སྨན་རྩིས་དྲ་བ། - མདུན་ངོས།

བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་གསུང་འཕྲིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.05.2015
མདུན་ངོས། >>

 


༄༅། །བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བསྩལ་བའི་གསུང་འཕྲིན།

 

     དེ་རིང་འདི་གར་ཕེབས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཧི་མྰ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཤྲཱི་ཀཽལ་སིཾཧ་ཋྰཀུར་ (Shri kaul Singh Thakur) མཆོག་དང་། དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག   དམིགས་བསལ་སྐུ་མགྲོན་བོད་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག  དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག  དེ་བཞིན་རྒྱ་གར་བ་དང་བོད་མིའི་གནད་ཡོད་མི་སྣ་ལྷན་རྒྱས།  གྲོགས་པོ་རྣམ་པ།  གསར་འགོད་པ།  སྨན་རྩིས་ལས་བྱེད་རྣམ་པ།  བགྲེས་ཡོལ་རྣམ་པ།  ལས་མི་དང་སྨན་རྩིས་སློབ་ཕྲུག་ཡོངས་ལ་ངོས་ནས་འཚམས་འདྲི་དང་སྦྲགས་ཕེབས་བསུ་ཞུ་རྒྱུ་བྱུང་བར་དགའ་སྤྲོས་བརྟས།

     སྨན་རྩིས་ཁང་གི་ལོ་རྒྱུས་ནང་ངོས་ནས་འགན་འཛིན་གྱི་དུས་དྲན་གསུང་འཕྲིན་ཐེངས་དྲུག་པ་སྒྲོགས་སྦྱང་བྱ་རྒྱུ་བྱུང་བར་དགའ་པོ་བྱུང་། མི་ལོ་ ༥༤ ཧྲིལ་པོ་འཁོར་བའི་སྐལ་བཟང་དགའ་སྟོན་གྱི་དུས་དྲན་ཉིན་མོ་འདི་ང་ཚོས་དགའ་སྤྲོའི་ངང་ནས་སྲུང་གཙི་ཞུ་རྒྱུ་ཡིན།  གང་ཡིན་ཞེ་ན་ང་ཚོས་ནུས་ཤུགས་ཡོད་རྒུས་བྱ་བཞག་ལེགས་སྒྲུབ་དང་ཆབས་ཅིག་རླབས་ཆེན་གྱི་རྩ་དོན་ལ་ཡིད་ཆེས་བརྟན་པོས་ཞབས་ཞུ་ལེགས་སྐྱེས་སུ་འབུལ་བཞིན་པ་མ་ཟད། སྨན་རྩིས་ཁང་གི་ལས་དོན་གང་ཡང་དོན་སྙིང་འགྲོ་བ་མིའི་རིགས་ཀྱི་བདེ་རྩའི་ཆེད་དུ་ཡིན་པ་དུས་ནས་དུས་སུ་དྲན་སྐུལ་བྱེད་བཞིན་ཡོད།  དུས་ད་ལྟ་བར་ལེགས་གྲུབ་གང་བྱུང་བའི་རྒྱལ་ཁའམ་གྲུབ་འབྲས་ནི་སྨན་པ་གྲངས་ ༡༤༠ དང་།   སྐར་ནག་དབྱངས་རྩིས་པ་གྲངས་ ༡༥།  འཛིན་སྐྱོང་ལས་བྱེད་གྲངས་ ༢༩༤། ལས་མི་གྲངས་ ༩༣ བཅས་ཐུན་མོང་གི་ནུས་ཤུགས་གཅིག་སྒྲིལ་དང་འབད་བརྩོན་ལས་བྱུང་བ་ཡིན་པས། སྨན་པ་དང་སྐར་ནག་དབྱངས་རྩིས་པ།  སློབ་ཕྲུག  ལས་བྱེད།  ལས་མི་བཅས་ལ་ངོས་ནས་དེ་རིང་གི་ཉིན་མོ་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

 

      སྨན་རྩིས་མཐོ་སློབ་ནི་གལ་གནད་ཆེ་ཤོས་ཀྱི་སྡེ་ཚན་ཞིག་ཡིན་ཞིང་དེའི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སུ་སྨན་རྩིས་སློབ་མ་གྲངས་ ༡༠༥ ནས་མཐུན་འགྱུར་གཞོགས་འདེགས་གང་ལེགས་གནང་ཡོད།  སློབ་མའི་སྒྲིག་འཛུགས་དང་བྱེད་སྒོ་ཁག་ཚགས་ཚུད་ཡོད་པ་འདིས་མཐོ་སློབ་དང་འཛིན་སྐྱོང་གི་ངོས་ནས་སློབ་ཕྲུག་ཚོའི་མ་འོངས་མདུན་ལམ་དང་། སྨན་རྩིས་ཁང་གི་དགེ་ཕན་ཆེད་ཐུགས་ཁུར་ཇི་ལྟར་གནང་གི་ཡོད་པ་སློབ་ཕྲུག་ཚོའི་ངོས་ནས་ཤེས་རྟོགས་གསལ་པོ་བྱེད་ཐུབ་ཀྱི་ཡོད་པ་མཚོན་ཡོད། མ་འོངས་པར་ཁོང་རྣམས་ཀྱིས་སྤྱི་ཚོགས་སྟེང་སྨན་པ་དང་། སྐར་ནག་རྩིས་ཀྱི་ལག་ལེན་ཐོག་ཞབས་འདེགས་སྒྲུབ་ངེས་ཡིན་པས་དེ་རིང་ངོས་ནས་སློབ་ཕྲུག་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

 

     ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་སྐུ་གཞོན་ནུའི་སྐབས་ཏེ་དགུང་གྲངས་ཉེར་བདུན་སྟེང་བཙན་བྱོལ་དུ་ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་བསྐྱར་འཛུགས་གནང་ཞིང་།  སྐབས་དེར་མགོན་པོ་གང་ཉིད་ནས་ “ ད་ལྟའི་ཆར་སྨན་རྩིས་ཁང་གཞི་རྒྱ་ཆུང་བས་དཔལ་འབྱོར་དང་མིའི་ནུས་ཤུགས་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ངེས་ཀྱང་འབྱུང་འགྱུར་མི་ལོ་སུམ་ཅུའམ་བཞི་བཅུའི་ནང་བོད་སྨན་རང་གིས་ཁ་གྲགས་ཀྱི་རེད། ” ཅེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལུང་བསྟན་བཀའ་སློབ་བསྩལ་ཡོད། སྐབས་དེར་ྋགོང་ས་མཆོག་གིས་སྨན་པ་གཅིག་སྟེ་འཚོ་བྱེད་ཡེ་ཤེས་དོན་ལྡན་མཆོག་དང་ལྷན་ཁོང་གི་སློབ་ཕྲུག་དང་ལས་རོགས་གཅིག་ལྕོགས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞིས་སྨན་སྦྱིན་ཁང་ཡོད་པའི་སྨན་གྱི་མཐོ་སློབ་ཆུང་ཆུང་ཞིག་ནས་དབུ་འཛུགས་གནང་ཡོད།

 

     སྨན་རྩིས་ཁང་གི་འཛིན་སྐྱོང་ནི་ཚོགས་མི་དགུ་ལས་གྲུབ་པའི་འགན་འཛིན་ལྷན་ཚོགས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་ལ།  དེའི་ཚོགས་གཙོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་དང་།  ཚོགས་གཞོན་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ།  རྒྱུན་ལས་ཚོགས་དྲུང་སྨན་རྩིས་ཁང་གི་འགན་འཛིན།  ཚོགས་མི་དབུས་བོད་མིའི་ཆོས་རིག་དང་ནང་སྲིད།  ཤེས་རིག་ལས་ཁུངས་བཅས་ཀྱི་དྲུང་ཆེ་རྣམ་པ།  བདེ་ལེགས་སྨན་ཁང་གི་འགན་འཛིན།  བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན།  སྨན་རྩིས་ཁང་གི་སྨན་པ་གཙོ་བོ་བཅས་ལས་གྲུབ་པ་དང་།  འགན་འཛིན་ལྷན་ཚོགས་ཀྱིས་འཛིན་སྐྱོང་ལམ་སྟོན་ཁར། ཆེད་འཛུགས་གནང་བའི་ཚོགས་ཆུང་མང་པོས་འགན་འཛིན་ལ་གཞོགས་འདེགས་ཞུ་བཞིན་ཡོད་པའི་ནང་ནས་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ནི་ཆེས་གལ་ཆེན་ཞིག་ཡིན།  སྨན་པ་གཙོ་བོ་མཆོག་གིས་གཙོ་སྐྱོང་བྱེད་པའི་ཚོགས་མི་བཅུའི་ལྷན་ཚོགས་དེ་ནི་སྨན་རྩིས་ཁང་གི་མཁས་པའི་གླེང་སྟེགས་སམ་བསམ་བློའི་བང་མཛོད་ལྟ་བུ་ཡིན་ལ། སྨན་རྩིས་གཉིས་ཀྱི་ལས་དོན་མཐའ་དག་ལ་གཟབ་ནན་གོ་བསྡུར་དང་བརྟག་ཞིབ་བྱེད་བཞིན་ཡོད།

 

     འཛིན་སྐྱོང་ཚགས་ཚུད་སླད་སྨན་རྩིས་ཁང་གི་ཚན་པ་རྣམས་རིག་གཞུང་སྡེ་ཚན་དང་འཛིན་སྐྱོང་སྡེ་ཚན་ཞེས་རིགས་གཉིས་ཀྱི་ཁོངས་སུ་དབྱེ་ཡོད།  རྒྱ་གར་གྱི་ས་ཕྱོགས་གང་སར་ཁྱབ་པའི་ཡན་ལག་སྨན་ཁང་ ༥༥ ཚུད་པའི་འཛིན་སྐྱོང་གི་སྡེ་ཚན་ཚང་མས་རིག་གཞུང་སྡེ་ཚན་ལ་རམ་འདེགས་གནང་གི་ཡོད་ལ། རིག་གཞུང་སྡེ་ཚན་གྱི་ཁོངས་སུ་སྨན་རྩིས་མཐོ་སློབ་དང་། སྨན་སྦྱོར་སྡེ་ཚན།  སྐར་དཔྱད་རྩིས་རིག་སྡེ་ཚན།  སྨན་རྫས་ཉམས་ཞིབ་སྡེ་ཚན།  ནད་བཅོས་ཉམས་ཞིབ་སྡེ་ཚན།  སྔོ་སྦྱོར་ཉམས་ཞིབ་སྡེ་ཚན།  ཞིབ་འཇུག་དང་པར་སྐྲུན་སྡེ་ཚན།  སྤུས་ཚད་སྟངས་འཛིན་སྡེ་ཚན།  གསར་འཛུགས་ཞུས་པའི་ལུས་སེམས་སྲོག་གི་སྡེ་ཚན་དང་། རྒྱ་རིགས་ལ་དམིགས་པའི་རྒྱ་ཡིག་སྡེ་ཚན་བཅས་འདུས་ཡོད།

 

    སྨན་སྦྱིན་དགེ་རྩའི་ལས་རིམ་ནང་རང་རིགས་རྒན་གྲས་ལོ་ན་ ༦༥ ཡན་སོན་པ་དང་།  ས་གནས་སོ་སོའི་འགོ་འཛིན་ལས་ཁུངས་ཀྱི་ཐོ་གཞུང་གནང་བ་ལྟར་དགོས་ངེས་དབུལ་ཕོངས་ཉམ་ཐག  བོད་ནས་གསར་དུ་འབྱོར་མ་ཐག་པ།  དགེ་འདུན་དང་བཙུན་མ།  སློབ་ཕྲུག  བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་སོགས་ལ་སྨན་སྦྱིན་ནམ་ཕྱེད་བཅག་གིས་སྨན་བཅོས་བལྟ་སྐྱོང་གནང་གི་ཡོད།  གཞན་ཡང་ཡན་ལག་སྨན་ཁང་སོ་སོའི་འགན་འཛིན་གྱི་ཐག་གཅོད་འོག་བོད་མི་མ་ཡིན་པའི་དགོས་ངེས་ཉམ་ཐག་རིགས་ལའང་སྨན་སྦྱིན་འབུལ་བཞིན་པ་ཡིན། དེ་ཡང་རྩིས་ལོ་འདིའི་ནང་ང་ཚོས་ནད་པའི་སྨན་སྦྱིན་ཐོག་ཧིན་སྒོར་ས་ཡ་ ༡༩ ལྷག་བཏང་ཡོད་ལ།   དེའི་ཁོངས་སུ་ས་ཕྱོགས་གང་སར་ྋགོང་ས་མཆོག་གིས་གསུང་ཆོས་གནང་སྐབས་ཆོས་ཞུ་བ་རྣམས་ལ་དམིགས་པའི་སྨན་སྦྱིན་སྐོར་བསྐྱོད་ཀྱང་ཚུད་པ་ཡིན།  དཔེར་ན།  ད་ལྟའི་ཆར་སྨན་པ་གཙོ་བོ་མཆོག་རྒྱལ་ས་ལྡི་ལིར་ྋགོང་ས་མཆོག་གི་གསུང་ཆོས་དང་འབྲེལ་བའི་སྨན་སྐོར་ལས་དོན་ཆེད་ཕྱོགས་ཕེབས་གནང་ཡོད།
 

     འདི་ལོ་སྨན་རྩིས་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ཤེས་ཡོན། འཕྲོད་བསྟེན། མང་ཚོགས་བདེ་རྩའི་དཔལ་འབྱོར་མཐུན་འགྱུར་ཆེད་ཞལ་འདེབས་ཧིན་སྒོར་(8.6 Million Rupees) ས་ཡ་བརྒྱད་དང་འབུམ་དྲུག་ཕུལ་ཡོད།  སྨན་རྩིས་ཁང་གི་ནད་པ་བརྒྱ་ཆ་བདུན་ཅུ་ལྷག་ནི་རྒྱ་གར་བ་ཡིན་ལ་དེའི་ནང་ནས་མང་ཆེ་བ་གྲོང་ཁྱེར་ཁག་ནང་གནས་སྡོད་བྱེད་མཁན་ཡིན། མདོར་ན་དེབ་སྐྱེལ་ཟིན་པའི་ནད་པ་འབུམ་བཞི་ཙམ་ནི་རྒྱ་གར་ཡུལ་མི་ཡིན་པ་དེས་སྨན་རྩིས་ཁང་གི་འགྲོ་དོན་ཕན་ནུས་ལྡན་པ་མ་ཟད། མ་འོངས་རྒྱ་སྐྱེད་ཀྱི་གོ་སྐབས་ཀྱང་ཡོད་པ་མཚོན་ཐུབ། ཡིན་ནའང་གྲོང་ཁྱེར་གྱི་ཡན་ལག་རྣམས་ལ་མཚོན་ན་ནད་པ་ཉམ་ཐག་དང་རྒན་གྲས་རྣམས་ལ་སྨན་སྦྱིན་གཏོང་མི་ཐུབ་པའི་ཁར། ཚོགས་པའི་རྩ་བའི་དམིགས་འདུན་གཉིས་པོ་ཡང་འགྲུབ་ཐུབ་ཀྱི་མེད། གྲོང་ཁྱེར་ཁག་ཏུ་ཡོད་པའི་སྨན་ཁང་ཕལ་ཆེ་བ་ནི་རྒྱ་གར་བ་རེ་ཟུང་གི་མཐུན་འགྱུར་རོགས་རམ་འོག་གསར་བཙུགས་གནང་བ་ཡིན་ཞིང་།  ཁོང་རྣམས་ནི་གཏོང་ཕོད་ཅན་ཙམ་མིན་པར་བོད་སྨན་ལ་རྒྱུས་མངའ་ཆེན་པོ་ཡོད་པ་ཤ་སྟག་ཡིན།  ཉེ་བའི་ཆར་མུམ་བྷེའི་ནང་ང་ཚོའི་ལས་དོན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཆེད་འཕྲོད་བསྟེན་དང་འབྲེལ་བའི་ཡེ་ཤུའི་ཚོགས་པ་ཞིག་གིས་མུམ་བྷེའི་གྲོང་ཁྱེར་གྱི་ས་གནས་ཡག་ཤོས་ཤིག་ཏུ་ཆགས་ཡོད་པའི་ཐོག་བརྩེགས་བཅུ་གསུམ་ཅན་གྱི་ཁང་པ་ལས་ཐོག་བརྩེགས་གསུམ་པ་དེ་ང་ཚོར་ཞལ་འདེབས་གནང་ཡོད།  དེ་ལ་ཕུ་ཊུ་གྲུ་བཞི་མ་ ༤༥༠༠ ཡོད་པས་སྨན་རྩིས་ཁང་གི་ཚོགས་ཁང་འདིའི་ཆེ་ཆུང་ཉིས་ལྡབ་ཙམ་ཡོད།  ད་ལྟའི་ཆར་ང་ཚོས་དེའི་ནང་མཐུན་རྐྱེན་ཆ་ཚང་ལྡན་པའི་བརྟག་དཔྱད་ཁང་བཞི་དང་།   སྨན་རྩིས་ཁང་གསོ་བཅོས་སྡེ་ཚན།  འགྲེམས་སྟོན་ཁང་།  ཕྱོགས་བསྐྱོད་ལས་རིམ་བྱེད་སྒོ་ཁག་གནང་ཡུལ་གྱི་ཚོགས་ཁང་། གཞན་ཡང་དགོས་ངེས་ཀྱི་ཁང་པ་འགའ་འཛུགས་སྐྲུན་བྱེད་རྒྱུའི་ཐོག་ཇུས་འགོད་ལས་ཀ་བྱེད་བཞིན་ཡོད།

 

     དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༤ དེ་བཞིན་ཚོགས་པ་ཁག་དང་བོད་མི་ཡོངས་ནས་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་ངོས་འཛིན་དང་སྲུང་གཙི་ཞུ་དགོས་པའི་བཀའ་ཕེབས་པ་ལྟར། དབུས་ས་གཉིས་སུ་གནས་པའི་སྨན་རྩིས་ཁང་ནས་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་ལས་འགུལ་ཆེ་ཆུང་སྣ་ཚོགས་སྤེལ་ཐུབ་པ་བྱུང་ཡོད།  རྒྱ་ཆེའི་མི་མང་གི་ཆེད་ང་ཚོའི་ཟླ་རེའི་གསར་ཤོག་སྨན་རྩིས་ཟླ་གསར་སྟེང་ྋརྒྱལ་བའི་རྗེས་དྲན་གྱི་ལོ་འདིའི་ལས་རིམ་སྙན་ཐོ་ཞིབ་རྒྱས་ཤིག་རིང་མིན་འགྲེམ་སྤེལ་གནང་གི་རེད།

 

     འཆར་ལོ་སྟེ་ཕྱི་ལོ་ ༢༠༡༦ ནི་སྨན་རྩིས་ཁང་གི་ལོ་རྒྱུས་ནང་བསྐལ་བཟང་གི་དུས་ཚེས་ཁྱད་པར་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།  ང་ཚོས་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་མ་ཟད། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཕགས་ཡུལ་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་བཙུགས་གནང་ནས་ལོ་ ༥༥ འཁོར་བ་དང་། ྋགོང་ས་ལྔ་པ་ཆེན་པོས་ལྷ་སའི་ལྕགས་པོ་རིར་སྨན་པ་གྲྭ་ཚང་ཕྱག་བཏབ་སྟེ་མི་ལོ་ཧྲིལ་པོ་ ༣༢༠ འཁོར་བའི་དུས་དྲན་བཅས་ཀྱང་དུས་མཉམ་སྲུང་གཙི་ཞུ་རྒྱུ་ཡིན།

 

     ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་ཁག་ཏུ་ང་ཚོས་དུས་དྲན་སྲུང་གཙི་དང་སྐོར་བསྐྱོད་ཀྱི་ལས་འཆར་འགའ་ཤས་སྤེལ་རྒྱུ་ཡིན།  སློབ་ཕྲུག་དང་ལས་མི།  ལས་བྱེད་རྣམས་ནས་ཆ་ཤས་ཧུར་ལེན་འཐུས་ཚང་ཡོང་ཆེད་ང་ཚོས་སློབ་ཕྲུག་རྣམས་ལ་སྨན་སྦྱོར་ཁང་ངམ་ཡང་ན་སྔོ་སྦྱོར་ཉམས་ཞིབ་ལྟ་བུ་ཐོན་སྐྱེད་སྡེ་ཚན་གང་རུང་དུ་ཆུ་ཚོད་ ༡༠༠ རིང་ཕོགས་མེད་ཐོག་ཕྱག་ལས་གནང་རྒྱུའི་རེ་སྐུལ་ཞུས་པ་དང་།  ལས་མི་དང་ལས་བྱེད་རྣམས་ནས་རང་ཉིད་ཀྱི་ཆུ་ཚོད་ ༡༠༠ ཡི་ཕོགས་ཐོབ་དངུལ་འབབ་སྨན་རྩིས་ཁང་གི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙིའི་གྲོན་དངུལ་ཆེད་འབུལ་གནང་ཡོང་བའི་རེ་སྐུལ་ཞུས་པ་ལྟར་ད་ལྟ་བར་ཧིན་སྒོར་ས་ཡ་བཞི་དང་འབུམ་དྲུག་བརྒལ་བ་ཕུལ་འབྱོར་བྱུང་བར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ད་དུང་འབུལ་བསྡད་གང་མང་ཡོད། གཞན་ཡང་རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་སྨན་རྩིས་ཁང་གི་བློས་ཐུབ་གྲོགས་པོ་དང་རྒྱབ་སྐྱོར་བྱེད་མཁན། ནད་པ་ཕལ་ཆེ་བས་ཞལ་འདེབས་གནང་སོན་བྱུང་།  ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་སྐོར་སྐྱོད་ཀྱི་ལས་འཆར་དེས་མ་དངུལ་གང་མང་གསོག་སྒྲུབ་བྱ་རྒྱུར་ཐེ་ཚོམ་མེད་ཅིང་།  གལ་སྲིད་འཆར་གཞི་ལེགས་སྒྲུབ་བྱུང་ན་ལས་འཆར་རྣམས་ཚགས་ཚུད་དུ་སྤེལ་ཐུབ་པ་དང་དོན་སྙིང་ལྡན་པའི་བྱ་བཞག་མང་པོ་ཞིག་བསྒྲུབ་རྒྱུར་དཔལ་འབྱོར་མཁོ་སྒྲུབ་བྱེད་ཐུབ་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཡིན།

 

     འདི་ལོ་སྨན་རྩིས་ཁང་ནས་སྨན་རིགས་འདྲ་མིན་གྱི་རིལ་བུ་ཐུན་གྲངས་ས་ཡ་ ༤༦.༣ བཟོ་སྐྲུན་ཞུས་ཡོད་པ་དེ་འདས་ལོ་ལས་བརྒྱ་ཆ་ ༡༥ ཙམ་འཕར་ཆ་བྱུང་ཡོད།  སྨན་དེ་རྣམས་རྒྱ་གར་གྱི་ས་ཕྱོགས་གང་སར་གནས་པའི་ཡན་ལག་སྨན་ཁང་ ༥༥ དང་།  དུས་ནས་དུས་སུ་ང་ཚོའི་སྨན་པ་རྣམས་ནད་པ་བརྟག་དཔྱད་ཆེད་བཅར་དགོས་པའི་མཉམ་ལས་སྨན་ཁང་ཁ་ཤས་ལ་མཁོ་སྤྲོད་ཞུ་བཞིན་ཡོད།  གཞན་ཡང་ཇམྨུ་ཀཤ་མིར་དང་ཧི་མྰ་ཅལ། འབྲས་ལྗོངས་བཅས་ཀྱི་མངའ་སྡེ་གཞུང་དང་ང་ཚོའི་དབར་དམིགས་བསལ་དང་ཕན་ཚུན་གཉིས་ཕན་གྱི་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ང་ཚོས་བོད་སྨན་མཁོ་སྤྲོད་ཞུ་བཞིན་ཡོད་ལ།  མ་འོངས་པར་ཡང་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། སྨན་སྦྱོར་ཁང་རིམ་བཞིན་རྒྱ་སྐྱེད་བཏང་བར་བརྟེན་ཐོན་སྐྱེད་ཀྱང་དེ་བསྟུན་མང་དུ་འཕར་བཞིན་ཡོད།  དེའི་ཕྱིར་ང་ཚོས་རང་ཁོངས་ཡན་ལག་སྨན་ཁང་ཁག་ལ་སྨན་མཁོ་སྤྲོད་བྱེད་ཐུབ་ཙམ་གྱི་བློ་ཁ་ཚིམས་ནས་མ་བསྡད་པར་སྒེར་པ་དགོས་ངེས་ཅན་ལ་མཁོ་སྤྲོད་བྱེད་ཐུབ་རྒྱུའི་འབད་བརྩོན་ལྷོད་མེད་བྱས་ཡོད་མོད། འོན་ཀྱང་ད་ལྟའི་ཆར་ང་ཚོའི་ཡར་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་ཙམ་ལས་མི་འདུག

 

     རིན་ཆེན་རིལ་བུ་རྣམ་གྲངས་བརྒྱད་ལ་ཆ་མཚོན་ན།  འདི་ལོ་ཐུན་གྲངས་ས་ཡ་གཉིས་དང་འབུམ་གསུམ་བཟོ་སྐྲུན་ཞུས་ཡོད་པ་དེ་འདས་ལོ་ལས་བརྒྱ་ཆ་ ༧.༧ གྱིས་མང་དུ་འཕར་ཡོད། ང་ཚོས་རིན་ཆེན་རིལ་བུ་བགོ་འགྲེམས་བྱེད་ཕྱོགས་ནི་དགོས་ངེས་ནད་པར་སྨན་པ་སོ་སོས་ནད་གཞིར་གཞིགས་ཏེ་རིན་ཆེན་རིལ་བུ་གང་ཞིག་གཏོང་པ་དང་། མང་ཉུང་ཇི་ཙམ་དགོས་མིན་སྐབས་ཐོག་གཟིགས་དགོས་པ་དང་། དེ་མིན་ནད་པ་མིན་པའམ་མི་མང་སྤྱིར་དུས་ནས་དུས་སུ་ཚོང་བསྒྱུར་བྱ་ཆེད་སྨན་ཁང་སོ་སོར་ཐོབ་སྐལ་ལྟར་ནར་གཏོང་ཞུ་གི་ཡོད།

 

     དངུལ་ཆུ་གཡའ་ཕྱིས་དུག་འདོན་བྱས་པའི་བཙོ་ཐལ་ནང་དུག་ཤས་དང་ཉེན་ཚབས་རིགས་ཡོད་མེད་བརྟག་དཔྱད་ཆེད་ཉམས་ཞིབ་ཐེངས་གཉིས་བྱས་པའི་གྲུབ་འབྲས་སུ་དངུལ་ཆུ་གཡའ་ཕྱིས་དུག་འདོན་བྱས་ཟིན་པའི་བཙོ་ཐལ་རིན་ཆེན་རིལ་བུ་ཐེ་བའི་བོད་སྨན་གྱི་རྫས་སུ་བེད་སྤྱོད་བྱས་ན་བདེ་ཐང་ལ་གནོད་ཚབས་ཡོད་པའི་དཔང་རྟགས་གང་ཡང་རྙེད་མེད།   གཡའ་ཕྱིས་དུག་འདོན་བྱས་ཟིན་པའི་དངུལ་ཆུ་ནི་རྒྱ་ནག་གི་སྲོལ་རྒྱུན་ཀྲུང་དབྱིའི་སྨན་དང་། རྒྱ་གར་ཚེ་ཡི་རིག་བྱེད།  རྒྱ་གར་གྱི་སིདྡྷའི་(Siddha)སྨན་ལུགས་བཅས་ཀྱི་ནང་དུའང་བེད་སྤྱོད་བྱེད་བཞིན་ཡོད།  ངོས་ནས་བོད་སྨན་ནང་བཙོ་ཐལ་གྱི་ལག་ལེན་སྐོར་བརྗོད་དགོས་པའི་རྒྱུ་མཚན་ནི་ནམ་ཞིག་གཡའ་ཕྱིས་དུག་འདོན་བྱས་པའི་དངུལ་ཆུ་བོད་སྨན་ནང་བེད་སྤྱོད་བྱེད་མི་ཆོག་པའི་དུས་ཤིག་ཤར་མི་སྲིད་པ་མིན་ལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གནོན་ཤུགས་འོག་མི་ནཱ་མཱ་ཏའི་ཚོགས་འདུའི་སྐབས་(Minamata Convention) རྒྱལ་ཁབ་བརྒྱ་དང་སུམ་ཅུ་ནས་སྨན་ནང་དངུལ་ཆུ་བེད་སྤྱོད་བྱེད་རྒྱུ་མིན་པའི་མཚན་རྟགས་བཀོད་ཟིན་པ་རེད།  སྐབས་དེ་དུས་རྒྱ་ནག་དང་རྒྱ་གར་གྱི་མཚན་རྟགས་བཀོད་མེད་པས་ང་ཚོས་བཙོ་ཐལ་ལམ་གཡའ་ཕྱིས་དུག་གདོན་ཟིན་པའི་དངུལ་ཆུ་མུ་མཐུད་བེད་སྤྱོད་བྱེད་ཐུབ་རྒྱུའི་རེ་བ་བཅངས་མོད། འོན་ཀྱང་ད་ཆ་རྒྱ་གར་ནས་ཀྱང་གྲོས་མཐུན་དེར་མཚན་རྟགས་བཀོད་དེ་ལོ་དྲུག་གི་ནང་ཚུད་དུ་སྨན་ནང་དངུལ་ཆུ་བེད་སྤྱོད་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད། རྒྱ་གར་ནང་དུ་གནས་སྟངས་ཁག་ལ་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་པ་རེད།

 

     རྒྱལ་སྤྱིའི་སྟེང་སྲོལ་རྒྱུན་སྨན་བཅོས་ལུགས་ལ་དོ་སྣང་ཇེ་ཆེར་འཕེལ་བཞིན་པའི་དུས་སྐབས་ཤིག་ལ་སྲོལ་རྒྱུན་བོད་སྨན་འདི་འཐུས་སྒོ་ཚང་ཤོས་ཀྱི་སྨན་བཅོས་ལག་ལེན་ཞིག་ཏུ་གཟེངས་ཐོན་བྱུང་བར་ང་ཚོ་ཚང་མ་དགའ་འོས་པ་ཞིག་ཡིན།  དུས་རབས་བརྒྱད་པའི་ནང་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱལ་སྤྱིའི་སྨན་གྱི་བགྲོ་གླེང་ཐོག་མ་དེ་བོད་དབུས་བསམ་ཡས་དགོན་དུ་ཚུགས་པ་དང་།    དེའི་སྐབས་བོད་དང་རྒྱ་གར།   རྒྱ་ནག    བལ་ཡུལ།   སོག་པོ།   ཏ་ཟིག་སོགས་ནས་སྙན་གྲགས་ཅན་གྱི་སྨན་པ་མཁས་པ་མང་པོ་འཛུལ་ཞུགས་གནང་ཡོད།   རྒྱལ་པོའི་བླ་སྨན་རྗེ་བོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡོངས་གྲགས་སུ་བོད་སྨན་གྱི་སྲོལ་འབྱེད་ཞེས་འབོད་པས་ལུགས་མང་གསོ་དཔྱད་ཀྱི་སྙིང་བོ་གཅིག་ཏུ་བསྡུས་ཏེ་རྒྱུད་རྒྱལ་དཔལ་ལྡན་རྒྱུད་བཞི་བརྩམས་གནང་བ་དེ་དུས་ད་ལྟའང་བོད་ཕྱི་ནང་གི་བོད་མི་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་སོག་པོ་དང་། བལ་ཡུལ། འབྲུག རྒྱ་གར་གྱི་ཧི་མྰ་ལ་ཡའི་རི་རྒྱུད་ཀྱི་མངའ་སྡེ་སོགས་སུ་སྲོལ་རྒྱུན་སྨན་གྱི་སློབ་སྦྱོང་བྱ་རྒྱུའི་རྩ་འཛིན་ཀློག་དེབ་ཅིག་ཆགས་ཡོད་པའི་རྒྱུད་བཞི་འདི་མུ་མཐུད་འཛམ་གླིང་ཧྲིལ་པོར་བདག་པ་ལས་རྒྱ་དཀར་ནག་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་རྩོད་གླེང་གི་གཞི་མ་ཞིག་མིན་ལ།  ཁ་གསལ་དུ་གཏོང་བའམ་དེའི་གོ་དོན་གཞན་ཞིག་གླེང་ན་རྒྱུད་བཞི་ནི་གཡུ་ཐོག་ཡོན་ཏན་མགོན་པོར་བདག་ཅིང་ཁོང་ནི་བོད་རིགས་ཤིག་ཡིན་པ་ལས་རྒྱ་གར་བ་ཞིག་མིན་ལ།  རྒྱ་ནག་ཧན་མི་རིགས་ཤིག་དེ་བས་ཀྱང་མིན།

 

     རྒྱ་ནག་གིས་བོད་སྨན་འདི་བཞིན་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་ཞེས་མཉམ་སྦྲེལ་རྒྱལ་ཚོགས་ཤེས་ཡོན་དང་ཚན་རིག  རིག་གནས་སྒྲིག་འཛུགས་(UNESCO’s)ཀྱི་གནའ་བོའི་ཤུལ་བཞག་རིག་གནས་(Intangible Cultural Heritage) ཁོངས་སུ་དེབ་སྐྱེལ་ཆེད་སྙན་ཞུ་ཕུལ་ཡོད་པ་ཕྱི་ལོ་ ༢༠༡༦ ནང་ཐག་གཅོད་བྱེད་ཀྱི་ཡོད།  དེ་ནི་ང་ཚོས་སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་ཞུ་བའི་ལོ་དང་དུས་མཉམ་འཁེལ་འདུག་པ་དང་།  དེའི་ཐད་ང་ཚོས་ངོས་ལེན་མེད་པའི་སྙན་ཞུ་ཞིག་ལྡི་ལི་དང་པེ་རི་སེར་(New Delhi and Paris)ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཤེས་ཡོན་དང་ཚན་རིག རིག་གནས་སྒྲིག་འཛུགས་(UNESCO)ལ་ཕུལ་ཟིན་པ་ཡིན། གང་ཡིན་ཞེ་ན་བོད་སྨན་ནི་མངོན་མེད་དུ་ལུས་པའི་གནའ་བོའི་ཤུལ་བཞག་རིག་གནས་ཁོངས་སུ་མི་གཏོགས་ཅིང་། དེ་ནི་རྒྱ་གར་ཚེ་ཡི་རིག་བྱེད་དང་རྒྱ་ནག་གི་སྲོལ་རྒྱུན་ཀྲུང་དབྱིའི་སྨན་ལྟར་ཆེས་མངོན་ཐོན་དང་གྲུབ་འབྲས་ལྡན་པ་ཞིག་ཡིན། དོན་དངོས་ཐོག་བོད་སྨན་ནི་འཐུས་སྒོ་ཚང་ཤོས་ཀྱི་སྨན་རིག་ཅིག་ཡིན་པ་ནུབ་ཕྱོགས་པའི་སྨན་པ་དང་ཚན་རིག་པས་ངོས་འཛིན་ཡོད་པ་ཞིག་ཀྱང་ཡིན་ལ།  དེའི་དགོས་མཁོ་དང་དགའ་མོས་ནི་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་མྱུར་ཤོས་ཤིག་ཆགས་ཡོད།

 

     ཕྱི་ལོ་ ༡༩༤༩ ནས་རྒྱ་ནག་གིས་བཙན་ཐབས་ཀྱི་སྒོ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མཚོན་རྟགས་ཆོས་དང་། རིག་གཞུང་གི་ངོ་བོ་རྩ་མེད་བཟོ་ཐབས་བྱས་ཡོད་པ་མ་ཟད། བོད་ཀྱི་གསོ་བ་རིག་པ་དང་ང་ཚོའི་རིག་གཞུང་གི་ཐུན་མིན་ཁྱད་ཆོས་མཚོན་པའི་ངོ་བོ་གཞན་རྣམས་ལའང་གཏོར་སྐྱོན་ཆེན་པོ་བཏང་ཡོད།  དེ་ཡང་ཕྱི་ལོ་ ༡༦༩༦ ལོར་ྋགོང་ས་ལྔ་པ་ཆེན་པོས་ཕྱག་བཏབ་པའི་ལྕགས་པོ་རི་བོད་སྨན་ཁང་རྩ་མེད་བཟོས་པ་དང་།   ཕྱི་ལོ་ ༡༩༡༦ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པས་ཕྱག་བཏབ་པའི་ལྷ་ས་སྨན་རྩིས་ཁང་རྩ་མེད་དུ་བཟོ་ཐབས་བྱས་ཀྱང་ཧོང་ཀོང་གསར་འགོད་པས་གནས་ཚུལ་ཁྱབ་སྤེལ་བྱས་པ་བརྒྱུད་གཏོར་རྒོལ་གང་ཡང་བྱེད་ཐུབ་མེད།  སྤྱིར་ལྷ་ས་སྨན་རྩིས་ཁང་རྩ་གཏོར་བྱེད་ཐུབ་མེད་ཀྱང་འཚོ་བྱེད་མཁས་དབང་མང་དག་ཅིག་ལོ་མང་རིང་བཙོན་འཇུག་བྱས་ཤིང་།  ྋརྒྱལ་བའི་བླ་སྨན་སྐུ་བགྲེས་ཞིང་གཤེགས་དམ་པ་བསྟན་འཛིན་ཆོས་གྲགས་མཆོག་མི་ལོ་ ༡༧ དང་། བླ་སྨན་སྐུ་གཞོན་ཞིང་གཤེགས་དམ་པ་བློ་བཟང་དབང་རྒྱལ་མཆོག་མི་ལོ་ ༡༢ རིང་རྒྱ་ནག་གི་བཙོན་འཇུག་བྱས་མཐར་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཏེ་སྨན་རྩིས་ཁང་དུ་ཕྱག་ལས་གནང་ཡོད།  བོད་ས་བཙན་བཟུང་བྱས་ནས་ལོ་ཤས་རིང་རྒྱ་ནག་གིས་བོད་སྨན་ངོས་ལེན་བྱས་མེད་ཀྱང་།  ཉེ་བའི་ལོ་ཤས་རིང་ནུས་ཤུགས་ཡོད་རྒུས་བོད་སྨན་ངོས་ལེན་བྱེད་པ་དང་།  དེའང་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་ཞེས་ཁྱབ་སྤེལ་གཏོང་གང་ཐུབ་བྱེད་བཞིན་ཡོད།

 

     ང་ཚོས་མཉམ་སྦྲེལ་རྒྱལ་ཚོགས་ཤེས་ཡོན་དང་། ཚན་རིག  རིག་གནས་སྒྲིག་འཛུགས་(UNESCO)ལ་ཕུལ་བའི་སྙན་ཞུའི་མཇུག་ཏུ།  གལ་སྲིད་མཉམ་སྦྲེལ་རྒྱལ་ཚོགས་ཤེས་ཡོན་དང་། ཚན་རིག  རིག་གནས་སྒྲིག་འཛུགས་(UNESCO) ནས་རྒྱ་ནག་གི་ཞུ་སྙན་ལྟར་བོད་སྨན་འདི་གནའ་བོའི་ཤུལ་བཞག་རིག་གནས་(Intangible Cultural Heritage) ཁོངས་དེབ་སྐྱེལ་བྱ་རྒྱུའི་ངོས་ལེན་བྱས་ཚེ།  དེ་སྔོན་བྱུང་མྱོང་མེད་པའི་ཞུ་འབོད་དང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་སྨན་ལག་ལེན་བྱེད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཤེས་ཡོན་དང་། ཚན་རིག  རིག་གནས་སྒྲིག་འཛུགས་(UNESCO)ཁང་གནས་ཡུལ་དང་རྒྱ་ནག་གཞུང་ཚབ་ཁག་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་རྒྱུ་ཡིན། ཞེས་འཁོད་ཡོད།

 

     རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ང་ཚོའི་ཕྱོགས་བསྐྱོད་ལས་རིམ་ལ་རྒྱབ་སྐྱོར་གཞོགས་འདེགས་གང་ལེགས་གནང་བྱུང་།  ཁོང་རྣམ་པས་དུས་ཚོད་ཁོམ་མིན་ལ་མ་ལྟོས་པར་ང་ཚོར་རྒྱབ་སྐྱོར་གནང་རྒྱུའི་གྲ་སྒྲིག་ཡོད་པར་དེ་རིང་དམིགས་བསལ་གྱི་ཉིན་མོ་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།  ལྷག་པར་དུ་ཕྱི་ལོ་ ༢༠༡༦ ནང་སྨན་རྩིས་ཁང་ལ་གཞོགས་འདེགས་གང་ཐུབ་གནང་སྐྱོང་ཡོང་བའི་རེ་བ་བྱེད་བཞིན་ཡོད།

 

     རྒྱ་གར་ཕྱི་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཚོགས་པ་ཁག་དཔེར་ན། ཨ་རིའི་ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་།(Wisconsin University) ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་།(Emory University) མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་།(University of Minnesota)  ཨི་ཛི་རལ་ནང་ཡོད་པའི་ཧ་སྡེ་སཱ་སྨན་ཁང་།(Hadassa Hospital in Isreal)   སོའོ་པོ་ལོ་སྤྱི་མཐུན་གཙུག་ལག་སློབ་གཉེར་ཁང་།(Federal University of Sao Paulo) སོགས་དང་ལྷན་དོན་གནད་སྣ་ཚོགས་ཀྱི་ཉམས་ཞིབ་དང་སློབ་སྦྱོང་ཆེད་ང་ཚོའི་མཉམ་ལས་གང་ལེགས་བྱུང་ཡོད།  གཞན་ཡང་འབྲུག་གཞུང་ནས་ང་ཚོར་སྔོ་སྨན་རིགས་མཁོ་སྤྲོད་ཀྱིས་མཉམ་ལས་གནང་མུས་ཡིན་ལ། དེར་ཐུགས་རྗེ་ཡི་རང་ཆེད་འབྲུག་གི་བུད་མེད་སྨན་པ་ཞིག་ལ་ང་ཚོས་དཔྱད་བཅོས་ལག་ལེན་གྱི་སློབ་འཁྲིད་སྦྱོང་བརྡར་གནང་མུས་ཡིན། དོན་དམ་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་པུ་ (Thimpu) དང་ཡུལ་གྲོང་གཉིས་གསུམ་དུ་གཏར་དང་དཔྱད་བཅོས་གཞན་གྱི་ལག་ལེན་སློབ་འཁྲིད་བྱ་རྒྱུར་དགེ་རྒན་ཞིག་གཏོང་རྒྱུའི་ཁས་ལེན་ཀྱང་བྱས་ཟིན།

 

     རྒྱ་གར་ནང་དུ་སྒེར་པའི་ཚོགས་པ་ཁག་ཕུད་ངོས་ནས་གོང་དུ་བརྗོད་པ་ལྟར་ཇ་མྨུ་ཀཤ་མིར་དང་ཧི་མྰ་ཅལ། འབྲས་ལྗོངས་བཅས་ཀྱི་མངའ་སྡེ་གཞུང་དང་ང་ཚོའི་དབར་ཕན་ཚུན་གཉིས་ཕན་གྱི་མཉམ་ལས་འབྲེལ་བ་དམ་ཟབ་ཡོད།  ལ་དྭགས་ནགས་ཚལ་འཕེལ་རྒྱས་རང་སྐྱོང་ལྷན་ཚོགས་(Ladakh Hill Council)ནས་ས་མཐོའི་སྨན་རྩྭ་འདེབས་ལས་ཆེད་ང་ཚོར་ས་ཁྱོན་ཨེ་ཀར་ ༡༠ གནང་སྐྱོང་བྱུང་བར་ང་ཚོས་ཁོང་ཚོའི་སྨན་པར་སློབ་སྦྱོང་དང་སྨན་མཁོ་སྤྲོད་བྱེད་ཀྱི་ཡོད།  འབྲས་ལྗོངས་ཀྱི་འཕྲོད་བསྟེན་བློན་ཆེན་དང་དྲུང་ཡིག་ཆེན་མོས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་སྐབས་མགོན་པོ་གང་ཉིད་ནས་འགྲོ་བ་མིའི་བདེ་རྩའི་ཆེད་ང་ཚོས་ཕན་ཚུན་མཉམ་ལས་ཇི་ལྟར་བྱེད་ཀྱི་ཡོད་མེད་ཐད་བཀའ་འདྲི་དང་ལམ་སྟོན་ཕེབས་གནང་བ་ལྟར་མངའ་སྡེ་གཞུང་དང་སྨན་རྩིས་ཁང་ནས་ལས་འཁུར་གང་ལེགས་ཞུ་བཞིན་ཡོད།

 

     ཨ་རུ་ནཱ་ཅལ་གྱི་རྒྱལ་ས་ཨི་ཊྰ་ན་གར་ངོས་ལ་འཕྲོད་བསྟེན་བློན་ཆེན་དང་། དྲུང་ཡིག་ཆེན་མོ།  འཕྲོད་བསྟེན་དྲུང་ཆེ། འཕྲོད་བསྟེན་ཞབས་ཞུའི་འགན་འཛིན་བཅས་མཇལ་འཕྲད་ཀྱི་གོ་སྐབས་བཟང་པོ་ཐོབ་བྱུང་།  སྐབས་དེ་དུས་ངོས་ནས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་ཀྱི་འཕྲོད་བསྟེན་བློན་ཆེན་དང་དྲུང་ཡིག་ཆེན་མོར་ཇི་ལྟར་བཀའ་བསྩལ་བ་དེ་ལྟར་དུ་བརྗོད་རྒྱུ་བྱུང་བས་ངོས་དང་ཐུག་འཕྲད་བྱུང་བའི་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་འབྲེལ་མི་སྣ་རྣམས་ནས་མཉམ་ལས་བྱ་རྒྱུའི་ཁས་ལེན་ཐོབ་ཅིང་།   ཁོང་རྣམས་ནས་མངའ་སྡེའི་བློན་ཆེན་མཆོག་གིས་ལས་དོན་དེའི་ཐོག་མཉམ་ལས་བྱེད་རྒྱུའི་ངོས་ལེན་བཀའ་འཁྲོལ་ཡོང་རྒྱུར་རེ་སྒུག་ཞུ་བཞིན་འདུག  ངོས་ནས་སྐུ་སྒེར་ཡིག་ཚང་ལ་རིང་མིན་བློན་ཆེན་མཆོག་ཕེབས་སྐབས་ལས་དོན་དེའི་ཐོག་ཤུགས་གནོན་འབོད་སྐུལ་གང་ཐུབ་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།  དེ་ལྟར་བྱུང་ཚེ་བློན་ཆེན་མཆོག་གིས་ཞལ་བཞེས་བཀའ་འཁྲོལ་གང་མྱུར་ཐོབ་རྒྱུ་རེད།

 

     ངོས་རང་དགའ་པོའི་ངང་ནས་སྐུ་ཉིད་ལ་སྙན་སེང་ཞུ་རྒྱུར། མཛེས་སྡུག་ལྡན་པའི་ཧི་མྰ་ཅལ་མངའ་སྡེའི་ནང་ཆ་མཚོན་ན་རྒྱ་གར་ཚེའི་རིག་བྱེད་ཀྱི་ཚོགས་པ་མང་པོ་དང་ང་ཚོའི་དབར་འབྲེལ་བ་གང་ལེགས་ཡོད།  དེ་རིང་སྐུ་ཉིད་ཕེབས་པས་རླབས་ཆེན་གྱི་ནུས་པ་ཞིག་འདོན་རྒྱུར་ཐེ་ཚོམ་གཏན་ནས་མེད།  ལྷག་པར་དུ་དེ་རིང་སྐལ་བཟང་གི་ཉིན་མོ་འདིར་སྐུ་ཉིད་ཕེབས་པ་ནི་ང་ཚོར་མཚོན་ན་འཕྲོད་བསྟེན་བློན་ཆེན་ཙམ་དུ་མ་ཟད།  ཁྲིམས་ལུགས་བློན་ཆེན་དང་།  དཔྱ་ཁྲལ་བློན་ཆེན།  གཞན་ཡང་གཞུང་འབྲེལ་བློན་ཆེན་མང་དག་ཅིག་དང་ལྷན་ཕེབས་ཡོད་པའི་ཚོར་སྣང་ངམ་ངོ་བོ་མཚོན་ཐུབ་པ་དང་། རྒྱ་གར་ནང་ཡན་ལག་སྨན་ཁང་ ༥༥ ཡོད་པ་ལས་མངའ་སྡེ་འདིའི་ནང་ང་ཚོའི་སྨན་ཁང་ ༡༠ ཡོད་ལ།  ལྷག་པར་དུ་སྨན་རྩིས་ཁང་གི་དབུས་སྤྱི་ཁྱབ་ལས་ཁུངས་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པར་བརྟེན་མངའ་སྡེ་འདིའི་ནང་གི་ཚོགས་པ་འདྲ་མིན་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་ལམ་ཁ་མང་པོ་ཞིག་ཡོད་པས།  ང་ཚོས་སྐུ་ཉིད་ལ་རེ་སྐུལ་ཞུ་རྒྱུ་ཞིག་ནི། དྷ་རམ་ས་ལའམ་ཡང་ན་ཤཱིམ་ལར་ཕན་ཚུན་འབྲེལ་མཐུད་བྱ་རྒྱུའི་ཚོགས་བསྡུ་ཞིག་བསྐོང་ཚོགས་ཡོང་བ་ཞུ་རྒྱུ་ཡིན།  མངའ་སྡེ་གཞུང་ལ་ས་མཐོའི་སྨན་རྩ་འདེབས་ལས་ཀྱི་ས་ཆ་མང་པོ་མེད་པ་ངོས་ནས་ཤེས་རྟོགས་ཐུབ་ཀྱི་འདུག  འོན་ཀྱང་མང་ཉུང་ལ་མ་ལྟོས་པར་ང་ཚོར་ས་མཐོའི་སྨན་རྩ་འདེབས་ལས་ཀྱི་ས་ཆ་ཨེ་ཀར་ ༡༥ ནས་ ༢༠ ཙམ་ལོ་བཅོ་ལྔ་ནས་ཉི་ཤུའི་རིང་རྒྱུན་ལྡན་ལྟར་བོགས་གཏོང་བྱུང་བ་ཡིན་ན་འཇར་མན་གཞུང་ཚབ་ནས་དགོས་ངེས་མ་དངུལ་གྱི་རོགས་སྐྱོར་གནང་རྒྱུའི་འདོད་མོས་གནང་བྱུང་།

 

     ང་ཚོས་ལོ་རེར་སྨན་པ་གྲངས་ ༣༠ ནས་ ༦༠ ཙམ་སློབ་ཐོན་བྱ་ཆེད་མཐོ་སློབ་རྒྱ་བསྐྱེད་བྱེད་བཞིན་ཡོད།  དུས་ད་ལྟའི་བར་སློབ་ཐོན་སྨན་པ་ཚོར་ང་ཚོའི་སྡེ་ཚན་འདྲ་མིན་དང་ཡན་ལག་སྨན་ཁང་ཁག་ནང་ལས་ཀ་སྤྲོད་ཐུབ་པ་བྱུང་ཡོད།  འབྱུང་འགྱུར་ལོ་ ༧ ནས་ ༡༠ ནང་ད་ལྟའི་གནས་སྟངས་འདིར་འགྱུར་བ་འགྲོ་ངེས་ཡིན་ལ།  མངའ་སྡེའི་ནང་སྨན་པ་ཉུང་དྲགས་པས་མངའ་སྡེའི་སྨན་ཁང་དང་ཉམས་ཞིབ་ལྟེ་གནས་ཁག་ནང་བོད་པའི་སྨན་པ་ཚད་ལྡན་རྣམས་ལ་ལས་ཀ་བྱེད་ཆོག་རྒྱུའི་ཐད་འབྲེལ་ཡོད་ཁྲིམས་སྒྲིག་ཁག་བསྐྱར་བཅོས་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།  གལ་སྲིད་བལ་ཡུལ་དང། འབྲུག  སྦང་ལ་དེ་ཤཱི་བཅས་ནས་ཡོང་བའི་མི་རྣམས་མངའ་སྡེའི་ཁྲིམས་ལུགས་ནང་ཡུལ་གྱར་ལས་མིའི་ངོ་བོའི་ཐོག་ལས་ཀ་བྱ་རྒྱུའི་གོ་སྐབས་ཡོད་ཚེ།  ཡུལ་ལུང་མེད་པའི་བོད་མི་ཚོ་དེའི་ནང་ཚུད་ཐུབ་པའི་ལམ་བུ་ཞིག་ཏན་ཏན་ཡོད་ངེས་རེད།

 

     མཐའ་དོན་ངོས་ནས་ྋགོང་ས་མཆོག་གི་བཀའ་སློབ་ “ འགྲོ་བ་མིའི་རིགས་ལ་ལུས་དང་སེམས་ཀྱི་བདེ་ཐང་དགོས་པ་ལྟར།   བོད་མི་རང་ཉིད་བཙན་བྱོལ་དུ་གནས་ཡོད་ཀྱང་ལུས་སེམས་གཉིས་ཀྱི་བདེ་ཐང་ཐད་ལ་གསོ་བ་རིག་པ་དང་ནང་དོན་རིག་པ་གཉིས་ནས་དོན་སྙིང་ལྡན་པའི་ཞབས་འདེགས་བསྒྲུབས་ཐུབ།” ཞེས་པ་ལུང་འདྲེན་དང་སྦྲགས་མཇུག་སྒྲིལ་ཞུ་རྒྱུ་ཡིན།   

འཕགས་བོད་རྒྱལ་གྱུར་ཅིག །

 

ཅོན་ཏ་ར་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་བོད་བསྒྱུར་ཞུས།

 

(འདིར་ནོན་ནས། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱི་གསུང་བཤད་ཆ་ཚང་གསན།)

མཐའ་མའི་འདོན་ཐེངས་།: 26.05.2015 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།