སྨན་རྩིས་དྲ་བ། - འཕྲོད་བསྟེན།

བྱ་རིགས་ཀྱི་གཉན་རིམས།(Avian influenza)

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.12.2014
འཕྲོད་བསྟེན། >>

 

 

བྱ་རིགས་ཀྱི་གཉན་རིམས། (Avian influenza)

 བྱ་རིགས་ཀྱི་གཉན་རིམས་(avian influenza)འདི་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཌ་ལིར་ཕྱི་ལོ་ ༡༨༧༨ ལོར་ཐོག་མར་རྙེད་སོན་བྱུང་བ་ནི་འཛམ་གླིང་གི་ལོ་རྒྱུས་སྟེང་འཁོད་པའི་བྱ་རིགས་གཉན་རིམས་སྐོར་ཀྱི་ཟིན་ཐོ་དང་པོ་དེ་ཡིན་ཞིང། དེ་རྗེས་ལྷོ་ཤར་ཨེ་ཤི་ཡ་དང་། ཨོ་སུ་ཌི་ལི་ཡ། སི་པེན། ཨ་རི། ཁེ་ན་ཌ། ཨ་ཕེ་རི་ཀའི་རྒྱལ་ཁབ་ཁག་ཅིག་ནང་ཐེངས་མང་བྱུང་མྱོང་བའི་ལོ་རྒྱུས་ཡོད་ལ། ཕྱི་ལོ་ ༡༩༩༩ ལོར་ཧོང་ཀོང་དུ་འགོས་ཁྱབ་ཆེན་པོ་བྱུང་སྐབས། གཉན་སྲིན་དེ་བྱ་རིགས་བརྒྱུད་མིའི་རིགས་ལ་འགོས་ཁྱབ་ཐུབ་པ་ཤེས་རྟོགས་བྱུང་བ་དང་བསྟུན། ནད་ཡམས་འདིར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་དོ་སྣང་དང་། ཉམས་ཞིབ་སྔར་ལས་ལྷག་པ་བྱེད་འགོ་ཚུགས་ཡོད་ཀྱང་། ད་ལྟ་དབར་སྔོན་འགོག་གི་སྨན་དང་བཅོས་ཐབས་ངེས་ཅན་ཞིག་ད་དུང་རྙེད་སོན་བྱུང་མེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། གཉན་རིམས་འདི་ད་དབར་གཙོ་ཆེ་ཤོས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་བྱུང་བ་མང་ཞིང་།  ཕྱི་ལོ་༢༠༠༣ ཟླ་ ༡༢ པའི་ནང་དུས་གཅིག་ལ་ཝེཏ་ནམ་དང་། ཀོ་རི་ཡ། ཐའེ་ལན་ཌི་བཅས་སུ་འགོས་ཁྱབ་ཆེན་པོ་བྱུང་ནས་བྱ་རིགས་ས་ཡ་མང་པོ་སྡེབ་གསོད་དང་། གསོན་སྦས་སོགས་བྱེད་དགོས་གནས་ཚུལ་བྱུང་སྟེ་མིའི་ཚེ་སྲོག་དང་རྒྱུ་ནོར་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པ་དང་། སྔོན་འགོག་དང་བཅོས་ཐབས་ཚད་ལྡན་མ་ཐུབ་པར་མུ་མཐུད་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་ནང་འགོས་ཁྱབ་བྱུང་ཡོད།

གདུག་ཅན་བྱ་རིགས་ཀྱི་གཉན་རིམས་འདི་ནི་བྱ་རིགས་ཀྱི་ལུས་ལ་ལྷན་སྐྱེས་སུ་གནས་པའི་སྲིན་བུ་ཨེ་(A)ལས་བྱུང་བ་ཞིག་ཡིན་ལ། གཉན་སྲིན་འདི་བྱའི་གཟུགས་པོའི་ནང་རང་སྐྱེས་བྱེད་པ་དང་བྱ་རྣམས་ཀྱི་རྒྱུ་མའི་ནང་དུ་གཉན་སྲིན་འདི་ཉིད་ཞུགས་ཀྱང་ནད་དུ་མི་འགྱུར་ནའང་། བྱ་རིགས་ཀྱི་གཉན་རིམས་འདི་བྱ་རིགས་ནང་ཤིན་ཏུ་འགོས་ཁྱབ་ཆེ་ལ་ལྷག་པར་དུ་བདག་ཡོད་བྱ་རིགས་སམ་ཁྱིམ་བྱའི་རིགས་ལ་གཉན་སྲིན་འདི་ཉིད་འགོས་ཁྱབ་བྱུང་ཚེ་ནད་མནར་འབྱུང་ཞིང་མཐར་འཆི་བའི་རྐྱེན་ཡང་བྱེད། དེ་སྔ་བྱ་རིགས་གཉན་རིམས་ཀྱི་གཉན་སྲིན་འདི་ཉིད་མིའི་གཟུགས་པོའི་ནང་གནས་མི་ཐུབ་པའམ། མིའི་ལུས་ལ་འགོས་མི་ཐུབ་ཚུལ་བརྗོད་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ཟླ་ ༣ པར་རྒྱ་ནག་ནང་ H7N9 འགོས་ཁྱབ་ཁྲོད་མི་གྲངས་བརྒྱ་ལྷག་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད།


རྒྱུ་རྐྱེན།

བྱ་རིགས་ཀྱི་གཉན་རིམས་འདི་ནི་གཉན་སྲིན་གྱི་རྒྱུས་བསྐྱེད་ཅིང་དེ་ལ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་ H3N2 དང་། H5N1, H7N7, H7N9, H9N2 སོགས་སྣ་ཚོགས་འབྱུང་བཞིན་ཡོད་ཅིང་། དབྱིན་ཡིག་གསལ་བྱེད་ H དང་ N གཉིས་ནི་གཉན་སྲིན་གྱི་གཟུགས་སྟེང་ནས་རྙེད་པའི་སྤྲི་དཀར་རིགས་ཀྱི་དབྱེ་བ་མཚོན་བྱེད་ཡིན་ལ་དེ་ལ་ལྟོས་ནས་ནད་འདིའི་དབྱེ་བ་རྣམས་འབྱེད་པ་ཡིན།

བྱ་རིགས་ཀྱི་གཉན་རིམས་འདིའི་བྱེད་ལས་དང་ངོ་བོར་བརྟག་དཔྱད་བྱས་པ་བརྒྱུད་ཁྲག་གི་གཤེར་གཟུགས་ཕྲ་ཕུང་ངམ་སྤྲི་དཀར་ལ་གཉན་སྲིན་ (H) དང་། རྩ་རྒྱུད་འཁོར་རྒྱུགས་བརྒྱུད་ལམ་དུ་རྟེན་གཞི་བྱས་པའི་གཉན་སྲིན་ (N) སྟེ་རིགས་གཉིས་ལས་གྲུབ་པ་དང་། དེ་གཉིས་ལའང་བྱེ་བྲག་དབྱེ་བ་མང་པོ་ཡོད་པ་ཡིན། དེ་ནི་ནད་གཞི་འདི་རྙེད་སོན་བྱུང་ནས་ད་བར་བརྟག་དཔྱད་ཞིབ་འཇུག་རིམ་པར་བྱས་པའི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ནའང་ད་བར་བཅོས་ཐབས་གང་ཡང་མེད།


རྟགས་དང་དབྱེ་བ།

བྱ་རིགས་ལ་གཉན་སྲིན་དབྱེ་བ་གང་བྱུང་བ་དེ་དང་འབྲེལ་ནས་ནད་རྟགས་ཀྱང་ཅུང་མི་འདྲ་བ་དང་ལྕི་ཡང་གི་ཁྱད་པར་ཡང་མི་འདྲ་བ་ཡོད། བདག་ཏུ་བཟུང་བའི་བྱ་རིགས་རྣམས་ཀྱི་གཉན་རིམས་ལ་དབྱེ་བ་གཉིས་ཡོད་སྟེ། གཉན་སྲིན་གྱི་ཚད་གཞིར་ལྟོས་པའི་རིམ་པ་མཐོ་བ་དང་དམའ་བ་གཉིས་ཡིན། གཉན་སྲིན་གྱི་ཚད་གཞི་ཅུང་དམའ་བའི་རིགས་རྣམས་བརྟག་ཐབས་དང་ངོས་འཛིན་ཤིན་ཏུ་དཀའ་ལ། ནད་རྟགས་ཀྱང་གཞི་ཆུང་བ་ཡོད། དཔེར་ན་བྱ་སྒྲོ་རྣམས་སེང་སྟེ་འབུད་པ་དང་། མོ་བྱ་རྣམས་ཀྱིས་སྒོ་ང་བཏང་ཚད་ཉམ་ཆག་འགྲོ་བ་སོགས་ཀྱི་རྟགས་རྣམས་འབྱུང། གཉན་སྲིན་གྱི་ཚད་གཞི་མཐོ་བའི་ནད་དེ་བྱ་རིགས་ཕན་ཚུན་དབར་འགོས་ཁྱབ་ཤིན་ཏུ་མགྱོགས་པ་མ་ཟད། དེས་འགོས་ཁྱབ་ཕྱིན་པའི་བྱ་རིགས་ཀྱི་ནང་གི་དོན་སྣོད་དང་། ཕྱིའི་དབང་པོ་རྣམས་ལ་སྐྱོན་བཏང་སྟེ་མཐར་བརྒྱ་ཆ་ ༩༠-༡༠༠ ཆུ་ཚོད་ ༤༨ ནང་ཚུན་འཆི་སྐྱོན་འབྱུང་བ་ཡིན།

ནད་རྟགས་རྣམས་གཙོ་བོ་ནི་བྱ་རིགས་གང་ཞིག་གཉན་སྲིན་དང་འཕྲད་པའི་རྗེས་ཀྱི་ཉིན་གཅིག་ནས་ལྔའི་ནང་ཚུན་མངོན་རྟགས་རྣམས་གསལ་བར་སྟོན་ཅིང་། མཐར་གནས་སྟངས་ཧ་ཅང་ཛ་དྲག་གི་གནས་སུ་འགྱུར། མིའི་ལུས་ལ་ནད་ཉིད་འགོས་པའི་རྟགས་ནི་སྤྱིར་རིམས་ནད་སྤྱི་དང་འདྲ་བར་ཐོག་མར་ཞུགས་དུས་ཚ་བ་རྒྱས་པ་དང་། མགོ་ན་བ། ལུས་ཤིན་ཏུ་ངལ་བ། གློ་སྐམ་པོ་ལུ་པ། སྣ་འགགས་པ། མིད་པར་རྨ་ཐོན་པ། ཤ་སྒྲིམ་རྣམས་གཟེར་བ། མིག་སྤྲིན་དམར་པོ་ཆགས་པ། གློ་ལ་ཚ་བ་ཞུགས་པ། དབུགས་མི་བདེ་བ་སོགས་འབྱུང་ཞིང་། མཐར་ཇེ་སྡུག་ཏུ་སོང་སྟེ་སྲོག་འཕྲོག་པའི་གནས་ཚུལ་སོགས་འབྱུང་བ་ཡིན།

ནད་རྟགས་རྣམས་ནད་ཉིད་བྱུང་བའི་རྒྱུ་གཉན་སྲིན་ཀྱི་དབྱེ་བའམ་རིགས་དང་བསྟུན་ནས་འབྱུང་བཞིན་ཡོད་པས། ནད་རྟགས་ཀྱང་མ་ངེས་སྣ་ཚོགས་འབྱུང་བ་ཡིན། བྱ་རིགས་ཀྱི་གཉན་རིམས་འདི་སྤྱིར་དགུན་སྟོད་དང་དཔྱིད་མགོར་འབྱུང་བ་མང་བས་དགུན་དུས་ཀྱི་ཆམ་རིམས་དང་ནོར་ནས་སྣང་མེད་བཞག་ཚེ་ལམ་སེང་སྲོག་ལ་རྒོལ་བའི་ཉེན་ཚབས་ཆེ།

གཉན་རིམས་འདི་གཙོ་བོ་རིགས་སམ་དབྱེ་བ་གསུམ་དུ་དབྱེ་ཡོད་པ་སྟེ། དེ་ཡང་ Aདང་། B, C བཅས་ཡིན། རིགས་དང་པོ་ A འདིས་འགོས་ཁྱབ་མྱུར་བའི་གཉན་རིམས་རིགས་ཀྱི་རྒྱུ་བྱེད་པར་མ་ཟད། གཉན་སྲིན་དེ་རྣམས་རྟག་བརྟན་ཞིག་མ་ཡིན་པར་ལོ་ཤས་སམ་ལོ་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པས། དེར་དམིགས་སུ་བཀར་ནས་ཉམས་ཞིབ་དང་བཅོས་ཐབས་ཀྱི་ལམ་བུ་ཞིག་འཚོལ་རྒྱུར་ཧ་ཅང་རྙོག་འཛིང་ཆེ་བ་ཡིན།

དབྱེ་བ་གཉིས་པ་ B དེ་ནི་ནམ་རྒྱུན་གྱི་ཆམ་རིམས་དང་འདྲ་ཞིང་ཚབས་ཆུང་ནའང་། ལོ་གསུམ་དང་ལྔའི་བར་གྱི་བྱིས་པའི་ལུས་ནང་གློ་བུར་དུ་ཁྱབ་པའི་ནུས་པ་དང་ལྡན་པ་ཞིག་ཡིན།

དབྱེ་བ་གསུམ་པ་ C ལ་ནི་སྤྱིར་བཏང་ནད་ཀྱི་རྒྱུ་བྱེད་པའི་ནུས་པ་ལྡན་ནའང་། གཉན་སྲིན་དེས་ཟིན་པའི་ནད་པ་རྣམས་ལ་ནད་རྟགས་མངོན་གསལ་མེད་པའམ་ཆུང་ངུ་ལས་མི་ཐོན་པ་ཡིན།

གཉན་རིམས་དེའི་དབྱེ་བ་ A ལ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་མང་པོ་ཡོད་ལ་དབྱེ་བ་དེ་རྣམས་གཙོ་བོ་ཁྲག་གི་སྤྲི་དཀར་གྱི་རིགས་མི་འདྲ་བར་གཞིར་བཞག་སྟེ་ངོས་བཟུང་ཡོད། ཁྱོན་བསྡོམས་ HA ལ་ནང་གསེས་དབྱེ་བ་ ༡༦ དང་NA ནང་གསེས་དབྱེ་བ་༩ ཕྱེ་ཡོད།

གཉན་རིམས་འདི་བྱུང་བའི་དུས་ཚིགས་དང་ས་ཁུལ་མི་འདྲ་བའི་དབང་གིས་གཉན་སྲིན་གྱི་ངོ་བོ་ཡང་མི་འདྲ་བ་ཡོད། ཕྱི་ལོ་ ༡༩༨༣ ལོར་ཨ་རིའི་ཤར་ཕྱོགས་སུ་འགོས་ཁྱབ་བྱུང་བའི་གཉན་སྲིན་དེའི་ངོ་བོ་ནི་ H5N2 ཡིན་པ་དང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་ཧོང་ཀོང་ཞིང་ཆེན་ནང་འགོས་ཁྱབ་བྱུང་བའི་གཉན་སྲིན་དེའི་ངོ་བོ་ H5N1 ཡིན། ཡང་ཕྱི་ལོ་ ༡༩༩༩ ལོར་ཧོང་ཀོང་ནང་འགོས་ཁྱབ་བྱུང་བའི་གཉན་སྲིན་དེའི་ངོ་བོ་ H9N2 དང་། ཕྱི་ལོ་ ༢༠༠༣ ལོར་ཧོ་ལེན་ཌི་ནང་འགོས་ཁྱབ་བྱུང་བའི་གཉན་སྲིན་དེའི་ངོ་བོ་ H7N7 དང།  ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དང་བྷང་ལ་སྡེ་ཤིར་བྱུང་པའི་གཉན་སྲིན་དེའི་ངོ་བོ་ H5N1 དང་། ཕྱི་ལོ་ ༢༠༠༦ ལོར་ཨ་རིར་ཁྱབ་གདལ་བྱུང་བའི་གཉན་སྲིན་གྱི་ངོ་བོ་ནི་ H3N2 ཡིན་པར་ངོས་འཛིན་པ་དང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་ཧྲང་ཧེ་ནང་འགོས་ཁྱབ་བྱུང་བའི་གཉན་སྲིན་དེའི་ངོ་བོ་ནི་ H7N9 དང།  ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་ཅང་ཞི་ཞིང་ཆེན་དུ་འགོས་ཁྱབ་བྱུང་བའི་གཉན་སྲིན་དེའི་ངོ་བོ་ H10N8 ཡིན་ལ། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་འགོས་ཁྱབ་འགྲོ་བཞིན་པའི་གཉན་སྲིན་དེའི་ངོ་བོ་ H5N1 ཡིན་པ་ལྟ་བུའོ།།

དེ་དག་ལས་གཉན་སྲིན་གྱི་ངོ་བོ་ H5N1 དང་། H7N7, H9N2 བཅས་མིའི་རིགས་ལ་འགོས་ཁྱབ་ཐུབ་པ་དང་དུས་ཐོག་ཚད་ལྡན་གྱི་སྨན་བཅོས་མ་ཐོབ་ན་ལམ་སེང་སྲོག་ལ་རྒོལ་བའི་ཉེན་ཚབས་ཅན་ཞིག་ཡིན།


འགོས་ཁྱབ་འགྲོ་སྟངས།

བྱ་རིགས་ཀྱི་གཉན་རིམས་འདི་ནི་གཙོ་བོ་མིའི་བདག་ཏུ་བཟུང་བའི་བྱ་རིགས་དང་། དམིགས་བསལ་ཆུར་གནས་ངང་པ་དང་བྱ་གག་སོགས་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་པ་དང་། བྱ་རིགས་ཕན་ཚུན་དབར་ལ་འགོས་ཁྱབ་ཧ་ཅང་མགྱོགས་པོ་ཡིན་པ་མ་ཟད། ཕག་པ་དང་རྟ། བོང་བུ་སོགས་སྒོ་ཕྱུགས་གཞན་ལའང་འགོས་ཁྱབ་འགྲོ་ཐུབ་ནའང་། མིའི་ལུས་ལ་འགོས་ཁྱབ་བྱུང་བའི་གནས་ཚུལ་ཅུང་དཀོན་པའམ་ཉུང་ཤས་ལས་ཐོན་བཞིན་མེད། མི་རིགས་ཕན་ཚུན་དབར་འགོས་ཁྱབ་འགྲོ་སྟངས་ནི་གློ་ལུད་པ་དང་། སྦྲིད་པ་རྒྱག་པ་སོགས་ལས་གཞན་དེའི་སྣ་ལམ་བརྒྱུད་དེ་དབུགས་ཀྱི་འབྱིན་རྔུབ་མ་ལག་ནང་ཆགས་ཏེ་གནོད་པ་དང་སྲོག་འཕྲོག་པར་བྱེད།

གཉན་སྲིན་དེ་ཉིད་མིའི་ལུས་ལ་འགོས་ཁྱབ་ཀྱི་གནས་ཚུལ་ཅུང་དཀོན་པའི་རྒྱུ་མཚན་ནི། གཉན་སྲིན་དེ་ཉིད་རྒྱུན་དུ་མིའི་ལུས་ནང་འཚོ་བསྐྱེད་བྱ་མི་ཐུབ་ཚུལ་ཚན་རིག་པས་བརྟག་དཔྱད་ར་སྤྲོད་བྱས་ཡོད། ཡིན་ནའང་གཉན་སྲིན་འདིར་རིགས་མང་པོ་ཡོད་པ་ལས་ཁ་ཤས་མིའི་ལུས་ལ་འགོས་པ་ཙམ་དུ་མ་ཟད། སྡེབ་གཅིག་ལ་མི་མང་པོའི་སྲོག་འཕྲོག་པའི་གནས་ཚུལ་ཐོག་མར་ ༡༩༩༧ ལོར་ཐོན་ཡོད། དེ་རིགས་ཀྱི་རྐྱེན་གཙོ་བོ་ནི་ནད་ཅན་གྱི་བྱ་རིགས་དང་དེའི་བྲུན་སོགས་ལ་མིས་ཐུག་འཕྲད་བྱུང་བའི་རྐྱེན་གྱིས་ནད་ཉིད་འགོས་ཁྱབ་བྱུང་བར་ངོས་འཛིན་བྱས་ནའང་། མི་གཅིག་ནས་གཞན་ལ་འགོས་པའི་གནས་ཚུལ་ཧ་ཅང་ཉུང་ལ་ནུས་པ་དེ་ཙམ་མེད་པའི་ངོས་འཛིན་བྱེད་བཞིན་ཡོད།

གཉན་རིམས་ཅན་གྱི་བྱ་ཡི་ཁ་ཆུ་དང་། བྱ་བྲུན་སོགས་བརྒྱུད་དེ་གཉན་སྲིན་ཉིད་འཛག་ལ་ནད་མེད་ཀྱི་བྱ་རིགས་རྣམས་གཉན་སྲིན་ལྡན་པའི་བྱ་རིགས་དེའི་གཤེར་ཁུ་དང་དྲི་མ་སོགས་དང་འཕྲད་ན་ནད་ཉིད་འགོ་བར་བྱེད། བདག་ཏུ་བཟུང་བའི་བྱ་རིགས་རྣམས་ནད་ཉིད་ལྡན་པའི་བྱ་ཡི་དྲི་མ་དང་ཚང་སོགས་ལ་རེག་ཐུག་བྱུང་བས་མཐར་ནད་ཉིད་འགོ་བར་བྱེད།

བྱ་རིགས་ཀྱི་གཉན་རིམས་འདི་ཁྱིམ་བྱ་མ་ཡིན་པའི་སྲོག་ཆགས་གཞན་ལའང་འགོས་ཁྱབ་འགྲོ་བཞིན་པ་སྟེ། ནམ་མཁའི་བྱ་རིགས་དང་། སྒོ་ཕྱུགས་རྟ་དང་ཕག་པ། ཆུར་གནས་པའི་ཉ་རིགས་སོགས་དང་དེ་དག་ལས་ནམ་མཁར་འཕུར་བའི་བྱ་རིགས་ལ་གཉན་རིམས་འདིས་ཟིན་པའི་ནད་རྟགས་གསལ་བོ་མངོན་རྒྱུ་མེད་ནའང་དེའི་ཁ་དང་། མཆུ། བཤང་ལམ་བརྒྱུད་གཉན་སྲིན་ཁྱིམ་བྱའི་རིགས་ལ་འགོས་ཁྱབ་གཏོང་ཐུབ་ཀྱི་ཡོད།


སྔོན་འགོག་གི་ཐབས་ལམ།

དེང་གི་ཆར་སྔོན་འགོག་གི་ཐབས་ལམ་ལེགས་ཤོས་ནི་ནད་གཞི་དེ་འབྱུང་བའི་རྐྱེན་སྤངས་ཐབས་བྱ་རྒྱུ་ཉིད་ཡིན་ཞིང་། ནད་གཞི་འདི་འགོས་ཁྱབ་སོང་བའི་ས་ཁུལ་དུ་སྔོན་འགོོག་ཆེད་བྱ་གསོ་ཁང་སོགས་སུ་བྱ་རིགས་ཆེ་ཆུང་ལ་མ་ལྟོས་པར་འབུམ་ཕྲག་མང་པོ་སྡེབ་གསོད་གཏོང་དགོས་པའི་གནས་ཚུལ་འབྱུང་བཞིན་ཡོད། སྤྱི་ཚོགས་སྟེང་འཛད་སྤྱོད་པའི་དོགས་ཟོན་གྱིས་བྱ་ཤའི་རིགས་དང་སྒོ་ང་སོགས་ཉོ་མཚམས་འཇོག་པ་དང་། བྱ་རིགས་ཀྱི་གཉན་རིམས་འགོས་ཁྱབ་བྱུང་བའི་རྒྱལ་ཁབ་དང་ས་ཁུལ་གྱི་བཟའ་བཅའི་རིགས་རྒྱལ་ཁབ་གཞན་གྱིས་ཉོ་མཚམས་བཞག་པ་སོགས་ལ་བརྟེན་ནས་ཚོང་ལས་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ཡང་འདས་པའི་ལོ་རྒྱུས་ནང་རྒྱལ་ཁབ་དང་ས་ཁུལ་ཁག་ཅིག་ནས་རང་གི་ཚོང་ཁེ་གཅིག་པུར་དམིགས་ཏེ་བྱ་རིགས་གཉན་རིམས་བྱུང་བའི་གནས་ཚུལ་བཀག་སྡོམ་བྱས་པར་བརྟེན་། མཇུག་ཏུ་ནད་གཞི་འགོས་ཁྱབ་རྒྱ་ཆེེར་ཕྱིན་ཏེ་སྔོན་འགོག་དང་ཚོན་འཛིན་བྱེད་མ་ཐུབ་པར་མི་རྒྱུ་གཉིས་ལ་ཚབས་ཆེའི་གྱོང་གུན་ཕོག་པའི་གནས་ཚུལ་ཡང་བྱུང་ཡོད་པ་དཔེར་ན། ཕྱི་ལོ་ ༢༠༠༤ ལོར་ཐའེ་ལན་ཌི་ནང་བྱུང་བའི་གནས་ཚུལ་ལྟ་བུ་རེད།

 ཨ་རི་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་ས་ཁུལ་མང་པོས་གཉན་རིམས་འདིར་སྔོན་འགོག་གི་སྨན་སོགས་ཞིབ་འཇུག་ཚོད་ལྟ་ཐེངས་མང་བྱས་མྱོང་བ་མ་ཟད། འབྱུང་ཐེངས་མང་ཞིང་འགྲོ་བ་མིའི་རིགས་ལ་འགོས་ཁྱབ་ནུས་པ་ལྡན་པའི་ H5N1 གཉན་སྲིན་ལ་ཐེངས་གཅིག་སྔོན་འགོག་གི་སྨན་ལེགས་གྲུབ་བྱུང་ནའང་། H5 གཉན་སྲིན་དེ་རྟག་བརྟན་གྱི་རང་བཞིན་ཅན་ཞིག་མ་ཡིན་པར་ངེས་མེད་དུ་འགྱུར་བ་འགྲོ་བཞིན་པར་བརྟེན་སྔོན་འགོག་གི་སྨན་ཁབ་དེར་ནུས་པ་མེད་པར་སྤྱོད་མཚམས་འཇོག་དགོས་བྱུང་ཡོད། དེར་བརྟེན་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་ཁབ་སོ་སོའི་འབྲེལ་ཡོད་ཚན་པ་ཁག་ནས་མུ་མཐུད་གཉན་སྲིན་འདི་འགོག་ཐབས་ལ་འབད་པ་བྱེད་བཞིན་ཡོད་ཀྱང་། དོན་ཕན་ལྡན་པའི་སྔོན་འགོག་གི་ཐབས་ལམ་དང་སྨན་རྫས་ཤིག་ད་དུང་རྙེད་སོན་བྱུང་མེད།

ཅོན་ཏ་ར་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་ ༢༠༡༤ ཟླ་ ༡༢ ཚེས་ ༡ ལ།

མཐའ་མའི་འདོན་ཐེངས་།: 11.12.2014 ཉིན། 10:15 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།