སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

བོད་རྩིས་རིག་པའི་བྱུང་རིམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

བོད་རྩིས་རིག་པའི་བྱུང་རིམ།

བོད་ཀྱི་སྲོལ་རྒྱུན་རྩིས་རིག་ནི། བོད་རང་ས་ནས་དར་བའི་གནམ་གྱི་ཉི་ཟླ་གཟའ་སྐར་ལ་བརྟག་པ་དང་།  བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པ། འདབ་ཆགས་ལ་བརྟག་པ། རྩི་ཤིང་ལ་བརྟག་པ། མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས་སོགས་མེས་པོའི་མྱོང་རྩིས་ཀྱི་རྨང་གཞིའི་ཐོག  རྒྱ་ནག་ནས་གདན་དྲངས་པའི་ནག་རྩིས༌དང་། རྒྱ་གར་ནས་གདན་དྲངས་པའི་དུས་འཁོར༌དང་དབྱངས་འཆར་སོགས་གཅིག་ཏུ་དྲིལ་བའི་རིག་པའི་གཞུང་ལུགས་ཤིག་ཡིན། སྐར་ནག་དབྱངས་གསུམ་གྱི་རྩིས༌ནི། སྟོན་པ་དུས་ཀྱི་འཁོར་ལོ་དང་རྗེ་བཙུན་འཇམ་དཔལ་གཞོན་ནུར་གྱུར་བའི་ཐུགས་ཀ་ལས་རིམ་པར་གངས་ལྗོངས་ཁ་བའི་ཡུལ་དུ་བརྒྱུད་པའི་རྩིས་རིག་གལ་ཆེ་ཞིག་ཡིན་པ་མ་ཟད། བོད༌གངས་ཅན་ལྗོངས་ཀྱི་རྣམ་དཔྱོད་ཡངས་པའི་མཁས་པ་དག་གི་འབད་རྩོལ་རིག་སྟོབས་ལ་བརྟེན་ནས་བརྩི་ཐབས་ལག་ལེན་གྱི་རྒྱུན་རྣམས་ཤིན་ཏུ་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཅིང༌། འདས་པའི་མི་ལོ་སྟོང་ཕྲག་ལྷག་གི་ནང་གངས་ལྗོངས་སྐྱེ་འགྲོའི་བླང་དོར་འབྱེད་པའི་རྣམ་དཀར་གྱི་དོན་ལ་རྨད་དུ་བྱུང་བའི་ལེགས་བྱས་བསྐྲུན་ཡོད།

 

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཡོངས་གྲགས་གཙུག་ལག་འབྱུང་རྩིས་སམ་ནག་རྩིས་སུ་འབོད་པ་དག་ཀྱང༌། ཚངས་པ་སོགས་ཞུ་བ་པོ་བཞི་དང༌། ཀོང་ཙེ་འཁྲུལ་རྒྱལ་སོགས་འཕྲུལ་མི་བཞི། ཀུན་ཏུ་ལེན་སོགས་ལེན་པ་པོ་ལས་རིམ་པར་བརྒྱུད་ཅིང༌། བོད་འདིར་ལོ་ཙཱ་བ་ཁམས་པ་ཁྲ་མོ་དང༌། པཎ་ཆེན་ཟླ་ནག༌སོགས་ལོ་པཎ་བཀའ་དྲིན་ཅན་དག་གིས་བསྒྱུར་སྤེལ་མཛད་པ་དང༌། མི་ཉག་རྒྱལ་མཚན་དཔལ་བཟང་དང༌། ཁྱུང་ནག་ཤཱཀ་དར། ཕུག་པ་དཔལ་མགོན་འཕྲིན་ལས། ལྡུམ་པོ་དོན་གྲུབ་དབང་རྒྱལ། འདར་ལོ་ངག་དབང་ཕུན་ཚོགས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྨིན་གླིང་ལོ་ཆེན་སོགས་རྩིས་རིག་བསྟན་འཛིན་སྐྱེས་བུ་རྣམས་ལས་རིམ་པར་བརྒྱུད་པའི༌འཆད་ཉན་ལག་ལེན་གྱི་སྲོལ་ནུབ་པ་མེད་པར་བོད་གཞིས་བྱེས་གཉིས་སུ་སྤྲིན་བྲལ་འཛུམ་པའི་ཉི་ཟེར་ལྟར་སྣང་མུས། སྐར་རྩིས་རིག་པའི་གཞི་མ་དཔལ་དུས་ཀྱི་འཁོར་ལོ་ནི།  སྟོན་པ་དུས་ཀྱི་འཁོར་ལོ་ལས་རིམ་པར། ཤམྦྷ་ལའི་ཆོས་རྒྱལ་བདུན་དང༌། འཇམ་དབྱངས་ཀྱི་སྤྲུལ་པ་འཇམ་དཔལ་གྲགས་པ་ནས་ནམ་སྙིང་གི་སྤྲུལ་པ་ཉི་མའི་བར་རིགས་ལྡན་བཅུ་གཉིས་དང༌།  དེ་ནས་འཕགས་ཡུལ་ནཱ་ལན་ཌའི་པཎྜ་ིཏ་ཙཱི་ལུ་པ་དང་། དུས་ཞབས་ཆེ་ཆུང་ནས་རིམ་པར༌ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་དང་།  རྭ་ཆོས་རབ། ཁ་ཆེ་པཎ་ཆེན་སོགས་ལོ་པཎ་བཀའ་དྲིན་ཅན་དག་ལས་རིམ་པར་བོད་གངས་ཅན་ཡུལ་དུ་བརྒྱུད་ཅིང་།

 

དེ་ལས་ཁྱད་པར་ཕྱི་དུས་ཀྱི་འཁོར་ལོའི་རྩིས་རིག་ནི། ས་སྐྱའི་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང༌། ཆོས་རྗེ་ས་པཎ། ཀརྨ་པ་རང་བྱུང་རྡོ་རྗེ། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར།    བྱང་པ་རྣམ་རྒྱལ་གྲགས་བཟང་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩི་ཐབས་ཀྱི་མན་ངག་ལྷུག་པོར་བཀྲོལ་ཅིང་མྱོང་བའི་གདམས་པ་ཟབ་མོས་བརྒྱན་ཏེ་ཐུན་མོང་མ་ཡིན་པའི་གངས་ལྗོངས་རྩིས་རིག་གི་སྲོལ་ལེགས་པར་འབྱེད་པར་མཛད་པ་དང༌། དེ་ལས་ཀྱང་གཙང་ཆུང་ཆོས་གྲགས་རྒྱ་མཚོ་དང་།  མཁས་གྲུབ་ནོར་བཟང་རྒྱ་མཚོ།ཕུག་པ་ལྷུན་གྲུབ་རྒྱ་མཚོ། དཔལ་མགོན་འཕྲིན་ལས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སྨིན་གླིང་ལོ་པཎ་སོགས་ཕུག་པའི་བརྒྱུད་འཛིན་པ་དག་གིས་ཤིན་ཏུ་དར་རྒྱས་སུ་མཛད་པའི་འཆད་ཉན་གྱི་ཆུ་རྒྱུན་དེང་གི་བར་དུ་གནས་ཡོད།

 

འཛམ་གླིང་སྐྱེ་འགྲོ་སྤྱི་དང་ཁྱད་པར་སྙིགས་དུས་གངས་ཅན་སྐྱེ་འགྲོའི་སྐྱབས་གནས་བླ་ན་མ་མཆིས་པ་དཔལ་དུས་ཀྱི་འཁོར་ལོའི་རྣམ་རོལ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་དབང་སྒྲུབ་ཡེ་ཤེས་བཅས་དུས་ཀྱི་འཁོར་ལོའི་བསྟན་དོན་གྱི་སྔོན་འགྲོའི་གདམས་པ་ནང་དང་དེ་ལས་ཕྱི་དུས་ཀྱི་འཁོར་ལོའི་དགོངས་དོན་དང་འབྲེལ་བའི་བོད་རྩིས་རིག་པའི་ལག་ལེན་འཆད་ཉན་རྒྱུན་གྱི་ཟེར་བརྒྱའང་འཕགས་ཡུལ་སྨན་རྩིས་འདུས་པའི་ལྡིང་ཁང་འདི་ནས་སྤྲོ་བཞིན་པ་ལགས་སོ།།

 

གདོད་མའི་བོད་རྩིས་རིག་པའི་འཛིན་མ་རུ།།

སྐར་ནག་དབྱངས་ཀྱི་ཆུ་རྒྱུན་རབ་དྲངས་ཏེ།།

རྨད་བྱུང་རྩིས་རིག་ལྗོན་དབང་ལེགས་འཁྲུངས་པའི།།

དོན་དམ་བྱུང་བ་རྣ་བའི་དཔལ་དུ་འབར།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།