སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

བྱིས་པའི་མཆིན་ནད་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.09.2013
བོད་ཀྱི་སྨན་བཅོས་རིག་པ། >> བྱིས་པའི་མཆིན་ནད་བཅོས་ཐབས།

 

༄༅། །བྱིས་པའི་མཆིན་ནད་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ།།

ྋསྐྱབས་རྗེ་གཏེར་སྟོན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ།  


དེ་ལ་བྱིས་པ་གསོ་བ་ནི་བོད་ཀྱི་གསོ་རིག་གཞུང་དུ་གསོ་བྱའི་ཡུལ་ལ་ཡན་ལག་བརྒྱད་དུ་བསྟན་པའི་ཡན་ལག་གཅིག་ཡིན་ལ། དེ་ལ་རྒྱུད་ཆེན་ནང་དུ་བྱིས་པ་ཉེར་སྤྱོད་དང་། དེའི་ནད་དང་། དེའི་གདོན་བཅས་ལེའུ་གསུམ་དུ་བསྟན་ཡོད། རྒྱུད་ཆེན་གཞུང་དུ་བྱིས་ནད་ཀྱི་གློ་བུར་བའི་ནད་ཀྱི་དབྱེ་བ་ལ་ཕྲ་བ་བརྒྱད་དང་། རགས་པ་བརྒྱད། ཞིབ་ཚགས་བརྒྱད་སོགས་བསྟན་པ་ལས། སྐབས་སུ་བབ་པ་བྱིས་པའི་མཆིན་པ་བབ་པའམ་མཆིན་ཚད་རྒྱས་པའི་ནད་འདི་ནི་རགས་པའི་དབྱེ་བའི་ནང་གསེས་མཆིན་ནད་ཀྱི་ཁོངས་སུ་གཏོགས་དགོས།

རྒྱུ་རྐྱེན་དང་ནད་རྟགས་བཤད་པ། 

བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སྔོན་གྱི་སྨན་གཞུང་ན་གསལ་བའི་ལག་ལེན་རྩ་ཆེན་ཉམས་པར་གྱུར་པ་མང་པོ་ཞིག་དུས་ད་ལྟའང་ངག་རྒྱུན་ལ་གྲགས་ཤིང་ལག་རྒྱུན་ལ་ལག་ལེན་བསྟར་བཞིན་ཡོད་པ་དེ་འདྲ་མང་ཙམ་མཐོང་རྒྱུ་ཡོད། དཔེར་ན་བྱིས་པའི་མཆིན་པ་བབ་པའི་ནད་ཟེར་བ་དེའི་བཅོས་ཐབས་ཀྱང་དེ་འདྲའི་གྲས་ཡིན། འདིའི་འཁྱེར་བདེ་ལག་ལེན་བཤད་པར་བྱ་བ་ལ། ནད་གཞི་དེ་ནི་བུ་ངུས་དྲགས་པ། གློ་མང་དུ་བརྒྱབ་པ། ཡར་བསླང་བ་སྔས་པ་སོགས་མ་བུའི་ཟས་སྤྱོད་བསྟེན་ཐབས་ལོག་པའི་དབང་གིས་བུ་ལ་བྱུང་བའི་མཆིན་ཚད་རྒྱས་པའི་ནད་རིགས་ཤིག་རེད། དེའི་སྤྱི་རྟགས་ལ་ཝུ་སོབ་སྐྱུགས་པ། འཁྲུ་སྐྱུག་བྱེད་པ། ཚ་དྲོད་འབར་བ། གློ་རྒྱག་པ། དབུགས་འཁུན་པ། སྐབས་སུ་དཔྲལ་བའི་ཤ་སྦོས་ཤིང་སྐྲངས་པ། རྣ་གཤོག་གཉིས་འགུལ་བ། མིག་སྔོ་ལ་གྱེན་དུ་ལྡོག་པ་སོགས་དང་། ཁྱད་པར་གྱི་རྟགས་ནི་ལག་པའི་གུང་མོའི་སྐྱོར་གོང་ཡར་ཕྱོགས་ཚིགས་ལྡེབས་ངོས་ཀྱི་གཏར་རྩའི་མདོག་སྔོ་ནག་ཏུ་མངོན་པ་དེ་ཡིན།

བཅོས་ཐབས་བཤད་པ། 

བཅོས་པའི་ཐབས་ལ་དུགས་བཅོས་དང་མེ་ལོང་བརྡར་བའི་བཅོས་ཀ་ཞིག་ཡོད་པ་རེད། མན་ངག་ལག་ལེན་དེའི་ཕྱག་རྒྱུན་ད་ལྟ་ཆད་ལ་ཉེ།

བརྡར་བྱེད་ཀྱི་ཡོ་བྱད་བསྟན་པ། 

བབ་བསྟུན་མཁོས་འབྱོར་ལ་གཞིགས་ཏེ་བཅོས་བྱེད་ཀྱི་ཡོ་བྱད་ཀྱང་། གསེར་དངུལ་ཟངས་ལྕགས་ཤེལ་སོགས་ལས་བཟོས་པའི་མེ་ལོང་དང་། ཡང་ན་ངོས་ལེབ་མོ་ཡོད་པའི་ཡོ་བྱད་འདྲ་བྱུང་ན་འགྲིག་གོ།

དེ་ལ་མཆིན་དུགས་བྱེད་པ་ལ་ཐོག་མར་མཆིན་ངོས་སུ་ཆུ་གཙང་གིས་གཙང་སྦྲ་ལེགས་པར་བྱས། དེ་རྗེས་ཕྱིང་པ་གོར་གོར་མཐའ་ཐུག་ཅིང་དཀྱིལ་སྲབ་པ་ཞིག་བཅོས་ནས་མཆིན་ངོས་སུ་ཆུ་ལྕག་བརྡབ་སྟེ་སྔངས་པར་བཅུག དེ་ནས་མེ་ལོང་ཆུང་ཙམ་གྱིས་མཆིན་ཞབས་ནས་ཡར་འཐེན་པའི་སྲོལ་གྱིས་ཡང་ཡང་མཆིན་ངོས་སུ་ཡར་དེད་ནས་སྦྱར་དགོས། དེ་ལྟར་ལན་ཁ་ཡར་ཅིག་བྱས་རྗེས་གོང་དུ་བཅོས་པའི་ཕྱིང་པ་མཆིན་ངོས་སུ་སྦྱར་ཅིང་དེའི་སྟེང་དུ་མེ་ལོང་སྦྱར་ནས་སེང་རས་སྲབ་མོ་ཞིག་གིས་དམ་ལྷོད་རན་པོས་བཅིང་ནས་འཇོག་དགོས། དེང་སང་དེའི་ལག་རྒྱུན་ཉམས་ཏེ་ཕྱིང་པ་མ་བཞག་པར་མེ་ལོང་ཐད་ཀར་མཆིན་སྟེང་སྦྱར་ནས་འཇོག་པ་འདྲ་ཞིག་འདུག་པས་དེ་ནི་མི་རུང་བར་ཞོར་སྐྱོན་ཡོད་པར་མཁས་པ་གོང་མ་ཚོས་ཞལ་ཁྲིད་ལས་གསུངས།

མེ་ལོང་སོགས་བཅོས་བྱེད་འདྲ་མེད་ན་ལག་པས་མཆིན་ཕྱོགས་སུ་ཡར་འཐེན་ཅིང་སྦྱར་བས་མཐར་ལག་པ་གང་དུ་འགག་ཅིང་ཕར་འབྱར་འགྲོ་ན་དེ་རུ་ཕྱིང་པ་སྦྱར་ནས་བཅིངས་ནའང་འགྲིག། སྤྱིར་བཏང་ལྟར་ན་མེ་ལོང་བརྡར་བའི་ཚེ་ན་མཆིན་ངོས་སུ་མེ་ལོང་ཕར་འབྱར་འགྲོ་བ་ལྟ་བུའི་སྣང་ཚུང་བྱུང་ན་མཆིན་བབས་ཀྱི་ནད་རྟགས་དང་བརྡར་ཚད་ལོན་པར་བཤད་ཀྱང་། ཀོང་སྤྲུལ་གྱིས་མེ་ལོང་ཕར་འབྱར་འགྲོ་བ་ལ་མཆིན་ནད་ལ་ལྟོས་པ་ཆེན་པོ་མེད་པས་ཡུལ་ཚད་པ་ཆེ་ཆུང་ལ་འབྲེལ་བ་ཡོད་ཚུལ་གསུངས། དེས་ན་ཡིད་ལ་ངེས་དགོས་པ་ཞིག་ལ་མཆིན་པ་ཡར་དེད་ཅིང་འཐེན་པའི་སྐབས་སུ་སྟབས་མ་ལེགས་ན་མཆིན་པ་རྩིབ་མར་འབྱར་འགྲོ་མཁན་ཡང་ཡོད་པས་དེས་བྱིས་པ་འཆི་བའི་ཉེན་ཚབས་ཀྱང་འབྱུང་གི་ཡོད་པ་རེད།

དེའི་ཕྱིར་ཉེན་ཁ་ཆུང་ལ་ལག་ལེན་སྟབས་བདེ་ཞིང་ཕན་ནུས་མྱུར་བའི་བཅོས་ཐབས་ཁྱད་པར་བ་གཞན་ཞིག་རྗེ་ཀོང་སྤྲུལ་གྱིས་བསྟན་ཡོད་པ་ནི། གོང་དུ་གསལ་བའི་ཁྱད་པར་གྱི་རྟགས་དང་ལྡན་པའི་ལག་པའི་སྐྱོར་ངོས་ཡར་ཟུར་གྱི་ཁྲག་རྩ་སྔོ་ལ་ནག་པ་དེ་ཉིད་ལ་གཏར་ག་བརྒྱབ་ན་ཕན་པ་འཕྲལ་དུ་འབྱུང་བ་དང་། འོན་ཀྱང་སྐྱོར་ངོས་ཀྱི་གཏར་རྩ་དེ་ཉིད་སོར་མོའི་རྩ་བ་ནས་གུང་མོའི་སོར་རྩེ་ཕྱོགས་སུ་ཡར་རྒྱས་ཡོང་བ་ཞིག་ཡིན་པས་དེ་ལ་གཞིགས་ཏེ་ནད་ཚབས་ཆེ་ཆུང་ཡང་འབྱེད་དགོས། གུང་མོའི་ཚིགས་ཏོག་བརྒལ་འགྲོ་དུས་ནད་ཚབས་ཆེ་རུ་སོང་བ་ཡིན་པས་བྱིས་པའི་སྲོག་ལ་ཉེན་ཚབས་འབྱུང་ཉེན་ཡོད་པའང་ཤེས་དགོས་པས་གཟབ་པར་རིགས། གཏར་རྩ་དེ་ཉིད་སྦོམ་ལ་མདོག་སྔོ་ནག་ཏུ་སོང་བའི་ཚེ་གཙག་བུ་ཁ་ཧ་ཅང་རྣོ་ལ་ཆུང་བ་ཞིག་གིས་གཏར་དགོས་པ་དང་། གཙག་བུ་ཚད་ལྡན་མ་འབྱོར་ཚེ་དེང་སང་གི་ཁྲག་གཙག་བྱེད་ཀྱི་ཁབ་དང་། སྨན་ཁབ་རྒྱག་བྱེད་ཀྱི་ཁབ་རྩེ་སོགས་བེད་སྦྱོད་བྱས་ནའང་འགྲིག བྱིས་པ་གང་ཞིག་ཁྲག་ཐོག་མར་གཏར་མཁན་ཞིག་ཡིན་ན། ཁྲག་གཏར་མ་ཐག་གཏར་ཁྲག་དེ་ཉིད་གཏར་མཁན་དེའི་སྲིན་མཛུབ་ཀྱི་བླངས་ཏེ་བྱིས་པའི་སྣེ་རྩེ་ལ་བྱུག་ན་སྟེང་གདོན་གཟའི་གནོད་པ་སྲུང་ཐུབ་པའི་རྟེན་འབྲེལ་གྱི་ཁྱད་པར་ཡོད་ཅིང་། དེ་ལྟར་ན། ལག་ལེན་འདི་ནི་བྱིས་པའི་མཆིན་ཚད་ཀྱི་ནད་ལ་ཆེས་ཁྱད་པར་དུ་ཕན་པའི་བཅོས་ཐབས་སྟབས་བདེ་ཞིག་ཡིན་ནོ། །


ལག་ལེན་འདི་ནི་ྋསྐྱབས་རྗེ་གཏེར་སྟོན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་ནས་དུས་རྒྱུན་ཕྱག་བསྟར་གནང་བཞིན་པའི་བཅོས་མཆོག་ཁྱད་པར་བ་ཞིག་ཡིན་འདུག་པ་ཞལ་གསུངས་བཞིན་སྨན་རམས་པ་འཇམ་དབྱངས་རྒྱ་མཚོ་དང་སྨན་རམས་པ་སྟོན་པ་སྐྱབས་གཉིས་ཀྱིས་ཟིན་བྲིས་སུ་བཏབ།།

མཐའ་མའི་འདོན་ཐེངས་།: 25.11.2013 ཉིན། 2:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།