སྨན་རྩིས་དྲ་བ། - མདུན་ངོས།

བོད་སྨན་གྱི་ཉམས་ཞིབ་སྙན་ཐོ་རྒྱལ་ཡོངས་ཚན་རིག་དུས་དེབ་ནང་ཐོན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.01.2014
མདུན་ངོས། >>


 ཁྲག་རླུང་སྟོད་འཚངས་ནད་ལ་བོད་སྨན་གྱིས་ཕན་བསྐྱེད་དང་ཟུར་ཕོག་མེད་པའི་ཉམས་ཞིབ་སྙན་ཐོ་སྙིང་བསྡུས།
          

ཁྲག་རླུང་སྟོད་འཚངས་ནད་གཞིར་དྷ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་ཟླ་དྲུག་རིང་བོད་སྨན་གྱིས་ཕན་བསྐྱེད་དང་ཟུར་ཕོག་མེད་པའི་ཉམས་ཞིབ་བྱས་པའི་སྙན་ཐོ་ཞིག་ཉེ་སྔོན་རྒྱལ་ཡོངས་ཚན་རིག་དུས་དེབ་STM Journals: Research & Review- A Journal of Medicine ་ནང་འདོན་སྤེལ་བྱས་བ་རེད།

སྙན་ཐོ་དེའི་ནང་དོན་སྙིང་བསྡུས་ཤིག་འདི་ག་བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་གནས་ཚུལ་སྤེལ་གསལ་ལྟར་ན།

ཁྲག་རླུང་སྟོད་འཚངས་ནད་ (འཇབ་གསོད་) ཅེས་པའི་ཐ་སྙད་དུའང་གྲགས་པའི་ནད་གཞི་འདི་ནི་མིའི་ཚེ་སྲོག་འཕྲོག་མཁན་གྱི་དྲག་ཆེ་བའི་སྙིང་ནད། ཀླད་གྲིབ། མཁལ་མའི་ནད་སོགས་འབྱུང་རྐྱེན་གྱི་གཞི་གཙོ་བོ་དེ་ཆགས་ཀྱི་ཡོད། མངོན་ཚུལ་གྱི་ནད་རྟགས་ཁ་གསལ་མེད་པའི་ངང་གློ་བུར་དུ་སྲོག་ལ་ཉེན་ཚབས་ཆེ་བའི་ནད་གཞི་ཞིག་ཀྱང་ཡིན། 

རང་རེའི་བཙན་བྱོལ་བོད་མིའི་ཁྲོད་དུའང་ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞིའི་ཁྱབ་ཚད་གང་ཙམ་ཡོད་པ་སྔ་ས་ནས་ཤེས་རྟོགས་བྱུང་ཡོད་པའི་ཐོག་སྤྱི་ལོ་ ༡༩༨༨ ལོར་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་ནད་གཞི་འདིར་ཞིབ་བཤེར་དང་སྔོན་འགྲོའི་ཉམས་ཞིབ་ཐེངས་དང་པོ་གནང་ཡོད། དེ་བཞིན་སྤྱི་ལོ་ ༢༠༠༤ ནས་ ༢༠༠༨ བར་རྒྱ་གར་གནས་སྡོད་ལྷོ་བྱང་ཁུལ་གྱི་སྐྱབས་བཅོལ་བོད་མིའི་གཞིས་ཆགས་སུ་ལོ་ན་ ༣༠ ནས་ ༧༠ བར་གྱི་བོད་མི་རྣམས་ལ་ཁྲག་རླུང་སྟོད་འཚངས་ནད་ཀྱི་ཞིབ་བཤེར་རྒྱས་པ་ཞིག་གནང་བའི་སྙན་ཐོར་བོད་མིའི་ཁྲོད་ནད་གཞི་འདིའི་ཁྱབ་ཚད་བརྒྱ་ཆ་ ༤༦ ཙམ་ཐོན་ཡོད་པ་ནི་བློ་འཚབ་བྱེད་དགོས་པ་ཞིག་ཏུ་འགྱུར་ཡོད། ཞིབ་བཤེར་གྱི་སྙན་ཐོའི་ནང་བོད་མི་རྣམས་ནས་རྒྱུན་ལྡན་ཁ་ཟས་སྣུམ་ཚིལ་རིགས་དང་ཆང་རག་ཐ་མག་སོགས་བསྟེན་དྲགས་པ། དལ་ལྷོད་རང་བཞིན་ལྡན་པའི་ཉིན་རེའི་འཚོ་བའི་གནས་སྟངས། དེ་བཞིན་གཞན་ཡུལ་དུ་གྱར་བའི་ཁོར་ཡུག་གསར་པར་གོམས་འདྲིས་དང་ལུས་སེམས་གཉིས་ཀྱི་དཀའ་ངལ། གཞན་ཡང་ནད་གཞི་འདིའི་གོ་རྟོགས་ཞན་པ་སོགས་རྐྱེན་མང་པོས་ནད་དེ་ཉིད་ཁྱབ་གདལ་དུ་འགྲོ་ཡི་ཡོད་པ་ངོས་འཛིན་བྱས་ཡོད།

དེང་གི་ཆར་ནད་གཞི་འདིར་དམིགས་པའི་ཕྱི་ལུགས་ཀྱི་རྫས་སྦྱོར་ལས་བཟོ་གྲུབ་ཞུས་པའི་སྨན་རིགས་སྣ་ཚོགས་སྤྱོད་རྒྱུ་ཡོད་ནའང་དེ་དག་ནི་ཉིན་རེའི་ཁ་ཟས་བཞིིན་མི་ཚེ་གཅིག་བསྟེན་དགོས་པ་མ་ཟད་ཟུར་ཕོག་གི་རླབས་ཆེ་ཆེར་ཡོད་པ་ར་སྤྲོད་བྱུང་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་བརྟག་ཐབས་སྨན་བཅོས་ཀྱི་ཐབས་ལམ་ལས་ནད་གཞི་འདིར་ཕན་བསྐྱེད་གང་ལེགས་དང་ཟུར་ཕོག་མེད་པའི་གནས་ཚུལ་ཡོངས་གྲགས་ཡིན་རུང་དེང་དུས་ཚན་རིག་ལམ་ལུགས་ལྟར་ཉམས་ཞིིབ་ལམ་ནས་ར་སྤྲོད་དགོས་རྒྱུ་ནི་དེང་དུས་ཀྱི་འགྲོ་ལུགས་ཡིན་ལ་ཡིད་ཆེས་སྐྲུན་རྒྱུའི་ཐབས་ལམ་ཡང་ཡིན། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་ཀྱི་ལྟ་གྲུབ་ནང་ཟས་སྤྱོད་གཉིས་ནི་གནད་འགག་འཛིན་པའི་ཐོག་ནད་པའི་སེམས་ཁམས་སོགས་སྤྱི་ཡོངས་ཀྱི་གནས་སྟངས་ལའང་བརྟག་ཞིབ་བྱས་ཏེ་གཉེན་པོའི་སྨན་བསྟེན་པས་བླ་གཉན་གྱི་ཟུར་ཕོག་མི་སྣང་བའི་ལེགས་ཆ་རྣམས་སྤྱི་འགྲོས་ཙམ་མ་ཡིན་པར་ཉམས་ཞིབ་ལམ་ནས་ངོ་སྤྲོད་བྱེད་དགོས་པར་དམིགས་ཏེ། བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་སྤྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་དུ་ནད་པ་གྲངས་ ༡༥༠ ལ་ངེས་མེད་མིན་པ་མཚུངས་བསྡུར་གྱི་ཐབས་ལམ་ཁ་གསལ་ཞིག་གི་ཐོག་ཟླ་དྲུག་དུས་ཡུན་གྱི་ཉམས་ཞིབ་ཞིག་འགོ་འཛུགས་བྱས།

ཉམས་ཞིབ་བྱ་ཐབས་ནི་ཕོ་མོ་དབྱེར་མེད་ལོ་ན་ ༣༠ ནས་ ༧༠ བར་གྱི་ཁྲག་རླུང་སྟོད་འཚངས་ནད་གཞི་གསར་དུ་ངོས་འཛིན་བྱུང་བའམ་སྨན་བཅོས་གནང་མྱོང་མེད་པ། ཁྲག་རླུང་གི་ཚད་གཞི་སྟེང་རིམ ༡༢༥ ནས་ ༡༥༩ བར་དང་འོག་རིམ་ ༨༥ ནས་ ༡༠༩ བར་ཡིན་པ་རྣམས་རང་ཐག་རང་གཅོད་ཀྱི་དམ་བཅའ་བརྟན་པོ་ཡོད་པའི་ཐོག་ནས་ཉམས་ཞིབ་ནང་དུ་འཛུལ་བཞུགས་གནང་ཡོད། ཉམས་ཞིབ་ཀྱི་སྒྲོམ་གཞིའི་ནང་སྡེ་ཚན་ཁག་གཉིས་སུ་དབྱེ་ཡོད། དེ་ཡང་ཉམས་ཞིབ་འདི་ལ་དམིགས་སུ་བཀར་ནས་འདེམས་ཐོན་བྱུང་བའི་གསོལ་སྨན་བཞི་ (སྐྱུ་རུ་༢༥ ཙན་དན་༡༨ ཚངས་ལྷ། ཨར་ཚེ།) ཡོད་པ་དེའི་སྟེང་ཟས་སྤྱོད་སློབ་སྟོན་བྱས་པ་ལ་སྨན་བཅོས་ཀྱི་སྡེ་ཞེས་པ་དང་། ཟས་སྤྱོད་སློབ་སྟོན་དང་སྦྲགས་འདེམས་ཐོན་བྱུང་བའི་སྨན་བཞི་པོ་མ་ཡིན་པའི་སྨན་གཞན་ཉུང་ཤས་བཏང་པའི་སྡེ་ལ་ཚོད་འཛིན་སྡེ་ཞེས་བརྗོད། སྨན་བཅོས་ཀྱི་སྡེ་རུ་ནད་པ་གྲངས་ ༧༥ དང་ཚོད་འཛིན་གྱི་སྡེ་རུ་ནད་པ་གྲངས་ ༧༥ བཅས་བསྡུ་རུབ་ཀྱིས་མཐའ་དོན་སྨན་བཅོས་སྡེའི་ནད་གྲངས་ ༧༠ དང་ཚོད་འཛིན་སྡེའི་ནད་གྲང་ ༦༩ རྣམས་ཀྱི་དཔྱད་ཕྲ་དབྱེ་ཞིབ་ཞུས་པ་རེད།   ཉམས་ཞིབ་འདིའི་ནང་ཕྱི་ལུགས་ཀྱི་ཁྲག་རླུང་བརྟག་དཔྱད་ཡོ་བྱད་ (Sphygmomanometer) སྟེང་དུ་མངོན་པའི་ནད་པའི་ཁྲག་རླུང་གི་ཚད་གཞི། རང་ལུགས་རེག་པ་རྩའི་གནས་སྟངས་། མཐོང་བ་ཆུའི་གནས་སྟངས། དེ་བཞིན་ཕྱི་ལུགས་བརྟག་ཐབས་རིག་པའི་ལམ་ནས་མཁལ་མའི་བྱེད་ལས་དང་། ཁྲག་ཚིལ་དང་ཟུངས་ཁྲག་གི་གནས་ལུགས། སྙིང་གི་བྱེད་ལས། དྲི་ཆུའི་གནས་ལུགས་བཅས་ཀྱི་འགྱུར་འགྲོས་ལ་གཞི་གཙོ་བོ་བཞག་ནས་ཕན་བསྐྱེད་དང་ཟུར་ཕོག་ཡོད་མེད་ཤེས་ཐབས་བྱས་ཡོད། ཉམས་ཞིབ་འདིའི་དཔྱད་ཕྲ་དབྱེ་ཞིབ་གནང་མཁན་ནི་རྒྱལ་ས་དིལླིར་གནས་སྡོད་རྒྱ་གར་རྒྱལ་ཡོངས་སྨན་ཁང་ (AIIMS) གི་དཔྱད་ཕྲ་དབྱེ་ཞིབ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Dr. R M Pandey  མཆོག་ཡིན།

ཉམས་ཞིབ་ཀྱི་གྲུབ་འབྲས།   ཉམས་ཞིབ་དུས་ཡུན་གྱི་ཟླ་གསུམ་དང་ཟླ་དྲུག་མཚམས་སུ་སྡེ་ཚན་གཉིས་ཀའི་ཁྲག་རླུང་ཚད་གཞི་སྟེང་རིམ་ (systolic blood pressure ) ཀྱི་བརྒྱ་ཆ་ལ་བར་ཁྱད་མེད་པ་གཅིག་མཚུངས་གསལ་ཡོད། འོན་ཀྱང་སྨན་བཅོས་སྡེ་ཚན་གྱི་ཟླ་གསུམ་མཚམས་ལ་ཁྲག་རླུང་ཚད་གཞི་འོག་རིམ་ (diastolic blood pressure) ཀྱི་བརྒྱ་ཆ་ནི་ (3.7 ± 1.0) དང་། ཚོད་འཛིན་སྡེ་ཚན་ལ་ (1.4 ± 10.8) གསལ་ཡོད། དེ་བཞིན་ཟླ་དྲུག་མཚམས་སུ་སྡེ་ཚན་གཉིས་ཀའི་ཁྲག་རླུང་ཚད་གཞི་འོག་རིམ་ (diastolic blood pressure) ཀྱི་རིམ་པ་དེ་ཐོག་མའི་རིམ་པ་ལས་འཕར་ཡོད་ཀྱང་སྨན་བཅོས་སྡེ་དང་ཟས་སྤྱོད་སྡེ་གཉིས་བར་བསྡུར་ན་ཟས་སྤྱོད་སྡེ་ལས་སྨན་བཅོས་སྡེ་ཉུང་བ་འཕར་བ་གསལ་བ་འདི་དཔྱད་ཞིབ་གལ་གནད་ཅན་ཞིག་ཡིན། (p-value=0.0035) གཞན་ཡང་ཉམས་ཞིབ་འདིའི་ཐོག་ནས་གསལ་སྟོན་བྱུང་ཡོད་པ་ནི། སྲོལ་རྒྱུན་བོད་སྨན་འདི་དག་བསྟེན་ན་ནད་པའི་ལུས་ལ་གནོད་ཚབས་མེད་པ་དང་། དེ་བཞིན་བོད་སྨན་ཡུན་རིང་བསྟེན་ཡང་མཁལ་མ་དང་སྙིང་གི་བྱེད་ལས་ལ་གནོད་ཚབས་དང་། བྱེད་ལས་ཞན་དུ་གཏོང་བ། ཁྲག་ནད་ཀྱི་རྒྱུ་བྱེད་པ་བཅས་ཀྱི་སྐྱོན་གང་ཡང་མེད་པ་མངོན་གསལ་ཤེས་ཐུབ་པ་བྱུང་ཡོད། དེ་དང་ཕྱོགས་མཚུངས་གསོ་བ་རིག་པའི་བཅོས་ཐབས་ཀྱི་ལྟ་གྲུབ་བཞིན་སྨན་གཏོང་བ་དང་ལྷན་དུ་ཟས་སྤྱོད་གཉིས་སྲུང་ཐུབ་ན་ཁྲག་རླུང་སྟོད་འཚངས་ནད་ལ་ཕན་བསྐྱེད་དང་ནད་འདིའི་ཉེན་སྲུང་ཐུབ་ངེས་ཡིན་པའང་ཉམས་ཞིབ་ལམ་ནས་ཤུགས་སུ་ཤེས་རྟོགས་བྱུང་ཡོད།
འབྲེལ་ཡོད་ཉམས་ཞིབ་པ་རྣམས་ནས་འབྱུང་འགྱུར་བོད་སྨན་ཐོག་ནས་གཙོ་ཆེར་ཁྲག་རླུང་ནད་གཞི་དང་འབྲེལ་བའི་མཁལ་ནད་དང་། སྙིང་ནད་ལྟ་བུ་ལ་ཉམས་ཞིབ་བྱ་དགོས་པའང་ཚོར་ཡོད། ཁྲག་རླུང་སྟོད་འཚངས་ཀྱི་ཉམས་ཞིབ་འདིའི་སྙན་ཐོ་རྒྱས་པ་ཞིག་ཉེ་སྔོན་རྒྱལ་ཡོངས་ཚན་རིག་དུས་དེབ།  STM Research and Reviews-Journal of Medicine, Vol-3, no-3 2013)ནང་དུ་འདོན་སྤེལ་ཐུབ་པ་བྱུང་ཡོད།།

ཉམས་ཞིབ་འདིའི་གཙོ་བོ་རྟོག་ཞིབ་པ་ཉམས་ཞིབ་སྡེ་ཚན་གྱི་འགན་ཟུར་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན། སློབ་སྟོན་པ་སྨན་རྩིས་ལས་སྣེ་ཟུར་པ་སྨན་རམས་པ་པད་མ་རྡོ་རྗེ་ཡིན། ཉམས་ཞིབ་སྨན་པ་རིག་འཛིན་བཟང་མོ་དང་ Dr. Pandey (AIIMS) རྣམ་གཉིས་ནས་ཕྱག་རོགས་རྟོག་ཞིབ་པའི་འགན་བཞེས་གནང་ཡོད། བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་སྨན་རམས་པ་བསོད་ནམས་ལྷ་མོ་དང་སྨན་རམས་པ་པ་སངས་ཚེ་རིང་རྣམས་གཉིས་ནས་ས་གནས་རྟོག་ཞིབ་པ་དང་བརྟག་དཔྱད་སྨན་པའི་འགན་འཁུར་བཞེས་ཡོད། ཁྲག་རླུང་ཉམས་ཞིབ་ཀྱི་ལས་གཞི་འབྲེལ་མཐུད་པ་དང་སྙན་ཐོ་བཀོད་མཁན་ཉམས་ཞིབ་སྨན་པ་བསྟན་འཛིན་ལྷུན་གྲུབ་བཅས་ཡིན།

གནས་ཚུལ་འདིའི་ཐད་དོན་གཉེར་ཅན་རྣམས་ཀྱིས་འབྲེལ་བ་གནང་དགོས་འབྱུང་ཚེ་འབྲེལ་བ་གནང་ཡུལ། བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་འགན་འཛིན་སྨན་རམས་པ་འཇམ་དབྱངས་སྒྲོལ་མ། 
ཁ་པར་ཨང་གྲངས། ༩༤༡༨༩༨༦༨༤༢

མཐའ་མའི་འདོན་ཐེངས་།: 26.03.2014 ཉིན། 4:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།