒྱ་དང༌། དགེ་ཆུང་བྱེ་བ་ཕྲག་བརྒྱ་དང༌། ཚད་མེད་དགེ་བྱེ་བ་ཕྲག་བརྒྱ་དང༌། དགེ་རྒྱས་བྱེ་བ་ཕྲག་བརྒྱ་དང༌། སྤྲིན་མེད་བྱེ་བ་ཕྲག་བརྒྱ་དང༌། བསོད་ནམས་སྐྱེས་བྱེ་བ་ཕྲག་བརྒྱ་དང༌། འབྲས་བུ་ཆེ་བ་བྱེ་བ་ཕྲག་བརྒྱ་དང༌། སེམས་ཅན་འདུ་ཤེས་མེད་པ་བྱེ་བ་ཕྲག་བརྒྱ་དང༌། མི་ཆེ་བ་བྱེ་བ་ཕྲག་བརྒྱ་དང༌། མི་གདུང་བ་བྱེ་བ་ཕྲག་བརྒྱ་དང༌། གྱ་ནོམ་སྣང་བྱེ་བ་ཕྲག་བརྒྱ་དང༌། ཤིན་ཏུ་མཐོང་བྱེ་བ་ཕྲག་བརྒྱ་དང༌། འོག་མིན་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཅེས་བྱ་སྟེ། ཡངས་ཤིང་རྒྱ་ཆེ་བའོ། །11 ཞེས་པ་ལྟར་རོ། །


            གཞན་ཡང་ཆོས་མངོན་པ་མཛོད་རྩ་འགྲེལ་དུ། ཉི་མ་དང་ཟླ་བའི་ཚད་དང་། སའི་གོ་ལ་འདི་དང་ཉི་ཟླ་གཉིས་ཀྱི་ཐག་རིང་ཐུང་། ཉི་མས་རི་རབ་ལ་བསྐོར་བ་ལས་ཉིན་མཚན་འབྱུང་ཚུལ། དེ་བཞིན་དུ་དབྱར་དགུན་གྱི་ཉི་མ་རིང་ཐུང་གི་བཤད་པ་སོགས་དངོས་མཐོང་གི་ཆོས་དུ་མའི་འགྲེལ་བཤད་འབྱུང་བ་རྣམས་དང་། དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བྱུང་བའི་སྐར་རྩིས་རིག་པའི་བཤད་པ་རྣམས་ཟུང་དུ་འབྲེལ་ཏེ། འཕགས་བོད་གཉིས་ཀར་སྔོན་གྱི་ནང་པའི་མཁས་པ་རྣམས་ནས་ལོ་ཐོ་འདོན་པ་དང་། ཉི་ཟླ་གཟའ་འཛིན་ནམ་འབྱུང་སྐར་རྩིས་ཀྱི་སྟེང་ནས་ཤེས་པ་སོགས་ཡོད་དོ། །


            འཛམ་བུའི་གླིང་དུ་ཐོག་མར་སྣོད་ཆགས་པའི་རྗེས་སུ་བཅུད་ཀྱི་སེམས་ཅན་སོགས་རིམ་གྱིས་བྱུང་ཚུལ་མངོན་པ་མཛོད་དུ་བྱུང་བ་དང་ཚུལ་མཐུན་པ་འདུལ་བ་ལུང་དུའང་རྒྱས་པར་བྱུང་བ་འདིར་དྲངས་ན། འདུལ་བ་རྣམ་པར་འབྱེད་པ་ལས།

            དགེ་སློང་དག་འཇིག་རྟེན་འདི་འཆགས་པའི་དུས་གང་ཡིན་པ་དེ་ཡང་ཡོད་དེ། འཇིག་རྟེན་འཆགས་པ་ན་འོད་གསལ་གྱི་ལྷའི་རིས་དེ་ནས་སེམས་ཅན་ཁ་ཅིག་ཚེ་ཟད་ལས་ཟད་བསོད་ནམས་ཟད་པས་ཤི་འཕོས་ཏེ། འདི་ལྟ་བུ་ཉིད་དུ་མི་རྣམས་དང་སྐལ་བ་མཐུན་པ་ཉིད་དུ་འོང་ཞིང་འདིར་ཡང་གཟུགས་ཅན་ཡིད་ལས་བྱུང་བ། མ་ཚང་བ་མེད་པ། དབང་པོ་མ་ཉམས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། བཟང་བ། ཁ་དོག་དང་ལྡན་པ། རང་ལས་འོད་འབྱུང་བ། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ན་འཇིག་རྟེན་དུ་ཉི་མ་དང་ཟླ་བ་དག་ཀྱང་མ་བྱུང་ངོ༌། །འཇིག་རྟེན་དུ་རྒྱུ་སྐར་དག་ཀྱང་མ་བྱུང༌། མཚན་མོ་དང་ཉིན་མོ་དག་ཀྱང་མ་བྱུང༌། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དག་ཀྱང་མ་བྱུང་། ཟླ་བ་དང༌། ཟླ་བ་ཕྱེད་དང་དུས་ཚིགས་དང་ལོ་དག་ཀྱང་མ་བྱུང་ངོ༌། །བུད་མེད་ཀྱང་མེད། སྐྱེས་པ་ཡང་མེད་དེ། སེམས་ཅན་སེམས་ཅན་ཞེས་བྱ་བ་འབའ་ཞིག་གི་གྲངས་སུ་འགྲོའོ། །དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་ཞིག་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་ཏོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེ་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་པ་ན། ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་པ་དང༌། ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་མཐོང་ངོ༌། །མཐོང་ནས་སེམས་ཅན་དེ་དག་ཀྱང་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་དོ༑ །ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་ཏོ། །གང་གི་ཕྱིར་སེམས་ཅན་དེ་དག་གིས་སའི་བཅུད་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་དེའི་ཕྱིར་དེ་དག་གི་ལུས་ལ་སྲ་བ་ཉིད་དང༌། ལྕི་བ་ཉིད་བྱུང་ཞིང་དེ་དག་གི་ཁ་དོག་གསལ་བ་བཟང་པོ་གང་ཡིན་པ་དེ་ཡང་མེད་པར་གྱུར། འཇིག་རྟེན་དུ་མུན་པ་ཡང་བྱུང་བར་གྱུར་ཏོ། །དགེ་སློང་དག་ཆོས་ཉིད་ཀྱིས་ན་འཇིག་རྟེན་དུ་མུན་པ་བྱུང་ན་འཇིག་རྟེན་དུ་ཉི་མ་དང་ཟླ་བ་དག་ཀྱང་འབྱུང་བར་འགྱུར་རོ། །འཇིག་རྟེན་དུ་རྒྱུ་སྐར་དག་དང༌། མཚན་མོ་དང༌། ཉིན་མོ་དག་དང༌། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དག་དང༌། ཟླ་བ་དང་ཟླ་བ་ཕྱེད་དང༌། དུས་ཚིགས་དང་ལོ་དག་ཀྱང་འབྱུང་བར་འགྱུར་རོ།།12 ཞེས་དང་།


            ཡང་སེམས་ཅན་རྣམས་ལས་ཁ་ཟས་མང་པོ་ཟ་བ་རྣམས་མདོག་ངན་པ་དང་། ཁ་ཟས་ཉུང་ངུ་ཟ་བ་རྣམས་མདོག་བཟང་བར་གྱུར་ཚུལ་དང་། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་པ་བྱུང་བ་དང་། དེ་ལ་བརྟེན་ནས་ང་ནི་མདོག་བཟང་། ཁྱོད་ནི་མདོག་ངན་པ་ཡིན་ནོ་ཞེས་གཅིག་གིས་གཅིག་ལ་སྐྱོན་བརྗོད་པ་དང་། མདོག་ལེགས་པ་རྣམས་ལ་མངོན་པའི་ང་རྒྱལ་སྐྱེས་པ་སོགས་སྡིག་པ་མི་དགེ་བའི་གཞི་ལ་ཞུགས་ནས་སའི་བཅུད་ནུབ་ཚུལ་དང་། སའི་བཅུད་ནུབ་པའི་རྗེས་སུ་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པའི་སའི་ཞག་བྱུང་བ་དང་། དེ་ཡང་ནུབ་རྗེས་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པའི་མྱུ་གུའི་ཚལ་བྱུང་བ་དང་། དེ་ནས་སེམས་ཅན་རྣམས་སྡིག་པ་མི་དགེ་བའི་གཞི་ལ་ཞུགས་པས་མྱུ་གུའི་ཚལ་ཡང་ནུབ་སྟེ། དེ་རྗེས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཁ་དོག་ཕུན་སུམ་ཚོགས་པ་དང༌། དྲི་ཕུན་སུམ་ཚོགས་པ་དང༌། རོ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཏེ། ནང་བརྔས་ན་ནུབ་སྐྱེ་ནུབ་བརྔས་ན་ནང་སྐྱེའོ། །དེ་ལྟར་བརྔས་ཤིང་བརྔས་ཤིང་སྐྱེ་ལ་བརྔས་པར་ཡང་མི་མངོན་ཏེ། སེམས་ཅན་རྣམས་ཀྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དེ་དག་རིམ་གྱིས་ཡོངས་སུ་ལོངས་སྤྱད་པས་ལུས་ལ་བཤང་གཅི་དང་ལྡན་པས་ཕོ་མོའི་དབང་པོ་དོད་དེ་འཁྲིག་པ་སྤྱོད་ཅིང་། ཆོས་དང་ཆོས་མིན་དང་ཁྱིམ་རྣམས་རིམ་བཞིན་བྱུང་སྟེ།


དེ་ཉིད་ལས།

            དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་ཉིད་ལ་བརྟེན་ནས་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་གཉིས་ཉིད་དུ་གྱུར་པ་ན། སེམས་ཅན་གྱིས་སེམས་ཅན་ལ་ཀྭའེ་སེམས་ཅན་ང་ནི་ཁ་དོག་དང་ལྡན་པ་ཡིན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་སའི་བཅུད་མེད་པར་གྱུར་ཏོ། །13 ཞེས་སོགས་དང་།


ཡང་དེ་ཉིད་ལས།

            དགེ་སློང་དག་སེམས་ཅན་དེ་དག་གི་སའི་བཅུད་མེད་པར་གྱུར་པ་ན། ས་ཞག་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་གིས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་ལྟ་བུའོ། །རོས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་ཉིད་ལ་བརྟེན་ནས་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་གཉིས་ཉིད་དུ་གྱུར་པ་ན་སེམས་ཅན་གྱིས་སེམས་ཅན་ལ་ཀྭའེ་སེམས་ཅན་ང་ནི་ཁ་དོག་དང་ལྡན་པ་ཡིན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་ས་ཞག་མེད་པར་གྱུར་ཏོ། །14 ཞེས་དང་།


ཡང་དེ་ཉིད་ལས།

            དགེ་སློང་དག་སེམས་ཅན་དེ་དག་གི་ས་ཞག་མེད་པར་གྱུར་པ་ན་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་གིས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་ཀ་དམ་བུ་ཀའི་མེ་ཏོག་ལྟ་བུའོ། །རོས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་ཉིད་ལ་བརྟེན་ནས་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་གཉིས་ཉིད་དུ་གྱུར་པ་ན་སེམས་ཅན་གྱིས་སེམས་ཅན་ལ་ཀྭའེ་སེམས་ཅན་ང་ནི་ཁ་དོག་དང་ལྡན་པ་ཡིན་ལ་ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་མྱུ་གུའི་ཚལ་མེད་པར་གྱུར་ཏོ། །15 ཞེས་དང་།


ཡང་དེ་ཉིད་ལས།

            དགེ་སློང་དག་སེམས་ཅན་དེ་དག་གི་མྱུ་གུའི་ཚལ་མེད་པར་གྱུར་པ་ན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ། སོ་བ་མེད་པ། སྦུན་པ་མེད་པ། དག་པ་གཙང་བ། སོར་བཞི་པ། ཀུན་ནས་མ་དཀྲིས་པ་ནུབ་བརྔས་ན་ནང་རྒྱས་ཤིང་ཕྱིར་སྐྱེ་ལ། ནང་བརྔས་ན་ནུབ་རྒྱས་ཤིང་ཕྱིར་སྐྱེ་བ། བརྔས་སོ་ཅོག་ཕྱིར་སྐྱེ་བ། བརྔས་པར་ཡང་མི་མངོན་པ་བྱུང་བར་གྱུར་ཏེ། དེ་དག་དེ་ཟ་ཞིང་ཟས་དེ་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་གི་ཕྱིར་སེམས་ཅན་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་དེའི་ཕྱིར་དེ་དག་ལ་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏེ། ཁ་ཅིག་ནི་ཕོའི་དབང་པོ་དང་ལྡན། ཁ་ཅིག་ནི་མོའི་དབང་པོ་དང་ལྡན་ནོ། །དེ་ན་གང་དག་ཕོའི་དབང་པོ་དང་ལྡན་པ་དང༌། གང་དག་མོའི་དབང་པོ་དང་ལྡན་པ་དེ་དག་གཅིག་ལ་གཅིག་མིག་གིས་མིག་ལ་བརྟེན་ཏེ་ལྟ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་གཅིག་ལ་གཅིག་མིག་གིས་མིག་ལ་བརྟེན་ཏེ་ལྟ་བར་བྱེད་པ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་ལོག་པར་ཞུགས་སོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་སེམས་ཅན་ལ་ལོག་པར་ཞུགས་པ་མཐོང་ངོ༌། །མཐོང་ནས་སས་ཀྱང་འཐོར་བར་བྱེད། བོང་བ་དང༌། གསེག་མ་དང་གྱོ་མོ་དང་གྱོ་དུམ་དག་ཀྱང་འཕེན་པར་བྱེད་ཅིང༌། འདི་སྐད་ཅེས་སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། ཀྭའེ་སེམས་ཅན་ཁྱོད་ཅིའི་ཕྱིར་སེམས་ཅན་སུན་པར་བྱེད་ཅེས་ཀྱང་ཟེར་ཏེ་འདི་ལྟ་སྟེ། དཔེར་ན་དེང་སང་སེམས་ཅན་དག་བག་སར་བག་མར་ལེན་པ་ན་ཕྱེ་མས་ཀྱང་འཐོར་བར་བྱེད། དྲི་དང་། མེ་ཏོག་དང་། འབྲས་ཡོས་དག་གིས་ཀྱང་འཐོར་བར་བྱེད་ཅིང༌། འདི་སྐད་ཅེས་སྲུ་བདེ་བར་གྱུར་ཅིག་ཅེས་ཀྱང་ཟེར་བ་དེ་བཞིན་དུ་སེམས་ཅན་དེ་དང་དེ་དག་གིས་ཀྱང་སེམས་ཅན་སེམས་ཅན་ལ་ལོག་པར་ཞུགས་པ་མཐོང་ནས་སས་ཀྱང་འཐོར་བར་བྱེད། བོང་བ་དང་། གསེག་མ་དང༌། གྱོ་མོ་དང་། གྱོ་དུམ་དག་ཀྱང་འཕེན་པར་བྱེད་ཅིང་འདི་སྐད་ཅེས་སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་ངན་པ་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། ཀྭའེ་སེམས་ཅན་ཁྱོད་ཅིའི་ཕྱིར་སེམས་ཅན་སུན་པར་བྱེད་ཅེས་ཀྱང་ཟེར་རོ། །དགེ་སློང་དག་དེ་ལྟར་ན་སྔོན་ཆོས་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་ནི་དེང་སང་ཆོས་སུ་གྲགས་ལ། སྔོན་འདུལ་བ་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་ནི་དེང་སང་འདུལ་བར་གྲགས། སྔོན་སྨད་པར་བྱ་བ་གང་ཡིན་པ་དེ་ནི་དེང་སང་བསྟོད་པར་བྱ་བ་ཡིན་ནོ། །དེ་ཉི་མ་གཅིག་ཙམ་སྤོང་བར་བྱེད། ཉི་མ་གཉིས་སམ་གསུམ་མམ་བདུན་ཙམ་སྤོང་བར་བྱེད་དོ། །གང་གི་ཕྱིར་སེམས་ཅན་དེ་དག་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་ལ་ཤིན་ཏུ་སྡང་བར་བྱེད་པས་བརྟུལ་ཞུགས་ལ་ཞུགས་པ་དེའི་ཕྱིར། དེ་དག་ཁྱིམ་རྩིག་པ་ལ་ཞུགས་ཏེ་བདག་ཅག་གིས་འདིར་བྱ་བ་མ་ཡིན་པ་བྱའོ། །བདག་ཅག་གིས་འདིར་བྱ་བ་མ་ཡིན་པ་བྱའོ་ཞེས་ཟེར་བ་ལས་ཁྱིམ་ཁྱིམ་ཞེས་བྱ་བའི་མིང་བྱུང་ངོ༌། །དགེ་སློང་དག་འདི་ནི་ཁྱིམ་གྱི་ལས་ཀྱི་མཐའ་དག་འཇིག་རྟེན་དུ་འབྱུང་བའི་དང་པོ་རྩོམ་པ་ཡིན་ཏེ།16 ཞེས་སོགས་རྒྱས་པར་གསུངས་ཤིང་།

དེ་བཞིན་དུ་བསྟན་བཅོས་འཇིག་རྟེན་བཞག་པར་ཡང་རྒྱས་པར་གསུངས་སོ། །


            དེས་ན་སྤྱིར་ནང་པ་སངས་རྒྱས་པའི་གཞུང་དུ་ནི།17* དེའི་དུས་ཀྱི་འཕགས་ཡུལ་གྱི་གྲུབ་མཐའ་སྨྲ་བ་སྤྱིའི་སྲོལ་དང་མཐུན་པར། འཇིག་རྟེན་འདིར་བཅུད་ཀྱི་སེམས་ཅན་མིའི་འགྲོ་བ་ཐོག་མར་ཆགས་སྐབས་བསྐལ་པ་རྫོགས་ལྡན་དང༌། བསྐལ་པ་གསུམ་ལྡན། བསྐལ་པ་གཉིས་ལྡན། དེ་ནས་རྩོད་ལྡན་བཅས་རིམ་པར་བྱུང་བའི་བཤད་པ་བཀོད་ཅིང་། རྩོད་ལྡན་ནི་ཚེ་ལོ་བརྒྱ་པའི་སྐབས་འདི་ཡིན་པ་དང་། འདི་ལ་སྙིགས་མ་ལྔ་བདོ་བའི་དུས་ཞེས་དུས་ཚོད་དམན་པའི་གནས་སྐབས་སུ་བརྩི་ཞིང་། རྫོགས་ལྡན་གྱི་དུས་སུ་མི་རྣམས་རང་བཞིན་གྱིས་ཆོས་ལ་སྤྱོད་པ་ལས་ཆོས་མ་ཡིན་པའི་བྱ་བ་གང་ཡང་མི་བྱེད་ཅིང༌། ཆོས་མ་ཡིན་པའི་བྱ་བ་གཅིག་འཇིག་རྟེན་དུ་བྱུང་སྐབས་བསྐལ་པ་དེ་རྫོགས་ལྡན་མིན་པར་གསུམ་ལྡན་དུ་འགྱུར་བ་དང༌། ཆོས་མ་ཡིན་པའི་བྱ་བ་གཉིས་བྱུང་སྐབས་གཉིས་ལྡན། ཆོས་མ་ཡིན་པའི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་བྱུང་སྐབས་རྩོད་ལྡན་གྱི་དུས་ཞེས་བརྗོད་པ་སོགས་ལ་ནི་འཕགས་པའི་ཡུལ་གྱི་སྔོན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཕྱོགས་མཐུན་ནོ། །


 

1 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༡༠ ཤོག ༡༠༨ ན། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༡

2 གོང་མཚུངས། ཤླཽཀ ༢༤ ཤོག ༡༠༨ བ། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༢

3 སྡེ་དགེ བསྟན། དབུ་མ། ཛ། ལེའུ་དགུ་པ། ཤླཽཀ ༡༣༤ ཤོག ༣༦ བ། དཔེ་བསྡུར་མ། དེབ། ༥༨ ཤོག ༨༥

4 སྡེ་དགེ བསྟན། དབུ་མ། ཛ། ལེའུ་གསུམ་པ། ཤོག ༡༡༠ བ། དཔེ་བསྡུར་མ། དེབ། ༥༨ ཤོག ༢༦༩

* ྋགོང་ས་མཆོག་གི་གསུང་རྩོམ་དུ། ནང་པའི་ངོས་ནས་བཤད་ན། ཐོག་མ་ངེས་ཅན་གཅིག་ཁོ་ན་ཡོད་པའི་ལྟ་སྟངས་འདི་ནི་རྙོག་དྲ་ཅན་ཞིག་ཡིན། འདི་འདྲའི་རང་རྐྱ་ཐུབ་པའི་ཐོག་མ་ཞིག་ཡོད་ཚེ་གཏན་ཚིགས་རིག་པའི་འགྲོ་ལུགས་ལྟར་ན་འདམ་ཀ་གཉིས་ལས་མེད། འཇིག་རྟེན་བཀོད་པ་པོ་སྟེ་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདས་ཤིང་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་གིས་འཇིག་རྟེན་འདི་བསྐྲུན་པ་དང་། ཡང་ན་རྒྱུ་རྐྱེན་གང་ཡང་མེད་པར་འཇིག་རྟེན་འདི་ཐོལ་བྱུང་དུ་གྲུབ་པའི་ལྟ་ཚུལ་གཉིས་ཡིན། ནང་པས་འདོད་ཚུལ་འདི་གཉིས་ཀ་ཁས་ལེན་མི་བྱེད།

5 སྡེ་དགེ བསྟན། སེམས་ཙམ། རི། ཀུན་ལས་བཏུས་དང་པོ། ཤོག ༦༥ བ། དཔེ་བསྡུར་མ། དེབ། ༧༦ ཤོག ༡༦༧

6 སྡེ་དགེ བསྟན། མདོ་འགྲེལ། ཆི། བམ་པོ་དང་པོ། ཤོག ༥ ན། དཔེ་བསྡུར་མ། དེབ། ༦༦ ཤོག ༧༢༥

7 སྡེ་དགེ བསྟན། མདོ་སྡེ། ཚ། ཤོག ༡༡༦ ན། དཔེ་བསྡུར་མ། དེབ། ༦༢ ཤོག ༣༡༥

8 སྡེ་དགེ བསྟན། སེམས་ཙམ། རི། ཀུན་ལས་བཏུས་དང་པོ། ཤོག ༦༦ ན། དཔེ་བསྡུར་མ། དེབ། ༧༦ ཤོག་༡༦༩

9 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༤༤ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༣༥༥

10 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༧༣-༧༤ ཤོག ༩ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༢༡

* ྋགོང་ས་མཆོག་གི་གསུང་རྩོམ་དུ། གོ་ལའི་དབྱིབས་དང་ཚད། ཉི་ཟླ་སོགས་ཀྱི་འཁོར་བགྲོད། ཉི་ཟླ་གཟའ་འཛིན་སོགས་ཀྱི་འགྲེལ་བཤད་བཅས་གནད་བྱེ་བྲག་པ་མང་པོ་ཞིག་ལ་སངས་རྒྱས་པའི་གཞུང་ཆོས་མངོན་པ་ལྟ་བུར་རི་རབ་དཀྱིལ་དུ་བྱས་ཤིང་། འཛམ་གླིང་ལེབ་མོ་དང་། ཉི་ཟླ་སོགས་རྒྱུ་སྐར་རྣམས་འཛམ་གླིང་ལ་ཚུར་བསྐོར་བའི་བཤད་པ་ཐོན་པ་ནི། སྔོན་གྱི་རྒྱ་གར་གྱི་རིག་བྱེད་སོགས་ཀྱི་བཤད་པ་གཞིར་བཞག་པར་མངོན།

11 སྡེ་དགེ བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག ༧༧ ན། དཔེ་བསྡུར་མ། དེབ། ༤༦ ཤོག ༡༨༦

12 སྡེ་དགེ བཀའ། འདུལ་བ། ཅ། བམ་པོ་གསུམ་པ། ཤོག ༤༩ ན། དཔེ་བསྡུར་མ། དེབ། ༥ ཤོག ༡༢༨

13 སྡེ་དགེ བཀའ། འདུལ་བ། ཅ། བམ་པོ་གསུམ་པ། ཤོག ༤༩ བ། དཔེ་བསྡུར་མ། དེབ། ༥ ཤོག ༡༣༠

14 སྡེ་དགེ བཀའ། འདུལ་བ། ཅ། བམ་པོ་གསུམ་པ། ཤོག ༤༩ བ། དཔེ་བསྡུར་མ། དེབ། ༥ ཤོག ༡༣༠

15 སྡེ་དགེ བཀའ། འདུལ་བ། ཅ། བམ་པོ་གསུམ་པ། ཤོག ༥༠ ན། དཔེ་བསྡུར་མ། དེབ། ༥ ཤོག ༡༣༢

16 སྡེ་དགེ བཀའ། འདུལ་བ། ཅ། བམ་པོ་གསུམ་པ། ཤོག ༥༠ བ། དཔེ་བསྡུར་མ། དེབ། ༥ ཤོག ༡༣༣

17* དེང་རབས་ཚན་རིག་པ་རྣམས་ནི། འཛམ་བུའི་གླིང་དུ་མིའི་འགྲོ་བ་བྱུང་ཚུལ་སྔར་བཤད་པ་དང་མི་འདྲ་བ་ནི། མིའི་འགྲོ་བ་རྣམས་སྤྲེལ་གྱི་རིགས་ལས་བྱུང་བ་དང་། ཐོག་མར་རྐང་ལག་བཞི་པོ་ས་ལ་བཙུགས་ནས་འགྲོ་བ་དང༌། སྔར་གྱི་མི་རྣམས་དུད་འགྲོ་ལྟར་ཤེས་རིག་གི་ཚད་མཐོ་བ་མེད་པ་དང་། གང་འཚམས་ནས་རྡོ་དང་ལྕགས་རིགས་ཀྱི་ལག་ཆ་རིམ་བཞིན་བེད་སྤྱོད་བྱེད་ཅིང་། རིམ་པས་མིའི་དཔལ་ཡོན་དར་བ་ལས་ད་ལྟའི་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་བར་སླེབས་པར་འདོད།


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་དང་པོ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག སྟོད་ཆ། ནས་ཟུར་འདོན་ཞུས།



 

 

སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་རིམ་པ་བཤད་པ།

༡ མངོན་པའི་གཞུང་སོགས་ནས་བཤད་པའི་འཇིག་རྟེན་ཆགས་རིམ།

(ཀུན་བཏུས། པོད་ལྔ་པ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

            སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་ཚུལ་ལ། སྔོན་གྱི་འཕགས་ཡུལ་གྱི་ལྟ་གྲུབ་སྨྲ་བ་རྣམས་འདོད་ཚུལ་མི་མཐུན་པ་མང་པོ་ཞིག་བྱུང་ཞིང་། དེ་དག་ལས་བྱེ་བྲག་པ་སོགས་མུ་སྟེགས་པ་མང་པོ་ཞིག་གིས་ད་ལྟའི་འཇིག་རྟེན་གྱི་ཁམས་འདི་མ་ཆགས་གོང་ས་རྡུལ་ཕྲ་མོ་དང་། ཆུ་རྡུལ་ཕྲ་མོ། མེ་རྡུལ་ཕྲ་མོ། རླུང་རྡུལ་ཕྲ་མོ་སོགས་རྡུལ་ཕྲན་མང་པོ་ཞིག་བར་སྣང་སྟོང་པའི་ནང་སོ་སོར་མི་འཇིག་པར་གནས་ནས་ཡོད་པ་ལ། ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་སྟོང་པ་དེར་འཇིག་རྟེན་གྱི་ཁམས་ཤིག་བཟོ་དགོས་སྙམ་ནས་བློའི་འཕེན་པ་བཏང་བ་དང་། སེམས་ཅན་རྣམས་ཀྱི་ཆོས་དང་ཆོས་མིན་གྱི་ལས་ཡོངས་སུ་སྨིན་པའི་དབང་གིས་ཐོག་མར་རླུང་རྡུལ་ཕྲ་མོ་གཉིས་མཉམ་དུ་སྦྱོར་བར་བྱེད་ཅིང་། དེ་ནས་རླུང་རྡུལ་ཕྲ་མོ་གསུམ་སྦྱོར་བར་བྱེད་དོ། །དེ་ལྟ་བུའི་རིམ་པས་རླུང་རྡུལ་རྣམས་ཀྱིས་འབྲས་བུའི་རྫས་རྩོམ་པར་བྱས་ཏེ་རླུང་གི་ཕུང་པོ་ཆེན་པོ་ཆགས་ཤིང་། དེའི་སྟེང་དུ་ཆུ་རྡུལ་རྣམས་སྔར་ལྟར་སྦྱར་བས་ཆུའི་ཕུང་པོ་ཆེན་པོ་ཆགས་པ་དང་། དེའི་སྟེང་དུ་སའི་དཀྱིལ་འཁོར་ཆེན་པོ་དང་། དེའི་སྟེང་དུ་མེའི་དཀྱིལ་འཁོར་ཆེན་པོ་སྔར་གྱི་རིམ་པ་ལྟར་གྲུབ་པར་གྱུར་པ་སོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ཆགས་པར་འདོད་པར་བཤད།


            མུ་སྟེགས་གྲངས་ཅན་པས་སྤྱི་གཙོ་བོའི་སྟེང་ནས་འཇིག་རྟེན་འདི་དག་རྩ་བའི་སྒྲུབ་གཞི་མཐར་ཐུག་ཅིག་གི་རྣམ་འགྱུར་དུ་འགྲེལ་བརྗོད་བྱེད་ཅིང་། གཞན་ཡང་ལྷ་ཚངས་པ་དང་། ཁྱབ་འཇུག སྒྲའི་ཚངས་པ། བདག་རྟག་པ་སོགས་འཇིག་རྟེན་གྱི་བྱེད་པོར་འདོད་པའི་མུ་སྟེགས་པའང་ཡོད་ཅིང་། རྒྱང་འཕེན་པས་འཇིག་རྟེན་གྱི་ཁམས་འདི་འགྲུབ་ཚུལ་ནི་བེམ་རྫས་ལས་གློ་བུར་ཐོལ་བྱུང་དུ་གྲུབ་པར་བཤད།


            ནང་པ་སངས་རྒྱས་པ་རྣམས་ཀྱིས་ནི། སྣོད་བཅུད་ཀྱི་འཇིག་རྟེན་འདི་བྱེད་པ་པོའི་བློའི་གཡོ་བ་སྔོན་དུ་སོང་བ་ལས་གྲུབ་པ་དང་། སྤྱི་གཙོ་བོ་ལས་གྲུབ་པ་དང་། ཡང་རྒྱུ་མེད་ཐོལ་བྱུང་དུ་གྲུབ་པ་སོགས་གཏན་ནས་མི་འདོད་པར། རྐྱེན་ཉིད་འདི་པ་ཙམ་ཞེས་རྒྱུ་དང་རྐྱེན་ཙམ་ལས་གྲུབ་པར་བཤད་དོ། །1


            དེ་ལ་འཇིག་རྟེན་ཆགས་ཚུལ་གྱི་རྣམ་གཞག་སྟོན་པའི་འཕགས་ཡུལ་གྱི་ནང་པའི་གཞུང་ལ་མདོ་ཕལ་པོ་ཆེ། མདོ་དྲན་པ་ཉེར་བཞག འཇིག་རྟེན་བཞག་པ། མངོན་པ་གོང་འོག་གི་གཞུང་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་མང་དུ་ཡོད་ཀྱང་གཙོ་བོ་ནི། ཆོས་མངོན་པའི་གཞུང་རྣམས་དང་། དུས་ཀྱི་འཁོར་ལོའི་རྒྱུད་རྣམས་ཡིན། དེ་དག་ཏུ་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་ཚུལ་དང་། བཅུད་ཀྱི་སེམས་ཅན་གྱི་ཚེ་ཚད། སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་བཀོད་ཀྱི་ཁྱད་པར་དང་ཚད་སོགས་ལ་བཤད་ཚུལ་ཅུང་མི་འདྲ་བའི་ཁྱད་པར་ཡོད་ཀྱང་གཞི་རྩའི་ལྟ་ཚུལ་ལ་མི་མཐུན་པ་མེད། དེས་ན་སངས་རྒྱས་པ་རྣམས་ཀྱི་ལུགས་ལ་ཐོག་མའི་རྩོམ་གཞིའི་ས་ཆུ་མེ་རླུང་བཞིའི་རྡུལ་ཕྲ་རབ་དང་། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ལ་བརྟེན་ནས་ཐུན་མོང་གི་འཇིག་རྟེན་གྱི་ཁམས་དེ་བྱུང་བ་དང་། སོ་སོའི་ཐུན་མོང་མ་ཡིན་པའི་ལས་ལ་བརྟེན་ནས་སོ་སོའི་བདེ་བ་དང་སྡུག་བསྔལ་རྣམས་བྱུང་བ་སྟེ། དེ་ལྟར་རང་རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་རྐྱེན་རྟེན་འབྲེལ་གྱི་འཁོར་ལོ་འབའ་ཞིག་གི་ལམ་ནས་འགྲེལ་བརྗོད་བྱེད་ཅིང་། ད་ལྟ་རང་ཅག་གནས་སའི་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་གཉིས་ལས། ཐོག་མར་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། དེའི་རྗེས་སུ་བཅུད་ཀྱི་སེམས་ཅན་ཆགས་པར་བཞེད་དོ། །


            འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ལས། “མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། མི་རྟག་པའི་རྐྱེན་ལས་བྱུང་བ་དང་། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ།།”2 ཞེས་རྐྱེན་གསུམ་གྱི་དབང་གིས་འཇིག་རྟེན་འདིའི་འགྲུབ་ཚུལ་ལ་སྡོམ་ཚིག་ཆེན་པོ་ཞིག་བཀོད་དེ། སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་གིས་འཇིག་རྟེན་འདི་བཀོད་པ་མི་བཞེད་པར་གསུངས་ཡོད།


            མངོན་པ་ཀུན་བཏུས་ཀྱི་གཞུང་འདིས་ནི་སཱ་ལུའི་ལྗང་པའི་མདོ་ལས། “རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།”3 ཞེས་པའི་མདོའི་དོན་ཚན་པ་གསུམ་དུ་བསྡུས་ཏེ། རིམ་པ་བཞིན། “འདི་ཡོད་པས་འདི་འབྱུང་ལ།” ཞེས་པས་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། “འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།” ཞེས་པས་མི་རྟག་པའི་རྐྱེན་དང་། “གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།” ཞེས་པས་ནུས་པའི་རྐྱེན་ལས་བྱུང་བ་བསྟན་པ་དང་སྦྱར་ཏེ་གསུངས།


            དེ་ལ་དང་པོ་ཕྱི་ནང་གི་དངོས་པོ་རྣམས་གཡོ་བ་མེད་པའི་རྐྱེན་ལས་བྱུང་བར་གསུངས་པའི་དོན་ནི། སྣོད་བཅུད་ཀྱི་འཇིག་རྟེན་འདི་བྱེད་པ་པོ་ཞིག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་གྲུབ་པ་མིན་པར། རང་རང་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་འབའ་ཞིག་གི་དབང་གིས་གྲུབ་པ་ལ་བྱེད་དོ། །མདོ་ལས་ཀྱང་། “འདི་ཡོད་པས་འདི་འབྱུང་།” ཞེས་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཙམ་ལས་འབྱུང་གི། རྒྱུ་དང་རྐྱེན་གྱི་ཁོངས་སུ་མ་གཏོགས་པའི་ཕྱི་རོལ་གྱི་ནུས་མཐུ་ལས་གྲུབ་པ་མིན་པ་དང་། དེ་བཞིན་དུ་སྣོད་བཅུད་ཀྱི་འཇིག་རྟེན་འདི་རྒྱུ་མེད་རྐྱེན་མེད་ལས་ཐོལ་བྱུང་དུ་གྲུབ་པའང་མིན་པར་བསྟན་ཏོ། །


            གཉིས་པ་མི་རྟག་པའི་རྐྱེན་ལས་བྱུང་བར་གསུངས་པའི་དོན་ནི། དེ་ལྟ་བུའི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་བྱུང་བར་འདོད་པ་ཙམ་གྱིས་མི་ཆོག་གི་གང་ལས་བྱུང་བའི་རྒྱུ་དེའང་འདུས་བྱས་མི་རྟག་པ་ཞིག་ཡིན་དགོས་ལ། རྟག་པའི་ཆོས་ལས་འབྲས་བུ་མི་རྟག་པའི་ཆོས་འབྱུང་བ་ནི་གནས་མ་ཡིན་པས། ཕྱི་ནང་གི་སྣོད་བཅུད་ཀྱི་ཆོས་རྣམས་གང་ལས་འབྱུང་སའི་རྒྱུ་ཞིག་ཡིན་ཕྱིན། ངེས་པར་དུ་འདུས་བྱས་མི་རྟག་པའི་རང་བཞིན་ཅན་ཞིག་ཡིན་དགོས་པར་རྐྱེན་གཉིས་པ་དེས་སྟོན། དེའི་ཕྱིར་མདོ་ལས། “འདི་སྐྱེས་པའི་ཕྱིར་འདི་སྐྱེ།” ཞེས་གསུངས།


            གསུམ་པ་ཕྱི་ནང་གི་དངོས་པོ་རྣམས་ནུས་པའི་རྐྱེན་ལས་བྱུང་བར་གསུངས་པའི་དོན་ནི། རང་ཉིད་གང་ལས་སྐྱེ་བའི་རྒྱུ་དེ་ཡང་འདུས་བྱས་མི་རྟག་པའི་ཆོས་ཤིག་ཡིན་པ་ཙམ་གྱིས་མི་ཆོག་གི། འབྲས་བུ་བྱེ་བྲག་པ་དེ་སྐྱེད་པའི་ནུས་པ་ཡོད་པའི་ཆོས་ཤིག་དགོས་པའོ། །དེའི་ཕྱིར་མདོ་ལས། “གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས།” ཞེས་སོགས་གསུངས་སོ།།          མདོར་ན། ནང་པ་སངས་རྒྱས་པའི་ལུགས་ལ། རྒྱུ་མེད་ལས་སྐྱེ་བ་དང་། འཇིག་རྟེན་བྱེད་པ་པོའི་བློའི་གཡོ་བ་སྔོན་དུ་སོང་བ་ལས་གྲུབ་པ་དང་། རྒྱུ་རྟག་པ་ལས་འབྲས་བུ་འབྱུང་བ་སོགས་ཁས་མི་ལེན་ཞིང་། རྒྱུ་དང་འབྲས་བུ་རིགས་མཐུན་པ་དགོས་པ་དང་། རྒྱུ་དང་རྐྱེན་སྣ་ཚོགས་པ་ལས་འབྲས་བུའི་ཁྱད་པར་སྣ་ཚོགས་པ་འབྱུང་བའི་ཚུལ་རྒྱུ་འབྲས་རྟེན་འབྲེལ་འབའ་ཞིག་གི་ལམ་ནས་འགྲེལ་བརྗོད་བྱེད་དོ།།


            འཇིག་རྟེན་གྱི་ཁམས་ཆགས་ཚུལ་མངོན་པ་འོག་མའི་གཞུང་དུ་དང་པོ་རླུང་གི་དཀྱིལ་འཁོར། དེ་ནས་ཆུའི་དཀྱིལ་འཁོར། དེ་ནས་སའི་དཀྱིལ་འཁོར་རྣམས་རིམ་བཞིན་ཆགས་པར་གསུངས། དེ་ཡང་འོག་གཞི་ནི་དང་པོར་བར་སྣང་སྟོང་པར་ཡོད་པ་ལ། འཇིག་རྟེན་འཆགས་པའི་སྔ་ལྟས་སུ་གྱུར་བའི་རླུང་འཇམ་བུ་ལྡང་བ་ལོ་གྲངས་དུ་མའི་བར་དུ་འཁྲིགས་པ་ལས་རླུང་གི་དཀྱིལ་འཁོར་ཆགས་ཤིང་། དེ་ནི་སྣོད་ཀྱི་འོག་གཞི་ཡིན་ལ། རླུང་དེའི་མིང་ལ་འཇམ་པོ་ཞེས་དང་། དབྱིབས་ནི་ཟླུམ་པོ། ཁ་དོག་སྣ་ཚོགས་པ། ངོ་བོ་ནི་ས་ལ་སོགས་པ་རྫས་བརྒྱད་ཀྱི་རང་བཞིན་ཡིན་ཡང་རླུང་ཤས་ཆེ་བས་རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ།།


            དེ་ལྟ་བུའི་དེའི་སྟེང་དུ་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལས་ཆར་གྱི་རྒྱུན་ལོ་མང་པོར་བབ་པ་ལས་ཆུའི་དཀྱིལ་འཁོར་དང་། ཆུ་དེ་ཡུན་རིང་པོར་རླུང་གིས་དཀྲུགས་པ་ལས་སའི་དཀྱིལ་འཁོར་རྣམས་རིམ་བཞིན་ཆགས། ཆུ་དང་སའི་དཀྱིལ་འཁོར་གྱི་སྟེང་དུ་ཆར་གྱི་རྒྱུན་སྔར་ལྟར་བབ་པ་ལ་བརྟེན་ནས་ཕྱིའི་རྒྱ་མཚོ་ཆེན་པོ་ཆགས་ཤིང་། དེའི་ཁམས་རབ་རླུང་གིས་དཀྲུགས་པ་ལ་བརྟེན་ནས་རིའི་རྒྱལ་པོ་རི་རབ་དང་། ཁམས་འབྲིང་རླུང་གིས་བསྲུབས་པ་ལས་གཉའ་ཤིང་འཛིན་སོགས་རི་བདུན་དང་། ཁམས་ཐ་མ་རླུང་གིས་བསྲུབས་པ་ལས་གླིང་བཞི་དང་གླིང་ཕྲན་རྣམས་ཆགས་པར་བཤད་དོ།།


            དེ་ལྟར་རིའི་རྒྱལ་པོ་རི་རབ་ལྟེ་བར་བྱས་པའི་ཕྱོགས་བཞི་ན་གླིང་ཆེན་བཞི་དང་། མཚམས་བཞིར་གླིང་ཕྲན་བརྒྱད་གྲུབ་པར་བཤད་ཅིང་། དེའི་མཐའ་འཁོར་དུ་ཉི་མ་དང་ཟླ་བ་དང་རྒྱུ་སྐར་རྣམས་ཀྱིས་བསྐོར་བ་དང་། ལྷོ་ཕྱོགས་ཀྱི་གླིང་ཆེན་ནི་རང་ཅག་གནས་སའི་འཛམ་བུའི་གླིང་འདི་ཉིད་ཡིན་པ་དང་། གླིང་དེ་དག་གི་བར་ན་རྒྱ་མཚོ་ཆེན་པོས་ཁེངས་ནས་ཡོད་པ་དང་། དེ་དག་ཐམས་ཅད་བར་སྣང་སྟོང་པར་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་ཡོད་ཚུལ་སོགས་བཤད་དོ།།4


            གླིང་བཞི་གླིང་ཕྲན་ཉི་ཟླ་རི་རབ་སོགས་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་སྤྱི་ཕུད་དེ་ལྟ་བུ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་དེ་ལྟ་བུ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །མདོར་ན་གླིང་བཞི་རི་རབ་སོགས་ནས་ཚངས་པའི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དེ་དག་མཐར་མཉམ་དུ་འཇིག་ཅིང་དང་པོར་མཉམ་དུ་ཆགས་པའི་ཚུལ་སོགས་ཆོས་མངོན་པ་མཛོད་རྩ་འགྲེལ་ལས་གསུངས་ཤིང་།5 རྒྱ་ཆེར་རོལ་བའི་མདོ་ལས་ནི་མཛོད་ལས་བཤད་པ་དང་ཅུང་མི་འདྲ་བར། གླིང་བཞི་པ་ནས་འོག་མིན་གྱི་བར་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གསུངས་སོ།།6


            སྤྱིར་ནང་པ་སངས་རྒྱས་པ་སོགས་ཀྱིས་འཇིག་རྟེན་གྱི་ཁམས་ལ་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཁམས་བཅས་གསུམ་སྟེ། དེ་གསུམ་ནི་རིམ་བཞིན་ཕྱི་གཟུགས་སྒྲ་སོགས་འདོད་པའི་ཡོན་ཏན་ལ་གཙོ་བོར་བརྟེན་པ་ཞིག་དང་། ནང་བསམ་གཏན་གྱི་བདེ་བ་ལ་གཙོ་བོར་བརྟེན་པ་ཞིག་དང་། བསམ་གཏན་གྱི་བདེ་བས་ཀྱང་ཡིད་སུན་ནས་ཚོར་བ་བཏང་སྙོམས་དང་འབྲེལ་བའི་ཞི་བའི་ཡོན་ཏན་འབའ་ཞིག་ལ་གཙོ་བོར་བརྟེན་པའི་རིགས་ཐ་དད་པའི་འཇིག་རྟེན་གསུམ་ཡིན་པར་བཤད།


            ཡང་ཁམས་གསུམ་པོ་དེ་ལུས་དང་ཚོར་བ་དང་ལོངས་སྤྱོད་གསུམ་གྱི་སྒོ་ནས་འགྲེལ་ན། འདོད་ཁམས་ཀྱི་ངོ་བོ་ནི་ལུས་དང་ཚོར་བ་དང་ལོངས་སྤྱོད་གསུམ་གྱི་སྒོ་ནས་འགྲེལ་ན། འདོད་ཁམས་ཀྱི་ངོ་བོ་ནི་ལུས་རགས་པ་དང་། སྡུག་བསྔལ་དང་བདེ་སྡུག་འདྲེས་མ་ཤས་ཆེ་བ་དང་། ཕལ་ཆེ་བ་ཁམ་ཟས་རགས་པ་ལ་བརྟེན་ཅིང་། གཟུགས་ཁམས་ནི་ལུས་འོད་ཀྱི་རང་བཞིན་དང་། ཕལ་ཆེ་བ་རྟག་ཏུ་བདེ་ཚོར་གྱིས་ཁྱབ་ཅིང་། ཁམ་ཟས་རགས་པ་ལ་མི་བརྟེན་པ་དང་། གཟུགས་མེད་ཁམས་ནི་སེམས་ཅན་དུ་མཚོན་བྱེད་ཀྱི་ལུས་ཕུང་རགས་པ་མེད་ཅིང་། ཚོར་བ་བདེ་སྡུག་ལས་ཡོངས་སུ་འདས་ནས་ཚོར་བ་བཏང་སྙོམས་ལ་གནས་པ་དང་། ཟས་ལ་མི་བརྟེན་པར་ཡིད་ལ་བྱེད་པ་གང་ཡང་བཀག་པ་ལྟ་བུའི་དམིགས་ཡུལ་ནམ་མཁའ་སོགས་ལ་བརྟེན་པའི་ཏིང་ངེ་འཛིན་འབའ་ཞིག་ལ་ཚེ་གང་པོར་གནས་པ་ཡིན་ལ། འདོད་ཁམས་ཀྱི་གནས་རིམ་མཐོ་བོར་གནས་པའི་སྐྱེས་བུ་དང་། གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་སྐྱེས་བུ་རྣམས་ལྷ་ཡིན་པར་བཤད།


            ཡང་ཆོས་མངོན་པ་མཛོད་རྩ་འགྲེལ་དུ། ཉི་མ་དང་ཟླ་བའི་ཚད་དང་། སའི་གོ་ལ་འདི་དང་ཉི་ཟླ་གཉིས་ཀྱི་བར་ཐག་རིང་ཐུང་། ཉི་མས་རི་རབ་ལ་བསྐོར་བ་ལས་ཉིན་མཚན་འབྱུང་ཚུལ། དེ་བཞིན་དུ་དབྱར་དགུན་གྱི་ཉི་མ་རིང་ཐུང་གི་བཤད་པ་སོགས་དངོས་མཐོང་གི་ཆོས་དུ་མའི་འགྲེལ་བཤད་འབྱུང་བ་རྣམས་དང་། དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བྱུང་བའི་སྐར་རྩིས་རིག་པའི་བཤད་པ་རྣམས་ཟུང་དུ་འབྲེལ་ཏེ། འཕགས་བོད་གཉིས་ཀར་སྔོན་གྱི་ནང་པའི་མཁས་པ་རྣམས་ནས་ལོ་ཐོ་འདོན་པ་དང་། ཉི་ཟླ་གཟའ་འཛིན་ནམ་འབྱུང་སྐར་རྩིས་ཀྱི་སྟེང་ནས་གསལ་བར་གཏན་ལ་འབེབས་པར་མཛད་དོ། །


            བཅུད་ཀྱི་འགྲོ་བ་བྱུང་ཚུལ་ལ། མངོན་པ་མཛོད་དུ་བྱུང་བ་དང་ཚུལ་མཐུན་པ་འཇིག་རྟེན་བཞག་པ་དང་འདུལ་བ་ལུང་དུའང་རྒྱས་པར་གསུངས་པའི་ཚུལ་ཀུན་བཏུས་པོད་དང་པོར་བཀོད་ཡོད།7 སྤྱིར་ནང་པ་སངས་རྒྱས་པའི་གཞུང་དུ་ནི།8 དེའི་དུས་ཀྱི་འཕགས་ཡུལ་གྱི་གྲུབ་མཐའ་སྨྲ་བ་སྤྱིའི་སྲོལ་དང་མཐུན་པར། འཇིག་རྟེན་འདིར་མིའི་འགྲོ་བ་ཐོག་མར་ཆགས་སྐབས་བསྐལ་པ་རྫོགས་ལྡན་དང༌། བསྐལ་པ་གསུམ་ལྡན། བསྐལ་པ་གཉིས་ལྡན། དེ་ནས་རྩོད་ལྡན་བཅས་རིམ་པར་བྱུང་བའི་བཤད་པ་བཀོད་ཅིང་། རྩོད་ལྡན་ནི་ཚེ་ལོ་བརྒྱ་པའི་སྐབས་འདི་ཡིན་པ་དང་། འདི་ལ་སྙིགས་མ་ལྔ་བདོ་བའི་དུས་ཞེས་དུས་ཚོད་དམན་པའི་གནས་སྐབས་སུ་བརྩི་ཞིང་། རྫོགས་ལྡན་གྱི་དུས་སུ་མི་རྣམས་རང་བཞིན་གྱིས་ཆོས་ལ་སྤྱོད་པ་ལས་ཆོས་མ་ཡིན་པའི་བྱ་བ་གང་ཡང་མི་བྱེད་ཅིང༌། ཆོས་མ་ཡིན་པའི་བྱ་བ་གཅིག་འཇིག་རྟེན་དུ་བྱུང་སྐབས་བསྐལ་པ་དེ་རྫོགས་ལྡན་མིན་པར་གསུམ་ལྡན་དུ་འགྱུར་བ་དང༌། ཆོས་མ་ཡིན་པའི་བྱ་བ་གཉིས་བྱུང་སྐབས་གཉིས་ལྡན། ཆོས་མ་ཡིན་པའི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་བྱུང་སྐབས་རྩོད་ལྡན་གྱི་དུས་ཞེས་བརྗོད་པ་སོགས་ལ་ནི། འཕགས་པའི་ཡུལ་གྱི་སྔོན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཕྱོགས་མཐུན་ནོ། །


 

1 ྋགོང་ས་མཆོག་གི་གསུང་རྩོམ་དུ། ནང་པའི་ངོས་ནས་བཤད་ན། ཐོག་མ་ངེས་ཅན་གཅིག་ཁོ་ན་ཡོད་པའི་ལྟ་སྟངས་འདི་ནི་རྙོག་དྲ་ཅན་ཞིག་ཡིན། འདི་འདྲའི་རང་རྐྱ་ཐུབ་པའི་ཐོག་མ་ཞིག་ཡོད་ཚེ་གཏན་ཚིགས་རིག་པའི་འགྲོ་ལུགས་ལྟར་ན་འདམ་ཀ་གཉིས་ལས་མེད། འཇིག་རྟེན་བཀོད་པ་པོ་སྟེ་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདས་ཤིང་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་གིས་འཇིག་རྟེན་འདི་བསྐྲུན་པ་དང་། ཡང་ན་རྒྱུ་རྐྱེན་གང་ཡང་མེད་པར་འཇིག་རྟེན་འདི་ཐོལ་བྱུང་དུ་གྲུབ་པའི་ལྟ་ཚུལ་གཉིས་ཡིན། ནང་པས་འདོད་ཚུལ་འདི་གཉིས་ཀ་ཁས་ལེན་མི་བྱེད། ཅེས་འབྱུང་།

2 སྡེ་དགེ བསྟན། སེམས་ཙམ། རི། ཀུན་ལས་བཏུས་དང་པོ། ཤོག ༦༥ བ། དཔེ་བསྡུར་མ། དེབ། ༧༦ ཤོག ༡༦༧

3 སྡེ་དགེ བཀའ། མདོ་སྡེ། ཚ། ཤོག ༡༡༦ ན། དཔེ་བསྡུར་མ། དེབ། ༦༢ ཤོག ༣༡༥

4 ྋགོང་ས་མཆོག་གི་གསུང་རྩོམ་དུ། གོ་ལའི་དབྱིབས་དང་ཚད། ཉི་ཟླ་སོགས་ཀྱི་འཁོར་བགྲོད། ཉི་ཟླ་གཟའ་འཛིན་སོགས་ཀྱི་འགྲེལ་བཤད་བཅས་གནད་བྱེ་བྲག་པ་མང་པོ་ཞིག་ལ་སངས་རྒྱས་པའི་གཞུང་ཆོས་མངོན་པ་ལྟ་བུར་རི་རབ་དཀྱིལ་དུ་བྱས་ཤིང་། འཛམ་གླིང་ལེབ་མོ་དང་། ཉི་ཟླ་སོགས་རྒྱུ་སྐར་རྣམས་འཛམ་གླིང་ལ་ཚུར་བསྐོར་བའི་བཤད་པ་ཐོན་པ་ནི། སྔོན་གྱི་རྒྱ་གར་གྱི་རིག་བྱེད་སོགས་ཀྱི་བཤད་པ་གཞིར་བཞག་པར་མངོན། ཞེས་འབྱུང་།

5 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༧༣-༧༤ ཤོག ༩ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༢༡

6 སྡེ་དགེ བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག ༧༧ ན། དཔེ་བསྡུར་མ། དེབ། ༤༦ ཤོག ༡༨༦

7 འདུལ་བ་རྣམ་པར་འབྱེད། སྡེ་དགེ བཀའ། འདུལ་བ། ཅ། བམ་པོ་གསུམ་པ། ཤོག ༤༩ ན། དཔེ་བསྡུར་མ། དེབ། ༥ ཤོག ༡༢༨

8 དེང་རབས་ཚན་རིག་པ་རྣམས་ནི། འཛམ་བུའི་གླིང་དུ་མིའི་འགྲོ་བ་བྱུང་ཚུལ་སྔར་བཤད་པ་དང་མི་འདྲ་བ་ནི། མིའི་འགྲོ་བ་རྣམས་སྤྲེལ་གྱི་རིགས་ལས་བྱུང་བ་དང་། ཐོག་མར་རྐང་ལག་བཞི་པོ་ས་ལ་བཙུགས་ནས་འགྲོ་བ་དང༌། སྔར་གྱི་མི་རྣམས་དུད་འགྲོ་ལྟར་ཤེས་རིག་གི་ཚད་མཐོ་བ་མེད་པ་དང་། གང་འཚམས་ནས་རྡོ་དང་ལྕགས་རིགས་ཀྱི་ལག་ཆ་རིམ་བཞིན་བེད་སྤྱོད་བྱེད་ཅིང་། རིམ་པས་མིའི་དཔལ་ཡོན་དར་བ་ལས་ད་ལྟའི་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་བར་སླེབས་པར་འདོད།


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།

 




མཐའ་མའི་འདོན་ཐེངས་།: 30.09.2016 ཉིན། 12:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།