སྨན་རྩིས་དྲ་བ། - ལོ་རྒྱུས།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2017
ལོ་རྒྱུས། >>


བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

- བྱམས་པ་འཕྲིན་ལས།


          བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནི།  རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ་ 1618 ལོར་འཁྲུངས་ཤིང་། ཡབ་ཡུམ་དང་ཆོ་འབྲང་གང་ཡིན་སོགས་ཀྱི་དཔྱད་གཞི་མ་རྙེད་རུང་། སྨན་དཔྱད་ཀྱི་སྐོར་ལ་ཟུར་ལུགས་དང་། འབྲུག་པ་པདྨ་དཀར་པོའི་རྗེས་སུ་འབྲངས་པར་མ་ཟད། བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་བསྐྱངས་ནས་བཞུགས་མཁན་ཞིག་རེད། སྤྱིར་བོད་མཁས་པ་ཞེས་པའི་མཚན་སྙན་དེ་ནི་ཁོང་གིས་སྙན་ངག་འགྲེལ་པ་དཎྜིའི་དགོངས་རྒྱན་བརྩམས་པ་དེ་ཙམ་གྱིས་མ་ཡིན་པར་ཕྱི་ནང་རིག་བྱེད་གང་ལའང་མཁས་པའི་སྙན་གྲགས་གང་སར་ཁྱབ་པས་ཤེས་ལྡན་སྐྱེ་བོ་ཀུན་གྱིས་དོན་གྱི་མཁས་པ་ཆེན་པོ་རྩོད་མེད་ཅིག་ཡིན་པར་སོམ་ཉི་བྲལ།


          རྗེས་འཛིན་རིག་པ་གཅིག་པུར་ཆ་བཞག་ནས་ཞུས་ན། 《སྨན་གྱི་རོ་ནུས་བཤད་པ་བེེ་ཌཱུརྱའི་མེ་ལོང་》ཞེས་བྱ་བ་བཤད་རྒྱུད་རྐྱང་སེལ་གྱི་ཁ་སྐོང་ལྟ་བུར་སྨན་སྣ་རེ་རེ་བཞིན་ལ་རོ་དང་། ནུས་པ། ཞུ་རྗེས་གསུམ་ལྡན་གྱི་བཤད་པ་སྔར་ནས་མ་བྱུང་བ་ལྟ་བུ་འདི་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་《གསོ་བ་རིག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་སྐོར་གྱི་དྲི་བ།》ཞེས་པའི་ལན་དུ་《དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་པ།》ཞེས་བྱ་བ་མཛད། དཔེར་ན་ཟུར་མཁར་བློ་གྲོས་རྒྱལ་པོས་དྲི་བ། རོ་ནུས་ཡོན་ཏན་ཞུ་རྗེས་ཀུན། །ཚང་བའི་སྨན་གཅིག་ཡོད་དམ་མེད། །ཡོན་ན་ཚ་གྲང་གཉིས་ཀའི་ནད། །དེ་ཉིད་གཅིག་པུས་སེལ་བར་ནུས། །ཚ་བསིལ་གོ་ས་གཅིག་ཉིད་དུ། །འཚོགས་ན་འགལ་བ་ཇི་ལྟར་བརྩི། །འོན་ཏེ་ཨ་རུ་ར་ཉིད་ལ། །ཐམས་ཅད་ཚང་བར་མི་འདོད་དམ། །ཞེས་པའི་དྲི་ལན་དུ་ཤིན་ཏུ་འཐད་པ་དང་བཅས་པའི་སྒོ་ནས། སྤྱིར་གཉེན་པོ་རྫས་གཅིག་གི་སྟེང་དུ་རོ་ནུས་ཞུ་རྗེས་མ་ལུས་པར་མཉམ་དུ་ཚང་བའི་སྨན་མེད་པས་ནད་རྣམས་གཅིག་གིས་སེལ་བ་མ་ཡིན་པ་དང་། རྡུལ་རྫས་རགས་པ་རྩོམ་པའི་ཚེ་ཡང་རིགས་འདྲ་འཚོགས་པ་མ་གཏོགས་རྡུལ་ཕྲན་གཅིག་གི་གོ་སར་རིགས་མི་འདྲ་བ་མེ་ཆུ་ལྟ་བུ་མཉམ་དུ་འཚོགས་པ་མ་ཡིན་པའི་སྐོར་དང་། དམིགས་བསལ་ཨ་རུ་ར་ལ་ཚང་བར་བཤད་པ་ནི་དྲང་སྲོང་ཙ་ར་ཀ་《བདུད་རྩི་བམ་པོ་བཞི་པ་》དང་། 《བདེ་མཆོག་གི་རྒྱུད་རྡོ་རྗེ་མཁའ་འགྲོ།》 དྲང་སྲོང་གྲུབ་པའི་《སྨན་དཔྱད་བདུད་རྩི་སྙིང་པོ།》 《གསེར་འོད་དམ་པ་རྒྱ་འགྱུར།》 སོགས་ཀྱི་ལུང་དྲངས་ནས།  ཨ་རུ་རྣམ་རྒྱལ་ཞེས་པ་ཕ་དམ་པའི་རྣམ་ཐར་ན་བྱི་ཤ་ཀོ་ར་ཙན་དན་གྱི་རིགས་ཞེས་བྱ་བའི་གླིང་ན་ཨ་རུ་ར་རྣམ་རྒྱལ་འདོམ་སྐོར་ཙམ་སྨིན་པ་དང་། གཞན་གླིང་ཕྲན་གཉིས་ན་ཡང་ཁྲུ་སྐོར་ཙམ་སྨིན་པར་ཡོད་གསུངས་པའི་སྐོར་དང་། བོད་འདིར་གཡུ་ཐོག་ཡོན་ཏན་མགོན་པོས་ཚོང་འདུས་མགུར་མོར་ཨ་རུ་རའི་ཆར་བབས་དུས། སྐུ་པང་དུ་ཨ་རུ་ར་གསེར་གྱི་མདོག་ཅན་སྙིམ་པ་ཁ་སྦྱོར་ཙམ་བབས་པ་སྲས་ལ་གནང་བ་དང་། དེ་བཞིན་སྔོན་དུས་ཁོ་ཁོམ་རྒྱལ་པོ་ལ་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཏེ་ཨ་རུ་རྣམ་རྒྱལ་རྗེ་བཙུན་མི་ལ་ལ་ཕུལ་བས་ལོ་བདུན་ནད་ཡམས་ཞི་བའི་ལོ་རྒྱུས་སོགས་དྲངས་ནས་། དེང་སང་རྙེད་པ་འདྲ་བྱུང་ན་འདུ་བའི་ནད་ཐམས་ཅད་སེལ་ཞིང་བཀྲ་ཤིས་པ་སོགས་སྨན་གྱི་ནོར་བུ་ཡིན་ཚུལ་སྐོར་གསུངས་སོ།།


གཞན་ཡང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་《ལུས་ཐིག་ཟླ་བ་ནོར་བུ་》ཞེས་པ་བརྩམས་པ་དེ་དག་སྨན་རྩིས་ཁང་དུ་སྔར་ནས་ཤིང་པར་བརྐོས་གནང་མཛད་པ་དང་། ཡོན་ཀྲང་མཁྱེན་རབ་ནོར་བུ་མཆོག་ནས་དེ་ལྟར་ཕྱག་ལེན་མཛད་དེ་སྨན་པ་མཐོ་རིམ་སློབ་གྲྭ་ཐོན་སྐབས་ལུས་ཐིག་ཟླ་བ་ནོར་བུ་ཇི་བཞིན་རྩ་ཐིག་བརྒྱབ་ནས། ལུས་ཀྱི་རྩ་གནད་དང་། ཤ་གནད། རུས་གནད་སོགས་ཀྱི་རྒྱུགས་སྤྲོད་ཆད་ལུས་མེད་པ་ཞུ་དགོས་པའི་ལམ་བཟང་མི་ཉམས་པ་གནས་ཤིང་། འོན་ཀྱང་སྡེ་སྲིད་རིན་པོ་ཆེས་བོད་མཁས་པའི་སྨན་རྕིས་སྐོར་ལ་དགག་བཞག་གི་བཀའ་རྩོམ་འགའ་ཤས་གནང་བ་ནི། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ། །ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡིས་བླུན་པོས་དེ་ལྟར་མིན། །ཞེས་པ་ལྟར་དགོས་པ་དགོས་བྱེད་ངེས་ཅན་ཡོད་པ་ལས་བླུན་རྨོངས་བདག་འདྲས་དམ་པའི་རྣམ་ཐར་ལ་ལོག་རྟོག་དང་ཕྱོགས་ལྷུང་གི་དྲི་མའི་དབང་དུ་གྱུར་ནས་ལེགས་བཤད་དགའ་སྟོན་ལོངས་སུ་སྤྱོད་མ་ཐུབ་པའི་སྐལ་ངན་དུ་མ་གྱུར་བ་ཅི་ནས་ཀྱང་གནང་རྒྱུ་གལ་ཆེ་སྙམ་མོ།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 


མཐའ་མའི་འདོན་ཐེངས་།: 20.02.2017 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།