སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

བཞུགས་སྒར་ངྷ་རམ་ས་ལ་སྨན་རྩིས་ཁང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>


བཞུགས་སྒར་ངྷ་རམ་ས་ལ་སྨན་རྩིས་ཁང་།

འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་ཡོན་དར་འཕེལ་བྱུང་བའི་ལོ་རྒྱུས་སྤྱི་མཚུངས་བོད་ལའང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་། ཆབ་འབངས་རྣམས་རང་དབང་དང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་དུས་བཟང་ཡུན་དུ་གནས་ཀྱང་། ཕྱི་ལོ་  ༡༩༤༩  ལོ་ནས་བཟུང་རྒྱ་ནག་གིས་དྲག་པོའི་དཔུང་ཤུགས་ཀྱིས་ཤར་ཕྱོགས་མཐའ་མཚམས་ཁག་ནས་རིམ་པས་བཙན་འཛུལ་བྱས་སྟེ། མཐར་བོད་ས་ཡོངས་ལ་དྲག་གནོན་མི་ཟད་པའི་རླུང་འཚུབ་ལྡང་བ་དང་ྋགོང་ས་མཆོག་ངོས་ནས་ལྷག་བསམ་དག་པའི་འབད་འབུངས་ཇི་ཙམ་མཛད་ཀྱང་བོད་རྒྱ་ཞི་མཐུན་མཉམ་གནས་ཡོང་བའི་ཐབས་ཚུལ་ཕྱག་བསྟར་དོན་འབྲས་ལེགས་ལམ་སོན་པའི་སྒོ་མ་དོད་ཁར། མཐར་ཕྱི་ལོ་  ༡༩༥༩  ལོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་རྩར་རེ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་དགོས་བྱུང་།  བཙན་བྱོལ་ལ་ཕེབས་མ་ཐག་མགོན་པོ་གང་ཉིད་ཀྱི་དུས་གསུམ་མཁྱེན་པའི་རླབས་ཆེན་ཐུགས་བསྐྱེད་ཟབ་མོས། འབྱུང་འགྱུར་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་མཛད་རྒྱུ་གལ་ཆེར་གཟིགས་ཏེ། བཙན་བྱོལ་ནང་ཡོད་པའི་བུ་ཕྲུག་ཚོར་དེང་རབས་སློབ་སྦྱོང་ཆ་ཚང་བར་སྤྲོད་དགོས་པ་དེ་གལ་འགངས་ཆེན་པོར་བཟུང་ནས་དུས་ཡུན་མ་འགྱངས་པར་ལས་གཞི་ཐོག་མར་བོད་མི་འདུས་སྡོད་ས་གནས་སོ་སོར་སློབ་གྲྭ་གསར་འཛུགས་གནང་བ་དང་། དེ་ནས་རིམ་པས་ཆོས་སྡེ་ཁག་གསར་འཛུགས་བསྐྱངས་པར་མ་ཟད། ཤར་ནུབ་རྒྱལ་ཁབ་ཕལ་མོ་ཆེ་ལའང་ཆོས་དང་རིག་གནས་ཀྱི་རྟེན་གཞི་དང་ཚོགས་པ་གང་མང་གསར་འཛུགས་གནང་པའི་དུས་མཚུངས། སྨན་དང་རྩིས་ཀྱི་རིག་གཞུང་འདི་ཡང་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཀུན་ལ་ཕན་བདེ་སྦྱིན་པའི་རྩ་ལག་ཉག་གཅིག་ལ་གཟིགས་ཏེ་རང་གཞུང་ཆོས་དོན་ལྷན་ཁང་ལ་སྨན་རྩིས་ཁང་བསྐྱར་འཛུགས་གནང་རྒྱུའི་ཕྱག་རྟགས་ཕེབས་དོན་བཞིན། ཆོས་དོན་ལྷན་ཁང་ནས་ཐུགས་འགན་རྐང་བཞེས་གནང་སྟེ་ཌལ་ཧོར་ནས་སྨན་པ་ཡེ་ཤེས་དོན་ལྡན་ལགས་གདན་ཞུས་ཀྱིས་ཀི་ཤོར་ནིའ་ཝཱས་(Kishor Niwas)ཞེས་འབོད་པའི་ཁང་རྙིང་དེར་ཕྱི་ལོ་  ༡༩༦༡  ལོར་སྨན་སྦྱིན་ཁང་དངོས་སུ་དབུ་བརྙེས་ཤིང་། སྨན་རྒྱུའི་མ་རྩ་སྐུ་སྒེར་ནས་གསོལ་བསྩལ་གྱིས་རྒྱུན་བཀོལ་སྨན་སྣ་གྲངས་འགའ་ཤས་སྡེབ་སྦྱོར་བྱས་ཏེ་རྡོ་གཞོང་ཆུང་ངུ་ཞིག་ནང་སྨན་བརྡུང་བསྣུར་བྱས་ནས་ནད་པ་ལ་སྨན་སྦྱིན་གནང་འགོ་ཚུགས། དེ་མཚུངས་དཀར་ནག་དབྱངས་གསུམ་གྱི་རྩིས་རིག་པ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དུས་འཁོར་བ་བློ་གྲོས་རྒྱ་མཚོ་ལགས་གདན་ཞུས་ཀྱིས་གྷི་ལེན་མོར་(Glen moor Cottage)ཞེས་པར་རྩིས་ཁང་གསར་འཛུགས་ཀྱིས་རྩིས་ཀྱི་ཞུ་སྒོ་ཁག་དང་ལོ་ཐོ་འདོན་སྤེལ་བྱས།

 

ཕྱི་ལོ་  ༡༩༦༣  ལོར་རང་གཞུང་ཆོས་དོན་ལྷན་ཁང་ནས་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་ཞེས་མཚན་གསོལ་གནང་ཞིང་སྨན་ལས་པ་མང་དུ་བཏང་བ་དང་། སྨན་རྩིས་པ་དང་ལས་བྱེད། སློབ་ཕྲུག་བཅས་ཀྱི་སྤྱི་མཐུན་འགྲོ་ལུགས་བཅའ་ཡིག་གསར་དུ་བསྒྲིགས། རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་ནས་རྟོགས་ཞིབ་ཆེད་སྐུ་ཚབ་སྨན་པ་བྷགཝཱན་དཱས་(Dr. Bhagwan Dash)དྷ་རམ་ས་ལར་ཆེད་མངགས་གནང་སྟེ་བོད་སྨན་གྱིས་ནད་ལ་ཕན་ཐོགས་ཇི་འདྲ་ཡོད་མེད་ཕྱི་ནང་གསང་གསུམ་ནས་ཉམས་སད་དང་།  ཚོད་བལྟ། དྲི་བརྩད་སྔ་ཕྱི་གནང་བ་བརྒྱུད་ནད་ཐོག་ལ་གདེང་འཁེལ་བའི་ཕན་འབྲས་མངོན་གསལ་ཐོན་པས། མཐར་བོད་སྨན་འདི་ལོ་རྒྱུས་ཡུན་རིང་ཞིང་ཁུངས་བཙན་ལ། རིག་གཞུང་ཚད་ལྡན་ཞིག་ཡིན་པ་ཤེས་རྟོགས་དང་།  ཡིད་ཆེས་རྙེད་དེ་འབྲེལ་ཡོད་རྒྱ་གར་གཞུང་གི་སྡེ་ཚན་ཁག་ལ་དེ་དོན་སྙན་སེང་ཞུས་པ་བརྒྱུད། རྒྱ་གར་གཞུང་ནས་བོད་སྨན་ལག་ལེན་བྱེད་པར་དགག་བྱ་མ་བྱས་པ་མ་ཟད། རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ནད་གསོ་ཁང་གི་ཆེད་ནད་པ་བཅུའི་ཉལ་ཁྲི་དང་།  ཉལ་ཆས་། བཤགས་བཅོས་ཡོ་བྱད། ལས་ལྔའི་ཆ་བྱད། ནད་གཡོག་གཅིག  མ་བྱན་གཅིག་གི་གླ་ཕོགས་སོགས་མཐུན་འགྱུར་གང་འཚམ་གནང་།

 

སྨན་སྦྱིན་སློབ་ཁང་བཙུགས་ནས་ལོ་ལྔ་འཁོར་མཚམས་སྨན་རྒྱུའི་འགྲོ་གྲོན་སྐུ་སྒེར་ནས་ཞུས་མ་དགོས་པར་ཡུལ་ཐང་དང་འཚམ་པའི་སྨན་རིན་གཏན་འབེབས་ཀྱིས་འགྲོ་གྲོན་བྱུང་སོང་ཁ་འཐབ་བྱུང་བར་མ་ཟད། རྒྱ་གར་པར་སི་(Parsi)མི་རིགས་ནེ་རོ་ཇིས་སྨན་བཅོས་ཀྱི་དྲིན་ལན་འཇལ་ཆེད་བོད་རང་བཙན་མ་ཐོབ་བར་དུ་སྨན་སྦྱིན་སློབ་ཁང་ལ་མེཀ་ལོ་ཌི་གྷན་ཇིའི་ས་ཆ་ཆུང་ཙམ་ཞིག་དད་འབུལ་ཞུས་པ་དེར་བརྟག་དཔྱད་ཁང་དང་། སྨན་སྤྲོད་ཁང་གསར་རྒྱག་དང་། ས་ཁྱོན་མཱ་ལ་བཅུ་བདུན་ཡོད་པ་ཞིག་སྤུས་གཟིགས་ཀྱིས་ཤིང་ཁང་ཐོག་བརྩེགས་གསུམ་ཅན་ཞིག་གསར་རྒྱག་བྱས་ཏེ་ཁང་པ་མ་འདང་བའི་དཀའ་ངལ་སེལ།

 

        ཕྱི་ལོ་  ༡༩༦༧  ཟླ་  ༨  ཚེས་  ༡༧  ཉིན་ཅོབ་ར་ཧའོ་སིའི་(Chopra House)སྨན་སྦྱིན་སློབ་ཁང་དུ་གྷི་ལིང་མོར་(Glen Moor)ནས་རྩིས་ཁང་གནས་སྤོས་ཀྱིས་ཟླ་བསྒྲིལ་གནང་སྟེ་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གནང་བ་དང་། འདས་པའི་འཛིན་སྐྱོང་ཉམས་མྱོང་དང་། ཡར་རྒྱས་འཕེལ་རིམ་གཞིགས་ཏེ་འཛིན་སྐྱོང་རང་སྐྱོང་སྡེ་ཚན་དུ་བསྒྱུར་བ་དང་། ཆོས་དོན་ལས་ཁང་ནས་རྒྱུན་གྲོན་ཞུ་བཞིན་པ་ཡང་ཞུ་མ་དགོས་པར་རང་ཁུངས་ནས་ནར་གཏོང་ཐུབ་པའི་མཐུན་རྐྱེན་བྱུང་བ་མ་ཟད། དུས་དང་མཐུན་པའི་སྨན་སྦྱོར་འཕྲུལ་ཆས་བརྟེན་པའི་སྨན་རྒྱུ་རྡུང་བྱེད་དང་། ལག་བསྐོར་རིལ་བསྒྲིལ་འཕྲུལ་ཆས་སོགས་གསར་འཛུགས། ཕྱོགས་མཐའ་ཁག་ལ་ཡན་ལག་སྨན་ཁང་གསར་འཛུགས་དང་སྔོན་ཐོན་རྒྱལ་ཁབ་ཁག་གི་ལོ་ཐོའི་འགྲོ་སྟངས་ལ་དཔེར་བལྟས་ཏེ་རྩིག་འགེལ་ལོ་ཐོ་ཤོག་རྐྱང་མ་འདོན་འགོ་ཚུགས།

 

        ཕྱི་ལོ་  ༡༩༧༣  ལོར་ད་ལྟའི་དབུས་སྨན་རྩིས་ཁང་ཆགས་ཡུལ་གྱི་ས་ཆ་རྒྱ་ཁྱོན་ཨེ་ཀར་ལྔ་ཙམ་སྤུས་གཟིགས་ཀྱིས་ཡིག་ཚང་ཆེན་མོ་གསར་རྒྱག་གི་ལས་གཞི་གྲུབ་མཚམས་བོད་ཁྱིམ་འཛིན་སྐྱོང་འོག་ནས་སྐུ་སྒེར་ཡིག་ཚང་གི་ཐད་ཀའི་འཛིན་སྐྱོང་ཁྱབ་ཁོངས་སུ་བཅུག་ཅིང་། རྒྱ་གཞུང་གི་སྲིད་ཇུས་ཅུང་གུ་ཡངས་དང་གཞིས་བྱེས་ཕན་ཚུན་བར་གཉེན་འཕྲད་སྲིད་ཇུས་ལག་བསྟར་རྗེས། རྒྱ་ནག་གི་བཙོན་ཁང་དུ་ལོ་མང་བཞུགས་པའི་མཁས་དབང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གཙོས་པའི་སྨན་པ་རྒན་རབས་ཁག་ཅིག་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་དང་།  ཕྱི་ལོ་  ༡༩༨༢  ལོར་བླ་སྨན་བགྲེས་པ་བསྟན་འཛིན་ཆོས་གྲགས་མཆོག་དབུ་བཞུགས་ཀྱིས་ྋརྒྱལ་བའི་ཕོ་བྲང་དུ་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ལམ་ལྷོང་ལྡན་པའི་སྒོ་ནས་ལེགས་བསྒྲུབས་བྱུང་བ་ནས་བཟུང་ད་བར་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐེངས་བདུན་ལེགས་བསྒྲུབས་བྱུང་ཡོད།

 

འདས་པའི་མི་ལོ་ང་ལྔའི་རིང་སྨན་རྩིས་ཁང་ནས་ཕུགས་འཕེར་དང་རྒྱ་བསྐྱེད་ཀྱི་ལས་གཞི་ལས་འཆར་རིམ་པ་ལག་བསྟར་བྱས་ཡོད་པ་ནི། རྒྱ་གར་དང་། བལ་ཡུལ། འབྲུག  དཀྱིལ་ཤར་ཨེ་ཤ་ཡའི་ས་ཁུལ། ཡོ་རོབ། བྱང་ཨ་རི་སོགས་སོགས་སུ་ཡན་ལག་སྨན་ཁང་དང་། འཇམ་དཔྱད་ཁང་། མཉམ་འབྲེལ་ལས་གཞི་སྡེ་ཁག་དྲུག་ཅུ་ལྷག་གསར་འཛུགས་ཟིན་པར་མ་ཟད། ཕུལ་དུ་བྱུང་བའི་གཞུང་དང་ལག་ལེན་ཁྱད་ཆོས་བརྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག  དུས་རབས་གསར་བའི་འཕེལ་རྒྱས་དང་བསྟུན་ནས་ཚན་རིག་ཞིབ་འཇུག་བྱེད་ཐབས་དང་།  འཆར་གཞི་དང་དམིགས་ཡུལ་གསལ་བོ་ཡོང་བར་ལས་དོན་སྣེ་མང་དང་གཞི་རྒྱ་ཆེ་རུ་བཏང་སྟེ་ནད་ཐོག་ཉམས་ཞིབ་སྡེ་ཚན་དང་། སྨན་རྫས་ཉམས་ཞིབ་སྡེ་ཚན། དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། སྔོ་སྦྱོར་སྡེ་ཚན། ལུས་སེམས་སྲོག་གི་སྡེ་ཚན། རྒྱ་ཡིག་སྡེ་ཚན། སྤུས་ཚད་སྟངས་འཛིན་སྡེ་ཚན་སོགས་གསར་འཛུགས་ཀྱིས་སྨན་རྩིས་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་གཞི་ཁྱོན་རྒྱ་བསྐྱེད་པར་མ་ཟད། ཕྱི་ལུགས་སྨན་ཁང་དང་སྔར་སྲོལ་སྨན་གྱི་སྡེ་ཚན་ཁག་དབར་མཉམ་ལས་དཔེར་ན། ནད་ཐོག་ཉམས་ཞིབ་སྡེ་ཚན་དང་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་དང་ཟུང་འབྲེལ་གྱིས་དབུགས་མི་བདེ་བའི་ནད་དང་།  ཡ་སྲིན། གཅིན་སྙི་ཟ་ཁུ། གཉན་འབྲས་སོགས་ལ་མཉམ་འབྲེལ་གྱིས་ཉམས་ཞིབ་བྱེད་འགོ་བརྩམས།

 

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གསར་འཛུགས་དང་སྦྲགས་གསོ་རིག་ཐོན་དངོས་སྣ་ཚོགས་བོད་སྨན་གྱི་གཞུང་ལུགས་དང་དེང་དུས་ཚན་རིག་ཟུང་འབྲེལ་བྱས་ཏེ་གསར་བཏོད་ཐུབ་པ་དེས་སྨན་རྩིས་ཁང་གི་ཡོང་འབབ་འཕར་སྣོན་དང་། བོད་ཀྱི་སྨན་རྩིས་རིག་པ་དང་འབྲེལ་བའི་ཐོན་རྫས་ཚོང་འགྲེམས་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ཏེ་རྒྱལ་སྤྱིའི་ཁྲོམ་རྭའི་ནང་འགྲོ་རྒྱུགས་ཀྱི་སྒོ་མོ་གསར་དུ་ཕྱེས།

 

སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་གསུང་འབུམ་པར་དུ་བརྐོས་པ་དང་། བྲིས་མ། ནད་ཐོག་ལག་ལེན་ལ་སྤྱོད་པའི་ཆ་བྱད། གཏར་གསང་གི་བྲིས་ཐང་སོགས་དུས་འགྱུར་དང་ཆབ་སྲིད་ཀྱི་གཡོ་འཁྱོམ་སྣ་ཚོགས་དབང་གིས་ཉ་ཉུང་མཉམ་བསྲེས་བྱས་ཏེ་བཟང་ངན་དབྱེ་བ་མེད་པར་ཐམས་ཅད་མེར་བསྲེགས་ཆུར་བསྐྱུར་གྱིས་གཏོར་བཤིག་ཚབས་ཆེན་ཕོག་པའི་རིགས་མཁོ་སྒྲུབ་དང་། མྱུར་སྐྱོབ་ཆེད་གདན་ས་དང་ཆོས་རྒྱུད་ཁག་གི་དཔེ་མཛོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་སྡེ་དང་མི་སྒེར་གྱི་ཕྱག་ཏུ་ཡོད་པའི་དཔེ་རྙིང་དཀོན་གྲས་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་འཚོལ་བསྡུ་བྱས་ཏེ་པར་དུ་འདེབས་པ་དང་། དཀར་ཆག་བསྒྲིགས་པའི་ལས་གཞི་སྤེལ་བཞིན་པ་མ་ཟད། ལོ་མང་རིང་ལག་ལེན་གྱི་རྒྱུན་ཆད་པ་དང་ཆད་ལ་ཉེ་བའི་གཏར་བསྲེག་དང་དབྱུག་བཅོས་ལྟ་བུའི་ལག་ལེན་རིགས་མྱུར་སྐྱོབ་དང་བསྐྱར་གསོ་ཐུབ་པ་བྱུང་ཡོད།

 

འདས་པའི་མི་ལོ་ང་ལྔའི་རིང་སྨན་རྩིས་ཁང་ནས་མིའི་ནུས་ཤུགས་གོང་སྤེལ་གྱི་ལས་གཞི་དེ་ཧ་ཅང་གཙིགས་ཆེར་བཟུང་ཡོད་པ་སྟེ། ཕྱི་ལོ་༢༠༡༦  ལོ་བར་སྨན་སློབ་སྐབས་བཅུ་དྲུག་དང་། རྩིས་སློབ་སྐབས་བརྒྱད་སློབ་མཐར་ཕྱིན་ཡོད་ལ། སྨན་སློབ་སྐབས་བཅུ་བདུན་དང་བཅོ་བརྒྱད། བཅུ་དགུ  རྩིས་སློབ་སྐབས་དགུ་པ་དང་བཅུ་པ་བཅས་ཀྱིས་སློབ་སྦྱོང་གནང་མུས་ཡིན། འབྲས་ནད་དང་གཅིན་སྙི་སོགས་ཀྱིས་གཙོས་ནད་གཞི་བྱེ་བྲག་པའི་ཐོག་བོད་སྨན་ནད་བཅོས་ཉམས་ཞིབ་ཀྱི་ཚོགས་ཆེན་བསྡུ་བསྐོང་གནང་སྟེ།   སྨན་པ་མཁས་པ་མང་པོས་ལོ་མང་རིང་བསགས་པའི་ཉམས་མྱོང་བརྗེ་རེས་དང་།  བགྲོ་གླེང་། དོགས་གཅོད་སོགས་གནང་བ་མ་ཟད། ཕྱི་ལུགས་སྨན་པ་མཁས་པ་གདན་འདྲེན་གྱིས་ཕྱི་ལུགས་ནས་ནད་གཞི་དེ་དག་ལ་ངོས་འཛིན་ཚུལ་དང་།  ཉམས་ཞིབ་བྱེད་སྟངས་སོགས་ཀྱི་ལེགས་ཆ་བླངས་ཏེ་བོད་སྨན་ནད་བཅོས་ཉམས་ཞིབ་ཀྱི་ལས་དོན་དེ་དུས་རབས་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་བ། བོད་སྨན་ལ་དོ་སྣང་ཡོད་མཁན་ཕྱི་རྒྱལ་མི་རིགས་ལ་དབྱིན་སྐད་ཐོག་བོད་སྨན་གྱི་རྨང་གཞིའི་ཤེས་བྱ་དུས་ཐུང་ཟབ་སྦྱོང་གོ་སྒྲིག    བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་རིམ་པ་བསྐྱངས་ཏེ་མཁས་པ་མང་པོ་གདན་ཞུས་ཀྱིས་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་རྩིས་ཀྱི་སྐོར་ལ་གསུང་བཤད་དང་།  བགྲོ་གླེང་།  དཔྱད་རྩོམ་སྒྲོགས་སྦྱང་། བོད་མི་འདུས་སྡོད་ཆེ་སའི་གཞིས་ཆགས་ཁག་ཏུ་རྩིས་པ་དཀོན་པའི་དཀའ་ངལ་སེལ་ཐབས་དང་།  བག་རྩིས་དང་གཤིན་རྩིས་སོགས་སྤྱི་ཚོགས་ཁྲོད་ཉེར་མཁོའི་རྩིས་རིག་གི་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་། ཆེད་ལས་སྡེ་ཚན་དང་ཡན་ལག་སྨན་ཁང་ཁག་ཏུ་ཡོད་པའི་སྨན་པ་རྣམས་ལ་ཀྲུང་དབྱིའི་སྐམ་ཁབ་ཀྱི་རྨང་གཞིའི་ཤེས་བྱ་དང་ལག་ལེན་ཟུང་སྦྲེལ་ཟབ་སྦྱོང་རིམ་པ་གོ་སྒྲིག  ཕྱི་ལུགས་འཕྲུལ་ཆས་ལམ་ནས་ཐོན་པའི་དཔྱད་ཁྲར་དཔྱད་ཞིབ་བྱེད་སྟངས་ཀྱི་ཟབ་སྦྱོང་ཁག་གོ་སྒྲིག  དབུས་དང་ཡན་ལག་ཁག་གི་འབྲེལ་ཆགས་སྨན་རྩིས་ལས་སྣེ་རྣམས་ལ་རྩིས་ཁྲ་ཉར་སྟངས་དང་། འཆར་འགོད། སྔོན་རྩིས་བཟོ་སྟངས་ཀྱི་དུས་ཐུང་ཟབ་སྦྱོང་གོ་སྒྲིག་སོགས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་གཞི་འཆར་འགོད་དང་ལག་ལེན་བསྟར་བྱས་འབྲས་སུ་སྨན་རྩིས་ཁང་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁོངས་ནས་འབུར་དུ་ཐོན་པའི་ཚོགས་སྡེ་ཞིག་ཆགས་ཡོད།

 

        ད་ལྟའི་ཆར་སྨན་རྩིས་ཁང་དབུས་སུ་འཛིན་སྐྱོང་དང་འབྲེལ་བའི་སྡེ་ཚན་བཅུ་དང་།  རིག་གཞུང་དང་འབྲེལ་བའི་སྡེ་ཚན་དགུ་བཅས་སྡེ་ཚན་བཅུ་དགུ། རྒྱ་བལ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྨན་ཁང་གྲངས་ང་ལྔ། འགན་དབང་གང་འཚམ་བགོ་སྤྲད་བྱས་པའི་ཚོགས་ཆུང་ཁག་ལྔ། ཁྱོན་བསྡོམས་པའི་སྨན་རྩིས་ལས་སློབ་གྲངས་  ༦༩༤  ཡོད་པའི་བཙན་བྱོལ་གྱི་སྒྲིག་འཛུགས་ཁྲོད་གཞི་རྒྱ་ཆེ་ཤོས་དང་། ཡར་རྒྱས་མགྱོགས་ཤོས་ཀྱི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད།

 

ལོ་རེར་ནད་པ་བཞི་འབུམ་ལྔ་ཁྲི་ལྷག་ལ་བརྟག་དཔྱད་སྨན་བཅོས་བྱེད་བཞིན་པའི་ཁྲོད་བརྒྱ་ཆ་བརྒྱད་ཅུ་ཡན་རྒྱ་གར་གྱིས་གཙོས་པའི་ཕྱི་རྒྱལ་མི་རིགས་ཡིན། རང་རིགས་གཙོ་གྱུར་དངོས་འབྲེལ་ཉམ་ཐག་དང་།  ལོ་ན་དྲུག་ཅུ་རེ་ལྔ་ཡན། རང་ཡུལ་ནས་གསར་དུ་འབྱོར་བ། རང་གཞུང་སྲི་ཞུའི་ལས་བྱེད་བཅས་ལ་སྨན་སྦྱིན་དང་།  གྲུབ་མཐའ་རིས་མེད་ཀྱི་གྲྭ་བཙུན་དང་།  སློབ་ཕྲུག་སོགས་ལ་ཕྱེད་བཅག  ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ནས་མི་ལོ་དྲུག་ཅུ་དང་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན། དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན། འཁྲུངས་སྐར་དུས་ཆེན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བའི་དུས་ཆེན་གྱིས་མཚོན་དུས་ཚེས་ཁྱད་པར་ཅན་གྱི་སྐབས་སྨན་རྩིས་ཁང་ནས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་བོད་མི་རིགས་གཙོ་བོར་གྱུར་བའི་རིས་སུ་མ་ཆད་པའི་མི་རིགས་ཡོངས་ཀྱི་བདེ་ཐང་ཆེད་སྨན་སྦྱིན་ལོ་རེར་ཧིན་སྒོར་འབུམ་བདུན་ཅུ་ཙམ་འབུལ་བཞིན་པ་དང་།

 

སྨན་རྩིས་པ་དང་། སྨན་རྩིས་ལས་བྱེད་དང་ལས་མི་ཡོངས་ནས་རང་རང་འཁུར་བབས་ལས་འགན་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབད་བརྩོན་ཞུས་འབྲས་སུ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཤེས་རིག་དང་། དགེ་རྩ། སྤྱི་ཚོགས་བདེ་དོན་ཐད་ལེགས་སྐྱེས་འབུལ་དང་འབུལ་མུས་ཡིན།

 

        བོད་ཀྱི་སྨན་རྩིས་ཁང་གི་ཞུ་བྱའི་གཙོ་བོར་གྱུར་བའི་ལས་འགན་ནི་འཛམ་གླིང་སྤྱི་དང་།  བྱེ་བྲག་རང་རེ་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་སྲིད་ཞིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས་སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་རྣམས་རྒྱུད་གཞུང་མན་ངག་དང་མཐུན་པ་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུས་འབྲས་སུ། མཚན་དཔེ་འབར་བའི་སྐུའི་དཀྱིལ་འཁོར་ལ་འགལ་རྐྱེན་ཕྲ་མོ་ཙམ་ཡང་མ་བཞེས་པར་འཛམ་གླིང་ཁྱོན་ལ་ཆོས་སྲིད་ཀྱི་མཛད་འཕྲིན་འོད་སྟོང་རྣམ་པར་སྤྲོ་བཞིན། བོད་འབངས་སྤྱི་མཐུན་བསོད་ནམས་ཀྱི་དཔལ་དུ་བརྗིད་པ་འདི་ལགས་སོ།།

 

སྨན་རྩིས་ཆེད་ལས་པ་དང་། སྨན་རྩིས་ལས་སྣེ། ལས་མི། སློབ་ཕྲུག་སོགས་ལས་ཀྱི་སྣེ་མོར་གཏོགས་པ་ཡོངས་ནས་རང་རང་གི་ཕྲག་ཏུ་བབས་པའི་ལས་འགན་འཁུར་བབས་ལྷག་བློ་ཆེར་བསྐྱེད་ཀྱིས་ནུས་ཤུགས་རྩལ་དུ་བཏོན་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་ཀྱི་རིག་གཞུང་ཆ་ལག་དང་བཅས་པ་མི་ཉམས་གོང་འཕེལ་དང་།  ཉམས་པ་སླར་གསོ། མེད་པ་གསར་འདྲེན་བཅས་བྱས་པའི་འབྲས་བུར། སྙིགས་ལྔ་ཆེ་ཆེར་བདོ་བའི་དུས་འདིར་གཅོང་ནད་རིགས་དང་།  ལྷག་པར་དུ་ཕྱི་ལུགས་ནས་བཅོས་དཀའི་ནད་རིགས་སུ་ངོས་འཛིན་བྱེད་བཞིན་པའི་ནད་ཀྱིས་མནར་བའི་སྐྱེ་འགྲོ་རིས་སུ་མ་ཆད་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པས་ལག་ལེན་དངོས་ཀྱི་ཐོག་ནས་མི་འཇིགས་སྲོག་གི་སྦྱིན་པའི་སྙན་གྲགས་ཕྱོགས་ནས་ཕྱོགས་སུ་ཁྱབ་བཞིན་པར་མ་ཟད། ད་དུང་མུ་དང་མཐའ་མེད་པར་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སྲོག་གི་དཔུང་གཉེན་དུ་གོང་ནས་གོང་དུ་འཕེལ་ཏེ། འབྱུང་འགྱུར་བོད་ཀྱི་གསོ་བ་རིག་པ་འདིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་འབྱུང་བར་འགྱུར་རོ།། ཞེས་གཡུ་ཐོག་གསར་མས་མ་འོངས་ལུང་བསྟན་སྩལ་བ་དང་། ཕྱི་ལོ་  ༡༩༦༡  ཟླ་  ༣  ཚེས་  ༢༣  གྱི་ཉིན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྐབས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་པར། ད་ལྟའི་ཆར་སྨན་རྩིས་ཁང་ལ་མི་དང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཡོད་ཀྱང་འབྱུང་འགྱུར་མི་ལོ་སུམ་ཅུ་བཞི་བཅུའི་རྗེས་ལ་རྒྱལ་སྤྱིའི་ནང་བོད་སྨན་གྱིས་ཁ་གྲག་ཡོང་གི་རེད། ཅེས་པ་དེ་ད་གཟོད་ཡིད་ཆེས་འཁྲུལ་བྲལ་གྱི་བཀའ་ཡིན་པ་སོམ་ཉི་བྲལ་ལགས་པ་བཅས།།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།