སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གི་ལོ་རྒྱུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2011
ལོ་རྒྱུས། >> བཙན་བྱོལ་སྨན་རྩིས་ཁང་གི་ལོ་རྒྱུས།

༄༅།། འཕགས་ཡུལ་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང༌གི་ལོ་རྒྱུས་མདོར་བསྡུས།

ཐོག་མར་འགོ་ཚུགས་པའི་སྐོར།

རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ནས་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་བར་སྤྱི་ལོ་༡༩༦༡ ནས་༢༠༡༡བར་གྱི་གནས་ཚུལ་རོབ་ཙམ་བཀོད་པ།


སྨན་སྦྱིན་སློབ་ཁང༌།

དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ། ཆབ་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་དུས་བཟང་ཡུན་དུ་གནས་ཀྱང༌། བོད་རབ་བྱུང་བཅུ་དྲུག་པའི་ས་གླང་སྤྱི་ལོ་༡༩༤༩ལོ་ནས་བཟུང་། རྒྱ་དམར་ཀླ་ཀློས་ངན་དགུ་འཛོམས་པའི་སྒོ་ནས་བཅིངས་འགྲོལ་དང་ཡར་རྒྱས་སོགས་མིང་སྙན་པའི་གདོང་འབག་འོག་གི་བརླང་སྤྱོད་དང་དྲག་པོས་བཙན་གནོན། བརྡུང་བརྡེག་ཚད་མེད་དང་མི་སེར་ཁྲི་ཚོ་དུ་མ་དམར་གསོད་གཏོང་པའི་གདོང་རིས་ངོ་མ་དེ་གསལ་བོར་བསྟན་ནས། ས་ཕག་སྤྱི་ལོ་༡༩༥༩ལོར་ཆོས་སྲིད་གཉིས་ལྡན་གྱི་གཞུང་གི་དབང་ཆ་ཡོངས་རྫོགས་བཙན་འཕྲོག་དང༌། ལེགས་ཉེས་ཀྱི་དབྱེ་འབྱེད་མེད་པར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ལ་འཛམ་གླིང་སྟེང་རྙེད་པར་དཀའ་བའི་ནང་པའི་ཆོས་དང་རིག་གཞུང་གི་བསྟི་གནས་རྣམས་རྩ་མེད་དུ་གཏོང་བའི་ལས་གཞི་དངོས་སུ་སྤེལ་པར་བརྟེན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་དབུས་པའི་གཞུང་དགའ་འྡན་ཕོ་བྲང་གིས་དུས་བསྟུན་གྱི་ཐབས་ལམ་ལ་བསྟེན་ནས་ཞི་འགྲིག་ཡོང་ཐབས་ལ་འབད་པ་རིམ་བརྩོན་བྱས་ཀྱང་དྲག་པོས་བཙན་གནོན་ཁོ་ན་ལག་ཏུ་བསྟར་བའི་བསམ་མེད་དབང་ཡོད་རང་བྱས་པར་བརྟེན། ད་ལྟ་ལས་མ་འོངས་པ་གལ་ཆེར་གཟིགས་ཏེ་ཆོས་སྲིད་ཀྱི་རང་དབང་བསྐྱར་གསོའི་སླད་སྟོན་འཁོར་གཙོས་རང་གཞུང་གི་གནད་ཡོད་ལས་འཛིན་མི་སྣ་ཁག་དང༌། ཆོས་ལུགས་དང་གྲུབ་མཐའ་ཁག་གི་བླ་སྤྲུལ་དགེ་བཤེས་སོགས་འདུས་པའི་བོད་མི་སེར་སྐྱ་བརྒྱ་སྟོང་མང་པོ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང༌། བལ་ཡུལ། འབྲུག་སོགས་སུ་བཙན་བྱོལ་ལ་ཕེབས་དགོས་པའི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཡ་ང་བའི་གོད་ཆག་དེ་བྱུང་བ་རེད།


བཙན་བྱོལ་དུ་འབྱོར་མ་ཐག་པའི་གནས་སྐབས་དེར་ཕྱི་ནང་གི་མཐུན་རྐྱེན་གང་ཅིར་ཉག་ཕྲ་བ་དེ་ལྟ་ནའང༌། བོད་གངས་ཅན་གྱི་ཆོས་སྲིད་གཉིས་ཀྱི་བདག་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མ་འོངས་སྔོན་གཟིགས་ཀྱི་རླབས་ཆེན་ཐུགས་བསྐྱེད་ཟབ་མོ་དང་རྒྱ་གར་གྱི་སྲིད་བློན་ཞིང་གཤེགས་དམ་པ་པཎྜི་ཏ་ནེ་ཧ་རཱུ་མཆོག་རྣམ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་བཅས་ལ་བརྟེན། འབྱུང་འགྱུར་བོད་ཀྱི་བདེན་མཐའ་གསལ་ཐབས་དང༌། རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་མཛད་རྒྱུ་གལ་ཆེར་གཟིགས་ཏེ། བོད་མི་འདུས་སྡོད་ཁག་ལ་སློབ་གྲྭ་དང་ཆོས་སྡེ་ཁག་གསར་འཛུགས་བསྐྱངས་པར་མ་ཟད། ཤར་ནུབ་རྒྱལ་ཁབ་མང་པོ་ལའང་ཆོས་དང་རིག་གནས་ཀྱི་རྟེན་གཞི་དང་ཚོགས་པ་གང་མང་གསར་འཛུགས་གནང་པའི་དུས་རིམ་ཁྲོད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་རིག་པ་འདི་ཡང་རིས་སུ་མ་ཆད་པའི་སྐྱེ་བོ་ཡོངས་ལ་ཕན་བདེ་སྦྱིན་པའི་རྩ་ལག་ཏུ་གཟིགས་ཤིང་ཡུན་ནས་ཡུན་དུ་གནས་ཐབས་སུ་རང་གཞུང་ཆོས་དོན་ལྷན་ཁང་ལ་སློབ་གཉེར་ཁང་གསར་འཛུགས་དགོས་པའི་བཀའ་རྒྱ་ཕྱག་རྟགས་ཕེབས་དགོངས་བཞིན། ཆོས་དོན་ལྷན་ཁང་ནས་ཀྱང་ཐོག་མར་གཞི་རྒྱ་ཆུང་ཙམ་ཞིག་ནས་འཆར་འགོད་དང་འགོ་འཛུགས་ཀྱིས་དགོས་ངེས་ཀྱི་ཐུགས་འགན་མཐའ་དག་རྐང་བཞེས་གནང་སྟེ། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་སྤྱི་ལོ་ ༡༩༦༡ལོར་སྨན་སྦྱིན་ཁང་ཞེས་པའི་མིང་ཐོག་ཏུ་དེང་སྐབས་ངྷ་ས་བུ་ཁྱིམ་གྱི་བཟོ་གྲྭ་ཆགས་ཡུལ་ཀི་ཤོ་ནཱའེ་བ་སི་(Kishore Niwas)ཞེས་པའི་ས་གནས་དེར། དབྱིན་ཇིས་རྒྱ་གར་ལ་དབང་བསྒྱུར་སྐབས་བཟོས་པའི་ཤིང་ཁང་ཆུང་ངུ་ཞིག་ཡོད་པའི་དེའི་ནང༌དངོས་སུ་འགོ་འཛུགས་གནང་བ་དང་། སྨན་པའི་ཐུགས་འགན་བླ་སྨན་ཡེ་ཤེས་དོན་ལྡན་གྱིས་གནང་སྟེ་སྨན་རྒྱུའི་མ་རྩ་སྐུ་སྒེར་ནས་གསོལ་བསྩལ་གྱིས་རྒྱུན་བཀོལ་སྨན་སྣ་གྲངས་འགའ་སྡེབ་སྦྱོར་བྱས་ཏེ་རྡོ་གཞོང་ཆུང་ངུ་ཞིག་གི་ནང་བརྡུང་བསྣུར་བྱས་ནས་ནད་པ་ལ་སྨན་སྦྱིན་གནང་འགོ་ཚུགས།


ལྕགས་གླང་སྤྱི་ལོ་ ༡༩༦༡ལོར། ངྷ་སའི་ས་གནས་ཅོབ་རཱ་ཧའོ་སི་(Chopra House)ཞེས་པ་དེ་སྔོན་དབྱིན་ཇི་སྡོད་སྐབས་བཟོས་པའི་ཤིང་ཁང་ཁང་མིག་འགའ་རྒྱ་གར་གཞུང་གིས་གནང་སོན་བྱུང་བ་དེའི་ནང་དུ་སྤོ་ཤུད་བྱས་ཤིང༌། ཆགས་ཡུལ་དེ་ནི་མེཀ་ལོའ་གྷན་ཇི་(Mcleod Ganj)ནས་ཤར་ཕྱོགས་སུ་ཀི་ལོ་མི་ཌར་གཅིག་ཙམ་གྱི་སར་ཡོད་ལ། ས་ཁད་མཐོ་ཞིང་མཐོང་རྒྱ་ཡངས་པ་དང༌། ཁ་ཁུ་སིམ་པ། ཁོར་ཡུག་ཀུན་ཤིང་ནགས་ཀྱིས་སྐོར་ཞིང་མཁའ་རླུང་གཙང་ལ་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡོད་པ་དེའི་ནང་རང་གཞུང་ཆོས་དོན་ལྷན་ཁང་གི་སྐུ་ཚབ་དབུ་བཞུགས་ཐོག་དབུ་འབྱེད་དང་སྦྲགས་སྨན་སྦྱིན་སློབ་ཁང་དངོས་སུ་གསར་བཙུགས་གནང་སྟེ། སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་ནད་པར་བརྟག་དཔྱད་སྨན་སྦྱིན་དང༌། སྨན་སྦྱིན་ཁང་གི་འཛིན་སྐྱོང༌། སྨན་སློབ་དག་ལ་དཔེ་ཁྲིད་སོགས་གཅིག་ལྕོགས་གནང་རྒྱུའི་ལས་འགན་བསྐོ་བཞག་བྱས།


སྨན་སྦྱིན་ཁང་འདིའི་འགན་འཁུར་གཙོ་བོ་རང་གཞུང་ཆོས་དོན་ལྷན་ཁང་ནས་བཞེས་བཞིན་པ་ལྟར། ལོ་དེར་སྔར་ཡོད་སློབ་ཕྲུག་སྟེང་སློབ་ཕྲུག་ལྔ་ཙམ་སྤར་ཆ་བྱས་ཏེ་སྨན་སློབ་འཛིན་གྲྭ་ཐོག་མ་དེ་ཚུགས། དེ་དུས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཀྱི་ཞོར་ལ་སྨན་སྦྱོར་ཀྱང་ཕྱག་ལེན་གནང་ནས་རང་ནུས་གང་ཡོད་ཀྱིས་སྤྱིར་གསོ་བ་རིག་པའི་བསྟན་པ་དང་སྒོས་སུ་སྨན་སྦྱིན་སློབ་ཁང་གཞི་རྐང་ཚུགས་པ་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། སྐབས་དེའི་སློབ་ཁྲིད་ཀྱི་སློབ་ཚན་ཁོངས་སུ། དཔལ་ལྡན་རྒྱུད་བཞི་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་འགྲེལ་བ་བཻ་སྔོན། ནུས་པ་ཕྱོགས་བསྡུས་ཕན་བདེ་ལེགས་བཤད་བཅས་ཀྱི་སྟེང༌། ཉེར་མཁོའི་རིག་གནས་སྐོར་དང་རྒྱལ་རབས་ལོ་རྒྱུས་སོགས་ཀྱང་ཡོད།


ཆུ་སྟག་སྤྱི་ལོ་༡༩༦༢ལོར་རང་གཞུང་ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་བཞིན་གནས་སྣང་སྨན་པ་ངག་དབང་ཡེ་ཤེས་ལགས་སྨན་སྦྱིན་ཁང་དུ་གདན་ཞུས་ཀྱིས་སྨན་དགེ་གཞོན་པར་བསྐོ་བཞག་གནང་བས་སྨན་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་ཕྱག་རོགས་སུ་སློབ་ཕྲུག་རྣམས་ལ་དཔེ་ཁྲིད་དང༌། སྨན་སྦྱོར། ནད་པར་སྨན་སྦྱིན་སོགས་ཕྱི་ནང་གི་ལས་དོན་གང་ཅིར་ཕྱར་བ་གྲུ་འདེགས་ལྟ་བུའི་ཕན་ནུས་འདོན་སྤེལ་བྱུང༌།


ཆུ་ཡོས་སྤྱི་ལོ་༡༩༦༣ལོར་རང་གཞུང་ཆོས་དོན་ལྷན་ཁང་ནས་ཡང་བསྐྱར་ཁྲོ་དགའ་བ་བསམ་འཕེལ་ནོར་བུ་རིན་པོ་ཆེ་དང༌། གྲོ་མོ་དུང་དཀར་དགོན་པའི་སྨན་པ་བློ་བཟང་བཀྲ་ཤིས། ས་སྐྱ་ཀུ་རུང་དཔལ་རྩེའི་སྨན་པ་ཕུན་ཚོགས་ནོར་བུ་དགྲ་འདུལ་བཅས་བྱེས་འབྱོར་སྨན་པ་གྲགས་ཅན་ཁག་ཅིག་སྨན་སྦྱིན་ཁང་ལ་གདན་ཞུས་གནང་སྟེ། ཁྲོ་དགའ་བ་རིན་པོ་ཆེ་སློབ་དགེ་དང༌། གཞན་རྣམས་བརྟག་དཔྱད་སྨན་པ་དང༌། སྨན་གཉེར། སྐོར་བསྐྱོད་སྨན་པ་བཅས་སོ་སོར་འགན་དཀྲིས་ཀྱི་ལས་སྣེ་ཆ་བགོས་གནང་བས་ངྷ་ས་ཁུལ་གྱི་བོད་མི་གཙོས་ཉམ་ཐག་ནད་པ་མང་པོར་ཕན་ཐོགས་རྒྱ་ཆེ་བྱུང་བར་མ་ཟད། སྨན་པ་གང་འཚམས་འདུས་ཤིང་ལས་གཞི་རྒྱ་བསྐྱེད་ཐུབ་པ་དེས་སྨན་སྦྱིན་ཁང་གཞི་རྐང་ཚུགས་པར་རྨང་གདན་གང་ལེགས་འདིང་ཐུབ་པ་བྱུང༌། སྨན་པ་ཡེ་ཤེས་དོན་ལྡན་ལགས་ནས་སྨན་སྦྱིན་ཁང་གི་འཛིན་སྐྱོང་དང༌། སློབ་ཁྲིད་ཀྱི་ཐུགས་འགན་གནང་མུར་ལོ་དེར་སྔར་སྲོལ་ལྟར་ྋརྒྱལ་བའི་བླ་སྨན་པར་བསྐོ་བཞག་གནང༌།


དེ་ནས་བཟུང་ྋབླ་སྨན་ཡེ་ཤེས་དོན་ལྡན་མཆོག་ནས་ྋརྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་ྋརྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་སྐུའི་འཕྲོད་བཞེས་དང་མཐུན་པའི་གསོལ་སྨན་རྣམས་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུ་རྒྱུ་དང༌། སྨན་སྦྱིན་ཁང་གི་ཐུགས་འགན་ཡོངས་རྫོགས་བཞེས་རྒྱུ་སོགས་གཅིག་ལྕོགས་གནང་བཞིན་ཡོད། སྨན་སྦྱིན་སློབ་ཁང་བཙུགས་ནས་འདས་པའི་ལོ་གཉིས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལེགས་ཐོན་ལ་གཞིགས་ཏེ་རང་གཞུང་ཆོས་དོན་ལྷན་ཁང་ནས་ལོ་དེའི་ཟླ་ ༦ ཚེས་ ༢༩ ཉིན་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་ཞེས་མཚན་གསོལ་གནང་བ་མ་ཟད། དགེ་རྒན་དང༌། སྨན་པ། ལས་བྱེད། སློབ་ཕྲུག་བཅས་ཀྱི་སྤྱི་མཐུན་འགྲོ་ལུགས་བཅའ་ཡིག་གསར་དུ་བསྒྲིགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་གྱིས་ཕྱག་རྟགས་ཕེབས་རྗེས་བཅའ་ཡིག་རིན་པོ་ཆེའི་དགོངས་དོན་འོག་སྨན་སྦྱིན་སློབ་ཁང་གི་འཛིན་སྐྱོང་དང་སློབ་གསོ་སོགས་སྒོ་གང་ཐད་ནས་ཡར་རྒྱས་དང༌དམངས་གཙོའི་ངོ་བོའི་ཕྱོགས་སུ་གོམ་སྟབས་ཇེ་མགྱོགས་སུ་འགྲོ་འགོ་ཚུགས།


དེ་ལྟར་བོད་ཀྱི་རིག་གཞུང་སྨན་སྦྱིན་སློབ་ཁང་དེ་བཞིན་སྐབས་དང་དུས་ལ་བསྟུན་པའི་ཡར་རྒྱས་ཚགས་ཚུད་དང༌། ཕྱི་ནང་མི་རིགས་ཀྱི་ནད་པ་བསྟེན་གཏུགས་བྱ་མཁན་ཡང་མང་དུ་འགྲོ་བཞིན་པའི་སྐབས་སུ། རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་ནས་རྟོགས་ཞིབ་ཆེད་སྐུ་ཚབ་སྨན་པ་བྷ་ཝན་ངྷ་ཤི་(Dr.Baghwan Dash)ཟེར་པ་ངྷ་རམ་ས་ལར་ཆེད་མངགས་བཏང་སྟེ། ཁོང་ནས་རྒྱ་གར་ས་ཐོག་ཏུ་དབུས་འཕྲོད་བསྟེན་ལྷན་ཁང་གི་ཆོག་མཆན་མེད་པར་བོད་སྨན་ལག་ལེན་བྱེད་མི་ཆོག་པར་བཤད་པ་དང༌། ལར་ནས་བོད་སྨན་འདིས་མི་དམངས་ལ་ཕན་ཐོགས་ཇི་འདྲ་ཡོད་མེད་ཚོད་དཔག་ཆེད་ཕྱི་ནང་གསང་གསུམ་གྱི་ལམ་ནས་ཉམས་སད་དང༌། ཚོད་བལྟ། དྲི་རྩད་སྔ་ཕྱི་གནང་བར་ྋབླ་སྨན་ཡེ་ཤེས་དོན་ལྡན་ལགས་དང་འབྲེལ་ཡོད་རྣམས་ཀྱིས་རྒྱུད་གཞུང་དང་མཐུན་པར་མཁས་མཛངས་ལྡན་པའི་སྒོ་ནས་ལན་འདེབས་འཕྱུག་མེད་གནང་བ་དང༌། ལག་ལེན་ཁྲོད་ནད་པའི་ཐོག་ལའང་གདེང་འཁེལ་བའི་ཕན་འབྲས་མངོན་གསལ་ཐོན་པས་མཐར་བོད་སྨན་འདི་ལོ་རྒྱུས་རིང་ལ་ཁུངས་བཙན་པ། ཚན་རིག་དང་མཐུན་པའི་རིག་གཞུང་ཚད་ལྡན་ཞིག་ཡིན་པ་ཤེས་རྟོགས་དང༌ཡིད་ཆེས་ངེས་རྙེད་བྱུང་ནས་འབྲེལ་ཡོད་ལ་དེ་དོན་སྙན་སེང་ཞུས་པ་བརྒྱུད་ལག་ལེན་བྱེད་པར་དགག་བྱ་མ་བྱས་པ་མ་ཟད། ཉམ་ཐག་ནད་པ་རྣམས་ཀྱི་ཆེད་རྒྱ་གར་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ནད་པ་བཅུའི་ཉལ་ཁྲི་དང༌། ཉལ་ཆས། བཤགས་བཅོས་ཡོ་བྱད། ལས་ལྔའི་ཆ་བྱད་སོགས་དང༌། གཞན་ཡང་ནད་གཡོག་གཅིག་དང་མ་བྱན་གཅིག་གི་གྲོན་དངུལ་བཅས་ཀྱང་གནང་བ་རེད། སྨན་པ་བྷ་ཝན་ངྷ་ཤི་ནི་(Dr.Baghwan Dash )རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ནས་མཁས་དབང་(Doctorate)གཞུང་ཚད་དང༌། སཾ་སྐྲི་ཏའི་(Sanskrit)སྟེང་(Master Degree)སློབ་ཐོན་བྱུང་བ་ཞིག་ཡིན་ལ། རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་གི་སྔར་སྲོལ་གསོ་རིག་སྡེ་ཚན་གྱི་སློབ་སྟོན་པ་གཞོན་པ་དང༌། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་རྒྱུན་སྲོལ་གསོ་རིག་སྡེ་ཚན་གྱི་འབྲེལ་གཏུགས་པ་སོགས་ཀྱི་ཕྱག་ལས་གནང་མྱོང་ཞིང༌། སྔ་རྗེས་སུ་རྒྱ་གར་དང༌། བྷང་གྷ་ལ། འབྲུག སོག་པོ་སོགས་ལ་ཆེད་བསྐྱོད་ཀྱིས་སྲོལ་རྒྱུན་གསོ་རིག་ཡར་རྒྱས་གཏོང་ཐབས་སྐོར་ལ་གསུང་བཤད་དང༌། ཆེད་རྩོམ་མང་པོ་སྤེལ་བས་འཛམ་གླིང་ནང་སྙན་གྲགས་ངེས་ཅན་ཡོད་པའི་མཁས་དབང་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་སྔར་སྲོལ་སྨན་དང་ལྷག་པར་བོད་སྨན་ལ་ཆེད་དམིགས་ཉམས་ཞིབ་ཀྱིས་དེབ་གྲངས་ཆེ་ཆུང་བཞི་བཅུ་ལྷག་བརྩམས་བྲིས་ཀྱང་གནང་ཡོད་མཁན་ཞིག་རེད།


ཤིང་སྦྲུལ་སྤྱི་ལོ་༡༩༦༥ལོ་སྟེ། སྨན་སྦྱིན་སློབ་ཁང་བཙུགས་ནས་ལོ་ལྔ་ཙམ་འཁོར་བ་ནས་བཟུང་སྨན་རྒྱུའི་འགྲོ་གྲོན་སྐུ་སྒེར་ནས་ཞུ་མ་དགོས་པར། ཡུལ་ཐང་དང་འཚམས་པའི་སྨན་རིན་གཏན་འབེབས་ཀྱིས་འགྲོ་གྲོན་བྱུང་སོང་ཁ་མཐུན་པ་བྱུང་ཞིང༌། གཞན་ཡང་སྐབས་དེར་པར་སིག་མི་རིགས་རྒྱ་གར་བ་ནེ་རོ་ཇི(Nowrojee)ཨ་མ་ནས་སྨན་བཅོས་ཀྱི་དྲིན་ལན་འཇལ་ཆེད་བོད་རང་བཙན་མ་ཐོབ་བར་དུ་སྨན་སྦྱིན་སློབ་ཁང་ལ་མེཀ་ལོའ་ཌི་གྷན་ཇིའི་(Mcleod ganj)ས་ཆ་ཆུང་ཙམ་ཞིག་དད་འབུལ་ཞུས་པ་དེར་བརྟག་དཔྱད་ཁང་དང༌། སྨན་སྤྲོད་ཁང་སོགས་ཆོས་ལྷན་ནས་འགྲོ་གྲོན་བཏང་སྟེ་གསར་རྒྱག་བྱས།


རྩིས་རིག་སློབ་ཁང༌།

ལྕགས་བྱི་སྤྱི་ལོ་༡༩༦༠ལོར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་བཞིན། རང་གཞུང་ཆོས་རིག་ལྷན་ཁང་ནས་དཀར་ནག་དབྱངས་གསུམ་རྩིས་ཀྱི་རིག་པ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་ཀ་སྦུག་ཁུལ་དུ་གནས་སྡོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཛོད་ཟུར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ངྷ་སར་ཆེད་འབོད་གནང་སྟེ། གྷི་ལེན་མོར་(GlenMoor cottage)ཞེས་བུ་ཁྱིམ་དུ་འགྲོ་སའི་ལམ་ཟུར་གྱི་ཤིང་ནགས་ནང་དེ་སྔོན་དབྱིན་ཇིས་རྒྱ་གར་ལ་དབང་བསྒྱུར་སྐབས་བརྒྱབས་པའི་ཁང་བ་དམར་པོ་ཞིག་ཡོད་པ་དེར་རྩིས་ཁང་ཟུར་བཙུགས་ཀྱིས་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་དགེ་རྒན་ཆེན་མོར་བསྐོ་བཞག་གིས་རྩིས་སློབ་ཁང་གི་རྨང་གཞི་ཐོག་མ་དེ་གྲུབ་ཐུབ་པ་བྱུང༌།
ལྕགས་གླང་སྤྱི་ལོ་ ༡༩༦༡ལོར། དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ནས་ྋགོང་ས་མཆོག་གི་སྐུའི་དགུང་ཀེག་ཀེག་རྩིས་བརྩི་རྒྱུ་སོགས་ཀྱིས་མཚོན་པའི་རྩིས་ཀྱི་ཞུ་སྒོ་ཁག་དང༌། དགེ་ཕྲུག་གཉིས་ལ་སློབ་ཁྲིད་གནང་ཞོར་ལོ་ཐོ་ཐོག་མ་སྟེ་ལོ་དེའི་ལོ་ཐོ་འདོན་སྤེལ་གནང་བ་མ་ཟད། རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ནས་ས་སྤྲེལ་བར་གྱི་ལོ་ཐོ་དག་ཀྱང་འགྲེམས་སྤེལ་གནང༌། སྐབས་དེའི་རྩིས་སློབ་ཀྱི་དཔེ་ཁྲིད་ཁོངས་སུ། འབྱུང་རྩིས་ཟླ་ཟེར་དང༌། རིག་ལྡན་སྙིང་ཐིག ཀུན་གཟིགས་དབྱངས་འཆར་ཆེན་མོ་དང་། རིག་གནས། རྒྱལ་རབས་བཅས་བཞག་ཡོད་པ་རེད།
གོང་གསལ་ལོ་ཤས་རིང་སྨན་རྩིས་སློབ་གཉེར་ལ་ཉེ་བར་མཁོ་བའི་དཔེ་དེབ་དཀོན་རིགས་ཁག་མ་ཕྱི་ཐབས་འཚོལ་བྱས་ཏེ་དགེ་སློབ་རྣམས་ནས་ལག་བྲིས་ཀྱིས་ཕབ་བཤུས་བྱས་པ་དང༌། རང་གཞུང་ཆོས་རིག་ལས་ཁུངས་ནས་ཀྱང་ཉེར་མཁོའི་མ་དཔེ་གང་རག་ཐབས་འཚོལ་དང༌། རྒྱུ་གྲོན་སྦྱར་ཏེ་དཔར་འགྲེམས་བྱས་པ་བརྒྱུད་སྨན་རྩིས་སློབ་ཕྲུག་རྣམས་ཀྱི་དགོས་མཁོ་བསྐངས་གང་ཐུབ་གནང་ཡོད།


འགྲོ་ཕན་སྨན་རྩིས་ཁང༌།

བོད་གཞུང་ཆོས་དོན་ལས་ཁུངས་ནས་འཆར་འགོད་ལམ་སྟོན་གནང་བ་ལྟར། མེ་ལུག་སྤྱི་ལོ་ ༡༩༦༧ལོའི་ཟླ་ ༨ ཚེས་ ༡༧ ཉིན། ཅོབ་ར་ཧའོ་སིའི་(Chopra Hose)སྨན་སྦྱིན་སློབ་ཁང་སྔོན་ཡོད་དེར་ གྷི་ལིན་མོར་(GlenMoor)ནས་རྩིས་ཁང་ཡང་གནས་སྤོས་ཀྱིས་ཟླ་བསྒྲིལ་གནང་སྟེ། གཞིས་ཀྱི་ལྷ་ལྡན་སྨན་རྩིས་ཁང་གི་ཚབ་ཏུ། འཕགས་ཡུལ་ཀྱི་རྒྱལ་ས་ངྷ་རམ་ས་ལར་བྱེས་ཀྱི་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གནང༌།
དེ་ཡང་འདས་པའི་ལོ་ཤས་རིང་གི་འཛིན་སྐྱོང་ལས་བྱུང་བའི་ཉམས་མྱོང་དང༌། ཡར་རྒྱས་འཕེལ་རིམ་གྱི་གྲུབ་འབྲས་ལ་གཞི་བཅོལ་ཏེ་འགྲོ་ཕན་སྨན་རྩིས་ཁང་གི་འཛིན་སྐྱོང་ལམ་སྲོལ་རང་སྐྱོང་སྡེ་ཚན་དུ་བསྒྱུར་བ་དང་འཛིན་སྐྱོང་ཡིག་ཚང་ཟུར་འཛུགས་ཐོག་རྩེ་དྲུང་ངག་དབང་རྣམ་རྒྱལ་ལགས་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་བ་དེ་ནི་སྨན་རྩིས་གཉིས་གཞི་གཅིག་ཏུ་ཟླ་བསྒྲིལ་བཏང་རྗེས་ཀྱི་དབུ་འཛིན་ཐོག་མ་དེ་ཡིན། དེ་ནས་བཟུང་འགྲོ་ཕན་སྨན་རྩིས་ཁང་འདིའི་གཞི་རྐང་བརྟན་པོ་ཚུགས་ཤིང༌། དེ་སྔོན་ལོ་ལྟར་འཆར་ཅན་ཆོས་དོན་ལྷན་ཁང་ནས་འགྲོ་གྲོན་ཞུ་བཞིན་པ་དེ་ཡང་ཞུ་མ་དགོས་པར་རང་ཁོངས་ནས་ནར་གཏོང་ཐུབ་པའི་མཐུན་རྐྱེན་བྱུང་བ་མ་ཟད། ནང་ཁུལ་སྡེ་ཚན་ཆ་བགོས་ཀྱིས་འཛིན་སྐྱོང་ཡིག་ཚང་དང༌། སྨན་སྦྱོར་ཁང༌། རྩིས་ཁང༌། སློབ་གྲྭ། བརྟག་དཔྱད་ཁང༌། ནད་གསོ་ཁང་བཅས་ཁུངས་སོ་སོར་འོས་བབས་ཀྱི་མི་སྣ་བསྐོ་བཞག་དང༌། འགན་དཀྲིས་གནང་རྗེས་སྨན་རྩིས་པ་དང་ལས་བྱེད་ཚང་མས་རང་འཁྲིའི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་ནུས་ཤུགས་མི་དམན་པ་བཏོན་པར་བརྟེན། དུས་ཡུན་ཐུང་ངུའི་ནང་སྔར་ལས་ལྷག་པའི་ཚགས་ཚུད་དང་འཕེལ་རྒྱས་གང་ལེགས་བྱུང༌།


དེ་ཡང་ཤིང་ཁང་གསར་པ་ཐོག་བརྩེགས་གསུམ་ཅན་དེའི་སྟེང་ཐོག་ཏུ་འཛིན་སྐྱོང་ཡིག་ཚང་དང༌། རྩིས་རིག་ཡིག་ཚང༌། བརྟག་དཔྱད་ཁང༌། སྨན་སྤྲོད་ཁང༌། ལས་ཤག འཛིན་གྲྭ་ཚུགས་ས་བཅས་བཟོས་པ་དང༌། བར་ཐོག་ནང་སྨན་སྦྱོར་ཁང་བཟོས་ཏེ་སྨན་བརྡུང་རྒྱུ་དང༌། རིལ་བུ་བསྒྲིལ་རྒྱུའི་མཚོན་སྨན་སྦྱོར་གྱི་ཆོ་ག་ཕྱག་ལེན་ཡོངས་རྫོགས་དེ་གར་གནང་ཐུབ་པ་བྱུང༌། འོག་མའི་ནང་སློབ་ཕྲུག་རྣམས་ཀྱི་སྡོད་ཤག་བཅས་ཡོད། གཞན་ཡང་དུས་ཀྱི་འགྱུར་བ་དང་སྨན་ཁང་རྒྱ་བསྐྱེད་བྱུང་བས་ནད་པ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་པ་དེ་དག་ལ་གསོལ་སྨན་ལྡང་ངེས་མཁོ་སྤྲོད་ཐུབ་མིན་གྱི་སྐུ་ངལ་ཇེ་ཆེར་སོང་བར་བརྟེན། དེང་མཐུན་སྨན་སྦྱོར་འཕྲུལ་ཆས་དགོས་མཁོར་གཟིགས་ནས་གློག་ནུས་ལ་བརྟེན་པའི་སྨན་རྒྱུ་རྡུང་བྱེད་དང༌། ལག་བསྐོར་རིལ་བསྒྲིལ་འཕྲུལ་ཆས་རྒྱ་གར་ཨ་ཡུ་རྦེ་དའི་སྨན་ཁང་ལ་དཔེར་བྱས་ཏེ། དེའི་བཟོ་ཡུལ་སོགས་རྩད་གཅོད་བྱུང་རྗེས་དེ་འཕྲལ་ཨམ་རི་སཱར(Ameitsar) ནས་འཕྲུལ་ཆས་མངགས་ཉོ་གནང་སྟེ་གསར་འཛུགས་ཐུབ་པ་བྱུང༌། སྐབས་དེའི་འཕྲུལ་ཆས་རིགས་དེང་དུས་ཀྱི་ཐོན་གསར་འཕྲུལ་ཆས་བཞིན་དུ་སྤུས་ལེགས་དང་ལས་ཆོད་ཆེན་པོ་མེད་ཀྱང་སྐབས་དེར་མཚོན་ན་སྨན་སྦྱོར་ཐོན་སྐྱེད་ཐད་ཕོན་འབོར་ཆེ་ལ་སྤུས་ཚད་ལྡན་པ་དང༌། ལས་མིར་ཡང་ཚེགས་ཆུང་བའི་ཕན་ཡོན་སོགས་དགེ་མཚན་ཆེན་པོ་བྱུང་བ་མ་ཟད། རང་རེའི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ནང་མིའི་ནུས་ཤུགས་ཁོ་ནར་བརྟེན་ནས་སྨན་སྦྱོར་བྱེད་པའི་ལེའུ་དེ་མཇུག་བསྒྲིལ་བར་གྱུར།


ས་སྤྲེལ་སྤྱི་ལོ་ ༡༩༦༨ལོར། མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བཅའ་བཞུགས་གནང་བཞིན་པ་རང་གཞུང་ཆོས་དོན་ལྷན་ཁང་ནས་མཁྱེན་རྟོགས་བྱུང་སྟེ་ངྷ་སར་སྨན་རྩིས་ཁང་གི་དགེ་རྒན་དུ་གདན་ཞུས་ལྟར་ཕེབས་འབྱོར་བྱུང༌། ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་བོད་ཀྱི་གསོ་དཔྱད་སྨན་དང་གཙུག་ལག་རྩིས་ཀྱི་སློབ་ཚན་ཕྱོགས་བསྒྲིགས་སྙན་ཞུ་གསར་བསྒྲིགས་ཀྱིས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་རྒྱུན་ལས་ཚོགས་འདུར་སྤྱན་ཞུས་ཀྱིས་བཀའ་འཁྲོལ་ཐོབ་སྟེ་སྨན་རྩིས་གཉིས་ཀྱི་སློབ་ཚན་ལོ་རིམ་དང་པོ་ནས་བདུན་པ་བར་ཡོད་པ་ཞིག་གཏན་འབེབས་གནང༌།


ས་བྱ་སྤྱི་ལོ་༡༩༦༩ལོར། རང་གཞུང་ཆོས་དོན་ལྷན་ཁང་ནས་སློབ་ཡོན་ཐབས་འཚོལ་གྱིས་སྐབས་གཉིས་པའི་སྨན་སློབ་ཕོ་མོ་ཁྱད་མེད་གྲངས་བཅུ་གཉིས་གཏན་སློབ་ཁག་ནས་བོད་ཡིག་དྲག་གྲས་ཡིག་རྒྱུགས་ལམ་ནས་བསྡུ་བསྐོང་གནང་སྟེ། མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་སློབ་དགེ་ཆེན་མོ་དང༌། གྲོ་མོ་དུང་དཀར་དགོན་པའི་སྨན་པ་བློ་བཟང་བཀྲ་ཤིས་ལགས་སློབ་དགེ་གཞོན་པར་བསྐོ་བཞག་གནང་བ་དང༌། སློབ་གྲྭའི་ཚུགས་གྲོལ་དང་སློབ་ཁྲིད་སོགས་ཀྱི་འགྲོ་སྟངས་དུས་རབས་དང་མཐུན་པར་བསྒྱུར་བཅོས་མཛད།


སྐར་རྩིས་སྐོར་ལ་སྔར་ཡོད་ཐོག་རང་རང་རྒྱུགས་འབུལ་དུ་ལོ་རེ་ལོ་ཐོ་འདོན་སྤེལ་ཞུས་པ་མ་ཟད། ཚེ་རབས་ལས་རྩིས་དང༌། ནད་རྩིས། བག་རྩིས། གཤིན་རྩིས་སོགས་དང༌། དགོན་སྡེ་ཁག་གི་ཟོར་འཕེན་ཚེས་ཆ་བཅས་རྣམ་ཀུན་རྒྱུན་ལྡན་གྱི་ཞུ་སྒོ་མཐའ་དག་འཐུས་ཚང་འགན་ལེན་ཞུས་ཐུབ་པ་བྱུང༌།
ལྕགས་ཁྱི་སྤྱི་ལོ་ ༡༩༧༠ལོར། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་དང་མཛད་འཕྲིན་ལ་བརྟེན་ནས་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པ་ཡར་རྒྱས་དང་གཞི་རྒྱ་ཆེ་རུ་སོང་པ་དང་བསྟུན། ཆོས་དོན་ལྷན་ཁང་ལ་ཡང་དེ་མཚུངས་ལས་གཞི་དང་བྱེད་སྒོ་སྣེ་མང་གིས་རྐྱེན་པས་སྨན་རྩིས་ཁང་གི་འཛིན་སྐྱོང་མུ་མཐུད་གནང་རྒྱུ་ལྕོགས་མིན་དང་། གཉིས་ནས་འགྲོ་ཕན་སྨན་རྩིས་ཁང་འདི་བཞིན་སྨན་རྩིས་གཉིས་ཀྱི་ཤེས་ལྡན་མི་སྣ་བསྐྱེད་བསྲིངས་བྱེད་སའི་དགེ་རྩའི་སློབ་གཉེར་ཁང་གི་ངོ་བོར་སོང་བུ་ཁྱིམ་གྱི་ཁྱབ་ཁོངས་འོག་ཕྱིན་ན་སློབ་གྲྭའི་གནས་སྟངས་དང༌། དཔལ་འབྱོར། འཛིན་སྐྱོང་བཅས་ཕྱོགས་གང་ཐད་ནས་ཚགས་ཚུད་དང་ཡར་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་དམིགས་ཏེ་ངྷ་ས་བུ་ཁྱིམ་གྱི་འཛིན་སྐྱོང་འོག་རྩིས་སྤྲོད་གནང༌།


བར་དུ་གནས་གཞི་སྤོར་བའི་སྐོར།

ཆུ་གླང་སྤྱི་ལོ་༡༩༧༣ལོར། སྐུ་སྒེར་ནས་དངུལ་བུན་ཞུས་ཏེ། ད་ལྟའི་དབུས་སྨན་རྩིས་ཁང་ཆགས་ཡུལ་གངས་ཅན་སྐྱིད་གཤོངས་ཁུལ་གྱི་ས་ཆ་རྒྱ་ཁྱོན་ཨེ་ཀར་ལྔ་ཙམ་༼འདིར་ཕྱིས་སུ་ར་སྟོད་བླ་བྲང་དང༌། ཨ་མདོ་འཕེལ་རྒྱས་ལགས་ཀྱི་ཕྱག་ནས་ཉོས་པའི་ས་ཁྱོན་འདུས་ཡོད་༽སྤུས་གཟིགས་གནང་བ་དང༌། དེ་སྟེང་ཨར་ལས་འཛུགས་བསྐྲུན་གྱི་ལས་འཆར་བཀོད་དེ་འཇར་མན་རོགས་ཚོགས་མེའ་སེ་རོར(་Miserior)ལ་རོགས་རམ་ཞུས་བསྩལ་བྱུང་དོན་ལྟར། བོད་ཁྱིམ་ནས་བོད་ཁྱིམ་དབུ་འཛིན་ལས་རོགས་རྒན་དངོས་གྲུབ་ལགས་ཨར་ལས་གཟིགས་རྟོགས་པར་ཆེད་གཏོང་གིས་ད་ཡོད་དབུས་སྨན་རྩིས་ཁང་གི་ཡིག་ཚང་ཆེན་མོ་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས། སྐབས་དེར་སློབ་ཕྲུག་རྣམས་ཉིན་ལྟར་འཆར་ཅན་གྱི་སློབ་ཁྲིད་དང་དགོང་དྲོ་ཆུ་ཚོད་རེར་སྨན་སྦྱོར་ཁང་དུ་སྨན་རྒྱུ་གཙང་མ་བཟོ་རྒྱུའི་མཚོན་པའི་སྨན་སྦྱོར་བྱེད་དུ་འགྲོ་དགོས་པ་དང༌། དབྱར་དུས་སུ་བཞུགས་སྒར་ངྷ་སའི་གཡས་གཡོན་གྱི་ལུང་གཤོངས་དང་རི་རྩེ། གཞན་ཡང་ཉེ་འཁོར་གྱི་ས་གནས་གང་སར་སྨན་བཏོག་ལ་ཡང་འགྲོ་བཞིན་ཡོད་པ་བཅས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ཀྱིས་བསྐྱེད་པའི་འབྲས་བུར་དུས་ད་ལྟའང་མུ་མཐུད་སྨན་བཏོག་ལ་འགྲོ་བའི་སྲོལ་བཟང་ཡོད་པ་བཅས་ནི་སྐབས་དེའི་དགེ་སློབ་རྣམས་ཀྱི་བཀའ་དྲིན་ཉག་ཅིག་ཡིན་པས་ཕྱི་རབས་པ་རྣམས་ནས་ནམ་ཡང་བརྗེད་མི་རུང་བ་ཞིག་ཡིན།


ཤིང་ཡོས་སྤྱི་ལོ་ ༡༩༧༥ལོར། དབུ་འཛིན་ངག་དབང་རྣམ་རྒྱལ་ལགས་གཙོས་པའི་འགན་འཁྲི་སྣེ་མོ་རྣམས་ཀྱིས་ཡིག་ཚང་ཆེན་མོའི་ཨར་པོའི་ལས་གཞི་མཇུག་སྐྱོང་ལེགས་གྲུབ་ཟིན་པ་དང་། ཁོང་བུ་ཁྱིམ་དུ་ཕྱིར་ལོག་གནས་སྤོས་སོང་ཚབ། གཟིམ་ཆུང་བཀའ་འབྲེལ་བཞིན་ཚ་རོང་འཇིགས་མེད་ལགས་དབུ་འཛིན་ལ་བསྐོ་བཞག་གནང་བ་དང་འབྲེལ་འགྲོ་ཕན་སྨན་རྩིས་ཁང་དེ་བཞིན་བུ་ཁྱིམ་འཛིན་སྐྱོང་འོག་ནས་རྩིས་བཞེས་ཀྱིས་ སྐུ་སྒེར་ཡིག་ཚང་གི་ཐད་ཀའི་འཛིན་སྐྱོང་ཁྱབ་ཁོངས་སུ་བཅུག་གནང་མཛད།


མེ་འབྲུག་སྤྱི་ལོ་ ༡༩༧༦ལོར་ནུབ་ཕྱོགས་རྒྱལ་ཁབ་ཨི་ཌ་ལིར་བོད་སྨན་བགྲོ་གླེང་ཚོགས་འདུ་ཞིག་དེར་བཞུགས་རང་རིགས་མཁས་དབང་ནམ་མཁའི་ནོར་བུ་ལགས་ནས་གོ་སྒྲིག་གནང་སྟེ། རྒྱལ་ཁབ་ཤར་ནུབ་གང་ས་ནས་སྨན་པ་དང་ཚན་རིག་པ་མཁས་ཅན་མང་པོ་གདན་འདྲེན་ཞུས་པ་ལྟར། སྨན་རྩིས་ཁང་ནས་གཞུང་འབྲེལ་ཐོག་གྲ་ཁང་དཀར་སྨན་པ་བློ་བཟང་སྒྲོལ་མ་ལགས་དང་དབུ་འཛིན་ཚ་རོང་འཇིགས་མེད་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་ཚོགས་ཞུགས་གནང་སྟེ་བོད་སྨན་སྐོར་གསུང་བཤད་དང༌། ནད་པ་མང་པོར་བལྟ་རེག་དྲི་གསུམ་གྱི་སྒོ་ནས་བརྟག་དཔྱད་སྨན་བཅོས་དང༌། སྨན་རྩིས་ཁང་གི་སྒྲིག་འཛུགས་དང་ངོ་བོ། བོད་སྨན་གྱི་ཁྱད་ཆོས་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱབ་བསྒྲགས་གང་ལེགས་བྱེད་ཐུབ་པ་བྱུང༌།

ཐ་མར་འཕེལ་རྒྱས་ཀྱིས་རྒྱ་ཆེར་ཁྱབ་པའི་སྐོར།

ལྕགས་སྤྲེལ་སྤྱི་ལོ་༡༩༨༠ལོར་གཟིམ་ཆུང་བཀའ་འབྲེལ་བཞིན་སྐུའི་གཅེན་པོ་སྟག་ལྷ་བློ་བཟང་བསམ་གཏན་མཆོག་སྨན་རྩིས་ཁང་དབུ་འཛིན་དུ་བསྐོ་བཞག་མཛད། གང་ཉིད་ཀྱི་རླབས་ཆེ་བའི་དགོངས་གཞི་དང་མཁས་མཛངས་ལྡན་པའི་མཛད་བྱུས་ལ་བརྟེན། ལོ་ཤས་ནང་སྨན་ཁང་དང་སློབ་ཁང་ཆེན་མོ། དེ་བཞིན་རྒྱ་བལ་ཁུལ་གྱི་གྲོང་ཁྱེར་ཆེ་ས་དང་བོད་མི་འདུས་སྡོད་ཁག་གང་སར་ཡན་ལག་སྨན་ཁང་མང་པོ་གསར་འཛུགས་ཀྱིས་མཚོན་འགྲོ་ཕན་སྨན་རྩིས་ཁང་ཡར་རྒྱས་ཀྱི་ཚད་གཞི་ཧ་ཅང་མཐོ་བོར་བསྙེགས་པའི་རླབས་ཆེན་མཛད་རྗེས་བཞག་གནང་ཡོད། ལོ་དེའི་མཇུག་ཙམ་ལ་བཅུ་ཕྲག་རིག་གནས་སྤྱི་དང་ཁྱད་པར་དུ་གསོ་དཔྱད་རིག་པར་མངའ་བརྙེས་པའི་མཁས་པའི་དབང་པོ་ལྷ་རྗེ་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་རྒྱ་དམར་གྱི་བཙན་གནོན་འོག་ལོ་ངོ་བཅུ་བདུན་ཙམ་ལ་བཙོན་འཇུག་བྱས་རྗེས་གློད་བཀྲོལ་གྱིས་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་དང་། ྋསྐུའི་བླ་སྨན་བགྲེས་པར་བསྐོ་བཞག་བསྩལ། གང་ཉིད་ཀྱི་ལོ་རྒྱུས་མདོ་ཙམ་ཞུ་ན། མཁས་པའི་དབང་པོ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནི་སྙེ་མོ་གཡག་སྡེ་ཞེས་པར་བོད་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་སྤྱི་ལོ་༡༩༢༣ལོར་སྐུ་འཁྲུངས། དགུང་ལོ་བཅུའི་སྟེང་སྙེ་མོ་ཆོས་སྡེར་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་བརྡ་དག་སྙན་སུམ་སོགས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་བདུན་སྟེང་ལྷ་ས་སྨན་རྩིས་ཁང་དུ་ཕེབས་ནས་སྨན་རྩིས་རིག་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་གནང་བ་དང༌། དགུང་ལོ་སུམ་ཅུའི་ཐོག་རྒྱལ་ཡུམ་ཆེན་མོའི་ྋབླ་སྨན་མཛད། མེ་སྤྲེལ་སྤྱི་ལོ་༡༩༥༦ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བའི་ྋབླ་སྨན་པར་བསྐོ་བཞག་བསྩལ། ས་ཕག་སྤྱི་ལོ་༡༩༥༩ལོར་རྒྱ་དམར་གཞུང་ནས་འཛིན་བཟུང་གིས་ལོ་ངོ་བཅུ་བདུན་རིང་བཙོན་ཁང་དུ་བཞུགས་དགོས་བྱུང༌། ལྕགས་སྤྲེལ་སྤྱི་ལོ་༡༩༨༠ལོར་རྒྱ་གར་དུ་ཕེབས་ཏེ་ྋསྐུའི་བླ་སྨན་བགྲེས་པར་བསྐོ་བཞག་བསྩལ་ཞིང༌། བོད་གཞུང་སྨན་རྩིས་ཁང་གི་ཚད་འཛིན་སྨན་པ་གཙོ་བོ་དང༌། སྨན་རྩིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་ཚོགས་གཙོ། སྨན་སྦྱོར་དང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་སོགས་ཀྱི་སློབ་སྟོན་པའི་མཚན་གནས་བཞེས་གནང་བ་མ་ཟད། གདན་ཞུས་ལྟར་འཛམ་གླིང་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས་ཏེ། བོད་ལུགས་གསོ་བ་རིག་པའི་བསྟན་པ་ཙམ་མ་ཡིན་པར་ཆོས་སྲིད་གཉིས་ཐད་ནས་རང་རེའི་རྩ་དོན་ལ་སྨན་ཞིང༌གཞན་ཕན་གྱི་བྱ་བར་གཞོལ་བའི་མཚན་སྙན་གྱི་གྲགས་པ་ཕྱོགས་ཀུན་ལ་ཁྱབ་ཅིང་། མཐར་སྤྱི་ལོ༢༠༠༡ཟླ་༤ཚེས་༦ལ་བཞུགས་སྐར་སྨན་རྩིས་ཁང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ།


ཆུ་ཁྱི་སྤྱི་ལོ་ ༡༩༨༢ལོའི་ཟླ་ ༤ ཚེས་ ༢༨ ཉིན་གཟའ་སྐར་འཕྲོད་སྦྱོར་དགེ་བ་དང་བསྟུན་ནས་ྋསྐུའི་བླ་སྨན་བགྲེས་པ་བསྟན་འཛིན་ཆོས་གྲགས་མཆོག་དབུ་བཞུགས་ཀྱིས་ྋརྒྱལ་བའི་ཕོ་བྲང་དུ་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཕྱག་ལེན་གནང་བའི་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང༌། ྋབླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་རྗེས། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཕྱིའི་བླང་དོར་གྱི་ལམ་སྟོན་བཀའ་སློབ་ཟབ་མོ་བསྩལ་མཐར་ྋབླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་བཙོ་ཐལ་ཕྱག་ལེན་གནང་མི་ཚོར་ཀོང་སྤྲུལ་རིན་པོ་ཆེའི་གསུང་བདུད་རྩི་བཅུད་ཀྱི་རྒྱལ་པོ་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད་ཀྱི་ལྗགས་ལུང་གནང་བ་དང༌། སྨན་ལས་པ་དང་སྐུ་སྒེར་ནས་སྐུ་སྲུང་ཞབས་ཞུ་བ་བཅས་ཁྱོན་བསྡོམས་མི་གྲངས་ཉི་ཤུ་ཙམ་གྱིས་ཕོ་བྲང་གཟིམ་ཆུང་ལྷོ་ངོས་སུ་མི་ཌར་བདུན་ཅུ་ཙམ་གྱི་སར་ྋགོང་ས་མཆོག་གིས་ནམ་རྒྱུན་སྦྱིན་བསྲེག་གནང་ཡུལ་གཙང་ཞིང་རྒྱ་ཆེ་ལ་དབེན་པའི་གནས་ཁྱད་པར་ཅན་དེར་ཟླ་བ་གཉིས་ལྷག་གི་རིང་དངུལ་ཆུ་བཙོ་ཕྱིས་སྦྱངས་གསུམ་དང༌། ཟ་འཆིང་ཁམས་བརྒྱད་སོ་སོར་དུག་འདོན་གཡའ་ཕྱིས་སོགས་མཐོང་རྒྱུད་ལག་ལེན་ཚུལ་བཞིན་ལེགས་གྲུབ་ཀྱིས་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་ཐལ་ཆེན་མོ་ལམ་ལྷོང་ལྡན་པའི་སྒོ་ནས་ལེགས་གྲུབ་བྱུང་སྟེ་རིན་ཆེན་རིལ་བུའི་རིགས་ཁག་བཞི་ཙམ་གསར་བཟོ་ཐུབ་པ་བྱུང་ཞིང༌། དངུལ་ཆུ་བཙོ་བཀྲུ་ཆེན་མོ་དེ་ནི་བྱེས་ཀྱི་བཞུགས་སྒར་ངྷ་ས་འགྲོ་ཕན་སྨན་རྩིས་ཁང་བཙུགས་པ་ནས་བཟུང་བཟོ་ཐེངས་དང་པོ་དེ་ཡིན། དེ་བཞིན་སྨན་སྦྱོར་སྡེ་ཚན་གྱི་འགན་འཁྲི་སྨན་ལས་རིམ་བྱོན་ནས་ཐབས་ཤེས་སྣ་ཚོགས་ལུ་གུ་བརྒྱུད་དུ་སྤེལ་པ་བརྒྱུད་ད་ཆ་སྨན་ཕྱེ་མ་འཐག་རྒྱུ་དང༌། རིལ་བུ་བསྒྲིལ་པ། རིལ་བཅག་རྒྱག་རྒྱུ་སོགས་འཕྲུལ་ཆས་ཅན་ལ་བསྒྱུར་བར་བརྟེན་སྨན་གྱི་ཐོན་ཚད་མཐོ་ཤོས་དེ་ལོ་རེར་ཀི་ལོ་ཁྲི་འགའ་རེ་ལེགས་གྲུབ་ཐུབ་པ་བྱུང་ཡོད། ལོ་དེར་སྨན་སྦྱོར་བཟོ་གྲྭ་གསར་བར་སྤོས་ཏེ་ཕྱེ་མ་འཐག་སའི་འཕྲུལ་འཁོར་དང༌། རིལ་བུ་བསྒྲིལ་ས། རིལ་བཅག་རྒྱག་ས། ཉི་འོད་རིལ་བུ་སྐམ་ས། ཕྱི་ཐུམ་རྒྱག་ཁང་དང༌། སྨན་རྒྱུའི་དོས་ཁང༌། སྨན་རིལ་མཛོད་ཁང་སོགས་སྔར་ལས་གཞི་རྒྱ་ཆེ་བའི་ཁར་ད་དུང་དུག་འདོན་དང་བསྲེག་ཁང་སོགས་གཙང་སྦྲ་དོད་ཅིང་ཆ་རྐྱེན་བཟང་པོའི་འོག་ལས་བཟོ་ཚོས་སྨན་སྦྱོར་དང་སྨན་བཟོའི་ཐོན་སྐྱེད་བྱ་བ་ཧུར་བརྩོན་ཆེན་པོས་བྱས་པ་དང༌། ལྷག་པར་དུ་སྨན་སྦྱོར་འགན་འཛིན་གྱིས་གཙོས་སྨན་རྒྱུ་མཁོ་སྒྲུབ་སྨན་པ་རྣམས་ནས་སྨན་རྒྱུ་ངོས་འཛིན་མ་ནོར་བ་དང༌། སྨན་རྫས་འདུལ་སྦྱོང་དང་དུག་འདོན་གཡའ་ཕྱིས་སོགས་སློབ་དཔོན་གོང་མའི་ཕྱག་ལེན་འཕྱུག་པ་མེད་པར་སྦྱོར་དངོས་རྗེས་གཙང་གི་སྒོ་ནས་ཁྱོན་བསྡོམས་སྨན་སྦྱོར་རྣམ་གྲངས་ཉིས་བརྒྱ་ཙམ་གཞུང་བཞིན་སྦྱོར་ཚད་གཞིར་བཟུང་ཆད་ལྷག་མེད་པར་སྦྱོར་བཞིན་ཡོད།


མེ་སྟག་སྤྱི་ལོ་༡༩༨༦ཙམ་ནས་བཟུང་སྟོད་མངའ་རིས་སྒར་དཔོན་གྱི་བླ་སྨན་ཟུར་པ་རོང་བྱམས་ཆེན་སྨན་པ་བློ་བཟང་ཚུལ་ཁྲིམས་སམ་བསྟན་འཛིན་དཔལ་མཆོག་གིས་གཙོ་འགན་བཞེས་ཏེ་ལྕགས་པོ་རི་སྨན་པའི་གྲོང་ཁྱེར་གྱི་ཕྱག་སྲོལ་ལྟར་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་བརྒྱུད་པའི་གསོལ་འདེབས་དང༌། ལས་བྱང་དཔག་བསམ་ལྗོན་ཤིང༌། དམ་ཅན་གྱི་མངོན་རྟོགས། བྱིན་རླབས་བླ་སྒྲུབ་ལས་རྩ་བ་གསུམ་གྱི་མདངས་བསྐང༌། ཆོས་སྐྱོང་གི་གསོལ་ཁ་མྱུར་མགྱོགས་གློག་གི་འོད་འབར་སོགས་དང༌། གཞན་ཡང་ཚོགས་མཆོད་འབུལ་རྒྱུའི་མཚོན་ཆོ་གའི་ཕྱག་ལེན་དག་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་རྣམས་ལ་སྤེལ་གནང་མཛད་དེ་ཚེས་བཅུ་ནམ་འཆར་ལ་ཁོང་སྐུ་ངོ་མ་དབུ་བཞུགས་ཐོག་སྨན་པ་དང་སློབ་མ་ཚང་འཛོམས་ཀྱིས་སྔར་སྲོལ་རྒྱུན་བཟུང་དང་ཕྱག་སྲོལ་རྒྱུད་སྤེལ་གནང་བ་ལ་བརྟེན་ནས་དུས་ད་ལྟའང་གཡུ་ཐོག་སྙིང་ཐིག་གི་སྒྲུབ་མཆོད་ཀྱི་རིམ་པ་ནི་ཟླ་རེར་ཆག་མེད་དུ་སྒྲུབ་བཞིན་པ་ཡིན།
འགྲོ་ཕན་སྨན་རྩིས་ཁང་གཞི་རྒྱ་ཇེ་ཆེར་སོང་བ་དང་བསྟུན། རྒྱ་བལ་འབྲུག་གསུམ་གྱི་གྲོང་ཁྱེར་ཆེ་ཁག་དང་མི་འབོར་མང་པོའི་ས་གནས་ཁག་ཏུ་ཡན་ལག་སྨན་ཁང་མང་པོ་ཞིག་འཛུགས་འཆར་ཡོད་པར་ད་ཡོད་སྨན་པ་རྣམས་ཀྱིས་འདང་མིན་ལ་བརྟེན། དབུ་འཛིན་ྋསྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་གི་བཀའ་དགོངས་བཞིན་བོད་མིའི་གཞིས་ཆགས་སོགས་སྡོད་གནས་ཁུངས་སོ་སོར་གསལ་བསྒྲགས་དང་སྦྲགས་ཡིག་རྒྱུགས་ལམ་ནས་བོད་ཡིག་གི་ཤེས་ཚད་དྲག་འདེམས་ཀྱིས་གཏན་སློབ་ཁག་དང༌། དགོན་པ་གྲྭ་ཚང་། ལ་དྭགས་དང་གར་ཞ་སོགས་ཀྱིས་མཚོན་པའི་ཧི་མ་ལ་ཡའི་ཁོངས་ནས་ཀྱང་སློབ་ཕྲུག་བསྡུ་བཞེས་གནང་།


ཆུ་ཕག་སྤྱི་ལོ་༡༩༨༣ལོར་རྩེ་མགྲོན་ངག་དབང་བསྟན་སྐྱོང་སྐུ་སྒེར་བཀའ་འབྲེལ་བཞིན་སྨན་རྩིས་ཁང་གི་དབུ་འཛིན་ཕྱགས་རོགས་སུ་བསྐོ་བཞག་གནང་བ་དང༌། གང་ཉིད་ཀྱིས་གཙོ་འགན་བཞེས་ཏེ་ཚོགས་ཆུང་ཟུར་འཛུགས་ཐོག་སྨན་རྩིས་ལས་བྱེད་པའི་བླང་དོར་སྒྲིག་གཞི་དང༌། སྨན་རྩིས་མཐོ་སློབ་ནས་ཐོན་པའི་སློབ་གཉེར་བ་རྣམས་ལ་དེང་མཐུན་གྱི་ལག་འཁྱེར་དང་། གནས་འཕར་འགྲོ་ལུགས་འཆར་ཟིན་གསར་བཀོད་ཟིན་བྲིས་སྐུ་སྒེར་ལ་སྙན་སེང་འཆར་འབུལ་གྱིས་ཕྱག་རྟགས་བཀའ་ལུང་ཕེབས་ཏེ་གཏན་འབེབས་ལག་བསྟར་གནང་ཐུབ་པའི་བྱས་རྗེས་དུས་ད་ལྟའི་བར་རྩ་འཛིན་སྒྲིག་གཞི་ལག་བསྟར་དང༌། སྨན་རྩིས་སློབ་ཐོན་རིམ་པར་ལག་འཁྱེར་གནང་མུས་ཡོད་པ་སོགས་མཛད་འཕྲིན་གང་ལེགས་རྒྱས་པ་བྱུང་།

སྨན་རྩིས་སློབ་གཉེར་བའི་གཞུང་ཚད་གཏན་འབེབས་བྱས་པའི་སྐོར།

ཤིང་བྱི་སྤྱི་ལོ་༡༩༨༤ལོར། བོད་ཀྱི་གསོ་རིག་མཐོ་རིམ་སློབ་གཉེར་ཁང་ནས་མཁས་པའི་ཚོགས་ཆུང་གསར་འཛུགས་གྱིས་དེ་སྔའི་བོད་ཀྱི་སྨན་རྩིས་སློབ་ཚན་ཕྱོགས་སྒྲིག་སྙན་ཞུ་ལོ་རིམ་དང་པོ་ནས་བདུན་པ་བར་ཡོད་པ་དེར་བསྐྱར་བཅོས་གནང་སྟེ། དེང་དུས་དང་མཐུན་པའི་སློབ་ཚན་གསར་བསྒྲིགས་དང་ཤེས་ཚད་རྒྱུགས་སྤྲོད་ཀྱི་རྩ་འཛིན་གཞུང་ཚད་ཡན་ལག་དང་བཅས་པ་ཞིབ་འཁོད་སྙན་ཞུ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགོངས་འཁྲོལ་བཀའ་ཕེབས་༨༤།༡༡།༣། གཞིར་བཟུང་བོད་ཀྱི་དམའ་རིམ་འཕྲོད་བསྟེན་ལས་བྱེད་པའི་གཞུང་ཚད་ནས་འབྲིང་རིམ་སྨན་རྩིས་དཀའ་བཅུ་བ་དང་། མཐོ་རིམ་སྨན་རམས་པ་དང་རྩིས་རམས་པ་བཅས་ཀྱི་རང་ལུགས་རྩ་འཛིན་གཞུང་ཚད་གཏན་འཁེལ་གནང༌།


༡། སྨན་པ་དཀའ་བཅུ་པའི་གཞུང་ཚད་ནི། རྩ་བའི་རྒྱུད། བཤད་པའི་རྒྱུད། མན་ངག་རྒྱུད། ལྷན་ཐབས་ནས་ཁ་སྐོང་གཉན་རིམས་ལེའུ་བཅོ་བརྒྱད། ཕྱི་མ་རྒྱུད། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ། རྒྱུད་བཞིའི་སྡོང་འགྲེམས་ཁག་ལྔ། བྱང་ཁོག་ཡུལ་ཐིག བླ་སྨན་མཁྱེན་རབ་ནོར་བུས་ལྗགས་རྩོམ་མཛད་པའི་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་དང་རྒྱུད་བཞི་ལས་ཟུར་འདོན་གྱི་ལེའུ་རྣམས་བཅས་གཏན་འབེབས་ཟིན་པའི་ངག་རྒྱུགས་ཁག་བཅས་ཡིན།


༢། རྩིས་པ་དཀའ་བཅུ་པའི་གཞུང་ཚད་ནི། ཉི་སྣང་དང་རིག་སྙིང་གི་སྐར་རྩིས་སྔོན་འགྲོ། ཚེས་ཞག་བྱེད་པའི་ལྔ་བསྡུས་རྩ་སྒྲུབ་དང་མགྱོགས་རྩིས། ཚེས་ཞག་གྲུབ་པའི་ལྔ་བསྡུས་རྩ་སྒྲུབ་དང་མགྱོགས་རྩིས། ཚེས་ཞག་སྒྲ་གཅན་དང་ཉི་ཟླ་འཛིན་ཚུལ། ཉིན་ཞག་གཟའ་ལྔའི་རྩ་སྒྲུབ་དང་མགྱོགས་རྩིས། ཚེས་ཞག་གཟའ་ལྔའི་རྩ་སྒྲུབ། ཁྱིམ་ཞག་གཟའ་ལྔའི་རྩ་སྒྲུབ། རྒྱལ་བློན་དང་དུས་གཟེར་སོགས་རྩིས་ཕྲན་ཁག ཉི་སྣང་གོ་ལའི་ཐིག་རྩ། རིག་སྙིང་བསྟན་རྩིས་ཀྱི་ལེའུ། ལོ་ཐོ་སྦྱོར་ཚུལ་བཅས་སོ། །དེ་ཡང་མཐོ་སློབ་ནས་ཐོན་པའི་སྨན་རྩིས་དཀའ་བཅུ་བ་རྣམས་ལ་ནང་རྒྱུགས་གཉིས་དང༌། ལོ་འཁོར། ཐོན་རྒྱུགས་ཆེན་མོ་བཅས་ཀྱི་རྒྱུགས་སྤྲོད་བརྒྱ་ཆའི་ཚད་གཞི་ནི་བརྒྱ་ཆ་ལྔ་བཅུ་ལ་ངེས་པ་དང༌། ཐོན་རྒྱུགས་སྐབས་སྨན་རྩིས་པ་གང་ལའང་ལོ་བཞིའི་བསྡོམས་འབབ་ལས་བརྒྱ་ཆ་ཉི་ཤུ་དང༌། ཐ་མའི་ཐོན་རྒྱུགས་ཀྱི་ཐོབ་བརྒྱ་ཆ་བརྒྱད་ཅུར་ངེས་དགོས། གོ་རིམ་ཐད། ཡིག་ཚད་བརྒྱ་ཆ་བརྒྱད་ཅུ་ཡན་ལོན་པ་རྣམས་རབ་བམ་ཨང་རིམ་དང་པོ་དང༌། དྲུག་ཅུ་རེ་ལྔ་ནས་བརྒྱད་ཅུ་བར་འབྲིང་ངམ་ཨང་རིམ་གཉིས་པ། ལྔ་བཅུ་ནས་དྲུག་ཅུ་རེ་ལྔ་བར་ཐའམ་ཨང་རིམ་གསུམ་པ་ཡིན། ཡང་འབྲིང་ཁོངས་སྨན་སློབ་ནས་རྒྱུད་གསུམ་སྐྱོར་རྒྱུགས་ཕུལ་བ་དང༌། རྩིས་སློབ་ཁོངས་ནས་ལོ་ཐོ་རང་སྐྱ་འཕེར་བ་འདོན་སྤེལ་ཞུས་ན་རབ་ཀྱི་ཁོངས་སུ་བརྩི་བཞིན་ཡོད་པ་རེད། ཡང་ལོ་འཁོར་ཡིག་རྒྱུགས་དང༌། མཐའ་མའི་ཐོན་རྒྱུགས་ཆེན་མོའི་སྐབས་སུ་དྲི་ཤོག་རྣམས་ཕྱོགས་མཐའ་ཁག་ནས་བཟོ་དགོས་པ་མ་ཟད། དྲི་རྒྱུགས་དང་ངག་རྒྱུགས་སྐབས་སུ་བལྟ་རྟོགས་བྱེད་མཁན་དགེ་རྒན་དང༌། འཛིན་སྐྱོང༌། རིག་གཞུང་ལྷན་ཚོགས་ཕྱིས་སུ་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་ལ་བསྒྱུར་ཁོངས་ཀྱི་སྐུ་ཚབ་ལྷན་འཛོམས་སར་རྒྱུགས་འབུལ་ཞུ་དགོས་ཀྱི་ཡོད་པ་རེད།


སྤྱི་ལོ་༡༩༨༣ལོར་འཚོ་བྱེད་སློབ་དཔོན་ཆེན་མོ་བླ་སྨན་བློ་བཟང་དབང་རྒྱལ་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་འབྱོར་གནང་བ་དང་གཟིམ་ཆུང་བཀའ་འབྲེལ་བཞིན་ྋསྐུའི་བླ་སྨན་གཞོན་པར་བསྐོ་བཞག་བསྩལ། ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་སྤྲེལ་སྤྱི་ལོ་༡༩༢༠ལ་ལྷོ་ཁ་འཕྱོངས་རྒྱས་ཞེས་པར་སྐུ་འཁྲུངས་ཤིང༌། དགུང་ལོ་བཅུ་གསུམ་ལ་སོན་པ་ཆུ་སྤྲེལ་སྤྱི་ལོ་༡༩༣༢ལོར་འཕྱོངས་རྒྱས་བཀྲ་ཤིས་བདེ་ཆེན་དགོན་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་དགོན་པའི་ཆོས་སྤྱོད་དང་ཚོགས་འདོན་སོགས་ཐུགས་འཛིན་གནང༌། དགུང་ལོ་ཉེར་གཅིག་ཐོག་ལྷ་ལྡན་སྨན་རྩིས་ཁང་དུ་ཕེབས་ཏེ་སྨན་རྩིས་གཉིས་ཀྱི་གཙོས་སྦྱང་གཞི་མཐའ་དག་སློབ་མཐར་སོན་རྗེས་ྋབླ་སྨན་མཁྱེན་རབ་ནོར་བུའི་དྲུང་དུ་ཉམས་མྱོང་དང་ཞབས་ཕྱི་ཞུས། ས་ཕག་སྤྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་འཛིན་བཟུང་གིས་ལོ་བདུན་ཙམ་བཙོན་འཇུག་གི་ཁྲིམས་ཐག་བཅད། ཆུ་ཕག་སྤྱི་ལོ་༡༩༨༣ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་དང་བརྟག་དཔྱད་སྨན་ཁང་གི་ཚད་འཛིན་སྨན་པའི་ཐུགས་འགན་བཞེས་པ་དང་། རིམ་པས་འཇར་པན་དང༌། ཕ་རན་སི། ཨུ་རུ་སུ། སོག་པོ། དབྱིན་ལེན། ནོར་ཝེ། སུ་ཌན། ཨི་ཌ་ལི་སོགས་རྒྱབ་ཁབ་དང་གླིང་ཕྲན་ཁག་ལ་ཕེབས་ཏེ་ཉམ་ཐག་ནད་པར་སྨན་བཅོས་དང་འབྲེལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་དང་། ནང་ཆོས། རིག་གཞུང༌། ལོ་རྒྱུས་ཁག་དང༌། བསྟན་སྲིད་ལ་སྨན་པའི་མཛད་པ་སོགས་བརྗོད་དུ་མེད་པའི་རྣམ་དཀར་འཕྲིན་ལས་རྒྱ་ཆེར་བསྐྱངས་མཐར་སྤྱི་ལོ་༢༠༠༣ལོའི་ཟླ་༥ཚེས༡༩ལ་བཞུགས་སྒར་སྨན་རྩིས་ཁང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ།


མེ་ཡོས་སྤྱི་ལོ་ ༡༩༨༧ཟླ་ ༣ ཚེས་ ༢༣ ཉིན། རང་གི་མཚན་ཙམ་ཡང་འདོན་འདོད་མེད་པའི་གཏོང་ཕོད་ཅན། ཚེ་དང་ལྡན་པ་ཨེ་ཌ་ལིའི་མི་རིགས་བོད་གྲོགས་ལྷག་བསམ་ཅན་གཉིས་ནས་སྦྱིན་བདག་གནང་བའི་སྨན་རྩིས་མཐོ་སློབ་ཐོག་ཁང་ཆེན་མོ་གསར་རྒྱག་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར། ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་པ་ཞེས་སྔོན་ནས་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྤྱི་བོའི་རྒྱན་དུ་སྨིན་ཏེ་ཆིབས་བསྒྱུར་བཀའ་དྲིན་ཞབས་སོར་འཁོད་པ་དང་བསྟུན། བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་གོ་སྒྲིག་ཞུས་ཏེ། སྨན་རྩིས་ལས་སློབ་ཡོངས་ཀྱི་སྟེང་ཕྱི་ནང་ཡུལ་གྲུ་སོགས་ཕྱོགས་གང་ས་ནས་སྨན་པ་མཁས་པ་མི་ཉུང་བ་ཞིག་ཚོགས་ཞུགས་གནང་བའི་ལོ་རྒྱུས་ཀྱི་དོན་སྙིང་དང༌། བརྗིད་ཉམས་ལྡན་པའི་མཛད་སྒོ་དེར་ྋགོང་ས་མཆོག་དབུ་བཞུགས་ཐོག་རང་གཞུང་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་རྣམ་པ། གཞན་ཡང་དམིགས་བསལ་གདན་ཞུས་ཕུལ་པའི་གནད་ཡོད་མི་སྣ་ཁག་བཅས་གྲལ་བསྟར་བཞུགས་གྲལ་འཁོད་མཚམས་སྨན་རྩིས་ལས་སློབ་ཡོངས་ནས་རྒྱལ་བའི་གསོལ་འདེབས་སོགས་སྙན་པོའི་དབྱངས་རྟ་ལ་དྲངས་ཏེ་འདོན་བསྐུལ་དང་འབྲེལ་གྲོ་འབྲས་འདེགས་འབུལ་ཞུས། དེ་ནས་མཛད་རིམ་ལྟར་སྐབས་དེའི་བཀའ་བློན་ཁྲི་བ་ལས་ཐོག་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནས་སྐུའི་བླ་སྨན་རྣམ་གཉིས་ལ་འཚོ་བྱེད་སློབ་དཔོན་ཆེན་མོའི་ཕྱག་འཁྱེར་དང༌། སྐབས་གསུམ་པ་ཡན་གྱི་སྨན་པ་རྣམས་དང་སྨན་རྩིས་པ་རྒན་གྲས་ཚོར་སྨན་རམས་པ་དང་རྩིས་རམས་པ་ཆེ་འབྲིང༌ཆུང་གསུམ་གྱི་ཕྱག་འཁྱེར་སྩལ། དེ་བཞིན་སྐབས་ལྔ་བའི་སློབ་ཐོན་སྨན་པ་རྣམས་ལ་དཀའ་བཅུ་བའི་ཕྱག་འཁྱེར་གསོལ་རས་སྩལ་གྲུབ་མཚམས། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་ལམ་སྟོན་གྱི་བཀའ་སློབ་ཟབ་མོ་བསྩལ། དེ་ནས་ཉིན་ཤས་རིང་སྔོན་འཆར་མཛད་རིམ་ལྟར་སྨན་པ་སོ་སོའི་ཉམས་མྱོང་གི་དཔྱད་རྩོམ་ལོ་འཁོར་ཚོགས་ཆེན་ཐོག་ཏུ་སྒྲོག་སྦྱངས་དང་། བགྲོ་གླེང༌། དོགས་གཅོད་སོགས་ལྷུག་པོར་གནང་བ་སོགས་མཛད་རིམ་ཁག་སྔོན་འཆར་ལྟར་ལེགས་གྲུབ་བྱུང་ཞིང༌། ལོ་རྒྱུས་ཀྱི་རང་བཞིན་དང་གཟི་བརྗིད་ལྡན་པའི་ཉིན་དེ་ནི་འཕགས་ཡུལ་འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོར་གཏན་འབེབས་ཀྱིས་ལོ་ལྟར་བསྲུང་བརྩི་ཞུ་མུས་ཡིན། ལྕགས་བྱ་སྤྱི་ལོ་ ༡༩༨༡ལོར་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བ་དང་སྨན་སྦྱོར་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང༌། ཆུ་ཁྱི་སྤྱི་ལོ་ ༡༩༨༢ལོར་དངུལ་ཆུ་བཙོ་བཀྲུ་ཐེངས་དང་པོ་བཟོ་བསྐྲུན་སྐབས་ཕྱག་ལེན་གྱི་རྒྱུས་མངའ་ལམ་སྟོན་གནང་མཁན་གཙོ་བོའི་གྲས་སུ་ཡོད་པ་དང༌། ཁོང་ལ་སྨན་སྦྱོར་གྱི་ལག་ལེན་ཐོག་གཞན་དྲིང་མི་འཇོག་པའི་ཉམས་མྱོང་དང་ལག་རྩལ་ལྡན་པས་འཕྲུལ་ཆས་ཁོག་མའི་ནང་རིལ་བུ་བསྒྲིལ་རྒྱུའི་རིག་པ་གསར་གཏོད་གནང་བར་བརྟེན། དེ་སྔ་ལས་རིལ་བུ་བཟོ་སྐྲུན་གྱི་ཐོན་བསྐྱེད་ལྡབ་འགྱུར་མང་པོ་བདེ་བླག་ཏུ་བཟོ་ཐུབ་པ་བྱུང་བ་ནི་རླབས་ཆེན་གྱི་མཛད་རྗེས་བསྒྲུན་དུ་མེད་པ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་ལ། ལར་ནས་དམ་པ་དེ་ཉིད་སྐུ་ཚེ་འཕེན་པ་མ་རྫོགས་བར་སྨན་སྦྱོར་གྱི་ཞུ་སྒོ་མཐའ་དག་འཆར་གཞི་ལྡན་པའི་བཀོད་སྒྲིག་དང་ལས་དོན་རྣམས་ཚགས་ཚུད་བྱུང་ཡོད་པའི་བཀའ་དྲིན་ལས་སྨན་རྩིས་ཁང་སྤྱིའི་མཚན་མཐོང་དང་དཔལ་འབྱོར་གྱི་ཡར་རྒྱས་ཚད་ལས་བརྒལ་བའི་ཕན་རླབས་རྒྱ་ཆེ་བྱུང་ཡོད།


མེ་ཡོས་སྣྲོན་ཟླ་བའི་ཚེས་ ༢༡ སྤྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡༦རེས་གཟའ་ཕུར་བུའི་ཉིན་དུས་སྦྱོར་དང༌སྨན་དཔྱད་འཁོར་ལོ་བདུད་རྩི་ཐུན་མཚམས་བཅས་གཟའ་སྐར་དགེ་བའི་དུས་དང་བསྟུན་དབུ་འཛུགས་ཀྱིས་སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་འགན་འཛིན་ལས་རོགས་སྨན་པ་རྣམ་རྒྱལ་ཚེ་རིང་གཉིས་ཀྱི་གཟིགས་རྟོགས་འོག་སྨན་པ་སྤེན་པ་ཚེ་རིང་ལགས་དང༌། སྨན་པ་བསྟན་འཛིན་བདེ་བྱེད་ལགས། གཞན་ཡང་སྨན་སྦྱོར་ལས་བྱེད་བརྒྱད་བཅས་ཁྱོན་བསྡོམས་སྨན་ལས་མི་གྲངས་བཅུ་གཉིས་ཀྱིས་ཟ་འཆིང་ཁམས་སོ་སོའི་བཙོ་བསྲེག་ལེགས་བསྒྲུབ་དང༌། ཉེར་མཁོའི་སྟ་གོན་མཐའ་དག་འཐུས་ཚང་སྔོན་དུ་ཟིན་པའི་སྒོ་ནས་དངོས་གཞིའི་ཟླ་བ་གཅིག་ཙམ་གྱི་རིང་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་གཉིས་པ་དེ་བཞིན་ལམ་ལྷོང་དང་ལྡན་པའི་སྒོ་ནས་ལེགས་གྲུབ་བྱུང་བ་མ་ཟད། ཐེངས་འདིར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ནང་ལྕི་བ་དང་སོལ་མེ་ཁོ་ནར་བརྟེན་ནས་དངུལ་ཆུ་བཙོ་སྦྱངས་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ཏེ་རླངས་ཞུན་མེ་ཐབ(gas stove)བེད་སྤྱོད་ཚོད་ལྟར་གྲུབ་འབྲས་ཐོན་པ་དེ་ནི་བོད་ཀྱི་གསོ་བ་རིག་པའི་མདུན་མཆོངས་ཆེན་པོ་ཞིག་དང་གསར་གཏོད་ཀྱི་རང་བཞིན་ཞིག་ལ་རྩིས་ཆོག་ཅིང༌། དེས་ད་དུང་སྨན་ལས་པའི་ལས་ཆོད་དང་ཚད་ལྡན་ངོ་བོ་གཅིག་ཏུ་བརྟན་སྲུང་བྱེད་དགོས་པའི་མེ་ཤུགས་རྙོག་འཛིངས་ཀྱི་གནད་དོན་དེ་ཡང་སེལ་ཐུབ་ཡོད།


བོད་ཤིང་ཁྱི་སྤྱི་ལོ་༡༩༩༤ ཟླ་༧ ཚེས་༡ནས་རང་གཞུང་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་ཚེ་རིང་བཀྲ་ཤིས་མཆོག་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་བ་ལྟར། ལོ་དེར་ཁོང་གི་ལས་འཆར་གྱི་ཐོག་མར་ྋགོང་ས་ྋལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྨན་རྩིས་ཁང་དུ་ཞབས་སོར་བཀའ་དྲིན་བསྐྱངས་གནང་ཡོང་བ་ཞེས་སྙན་སེང་ཞུས་པར་བཀའ་ཡི་གནང་བ་ཐོབ་སྟེ། སྤྱི་ཟླ་ ༦ ཚེས་ ༢༨ ཉིན་ཞབས་སོར་གྱི་བཀྲ་ཤིས་རེ་ཁ་མངོན་པར་འཁོད་ཐོག་གདན་ཞུ་དེའི་ཆེད་དུ་གྲ་སྒྲིག་འཐུས་ཚང་ཟིན་པའི་འགྲེམས་སྟོན་ལ་གཟིགས་ཞིབ་དང་། དེ་ནས་ཚོགས་ཁང་ཆེན་མོར་ཆིབས་བསྒྱུར་གྱིས་སྨན་རྩིས་ལས་སློབ་ཡོངས་ལ་བཀའ་སློབ་དང་སྦྲགས་སྨན་རྩིས་ཁང་གི་བྱེད་སྒོའི་སྐོར་ལ་ལམ་སྟོན་བཀའ་སློབ་ཟབ་མོ་གནང་དོན། དེང་སང་འཛམ་བུ་གླིང་འདིའི་སྒང་གསོ་དཔྱད་ཀྱི་རིག་གནས་འདྲ་མིན་ཡོད་པ་ཕན་ཚུན་གོ་བསྡུར་བྱས་ཚེ་རིག་པ་གསར་བ་རྙེད་རྒྱུ་ཏན་ཏན་ཡོད་སྲིད། ང་ཚོར་སྔར་གྱི་སྨན་གཞུང་གི་རྭ་བ་ལས་བརྒལ་ཏེ་གསར་གཏོད་ཀྱི་སྤོབས་པ་མེད་པའམ། བྱེད་འདོད་མེད་པ། ཡང་ན་འགན་མི་བཟོད་པ་དེ་འདྲའི་རིགས་བྱེད་མི་དགོས་པར། ཉམས་མྱོང་བསགས་ཤིང་ཚོད་ལྟ་བྱས་ན་སྔར་མེད་པའི་སྨན་གསར་དང༌། སྔར་མེད་པའི་སྨན་གྱི་སྦྱོར་ཐབས་གསར་བའི་རིགས་ཡོང་སྲིད་པ་རེད་ཅེས་དང༌། དེང་སང་འཛམ་གླིང་ནང་ང་རང་ཚོའི་བོད་སྨན་གྱི་འགྲོ་སྟངས་ལྟ་བུ་སྔོ་དང་རྩི་ཤིང་གི་རིགས་བེད་སྤྱོད་བྱས་ནས་བཟོས་པ་ལས་རྫས་སྦྱོར་འདྲ་མིན་ལ་བརྟེན་ནས་བཟོས་པ་མ་ཡིན་པའི་སྨན་ལ་དགའ་བོ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ཚུལ་སོགས་ཀྱི་བཀའི་གནང་བ་ཟབ་མོ་བཀའ་དྲིན་སྩལ།
དེ་བཞིན་དུ་དབུ་འཛིན་ཁོང་གིས་བོད་ཀྱི་སྨན་རྩིས་རིག་པ་དེ་དག་བོད་ཕྱི་ནང་དང༌། རྒྱལ་སྤྱིའི་ཐོག་ཉིན་རེ་བཞིན་སྙན་གྲགས་ཇེ་ཆེར་འགྲོ་བཞིན་པ་དང༌། དེ་དག་ལ་སློབ་སྦྱོང་ཞིབ་འཇུག་བྱེད་འདོད་ཡོད་པ་སྔར་གྱི་ལོ་རྒྱུས་ཀྱི་དུས་སྐབས་གང་དང་ཡང་མི་འདྲ་བར་མང་དུ་ཕྱིན་པ་དང་མཉམ་དུ། བོད་ཀྱི་གསོ་བ་རིག་པ་དེ་ཡང་ཤར་ནུབ་ཀྱི་མཐའ་མཚམས་མེད་པར་འཕེལ་རྒྱས་སུ་འགྲོ་འགོ་ཚུགས་པའི་དགོས་མཁོ་དང་བསྟུན་ནས་ལས་གཞིའི་འཆར་ཟིན་བཀོད། ཁོང་གི་སྐུ་རིང་ལ་སྔར་ཡོད་ཀྱི་རྨང་གཞི་ལ་འགྱུར་བ་ཆེ་ཙམ་བཏང་བའི་ཁོང་ནས་དཔེ་མཚན་དུ་བཀོད་ན།


དང་པོ་ནི། ལྕགས་སྤྲེལ་ལོར་ཉམས་ཞིབ་སྡེ་ཚན་གསར་འཛུགས་གནང་སྟེ་སྔར་གྱི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པའི་སྟེང༌། འཛིན་སྐྱོང་ནས་ཉེ་བའི་ལོ་ཤས་ནང་འཛམ་གླིང་ཤར་ནུབ་གང་སར་ཉིན་རེ་བཞིན་ཚན་རིག་ལག་རྩལ་གཅིག་མཇུག་གཉིས་མཐུད་ཀྱིས་གོང་འཕེལ་འགྲོ་བ་དང་ཕྱོགས་མཚུངས་ཛ་དྲག་གི་འགྲན་རྩོད་སྔར་ལས་ཤུགས་ཆེར་འགྲོ་བའི་སྐོར་ལ་ངོས་འཛིན་གཅིག་གྱུར་མཛད་དེ། བོད་ཀྱི་གསོ་རིག་གི་ཕུལ་དུ་བྱུང་བའི་གཞུང་དང་ལག་ལེན་རིགས་བརྒྱུད་འཛིན་མཐའ་གཅིག་ཏུ་བྱེད་པའི་རྨང་གཞིའི་ཐོག་དུས་བབས་གསར་བའི་འཕེལ་རྒྱས་དང་བསྟུན་ནས་ཚན་རིག་ཞིབ་འཇུག་བྱེད་ཐབས་ཀྱི་སྐོར་དང་། ནང་དོན་དང་དམིགས་ཡུལ་གསལ་བོ་ཡོང་བར་ལས་གཞི་སྣེ་མང་དང༌། གཞི་རྒྱ་ཆེ་རུ་གཏོང་དགོས་པར་དམིགས་ཏེ་སྔར་ཡོད་ཀྱི་ཉམས་ཞིབ་སྡེ་ཚན་དེ་བཞིན་ནད་བཅོས་ཉམས་ཞིབ་སྡེ་ཚན་དུ་བསྒྱུར་ནས་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་(AIIMS)དང་ཟུང་འབྲེལ་གྱིས་ནད་གཞི་དབུགས་བསགས་དང༌། ཡ་མ། གཅིན་སྙི་ཟ་ཁུ། གཉན་འབྲས་སོགས་ན་མཁན་ཇེ་མང་དུ་འགྲོ་བཞིན་པ་ལ་བོད་སྨན་ལུགས་ཀྱི་བཅོས་ཐབས་དང་ཕྱི་ལུགས་ལྟར་རྫས་འགྱུར་བརྟག་དཔྱད་བེད་སྤྱད་ནས་ནད་རྟགས་ངོས་འཛིན་དང་དངོས་འབྲེལ་དྲག་བསྐྱེད་བྱུང་མིན་ལ་བལྟ་རྒྱུ་བཅས་ཀྱི་དམིགས་ཡུལ་བཟུང་ནས་དམིགས་བསལ་ཡན་ལག་སྨན་ཁང་དང་ཉམས་ཞིབ་སྨན་པ་གཏན་འཁེལ་གྱིས་ཞིབ་འཇུག་ལས་འཆར་སྤེལ་ནས་ད་ལྟའི་བར་ཕན་འབྲས་ངེས་ཅན་ཐོན་ཡོད་ལ། རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་ནས་ཀྱང་ནད་པ་དེ་རིགས་ལྡི་ལི་ནི་ཛམ་མུ་ཏིན་སྨན་རྩིས་ཁང་ལ་ངོ་སྤྲོད་གནང་བཞིན་ཡོད།


གཉིས་པ་ནི། སྔོ་སྨན་གྱིས་མཚོན་པའི་སྨན་རྫས་རིགས་ཀྱི་ཉམས་ཞིབ་ལོགས་སུ་དབྱེ་སྟེ། སྨན་རྫས་ཉམས་ཞིབ་སྡེ་ཚན་ཞེས་པ་གསར་འཛུགས་གནང་རྗེས་སྔར་ཡོད་སྨན་རྩིས་ཁང་གི་སྨན་རྒྱུའི་ཐོན་ཁུངས་རྣམས་ཀྱི་སྟེང༌། སྨན་ལས་ཁག་བགོས་ཀྱིས་ལ་དྭགས་ཁུལ་དང༌། མ་ནཱ་ལིའི་རི་རྒྱུད། བལ་བོད་ས་མཚམས། རྒྱ་གར་ལྷོ་ཕྱོགས། འབྲས་ལྗོངས་སྣ་ཐོད་ལ་སོགས་སུ་སྨན་རྒྱུ་འཚོལ་ཞིབ་ཆེད་ཐེངས་མང་ཕྱོགས་ཕེབས་གནང་སྟེ་སྨན་རྒྱུ་མི་ཉུང་བ་ལག་སོན་བྱུང་ཡོད་ལ། ལོ་ལྟར་དགེ་སློབ་རྣམས་མཉམ་དུ་མ་ནཱ་ལའི་ཁུལ་དུ་སྨན་བཏོག་ལ་འགྲོ་བ་དང༌། སྔོ་སྨན་ངོ་སྤྲོད་དང་ཡིག་ཚད་གཏོང་ཕྱོགས་སོགས་སྔར་གྱི་སྲོལ་རྒྱུན་ཇི་བཞིན་ལག་ལེན་བྱས་སྟབས་དགེ་སློབ་ཚོའི་སྨན་རྫས་སྐོར་གྱི་ཤེས་ཡོན་ཀྱང་མཐོ་རུ་གཏོང་རྒྱུར་ཕན་འབྲས་གཟེངས་སུ་ཐོན་པ་བྱུང་བ་མ་ཟད། དུས་ཡུན་ཐུང་ངུའི་ནང་སྡེ་ཚན་འདི་ནས་ཐབས་ཤེས་སྣ་ཚོགས་བྱས་པ་བརྒྱུད་སླད་ཕྱིན་སྨན་རྒྱུ་ངོས་འཛིན་མ་ནོར་བ་དང༌། ལག་ལེན་འཕྱུག་པ་མེད་པ། ནད་ཐོག་སྨན་འཁེལ་ཡོང་རྒྱུར་རྨང་གཞི་སྲ་བརྟན་ཞིག་བཏིང་ཐུབ་པ་བྱུང་ཡོད།


གསུམ་པ་ནི། སྨན་རྩིས་མཐོ་སློབ་ཁང་ལ་སྔར་ཡོད་ཀྱི་འགྲོ་ལུགས་སྟེང་སྨན་རྩིས་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཐབས་དང༌། ཐུན་མོང་མ་ཡིན་པའི་སྔར་སྲོལ་བཟང་པོ་མི་ཉམས་རྒྱུད་འཛིན་ཐུབ་ཐབས་སུ། སྡེ་སྲིད་མི་ཡི་ཉི་མ་སངས་རྒྱས་རྒྱ་མཚོ་མཆོག་གི་དུས་སུ་ཕྱག་སྲོལ་མཛད་པའི་སྔོ་ཁྲོག་ངོ་བཤེར་གྱི་རྒྱུགས་བཞེས་གནང་སྲོལ་དེ་བཞིན་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གི་སློབ་སྟོན་འོག་སླར་གསོ་མཛད་པ་དང་། དེ་བཞིན་སྨན་རྩིས་མཐོ་སློབ་མཁས་དབང་གདན་ཞུས་གོ་སྒྲིག་ཚོགས་ཆུང་ནས་རེས་གཟའ་པ་སངས་དགོང་དྲོ་ནམ་འཆར་ལ་དགོན་སྡེ་དང༌། སློབ་གྲྭ། ཚོགས་པ་ཁག་ནས་དགེ་བཤེས་དང་རིག་གནས་ལོ་རྒྱུས་སོགས་ལ་མཁས་པའི་མི་སྣ་གདན་ཞུས་ཀྱིས་གསུང་བཤད་གནང་རྒྱུ་དང་། དེ་བཞིན་སློབ་ཕྲུག་དག་གིས་ཀྱང་མ་འོངས་གཏམ་བཤད་ཤུགས་ཆེན་སྤེལ་ཐུབ་ཐབས་སུ་སྔོན་འགྲོའི་གཏམ་བཤད་སྤྱོང་བརྡར་གནང་བའི་ལམ་སྲོལ་བཙུགས་ནས་སློབ་ཕྲུག་ནང་ཁུལ་བསམ་ཚུལ་བརྗེ་རེས་དང༌། མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་གྱི་རིག་པར་ལེགས་བྱང་ཡོང་བའི་ཆེད་དུ། མཐོ་སློབ་སློབ་ཕྲུག་ཁྲོད་ནས་རྩོམ་སྒྲིག་ཚོགས་ཆུང་འོས་འདེམས་གནང་སྟེ་བོད་དབྱིན་ཡིག་རིགས་གཉིས་ཀྱི་ལམ་ནས་གངས་རིའི་ལང་ཚོ་དུས་དེབ་གསར་དུ་འདོན་སྤེལ་གྱིས་ད་ལྟའང་མུ་མཐུད་ལོ་རེར་ཐེངས་རེ་དཔར་སྐྲུན་འདོན་སྤེལ་བྱས་དང་བྱེད་བཞིན་པ་ཡིན། ད་དུང་སློབ་མ་བསྡུ་ཕྱོགས་ཐད་ལ་ས་མིག་གཏན་འབེབས་ཀྱིས་གཞིས་ནས་ཕེབས་པའི་སློབ་མའི་ས་མིག་དང་། བྱེས་ནས་འཚར་བའི་སློབ་མའི་ས་མིག ཧི་མ་ལ་ཡའི་ས་མིག་དང་། ཕྱི་རྒྱལ་མི་རིགས་ཀྱི་ས་མིག རིས་མེད་གྲྭ་བཙུན་གྱི་ས་མིག་སོགས་ཁག་བགོས་གནང་། གྲྭ་བཙུན་དང་གཞིས་ཕེབས་སློབ་མ་རྣམས་ལའང་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཚད་དགོས་བ་ལས་གཞན་རྣམས་ལ་ཤེས་ཚད་འཛིན་རིམ་བཅུ་གཉིས་ཀྱི་ལག་ཁྱེར་དགོས་པ་དང་། དེ་དག་གང་ཡང་ཡིག་རྒྱུགས་ཀྱི་ལམ་ནས་བསྡུ་བཞེས་ཀྱི་ལམ་སྲོལ་གཏན་འབེབས་ཐག་གཅོད་གནང་།


བཞི་བ་ནི། སྔོ་སྦྱོར་སྡེ་ཚན་གསར་བཙུགས་དང་འབྲེལ་ཆེད་ལས་སྨན་པ་རྣམས་ནས་བཀོལ་སྤྱོད་བདེ་ལ་ཕན་ནུས་མྱུར་བའི་གསོ་རིག་སྨན་ཇ་སྣ་མང་དང༌། གསོ་རིག་སྨན་སྣ། གསོ་རིག་གཟིམ་སྤོས། གསོ་རིག་སྐྲ་སྣུམ། གཞན་ཡང་ཤ་གསོས་དང་སྟོབས་སྨན་སོགས་དེང་དུས་ཚན་རིག་དང་ཟུང་འབྲེལ་བྱས་ཏེ་ཐོན་རྫས་སྣ་མང་གསར་གཏོད་ཀྱིས་བཟོ་བསྐྲུན་མཛད།


ལྔ་བ་ནི། དེ་བཞིན་དངོས་རྫས་དེ་དག་གི་འགྲོ་ཁུངས་སྨན་རྩིས་ཚོང་ཟོག་ཕྱིར་ཚོང་སྡེ་ཚན་ཞེས་པ་ལྡི་ལིར་ཟུར་འཛུགས་གནང་སྟེ། ཚོང་ཟོག་ཐོན་དངོས་རྣམས་དུས་ཐོག་མཁོ་སྤྲོད་གནང་བ་དང༌། སྡེ་ཚན་དེ་ནས་རྒྱ་གར་ནང་ཁུལ་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་པའི་ཁེ་ལས་ཚོང་འབྲེལ་སྡེ་ཁག་ལ་བརྒྱུད་འཚོང་བྱེད་ཐུབ་པ་བྱུང་བ་དེས་སྨན་རྩིས་ཁང་གི་ཡོང་འབབ་ལ་འཕར་སྣོན་དང༌། བོད་ཀྱི་སྨན་རྩིས་རིག་པ་ཁྱབ་བསྒྲགས་དང་འབྲེལ་ཐོན་རྫས་ཚོང་འགྲེམས་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ཏེ་རྒྱལ་སྤྱིའི་ཚོང་རྭའི་ནང་འགྲོ་རྒྱུགས་ཀྱི་སྒོ་མོ་ཞིག་ཕྱེ་ཐུབ་པ་བྱུང༌བ་སོགས་ཀྱི་ལས་རིགས་མི་འདྲ་བ་མང་ཙམ་གསར་འཛུགས་བཀའ་དྲིན་བསྐྱངས།
ཤིང་ཕག་སྤྱི་ལོ་ ༡༩༩༥ལོའི་སྤྱི་ཟླ་ ༢ ཚེས་ ༡༠ ནས་ ༡༩ བར་དབུས་དང་ཡན་ལག་ཁག་གི་སྨན་སྤྲོད་རྣམས་ལ་སྨན་ཉར་ཚགས་བྱེད་སྟངས་དང་། སྨན་སྤྲོད་པའི་ལས་འགན་དང་ཞུ་སྒོ་ཁག་ཕན་ཚུན་ལ་འདས་པའི་ཉམས་མྱོང་སྤེལ་རེས་དང་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན། དེ་བཞིན་དངུལ་རྩིས་ཀྱི་རྨང་གཞི་ཤེས་བྱ་ཡར་རྒྱས་སུ་གཏོང་ཆེད་དུས་ཐུང་རིང་ཟབ་སྦྱོང་གོ་སྒྲིག་ཞུས།
ད་དུང་སྨན་བཅོས་ཀྱི་ཉམས་མྱོང་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་ཞིག་ཀྱང་སྤྱི་ལོ་༡༩༩༥ཟླ་ ༣ ཚེས་ ༡༥ ནས་ཉིན་གསུམ་རིང་སྨན་རྩིས་ཚོགས་ཁང་ཆེན་མོར་བསྐོང་ཚོགས་གནང་ཞིང༌། ཚོགས་མགོན་དུ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཆོས་སྲིད་ཀྱི་མཛད་བྲེལ་ཧ་ཅང་ཆེ་ཡང་ཐུགས་བརྩེས་མ་དོར་བར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སྨན་རྩིས་ལས་སློབ་ཡོངས་ལ་མ་འོངས་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་བ་མ་ཟད། རྒྱ་གར་སྔར་སྲོལ་གྱི་ཚེའི་རིག་བྱེད་དང་ཡར་ཐོན་རྒྱལ་ཁབ་ཁག་གི་གསོ་རིག་ལས་ལེགས་ཆ་བླངས་ཏེ་རང་རེའི་གསོ་བ་རིག་པའི་བསྟན་པ་མུ་མཐུད་ཡར་རྒྱས་གཏོང་དགོས་ཞེས་དང༌། བོད་མི་རིགས་ལ་དངོས་གནས་གཏིང་ཟབ་པོ་དང༌། རྒྱ་ཆེན་པོ། མི་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པའི་སྨན་རྩིས་ཀྱི་རིག་གཞུང་འདི་ལྟ་བུ་ཡོད་པ་ནི་ང་རང་ཚོའི་མི་རིགས་ཀྱི་སྤོབས་པ་སྐྱེ་བའི་རྒྱུ་དང༌། མི་རིགས་ཀྱི་བདེན་པ་རྩོད་པའི་རྒྱུ་ཡང་ཆགས་ཡོད་ཅེས་དང༌། ང་ཚོའི་སྨན་འདི་ཙི་ཙི་དང༌། ཨ་བྲ། རི་བོང་སོགས་སེམས་ཅན་གཞན་གྱི་ཚེ་སྲོག་ལ་ཕངས་མེད་ཐོག་རྩེད་མོ་རྩེས་ནས་སྨན་སྦྱོར་བྱས་པ་ཞིག་མིན་པར་སེམས་ཅན་ཡོངས་ལ་ཕན་པ་བསྒྲུབ་པའི་བརྩེ་སེམས་ཀྱིས་ཀུན་ནས་བསླངས་ཏེ་ནད་གསོ་བའི་ཐབས་ལམ་ཞིག་ཡིན་པས་དགེ་མཚན་གཅིག་དང༌། གཉིས་ནས་ང་རང་ཚོའི་སྨན་འདི་རང་བཞིན་གྱི་སྔོ་ལ་སོགས་པ་དང༌། རིན་པོ་ཆེའི་རིགས། ལྕགས་རིགས་ལ་སོགས་པ་རང་བྱུང་གི་གྲུབ་ཆའི་རིགས་ཀྱིས་བཟོས་པ་མ་གཏོགས་རྫས་སྦྱོར་འདྲ་མིན་གྱིས་བཟོས་པ་ཞིག་མིན་པས་དེའི་ཆ་ནས་ཁྱད་ཆོས་ཡོད་པ་གཅིག་བཅས་ཁྱད་ཆོས་གཉིས་ལྡན་ཡོད་པ་སོགས་སྙིང་པོ་ཅན་གྱི་བཀའ་སློབ་བླ་ན་མེད་པ་བཀའ་དྲིན་སྩལ། དེ་ནས་ཉིན་ཤས་ཚོགས་དུས་རིང་མཛད་རིམ་གཞིར་བཟུང་སྨན་བཅོས་ཉམས་མྱོང་གི་བགྲོ་གླེང་ལྷུག་པོར་གནང་བ་མ་ཟད། ད་དུང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སྐོར་དང༌། དེ་སྔོན་ཚོགས་ཆུང་ཟུར་འཛུགས་ཀྱིས་བཟོས་པའི་སྒྲིག་གཞི་དེར་སྤྱི་ཚོགས་འཕེལ་རྒྱས་དུས་བབ་དང་བསྟུན་བསྐྱར་བཅོས་ཟིན་བྲིས་བཀོད་དེ་ཚོགས་ཐོག་སྦྱངས་བཤད་དང༌། གོ་བསྡུར་ལྷུག་པོ་གནང་སྟེ་གཏན་འབེབས་ཐུབ་པ་བྱུང༌། ལོ་དེའི་ནང་བོད་ཡིག་དང་དབྱིན་ཡིག་སོ་སོའི་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་ཀྱིས་སྨན་རྩིས་དུས་དེབ་བཏོན་འགོ་ཚུགས་པ་དང་དེ་ཡང་ལོ་རེར་ཐེངས་རེ་འདོན་སྤེལ་བྱེད་རྒྱུ་གཏན་འབེབས་ཀྱིས་ད་ལྟའི་བར་འདོན་སྤེལ་བྱེད་བཞིན་ཡོད།


དྲུག་པ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་སྨན་རྩིས་རིག་པ་འདིར་དེང་དུས་རྒྱལ་སྤྱིའི་ནང་ཉིན་རེ་བཞིན་དོ་སྣང་བྱེད་མཁན་གཞི་རྒྱ་ཆེ་རུ་འགྲོ་མུས་ཀྱིས་ཕྱི་ནང་གང་ས་ནས་སྨན་རྩིས་དང་འབྲེལ་བའི་གླེང་ཕྱོགས་འདྲ་མིན་ཡོང་རིགས་རྣམས་ལ་ལན་འདེབས་དང༌། འབྱུང་འགྱུར་ཉམས་ཞིབ་བྱ་རྒྱུའི་དགོས་མཁོར་དམིགས་པའི་ཡིག་ཆ་འཚོལ་སྒྲུབ་དང༌། རྩོམ་སྒྲིག དབྱེ་ཞིབ། བདག་གཉེར། ཞིབ་འཇུག དཔར་སྐྲུན་སོགས་གནད་དོན་ཇི་སྙེད་ཅིག་ལག་བསྟར་དགོས་པར་མ་ཟད། སྨན་རྩིས་ཁང་ནི་སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀ་བྱེད་རྒྱུ་ཁོ་ན་མ་ཡིན་པར་བོད་ཀྱི་སྨན་རྩིས་རིག་གནས་བརྒྱུད་འཛིན་གོང་འཕེལ་ཐོག་ཚན་རིག་ལག་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་རྒྱུའི་ལས་འགན་གཞན་ལ་དཀྲི་ཐབས་མེད་པ་ཞིག་ཡིན་སྟབས། སྔོན་བྱོན་མཁས་དབང་རྣམས་ཀྱིས་རྩ་ཆེའི་རིག་དངོས་དང༌། པར་ཤིང༌། དཔེ་ཆ་བྲིས་མ་མང་པོ་གསོག་འཇོག་གནང་སྟེ་ཁྱིམ་རྒྱུད་ནོར་བུ་ལྟར་ཤིན་ཏུ་གཙིགས་ཆེན་གནང་གི་ཡོད་རུང་རྒྱ་དམར་གཞུང་ནས་རིག་གནས་གསར་བརྗེ་སོགས་ལ་ཁ་གཡར་ཏེ་ཉ་ཉུང་མཉམ་བསྲེས་ཀྱིས་བཟང་ངན་དབྱེ་བ་མེད་པར་ཐམས་ཅད་མེར་བསྲེགས་ཆུར་བསྐྱུར་གྱིས་གཏོར་བཤིག་ཚབས་ཆེན་ཕོག་པ་དེ་དག་ཉམས་གསོ་དང༌། འཚོལ་བསྡུ་བྱེད་ཆེད་སྨན་རྩིས་མི་སྣ་དྲག་གྲས་ཟུར་འཐེན་གྱིས་སྤྱི་ལོ་༡༩༩༥ཕྱི་ཟླ་ ༥ ཚེས ༡ ཉིན་རྩོམ་སྒྲིག་དང༌། དཔར་སྐྲུན་སྡེ་ཚན་གསར་འཛུགས་གནང་སྟེ་ལས་འགོ་ཚུགས་པ་ནས་བཟུང་ད་བར་དཔེ་རྒྱུན་དཀོན་ཞིང་སྐད་གྲགས་ཡོད་པའི་སྐྱེམས་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་འགྲེལ་པ་དང༌། གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་ཉམས་ཡིག་བརྒྱ་རྩ། གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་སྨན་གཞུང་ཆ་ལག་བཅོ་བརྒྱད། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་གཅེས་བསྡུས་འཆི་མེད་ནོར་ཕྲེང་། སྨིན་གླིང་ལོ་ཆེན་ངྷརྨ་ཤྲིའས་མཛད་པའི་རྩིས་གཞུང་ཉིན་བྱེད་སྣང་བའི་དཀའ་འགྲེལ་གསེར་ཤིང་། ཁྱུང་ནག་པས་མཛད་པའི་བརྒྱ་རྡེལ་འགྲེལ་བ་ཚེ་རབས་ལས་རྩིས་སོགས་དཔེ་རྙིང་མང་པོ་ཞིག་དཔར་སྐྲུན་ཞུས་ཏེ་རྒྱ་བལ་འབྲུག་གསུམ་དང༌། བོད་ནང༌། ནུབ་ཕྱོགས་རྒྱལ་ཁབ་བཅས་པར་བླུ་ཡོན་ཞུས་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་མང་དག་ཡོད་པ་ཚོས་དཔེ་དེབ་དེ་དག་མཐོང་བར་དགའ་སྤྲོའི་རྣམ་པ་བསྟན་པ་དང་སྦྲགས་བསྔགས་བརྗོད་ཡང་ཡང་གནང་གི་ཡོད། དེ་བཞིན་དཔེ་མཛོད་ཚོགས་ཆུང་ཟུར་འཛུགས་ཀྱིས་སྨན་རྩིས་ཁང་ལ་སྔར་ཡོད་ཕྱག་དཔེ་རྣམས་ཀྱི་སྟེང༌། ྋརྒྱལ་བའི་བཀའ་བསྟན་རིན་པོ་ཆེ་བླུ་ཉོ་དང༌། ངྷ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཡིག་ཚགས་ཁང་ཆེན་མོ་དང༌། གདན་ས་གསུམ་དང་རྒྱུད་སྟོད་སྨད་ཀྱིས་གཙོས་པའི་དགོན་སྡེ་ཁག་གི་དཔེ་མཛོད། གཡུང་དྲུང་བོན་གྱི་དཔེ་མཛོད་ཁག གཞན་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོགས་སྡེ་དང་མི སྒེར་གྱི་ཕྱག་ཏུ་ཡོད་པའི་དཔེ་ཆ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་འཚོལ་བསྡུ་བྱས་འབྲས་སུ་ད་ཆ་སྨན་རྩིས་དཔེ་མཛོད་ཁང་དུ་ཕྱག་དཔེ་ཁག་སྒྲིག་གཤོམ་དང་དོ་དམ་སོགས་མཐུན་རྐྱེན་འཛོམས་པ་དང༌། ཕྱག་དཔེ་མང་བ། དཀར་ཆག་གསལ་བ་བཅས་ཀྱིས་ད་བཞུགས་སྨན་རྩིས་སློབ་གཉེར་བ་རྣམས་དང༌། ཞིབ་འཇུག་གནང་མཁན་ཚོ་ལ་སྐུ་ངལ་དང་འབད་བརྩོན་ཆེན་པོ་གནང་མི་དགོས་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ཆ་རྐྱེན་བྱུང་བ་དེས་སྨན་རྩིས་རིག་གནས་ལོ་རེ་བཞིན་གོང་འཕེལ་དང་མདུན་བསྐྱོད་ཐུབ་པར་ཕན་ནུས་ངེས་ཅན་ཐོན་བཞིན་ཡོད།
མེ་བྱ་སྤྱི་ལོ་ ༡༩༩༦ལོ། སྤྱི་ཟླ་ ༣ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་འབྲས་ནད་དང་གཅིན་སྙི་ནད་གཞི་གཉིས་གཙོ་བཟུང་ཐོག་བོད་སྨན་ནད་བཅོས་ཉམས་ཞིབ་ཀྱི་ཚོགས་ཆེན་བསྡུ་བསྐོང་གནང་སྟེ། འཚོ་བྱེད་སློབ་དཔོན་ཆེན་མོ་རྣམ་གཉིས་ཀྱིས་གཙོས་པའི་སྨན་པ་མཁས་པ་མང་པོས་གོང་གསལ་ནད་རིགས་གཉིས་བརྗོད་བྱར་གཙོ་བཟུང་གིས་ལོ་མང་རིང་བསགས་པའི་ཉམས་མྱོང་གསུང་བཤད་དང༌། བགྲོ་གླེང༌། དོགས་གཅོད་སོགས་གནང་བ་མ་ཟད། ཚོགས་ཐོག་ཏུ་ཕྱི་ལུགས་སྨན་པ་མཁས་པ་གདན་འདྲེན་གྱིས་ཕྱི་ལུགས་ནས་གོང་གསལ་ནད་རིགས་གཉིས་ཀྱི་ངོས་འཛིན་ཚུལ་དང༌། ཉམས་ཞིབ་བྱེད་སྟངས་སོགས་ལེགས་ཆ་བླངས་ཏེ་བོད་སྨན་ནད་བཅོས་ཉམས་ཞིབ་ཀྱི་ལས་དོན་དེ་དུས་རབས་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བཏང༌།
སྤྱི་ལོ་༡༩༩༦ལོའི་ཟླ་ ༣ ཚེས ༢༠ ནས་ ༢༢ བར་ཉིན་གསུམ་རིང་བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་བསྐྱངས་ཏེ་ཕྱོགས་མཐའི་མཁས་པ་མང་པོ་ཞིག་ཚོགས་ཐོག་ཏུ་གདན་ཞུས་བྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་རྩིས་ཀྱི་སྐོར་ལ་གསུང་བཤད་དང༌། བགྲོ་གླེང༌། དཔྱད་རྩོམ་ཁག་སྒྲོག་སྦྱངས་གནང་བ་དེ་ནི། དེང་གི་དུས་འདིར་ཉག་ཕྲ་ལ་ཉམས་པར་ཕྱོགས་པའི་སྐར་ནག་རྩིས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་ཆེད་ལྕགས་གླང་སྤྱི་ལོ་༡༩༦༡ལོར་རྩིས་ཁང་གསར་འཛུགས་ཀྱིས་ཚང་མས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་འབད་བརྩོན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་མ་ཟད། བཙན་བྱོལ་དུ་གནས་ནས་ལོ་ངོ་སུམ་ཅུ་སོ་གྲངས་ཤིག་གི་རིང་བོད་ཀྱི་སྐར་ནག་རྩིས་ཀྱི་སྐོར་ལ་བསྐྱངས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཡང་ཆགས་ཡོད་ལ། དེས་ད་དུང་ང་ཚོས་སྲོལ་རྒྱུན་གྱི་རྩིས་རིག་དཀར་ནག་དབྱངས་གསུམ་དང༌། དེང་དུས་ཀྱི་གནམ་དཔྱད་ཚན་རིག་ཟུང་འབྲེལ་བྱས་ཏེ་ཉི་ཟླ་སྐར་གསུམ་གྱི་འཁོར་འགྲོས་དང༌། སའི་གོ་ལའི་འགྱུར་ལྡོག བར་སྣང་རླུང་ཁམས་ཀྱི་ཤུགས་རྐྱེན་སྐོར་བཅས་ལ་ཞིབ་འཇུག་བྱེད་རྒྱུར་འགྲོ་ལམ་ཡང་རྙེད་ཐུབ་ཡོད་པ་རེད།
སྤྱི་ལོ༡༩༩༦ཟླ་ ༩ ཚེས་ ༡༧ ནས་ ༢༡ བར་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དར་ཁྱབ་དང༌། རིས་སུ་མ་ཆད་པའི་འཛམ་གླིང་སྐྱེ་འགྲོ་རྣམས་དུས་མིན་འཆི་བའི་འཇིགས་པ་ལས་སྒྲོལ་བའི་སླད་དུ་དབྱིན་ཡིག་ཐོག་ཕྱི་མི་དོན་གཉེར་ཅན་རྣམས་ལ་བོད་སྨན་གྱི་རྨང་གཞིའི་ཤེས་བྱའི་དུས་ཐུང་ཟབ་སྦྱོང་ཐེངས་དང་པོ་དེ་ཚུགས།
ས་སྟག་སྤྱི་ལོ་ ༡༩༩༨ལོའི་སྤྱི་ཟླ་ ༡ ཚེས་ ༡༥ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་སྤྱི་སྩལ་དགོངས་དོན་བཞིན། སྨན་རམས་པ་ཉ་རོང་ཤར་ཀུན་དགའ་འགྱུར་མེད་ལགས་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོའི་ྋབླ་སྨན་གཞོན་པར་བསྐོ་བཞག་གནང༌། ཁོང་ནི་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྤྱི་ལོ་༡༩༣༥ལོར་མཁས་དབང་ཉ་རོང་ཤར་རིག་འཛིན་ལྷུན་གྲུབ་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། དགུང་ལོ་དྲུག་ནས་བཟུང་ཡབ་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ་སྨན་དཔྱད་རིག་གནས་བཅས་ལ་སྦྱངས་པ་མ་ཟད། དགུང་ལོ་བཅུ་བདུན་སྟེང་སྨན་དཔྱད་ཀྱི་ཕྱག་ལས་གནང་འགོ་ཚུགས་པ་དང༌། རབ་བྱུང་བཅུ་བདུན་པའི་ཤིང་བྱི་སྤྱི་ལོ་༡༩༨༤ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བཀའ་འབྲེལ་བཞིན་རྒྱལ་ས་ལྡི་ལི་གསར་པའི་ནི་ཛམ་མུ་ཏིན་ཡན་ལག་སྨན་ཁང་དུ་ལོ་བཅུ་ཙམ་རིང་རྒྱ་གར་དང་ཕྱི་རྒྱལ་གྱི་དཔོན་རིགས་ཁག་གཙོས་པའི་ནད་པ་མང་པོར་སྨན་བཅོས་དང༌། དེ་རྗེས་བཞུགས་སྒར་ངྷ་སྟེང་ཡན་ལག་སྨན་ཁང་སོགས་སུ་སྨན་པའི་ལས་འཁུར་བཞེས་གནང་བ་མ་ཟད། སྔ་རྗེས་སུ་ཨ་རི་དང་། ཨོ་སི་ཌི་ལི་ཡ། ཧོ་ལན་ཌི། སུད་སི། ཧོང་ཀོང༌། ཐད་ལན་ཌི། བལ་ཡུལ་སོགས་རྒྱལ་ཁབ་མང་པོས་གདན་ཞུས་གནང་བ་ལྟར་ཆིབས་བསྒྱུར་གྱིས་ནད་པའི་འགྲོ་དོན་བསྐྱངས་ཏེ་རྒྱལ་ཁབ་ཕྱི་ནང་དུ་སྨན་པ་མཁས་པའི་མཚན་སྙན་ལྡན་པ་ཞིག་ཡིན་ལ་སྤྱི་ལོ་༢༠༠༣ལོའི་ཟླ་༡༡པའི་ཚེས་༢༩ཉིན་རྒྱ་ས་ལྡི་ལིར་དགོངས་པ་ཆོས་དབྱིངས་སུ་འཐིམ།
སྨན་རྩིས་སློབ་ཐོན་རིམ་བྱུང་རྣམས་ཀྱི་ཆེད་མ་འོངས་ལག་བསྟར་བྱ་རྒྱུའི་སྨན་རྩིས་ཀྱི་གཞུང་ཚད་ལམ་ནས་གནས་འཕར་འགྲོ་ལུགས་ཀྱི་སྒྲིག་གཞི་གཏན་འབེབས་ཇི་བྱུང་རྩོམ་སྒྲིག་དང་དཔར་སྐྲུན་སྡེ་ཚན་ནས་དེབ་གཟུགས་སུ་བསྒྲིགས་ཏེ་འབྲེལ་ཡོད་ཚང་མར་འགྲེམས་སྤེལ་ཞུས་ཡོད།


དང་པོ། དེ་ཡང་གཏན་འབེབས་གནང་བ་བཞིན་ལག་བསྟར་གནང་གཏན་འཁེལ་བའི་སྨན་པ་དཀའ་བཅུ་བའི་གཞུང་ཚད་ནི་སྔར་ཡོད་སྨན་རྩིས་མཐོ་སློབ་ཀྱི་གཞུང་ཚད་རང་འཇགས་ཡིན།


གཉིས་པ། སྨན་རམས་པ་ཆུང་བའི་གཞུང་ཚད་ནི། བཤད་འཁྲིད་ཁོངས་སུ་རྒྱུད་བཞི་གཙོ་བོར་བཞག་ཡོད་པ་དང༌། ལག་ལེན་དམར་འཁྲིད་ཁོངས་སུ་རྩ་དང༌། ཆུའི་བརྟག་ཐབས། སྨན་མར་དང་ཁཎྜ་བཟོ་སྟངས། དུགས་ལུམས་བྱུག་པའི་བཟོ་སྟངས་དང་རྒྱག་ཚུལ་གྱི་ལག་ལེན། གཏར་བསྲེག་གཉིས་ཀྱི་མཐོང་རྒྱུད་ལག་ལེན། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ཁྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོད་འཇོའི་བུམ་བཟང༌། ལུས་ཐིག་ཟླ་བ་ནོར་བུ་བཅས་དང༌། ལོ་རྒྱུས་ཁོངས་གསོ་རིག་ཀུན་འདུས་ནང་ཡོད་པའི་ལོ་རྒྱུས་སྙིང་བསྡུས་བཅས་ཡིན།


གསུམ་པ། སྨན་རམས་པ་འབྲིང་བའི་གཞུང་ཚད་ནི། བཤད་འཁྲིད་ཁོངས་སུ་རྒྱུད་བཞི་གཞིར་བཞག་སྟེང༌། མན་ངག་ལྷན་ཐབས་ལས་གཉན་རིམས་བཅོ་བརྒྱད། སྨན་དང་འབྲེལ་ཡོད་ནང་དོན་རིག་པའི་སྐོར། ལམ་གྱི་གཙོ་བོ་རྣམ་གསུམ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཤེལ་ཕྲེང་བཅས་དང༌། ལག་ལེན་དམར་འཁྲིད་ཀྱི་ཁོངས་སུ་ཕྱི་རྒྱུད་ལས་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་དང་བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་སྟེ་ལས་ལྔ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བཏུས། ལོ་རྒྱུས་ཁོངས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་བཅས་ཡིན།


བཞི་པ། སྨན་རམས་པ་ཆེ་བའི་གཞུང་ཚད་ནི། བཤད་འཁྲིད་ཁོངས་སུ་དཔལ་ལྡན་རྒྱུད་བཞི་གཞིར་བཞག་སྟེང༌། གཡུ་ཐོག་ཡོན་ཏན་མགོན་པོའི་ཆ་ལག་བཅོ་བརྒྱད། སྐྱེམས་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་འགྲེལ་བ། ཡན་ལག་བརྒྱད་པའི་འགྲེལ་བ་ཟླ་ཟེར་བཅས་དང༌། ལག་ལེན་དམར་འཁྲིད་ཀྱི་ཁོངས་སུ། དངུལ་ཆུ་བཙོ་ཐལ་གྱི་ཁྲིད་ལུང་དང་ལག་ལེན། རྩ་སྦྱོང་གི་ལག་ལེན། སྨན་དང་འབྲེལ་ཆགས་ནང་དོན་རིག་པའི་སྐོར། གཡུ་ཐོག་སྙིང་ཐིག་གི་ཆོས་འཁོར་ལས་བླ་སྒྲུབ་སྡུག་བསྔལ་མུན་སེལ་དང༌། སྨན་སྒྲུབ་དྲང་སྲོང་དགོངས་རྒྱན་བཅས་ཡིན།


ལྔ་བ། མཁས་དབང་འཚོ་བྱེད་སློབ་དཔོན་ཆེན་མོ་ནི། གོང་བཀོད་དག་གི་སྟེང་གསོ་བ་རིག་པའི་སྐོར་ལ་རྩོམ་གཞི་གང་རུང་ཞིག་གི་ཐོག་རིགས་གཅིག་རྐང་འཛིན་གྱི་བསྟན་བཅོས་ཚད་ལྡན་ཤོག་ལྷེ་རེར་ཚིག་འབྲུ་སུམ་བརྒྱ་བྱས་པ་ཤོག་གྲངས་བརྒྱ་དང་ལྔ་བཅུ་ལས་མ་ཉུང་བ་བརྩམས་བྲིས་ཁུངས་ལྡན་བྱུང་ན་དང༌། ཡང་ནྋརྒྱལ་བའི་བླ་སྨན་པ་ཐད་བསྐོས་གནང་རིགས་ལ་འཚོ་བྱེད་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་རྒྱུ་ལས་གཞུང་ཚད་དམིགས་བསལ་མི་དགོས་པ་གཏན་འཁེལ་ཡོད་པ་རེད།


རྩིས་པའི་གཞུང་ཚད་གཏན་འབེབས་བྱས་པ་ཁག

དང་པོ། རྩིས་པ་དཀའ་བཅུ་བའི་གཞུང་ཚད་ད་ཡོད་སྨན་རྩིས་མཐོ་སློབ་ཁང་ནས་གཏན་འབེབས་གནང་བའི་གཞུང་ཚད་ལྟར་ཡིན།


གཉིས་པ། རྩིས་རམས་པ་ཆུང་བའི་གཞུང་ཚད་ནི། སྐར་རྩིས་ཁོངས་ཚེས་ཞག་གཟའ་ཚེས་སྐར་སྦྱོར་བྱེད་པ་སྟེ་ཡན་ལག་ལྔའི་གོ་དོན། ཉིན་ཞག་ལྔ་བསྡུས་ཀྱི་གོ་དོན། ཁྱིམ་ཞག་ལྔ་བསྡུས་ཀྱི་གོ་དོན། ཚེས་ཞག་སྒྲ་གཅན་གྱི་གོ་དོན། ཉིན་ཞག་སྒྲ་གཅན་གྱི་གོ་དོན། ཁྱིམ་ཞག་སྒྲ་གཅན་གྱི་གོ་དོན། ཉིན་ཞག་གཟའ་ལྔ་སྟེ་བཀྲ་ཤིས་དང༌། བླ་མ། དལ་འགྲོ། ཟླ་སྲས། དཀར་པོ་བཅས་ཀྱི་དལ་བ་དང༌། མྱུར་བའི་གོ་དོན། དུ་བའི་ལོངས་སྤྱོད་རི་མོ་རྒྱག་ཚུལ་གྱི་ལག་ལེན་དང༌། དེའི་གོ་དོན་ཕྱི་ནང་གཞན་གསུམ་ལ་སྦྱར་ཚུལ་གྱི་མན་ངག་བཅས། ཁྱིམ་ཞག་གཟའ་ལྔའི་དལ་མྱུར་གྱི་གོ་དོན་བཅས་དང༌། འབྱུང་རྩིས་ཁོངས། བཻ་དཀར་ལས་ཚེ་རབས་ལས་རྩིས་ཀྱི་རྒྱས་བཤད་འདོན་སྟངས་ལག་ལེན། ཀེག་རྩིས་དང༌། བག་རྩིས། ནད་རྩིས། གཤིན་རྩིས་བཅས་ཀྱི་རྒྱས་བཤད་འདོན་སྟངས་བཅས་དང༌། དབྱངས་འཆར་ཁོངས་སུ་ཀུན་གཟིགས་དབྱངས་འཆར་ཆེ་མོ་ཤེལ་གྱི་མེ་ལོང་ལས་སྐབས་དང་པོ་འབྲས་རྩིས་འདོད་འབྱུང་ནོར་བུའི་ལྗོན་པ་རྒྱས་པའི་བརྩི་ཚུལ་དང་ལག་ལེན་བཅས་སོ། །


གསུམ་པ། རྩིས་རམས་པ་འབྲིང་བའི་གཞུང་ཚད་ནི། སྐར་རྩིས་ཁོངས་ནས་ཉིན་བྱེད་སྣང་བའི་ཞག་གསུམ་རྣམ་དབྱེའི་སྐོར། གཟའ། ཉི། ཟླ། སྦྱོར་བ། བྱེད་པ་ལྔ་དང༌། གཟའ་ལྔ། སྒྲ་གཅན། དུ་བ་བཅས་རྣམ་གྲངས་བཅུ་གཉིས་པོ་ཉིན་ཚེས་ཁྱིམ་གསུམ་གྱི་དབྱེ་བ་ས་བཅད་སོ་དྲུག་པོའི་རི་མོའི་ལག་ལེན་དང་གོ་དོན། འབྱུང་རྩིས་ཁོངས། བཻ་དཀར་ས་བདག་གི་ལེའུའི་ལག་ལེན། ཨ་ཁུ་ཤེས་རབ་རྒྱ་མཚོའི་རྒྱ་རྩིས་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་གྱི་རི་མོའི་ལག་ལེན། དབྱངས་འཆར་ཁོངས་ཀུན་གཟིགས་ཤེལ་གྱི་མེ་ལོང་ལས། སྐབས་གཉིས་པ་རྩིས་ཕྲན་མེ་ཏོག་གཞོན་ནུའི་ཕྲེང་བ་དང༌། སྐབས་གསུམ་པ་དུས་སྦྱོར་བརྟག་པ་བླང་དོར་གསལ་བའི་མིག་བཟང་གཉིས་ཀྱི་བརྩི་ཚུལ་དང་ལག་ལེན། ནང་ཆོས་ཁོངས་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཡིན།


བཞི་བ། རྩིས་རམས་པ་ཆེ་བའི་གཞུང་ཚད་ནི། སྐར་རྩིས་ཁོངས་ཉིན་བྱེད་སྣང་བའི་སྟོང་འཇུག་དང་ངེས་པ་སླར་སྐྱེ་ཚུལ་སྐོར་ས་བཅད་བརྒྱ་དང་བརྒྱད་ཀྱི་རི་མོའི་ལག་ལེན་དང་གོ་དོན། འབྱུང་རྩིས་ཁོངས་བཻ་དཀར་ས་དཔྱད་ལེའུའི་ལག་ལེན་དང༌། འབྱུང་རྩིས་ཁོག་དབུག་གི་གཞུང་བཤད། དབྱངས་འཆར་ཁོངས་ཀུན་གཟིགས་ཤེལ་གྱི་མེ་ལོང་ལས་སྐབས་བཞི་པ་ཕ་རོལ་གཡུལ་འཇོམས་རྩིས་རིག་འབར་བའི་རྡོ་རྗེ་དང༌། སྐབས་ལྔ་བ་ཡུལ་སྡེ་སྤྱི་དང་བྱེ་བྲག་གི་སྐྱེ་དགུའི་བདེ་དྭོགས་ལུང་སྟོན་པ་རིན་ཆེན་སྒྲོན་མེ་གཉིས་ཀྱི་བརྩི་ཚུལ་དང་ལག་ལེན། ནང་ཆོས་ཁོངས་དུས་འཁོར་སྒྲུབ་ཐབས་སྐོར་བཅས་སོ། །


ལྔ་པ། རྩིས་རིག་སློབ་དཔོན་ཆེན་མོ་ནི། རིགས་གཅིག་རྐང་འཛིན་གྱིས་རྩིས་རིག་དཀར་ནག་དབྱངས་གསུམ་གང་རུང་ཞིག་གི་ཐོག་བསྟན་བཅོས་ཚད་ལྡན་ཤོག་ལྷེ་རེར་ཚིག་འབྲུ་སུམ་བརྒྱ་བྱས་པ་ཤོག་ལྷེ་བརྒྱ་དང་ལྔ་བཅུ་ལས་མི་ཉུང་བ་བརྩམས་བྲིས་ཁུངས་ལྡན་བྱུང་ན་དང༌། ཡང་ན། ྋརྒྱལ་བའི་སྐུའི་བླ་རྩིས་པར་བསྐོ་བཞག་གནང་རིགས་ལ་མཁས་དབང་རྩིས་རིག་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་རྒྱུ་ལས་གཞུང་ཚད་དམིགས་བསལ་མི་དགོས་པར་གཏན་འཁེལ་གནང་བ་དང༌། ཡང་གོ་རིམ་སོ་སོར་འཕར་ལུགས་ཇི་ཡོད་དང་འཕར་སྟངས་སོགས་ཀྱང་ཞིབ་ཕྲ་བཀོད་ཡོད་པ་རེད།
བོད་གཞུང་སྨན་རྩིས་ཁང་འདིའི་ཞུ་བྱའི་གཙོ་བོར་གྱུར་བའི་ལས་འགན་ནི་འཛམ་གླིང་སྤྱི་དང༌། བྱེ་བྲག་རང་རེ་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་སྲིད་ཞིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས་ྋསྐུའི་བླ་སྨན་རྣམས་ནས་སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་རྣམས་རྒྱུད་གཞུང་མན་ངག་དང་མཐུན་པ་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུས་གནང་མཛད་པ་དང༌། བླ་རྩིས་པ་ནས་དཀར་ནག་དབྱངས་གསུམ་རྩིས་ཀྱི་གཞུང་ལུགས་ནས་སྐུ་ཡི་དགུང་ཀེག་ཀེག་རྩིས་ཀྱང་འཚེམ་ལུས་མེད་པར་འབུལ་ལམ་ཞུས་འབྲས་སུ། མཚན་དཔེ་འབར་བའི་སྐུའི་དཀྱིལ་འཁོར་ལ་འགལ་རྐྱེན་ཕྲ་མོ་ཙམ་ཡང་མ་བཞེས་པར་ཆོས་སྲིད་ཀྱི་མཛད་འཕྲིན་འཛམ་གླིང་ཡོངས་ལ་ཁྱབ་དང་ཁྱབ་བཞིན་པ་ནི་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་ལས་མཐུན་གྱི་བསོད་ནམས་དང་འཛམ་བུ་གླིང་པ་སྤྱིའི་བསོད་ནམས་ཀྱང་ཡིན་པ་ཤ་རུས་ཐང་གསལ་ཡིན་ནོ། །


སྨན་རྩིས་ཁང་གི་ཚོགས་སྡེ་འདི་ལ་གྲུབ་ཚུལ་གྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང༌། རིག་གཞུང་སྡེ་ཚན་ཞེས་རིགས་གཉིས་སུ་ཕྱེ་ཡོད།


དང་པོ། འཛིན་སྐྱོང་ཁོངས་སུ་ཡོད་པའི་སྡེ་ཚན་ནི། དབུས་འཛིན་སྐྱོང་སྡེ་ཚན། ཡན་ལག་སྤྱི་ཁྱབ་སྡེ་ཚན། དངུལ་རྩིས་སྡེ་ཚན། ནང་ཞིབ་སྡེ་ཚན། ལྡི་ལིའི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན། སྨན་མཛོད་དང་སྨན་ཚོང་སྡེ་ཚན། ས་ཁང་སྡེ་ཚན་བཅས་ཡིན།
གཉིས་པ། རིག་གཞུང་ཁོངས་སུ་ཡོད་པའི་སྡེ་ཚན་ནི། སྨན་རྩིས་མཐོ་སློབ་ཁང་། སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། ཕབ་སྒྱུར་སྡེ་ཚན་བཅས་སོ། །


༡། དབུས་འཛིན་སྐྱོང་ལས་ཁུངས།
འདི་ནི་སྨན་རྩིས་ཁང་གི་ངེས་སྟོན་པ་དང༌། དྲུང་ཆེ་གཉིས་ཀྱི་ཐད་ཀའི་བཀོད་ཇུས་འོག་ཡོད་པའི་འཛིན་སྐྱོང་ཡིག་ཚང་མཐོ་ཤོས་དེ་ཡིན། སྡེ་ཚན་འདིས་སྡེ་ཚན་གཞན་དག་དང་ཁོངས་གཏོགས་ཡན་ལག་སྨན་ཁང་ཁག་གི་ལས་དོན་ལ་བལྟ་རྟོགས་དང༌། སྨན་རྩིས་ལས་བྱེད་གོ་སྒྲིག་ཚོགས་ཆུང་གི་ཞུ་སྒོའི་ལམ་སྟོན། སྡེ་ཚན་ཡོངས་ཀྱི་གློག་རྡུལ་འཕྲུལ་ཆས་ཀྱི་རྒྱུ་ལམ་སྟངས་འཛིན། སྨན་རྩིས་ཁང་སྤྱི་ཡོངས་ཀྱི་ལས་འཆར་ཁག་ཇུས་འགོད་དང༌། ཕྱི་འབྲེལ། དཔལ་འབྱོར་འདུ་འགོད་བཅས་བྱེད་ཀྱི་ཡོད།


༢། ཡན་ལག་སྤྱི་ཁྱབ་སྡེ་ཚན།
སྡེ་ཚན་འདིས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་དུ་ཡོད་པའི་ཡན་ལག་སྨན་ཁང་ཁག་ལྔ་བཅུ་ང་བཞིའི་ལས་དོན་ལ་བལྟ་རྟོགས་དང༌། ཞུ་སྒོ་ཁག་གི་ལམ་སྟོན། སྨན་ལས་པ་བཀོད་སྒྲིག རྒྱུན་གྲོན་སྟངས་འཛིན་དང༌རྩིས་ཁྲར་ཞིབ་འཇུག ནང་ཞིབ་སྡེ་ཚན་ནས་བཏོན་པའི་ཡན་ལག་སྨན་ཁང་དག་གི་རྩིས་ཞིབ་སྙན་ཐོར་མཇུག་གནོན་བྱེད་བཞིན་པ་བཅས་ཡིན།
ད་ལྟ་ཡོད་བཞིན་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དག་ནི། གངས་སྐྱིད། རྡ་སྟེང་། སིམ་ལ། ཌལ་ཧོར། སྦིར། མ་ན་ལི། ཇི་སུ་པ། རྟ་བོ། ཅོང་ཏ་ར། སྤོན་ཌ། བདེ་སྐྱིད་གླིང་། དྭང་སློབ། ར་ཇི་སྤུར། ཅོག་ལམ་སར། ལ་དྭགས་རིག་ལྟེ། ནི་ཛམ་མུ་ཏུན། ལྡི་ལི་བུདྷ་ཝི་ཧར། ལྡི་ལི་བོད་སྒར། མེ་ར་ཀྲི། མོན་གྷོ་གཞིས་གྲོང་གསུམ་པ། མོན་གྷོ་གཞིས་གྲོང་དྲུག་པ། སྦེལ་ཀོབ། སེ་ར། ཀོ་ལི་སྒར། ཧུན་སུར། སྦེང་ལོར། བྷན་དྷ་ར། ། ཨོ་རི་ས། སྦུབ་ནི་ཤི་ཝར། མན་སྤར། མོམ་བྷེ། མོམ་བྷེ་མ་ལར་ཀྲེ། ཨེམ་དྷ་བ་ཏི། ཧེ་དྷར་བ་ཏི། ཅེན་ནེ། ཀོ་ལི་ཀ་ཏ། ས་ལུ་སྒར། ཤིས་ལོང་། བསྟན་འཛིན་སྒང་། ཀ་སྦུག རྡོར་གླིང་། སྒང་ཏོག ཇའི་སྒང་། ར་ཝང་ལ། ཏི་ཛུ། མེའོ། ཨི་ཀྲ་ན་སྒར། ཀྲུ་ཀྲིང་། རྟ་དབང་། ཆ་ཏ་པ་ཀྲི། ཅ་སྤེལ། སྤོག་ར་བྱམས་པ་གླིང་། བཀྲ་དཔལ། ཤར་ཁུམ་བུའི་ཡན་ལག་སྨན་ཁང་བཅས་ཁྱོན་བསྡོམས་ད་ལྟའི་ཆར་ཡན་ལག་སྨན་ཁང་༥༤ ཡོད།


༣། དངུལ་རྩིས་སྡེ་ཚན།
སྡེ་ཚན་འདིས་ལོ་རེར་དབུས་སྡེ་ཚན་རྣམས་དང་ཡན་ལག་སྨན་ཁང་ཁག་གི་སྔོན་རྩིས་བཟོ་འགོད་དང༌། རྩིས་འགོ་སོ་སོའི་ཐོག་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་རྣམས་ཧེ་བག་མེད་པར་ཁམས་དྭངས་བདག་ཉར་དང་། སྨན་རྩིས་ཁང་སྤྱི་ཡོངས་ཀྱི་རྩིས་ཁྲའི་ཞུ་སྒོ་མཐའ་དག་ལ་སྟངས་འཛིན་བྱེད་ཀྱི་ཡོད།


༤། ལྡི་ལིའི་ཕྱིར་ཚོང་དང་འབྲེལ་མཐུད་ཁང་།
སྡེ་ཚན་འདི་ནི། སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་དང༌། ལུས་ཕན་གསོ་རིག་ཉེར་མཁོའི་རིགས། ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་དང༌། དཔེ་དེབ་སོགས་ཐོན་དངོས་རིགས་ཕྱི་ཕྱོགས་སུ་འབྲེལ་མཐུད་དང་ཚོང་འགྲེམས་བྱེད་བཞིན་པ་དང་སྨན་རྩིས་ཁང་གི་གཞུང་འབྲེལ་ལས་དོན་རིགས་རྒྱ་གར་ལས་ཁུངས་ཁག་དང༌། ཕྱི་རྒྱལ་གཞུང་ཚབ་ཁག་ལ་འབྲེལ་གཏུགས་བྱེད་དགོས་རིགས་དང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་གནང་དགོས་རིགས་ཀྱི་ཕྱི་བསྐྱོད་ལག་འཁྱེར་དང༌། ཐོངས་མཆན། གནམ་གྲུའི་འཛིན་ཤོག་མངགས་ཉོ་སོགས་འབྲེལ་མཐུད་ཀྱི་ལས་དོན་འགན་འཁུར་ཞུ་བཞིན་ཡོད།


༥། ནང་ཞིབ་སྡེ་ཚན།
སྡེ་ཚན་འདིས་སྨན་རྩིས་ཁང་སྤྱི་ཡོངས་ཀྱི་རྩིས་འགོ་སོ་སོའི་ཐོག་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁག་དང༌། རྒྱུན་གྲོན། འཛིན་ཆས། དངུལ་གྱི་གཏོང་དམིགས་སོགས་སྔོན་རྩིས་ལྟར་ཁྲིམས་མཐུན་དང༌། ཧེ་བག ཆོག་མཆན་བཅས་ཡོད་མེད་ལ་བསྐྱར་ཞིབ་དང༌། གཟབ་ནན་ཁྲིམས་མཐུན་གྱི་སྒོ་ནས་གཙང་བཤེར་བྱས་པའི་སྙན་ཐོར་མཇུག་སྣོན་བྱེད་ཀྱི་ཡོད།


༦། སྨན་མཛོད་དང་སྨན་ཚོང་སྡེ་ཚན།
སྡེ་ཚན་འདིས་ལེགས་གྲུབ་ཟིན་པའི་སྨན་རིགས་རྣམས་སྨན་སྦྱོར་ཁང་ནས་རྩིས་བཞེས་ཀྱིས་ཕྱི་ནང་གི་གནོད་སྐྱོན་ཐེབས་མ་བཅུག་པར་བདག་གཅེས་དམ་གཟབ་བྱེད་རྒྱུ་དང༌། ཕྱོགས་མཐའི་ཡན་ལག་ཁག་ལ་སྨན་ཞུ་དུས་ཐོག་མཁོ་གཏོང༌བྱེད་རྒྱུ་དང་། སྨན་གྱི་རྩིས་ཁྲ་ཁག་ཁམས་དྭངས་ཉར་ཚགས། གཞན་ྋབླ་སྨན་རྣམ་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡིག་ཟམ་སྨན་བཅོས་གནང་བ་རྣམས་ལ་སྨན་ཕྱིར་གཏོང་བཅས་བྱེད་བཞིན་པའོ། །


༧། ས་ཁང་སྡེ་ཚན་འདིས་ཅ་དངོས་ཉོ་སྒྲུབ་དང་ཞིག་གསོ་བཅས་ཀྱིས་མཚོན་པའི་ཨར་ལས་འཛུགས་སྐྲུན་གྱི་རིགས་ལ་ལྟ་རྟོགས་སོགས་བྱེད་ཀྱི་ཡོད།
གཉིས་པ། རིག་གཞུང་ཁོངས་སུ་ཡོད་པའི་སྡེ་ཚན་ནི། སྨན་རྩིས་མཐོ་སློབ་ཁང་དང༌། སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། ཕབ་སྒྱུར་སྡེ་ཚན། མཁས་པའི་ཚོགས་ཆུང་།


༡། སྨན་རྩིས་མཐོ་སློབ་ཁང་།
སྨན་རྩིས་མཐོ་སློབ་ཁང་ནི་བོད་ཀྱི་བཅུ་ཕྲག་རིག་པ་ལས་གཞན་རྗེས་སུ་འཛིན་པའི་རིག་པ་སྟེ་སྨན་དང་རྩིས་ཀྱི་རིག་པ་གཉིས་ཉམས་པ་སོར་ཆུད་དང༌མི་ཉམས་གོང་འཕེལ་གྱི་སྒོ་ནས་རིས་སུ་མ་ཆད་པའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་ལ་དམིགས་ཏེ་རང་རིགས་གཙོས་ཧི་མ་ལ་ཡའི་མི་རིགས་དང༌། རུ་སོག་གིས་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སློབ་ཕྲུག་བསྡུ་བཞེས་གནང་སྟེ། འགྲོ་ལ་ཕན་པའི་བྱ་བཞག་སྨན་རྩིས་གཉིས་ཀྱི་རིགས་གཅིག་རྐང་འཛིན་ཚད་ལྡན་མི་སྣ་གང་མང་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད། དེས་ན་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་འདི་དངོས་སུ་དབུ་བརྙེས་ནས་ད་བར་མི་ལོ་ལྔ་བཅུ་སོང་བ་དང་། ལོ་ངོ་འདི་དག་གི་རིང་ལ་ཆེས་ཆེ་བའི་གྲུབ་འབྲས་སུ་རྩིས་ཆོག་པ་ནི་ཁྱོན་བསྡོམས་སྨན་སློབ་སྐབས་བཅུ་དྲུག་དང་རྩིས་སློབ་སྐབས་བརྒྱད་བྱུང་ཡོད་ལ། ཁྱོན་སྨན་པ་ཚད་ལྡན་གྲངས་༢༤༣དང་རྩིས་པ་གྲངས་༥༥བསྐྱེད་བསྲིངས་བྱས་ཡོད།


༢། སྨན་སྦྱོར་ཁང་།
སྡེ་ཚན་འདི་ནི་རིག་གཞུང་དང་འབྲེལ་བའི་སྡེ་ཚན་ནང་ནས་གཞི་རྒྱ་ཆེ་ཤོས་གཅིག་ཡིན་ལ། སྡེ་ཚན་འདི་ལ་སྨན་པའི་ཡིག་ཚང་དང་བཟོ་སྐྲུན་ཚན་པ་གཉིས་སུ་དབྱེ་ཡོད་པ་དང་། བཟོ་སྐྲུན་ཚན་པ་ལའང་ནང་གསེས་སྨན་རྒྱུ་མཁོ་སྒྲུབ་དང༌། གཙང་བཟོ། ལས་སྣོན། འཕྲུལ་འཐག རིལ་སྒྲིལ། གྲངས་བཤེར་བཅས་སྡེ་ཚན་ཁག་དྲུག་ཡོད། སྨན་སྦྱོར་སྡེ་ཚན་ནས་བོད་དང་། རྒྱ་བལ་འབྲུག་གསུམ་སོགས་ནས་ཐོན་པའི་སྔོ་སྨན་དང་། གཏེར་སྨན། རིན་པོ་ཆེའི་སྨན་སོགས་སྨན་སྣ་གྲངས་ཆིག་སྟོང་ལ་ཉེ་བ་མཁོ་སྒྲུབ་དང༌། ལས་སྣོན་འདུལ་སྦྱངས་གང་དགོས་བོད་ཀྱི་ཐུན་མོང་མ་ཡིན་པའི་མཐོང་བརྒྱུད་མན་ངག་ལྟར་ལག་ལེན་དང་། བདུད་རྩིའི་བཅུད་རྒྱལ་དངུལ་ཆུ་བཙོ་ཐལ་ཆེན་མོ་དང༌། ཟ་འཆིང་ཁམས་སོ་སོའི་ཐལ་བཟོ་སོགས་ཕྱག་ལེན་གྱི་རིམ་པ་ཆ་ཚང་བྱེད་བཞིན་པ་དང་། དེང་དུས་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་གཙང་འཕྲོད་དང་ལས་ཆོད་ཇེ་ཆེར་གཏོང་བ་དང་། གསོལ་སྨན་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔར་སྲོལ་སྨན་བླའི་ཆོ་གའི་སྒོ་ནས་སྨན་སྒྲུབ་རྒྱུན་སྲོལ་ཡང་མ་ཉམས་རྒྱུད་འཛིན་བྱེད་བཞིན་ཡོད།
ད་ལྟའི་ཆར་སྡེ་ཚན་འདི་ནས་བཟོ་བསྐྲུན་བྱས་པའི་སྨན་རིགས་ནི། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། མང་སྦྱོར་ཆེན་མོ། བཙོ་བཀྲུ་ཟླ་ཤེལ། གཡུ་རྙིང་ཉེར་ལྔ། ལྕགས་རིལ་ཆེན་མོ། བྱུར་དམར་ཉེར་ལྔ། ཚ་སྦྱོར་ཆེན་མོ། བཅས་རིན་ཆེན་རིགས་བརྒྱད་དང་། སྨན་དཀྱུས་མ་རིགས་བརྒྱ་དང་བདུན་ཅུ་བཟོ་བསྐྲུན་གནང་སྟེ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གྲངས་ལྔ་བཅུ་ང་བཞི་ལ་སྨན་མཛོད་བརྒྱུད་མཁོ་གཏོང་བྱེད་བཞིན་པ་དང་།དབུས་འཛིན་སྐྱོང་དང་སྡེ་ཚན་གཞན་གྱི་དགོས་མཁོར་དམིགས་ཏེ་སྦྱོར་སྡེ་གསར་པའི་རིགས་ཀྱང་སྐབས་མཚམས་བཟོ་བསྐྲུན་བྱེད་བཞིན་པ་མ་ཟད། ད་དུང་འཛམ་གླིང་ཁྱོན་ལ་གསར་དུ་དར་བཞིན་པའི་གཉན་རིམས་རིགས་ལའང་ཉམས་ཞིབ་ཀྱིས་སྨན་སྦྱོར་གསར་བཟོ་དང་སྔོན་འགོག་རིམས་སྲུང་ལ་སོགས་པ་དུས་ཐོག་མཁོ་སྤྲོད་བྱེད་བཞིན་པ་དང་། ཁྱད་པར་དུ་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་གྱི་ཡང་བཅུད་དང་ལག་རྩལ་ཆེས་ཁྱད་དུ་འཕགས་ཤིང་ངོ་མཚར་བའི་སྨན་སྦྱོར་རིན་ཆེན་བཙོ་བཀྲུ་ཆེན་མོ་ཞེས་བསྟོད་ཅིང་བསྔགས་པར་བརྗོད་པ་དེའང་སྡེ་ཚན་འདིས་རྐང་འགན་བླངས་ཏེ་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་མཆོག་གིས་སྤྱི་ལོ་༡༩༨༢ལོར་བཙན་བྱོལ་དུ་མཐོང་བརྒྱུད་ཕྱག་ལེན་དམར་ཁྲིད་ཐོག་དང་པོར་ཕྱག་རྗེས་མཛད་གནང་བ་ནས་བརྒྱུད་པ་རིམ་སྤེལ་གྱིས་ད་ལྟའི་བར་དུ་ཁྱོན་བསྡོམས་རིན་ཆེན་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐེངས་ལྔར་བྱས་སོ། །


༣། སྐར་དཔྱད་རྩིས་རིག་སྡེ་ཚན།
སྡེ་ཚན་འདི་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་གྱི་རྩིས་རིག་ལས་དུས་བཞིའི་འགྱུར་ལྡོག ཟླ་བའི་འཕེལ་འགྲིབ། ཉི་ཟླ་གཟའ་འཛིན། ཉི་ལྡོག་སྔ་ཕྱི། ཟླ་བཤོལ་སོགས་དུས་བརྟག་བྱེད་པའི་ཐབས་ལམ་བརྒྱུད་དེ་རང་བྱུང་ཁམས་ཀྱི་ཕྱིའི་འབྱུང་བས་མི་སྒེར་དང་འཛམ་གླིང་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ལ་ཞིབ་འཇུག་གིས་འཆར་ཅན་ལོ་རེའི་ལི་ཐོ་རྒྱས་བསྡུས་འདོན་སྤེལ་ཞུ་བཞིན་པ་མ་ཟད། འབྱུང་ཁམས་ལྔ་དང་སྤར་ཁ་བརྒྱད། སྨེ་བ་དགུ་སོགས་ལ་རྨང་གཞི་བྱས་ཏེ་མིའི་ཚེ་ཚད་རིང་ཐུང་དང་། ལུས་པོའི་གནས་སྟངས། རྒྱུ་འབྱོར་དབང་ཐང་། ཀླུང་རྟ་གཙོ་བྱས་པའི་ཚེ་རྩིས་དང༌། ཀེག་རྩིས། བག་རྩིས། ནད་རྩིས། གཤིན་རྩིས། སྲུང་འཁོར་བསྐྱེད་པ་བཞི་ལྡན་དང་དོ་བདག་སོ་སོའི་འདོད་བསྟུན་དམིགས་བསལ་སྲུང་འཁོར་སོགས་དགོས་མཁོ་ལྟར་དུས་ཐོག་བཟོ་འདོན་ཞུ་བཞིན་པ་དང་། གཞན་ཡང་ཟོར་འཕེན་དང་གཡང་སྡེམ་སོགས་ཉིན་རེའི་ཚེས་ཆའང་དུས་ལྟར་འདོན་སྤེལ་བྱེད་བཞིན་ཡོད།


༤། ནད་བཅོས་ཉམས་ཞིབ་སྡེ་ཚན།
སྡེ་ཚན་འདི་ནས་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་གཞི་རྩར་བཟུང་སྟེ། དེང་དུས་དར་ཁྱབ་ཆེ་བའི་ནད་རིགས་སྤྱི་དང༌། ཁྱད་པར་དུ་ཕྱི་ལུགས་གསོ་རིག་ནས་བཅོས་དཀའ་བར་ངོས་འཛིན་བྱེད་བཞིན་པའི་ནད་རིགས་ཁག་ཅིག་ལ་དམིགས་སུ་བཀར་ནས་བརྟག་ཞིབ་ཀྱིས་ནད་མིང་གཏན་འབེབས་དང༌། སྨན་སྦྱོར་གསར་བསྐྲུན། ཡིག་ཆ་བསྡུ་རུབ། དེང་དུས་ཚན་རིག་གི་ཁྲིམས་མཐུན་ཉམས་ཞིབ་བྱེད་སྟངས་དང་ཟུང་འབྲེལ་གྱིས་ཕྱི་ལུགས་སྨན་ཁང་ཚད་ལྡན་ཁག་ཅིག་དང་མཉམ་དུ་ཉམས་ཞིབ་བྱས་དང་བྱེད་མུས་ཡིན་པ་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་ཐོན་ཡོད་པ་དང་། གཞན་ཡང་ཟས་སྤྱོད་སློབ་སྟོན་གྱི་དཔེ་དེབ་སོགས་ཀྱང་འདོན་སྤེལ་བྱེད་བཞིན་ཡོད།


༥། སྨན་རྫས་ཉམས་ཞིབ་སྡེ་ཚན།
སྡེ་ཚན་འདི་ནས་སྨན་རྫས་ཀྱི་ངོས་འཛིན་ཁ་གསལ་མེད་པ་རྣམས་འོལ་ཚོད་མ་ཡིན་པར་ཁུངས་ཐུབ་འཁྲུངས་དཔེ་འདྲ་མིན་ལ་དཔྱད་བསྡུར་དང༌། བོད་ཕྱི་ནང་སོགས་ཀྱི་མཁས་པར་གོ་བསྡུར་དཔྱད་ཞིབ་བརྒྱུད་ངོས་འཛིན་ཉམས་པ་རྣམས་སླར་གསོ་དང་། ངོས་འཛིན་ཡོད་པ་རྣམས་མི་ཉམས་རྒྱུད་འཛིན་ཡོང་ཆེད་སྔོ་སྨན་དང་ཁྲོག་སྨན་གཙོ་བོར་གྱུར་བའི་སྨན་རྫས་རྣམས་ཀྱི་འཁྲུངས་ཡུལ་དང༌། སྐྱེས་གནས། རོ་ནུས། ཞུ་རྗེས། ངོ་བོ། དབྱིབས་དང་ཁ་དོག་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ལ། དེ་མིན་ཨ་ཡུ་རྦེ་ད་དང་ཡུ་ན་ནི་སོགས་ལུགས་གཞན་གྱི་སྨན་རིགས་དང་དཔྱད་བསྡུར་ཞུ་འོས་རིགས་ལ་དམིགས་བཀར་གྱིས་དབྱེ་ཞིབ་ཀྱིས་དཔེ་རིས་དང་འགྲེལ་པ་གཉིས་ལྡན་གྱི་ཐོག་ནས་ཞིབ་འཇུག་གིས་དེབ་རིགས་དཔེ་སྐྲུན་ཞུས་ཏེ་བོད་སྨན་སློབ་གཉེར་བ་དང༌། ལག་ལེན་པ། ཉམས་ཞིབ་གནང་མཁན་བཅས་ལ་ཕན་ཐོགས་ཡོང་ཐབས་བྱེད་པ་དང་། དེ་བཞིན་སྔོ་སྨན་གྱི་སྤྱིན་ཤོག་གསོག་ཉར། སྨན་ཐང་རིགས་གསར་བཞེངས་བཅས་བྱེད་བཞིན་ཡོད་པ་མ་ཟད། ད་དུང་སྔོ་སྨན་ཁག་ཅིག་སྐྱེ་གནས་དང་མཐུན་པར་འདེབས་ལས་ཀྱང་བྱེད་བཞིན་ཡོད་ལ།ལྷག་པར་དུ་དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་རང་བྱུང་གི་སྨན་རྫས་ལ་དགའ་ཞེན་དང༌། དོ་སྣང༌། སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། དེང་དུས་ཚན་རིག་པས་བོད་ཀྱི་སྨན་རྫས་ལ་ཉམས་ཞིབ་གནང་བཞིན་པར་གཞོགས་འདེགས་དང་ཚན་རིག་ཐོག་ནས་ཁུངས་བསྐྱེལ་ར་སྤྲོད་ཐུབ་ན་སྔར་བས་བོད་སྨན་དར་ཁྱབ་ཡོང་རྒྱུར་གོམ་སྟབས་མྱུར་བ་དང༌། ཀུན་གྱིས་ཁས་ལེན་ཐུབ་པའི་གསོ་རིག་གི་གཞུང་ལུགས་ཤིག་ཡོང་ཐབས་ཀྱི་ལས་དོན་ལ་སོགས་པར་འབད་བརྩོན་བྱེད་བཞིན་ཡོད།


༦། སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན།
སྡེ་ཚན་འདི་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པའི་གཞུང་ལུགས་ཏེ་སྔོན་བྱོན་མཁས་དབང་རྣམས་ཀྱི་དྲི་མ་མེད་པའི་བརྩམས་ཆོས་རིགས་ཕྱོགས་བསྒྲིགས་དང་ཞིབ་འཇུག འཚོལ་བསྡུ་བདག་ཉར་བྱེད་མཁན་གྱི་སྡེ་ཚན་ཞིག་ཡིན་ལ། སྡེ་ཚན་འདི་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་འདི་ཉིད་ཉམས་པ་སླར་གསོ་དང་། ཡོད་པ་རྒྱུད་འཛིན། མེད་པ་གསར་འདྲེན་བཅས་རྩ་དོན་དུ་བཟུང་སྟེ་རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་གཞུང་ལུགས་དང་ཉམས་ཡིག་རིགས་འཚོལ་སྒྲུབ་དང་མྱུར་སྐྱོབ། ཞིབ་འཇུག་བྱེད་རྒྱུ་དང་། དེང་དུས་འཚོ་བཞུགས་ཡོད་པའི་བོད་ཕྱི་ནང་གི་མཁས་དབང་རྣམས་ཀྱི་བརྩམས་ཆོས་དང་ལོ་རྒྱུས་ཕྱོགས་བསྒྲིགས་དང་ཞུ་དག་དཔར་སྐྲུན་སོགས་བྱེད་བཞིན་པ་དང་། གཞན་སྨན་རྩིས་དང་འབྲེལ་བའི་བགྲོ་གླེང་དང༌། ཚོགས་འདུའི་ངོ་བོ། སྨན་རྩིས་པ་མཁས་དབང་རྒན་གྲས་རྣམས་ཀྱི་འདྲ་པར་དང་ལོ་རྒྱུས་བརྙན་ཕབ། སྨན་རྩིས་ཁང་གི་འདས་དང་ད་ལྟའི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་བརྙན་ཕབ་སྤྱིན་ཤོག་གསོག་ཉར་བཅས་བྱེད་བཞིན་པའི་ཐོག་དེང་རབས་ཀྱི་གློག་རྡུལ་དྲ་ལམ་བརྒྱུད་སྨན་རྩིས་ཀྱི་གཞུང་ལུགས་དང་། ལག་ལེན་ཀྱི་ཁྱད་ཆོས་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་བཞིན་པ་དང་། ལྷག་པར་དུ་སྨན་རྩིས་དྲ་བ་བཟོ་སྐྲུན་གྱིས་སྨན་རྩིས་རིག་གཞུང་གི་ལས་རིགས་རྣམས་དྲ་ལམ་ནས་ཐད་ཀར་རྩོམ་སྒྲིག་དང་རྒྱུད་འཛིན་དར་སྤེལ་བྱེད་བཞིན་ཡོད།


༧། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན།
སྡེ་ཚན་འདི་ནས་བོད་ཀྱི་གསོ་རིག་མཁས་དབང་རྣམས་ཀྱིས་མཛད་པའི་སྨན་སྦྱོར་ཉམས་ཡིག་ཚད་ལྡན་ཕྱོགས་སྡེབ་ཁག་གཞིར་བཞག་སྟེང་དེང་རབས་ཚན་རིག་གི་སྨན་དཔྱད་རིག་པའི་སྦྱོར་བཟོའི་ལག་རྩལ་གྱི་ཐབས་ལམ་གཉིས་ཟུང་འབྲེལ་གྱིས་དེང་དུས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དགོས་མཁོའི་རིགས་ལུས་ཀྱི་དཔལ་རྒྱས་པར་བྱེད་པའི་བྱུག་རྫས་སྣ་ཚོགས་དང་། འདུ་བ་སྙོམས་བྱེད་ཀྱི་སྨན་ཇ། གཞན་ཡང་ཁོང་དུ་བསྟེན་པའི་སྨན་མར་སོགས་བཟོ་བསྐྲུན་བྱེད་བཞིན་པ་དང་། དེ་བཞིན་སྨན་རྫས་ཀྱི་སྤུས་ཚད་བརྟག་ཞིབ་དང་ལེགས་སྒྲུག་བྱེད་པ། སྦྱོར་བཟོའི་གོ་རིམ་རྣམས་ཚུལ་མཐུན་ངང་དེང་དུས་རྒྱལ་སྤྱིའི་ཚོང་རའི་གནས་བབ་དང་བསྟུན་ཏེ་གསར་བཟོ་བཅས་བྱེད་བཞིན་པ་མ་ཟད། འགྲེམས་སྤེལ་མ་ཞུས་པའི་སྔོན་དུ་ཕན་ཡོན་བརྟག་དཔྱད་ལ་གནའ་དེང་གི་བརྟག་དཔྱད་རིག་པས་ཞིབ་མནན་བྱེད་སྲོལ་ཡོད་པ་བཞིན་ལག་ཏུ་བསྟར་བ་དང་། མཐར་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་སྔར་སྲོལ་འགྲོ་ལུགས་བཞིན་སྨན་སྒྲུབ་ཀྱི་བྱིན་རླབས་འཇུག་ཐབས་ཀྱི་ཆོ་ག་ཡང་བྱེད་བཞིན་ཡོད་དོ། །


༨། ཕབ་སྒྱུར་སྡེ་ཚན།
བོད་ཀྱི་ཐུན་མིན་གསོ་བ་རིག་པའི་ཁྱད་ཆོས་རྣམས་འཛམ་གླིང་ཁྱོན་ཡོངས་ལ་ངོ་སྤྲོད་དང་། འཕྲོད་བསྟེན་བདེ་རྩར་ཞབས་ཞུ་བསྒྲུབ་ཐུབ་པའི་དགོས་དམིགས་འོག་རྒྱུད་བཞི་དབྱིན་བསྒྱུར་རམ་ལོ་ཙཱ་བའི་སྡེ་ཚན་འདི་གསར་འཛུགས་གནང་ཞིང་། ལས་རིམ་དང་པོ་དཔལ་ལྡན་རྒྱུད་བཞི་དབྱིན་ཡིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་ལྟར། ད་ལྟའི་ཆར་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་ཕྱི་མ་རྒྱུད་གསུམ་དབྱིན་བསྒྱུར་ལེགས་པར་གྲུབ་སྟེ་དེབ་གཟུགས་སུ་པར་བསྐྲུན་ཟིན་ལ། ད་ཆ་མན་ངག་རྒྱུད་ཀྱི་དབྱིན་བསྒྱུར་ལས་གཞི་འགྲོ་བཞིན་པ་ཡིན།


༩། མཁས་པའི་ཚོགས་ཆུང་།
སྨན་རྩིས་ཁྱད་ལས་མཁས་པའི་ཚོགས་ཆུང་འདིར་སྨན་རྩིས་པ་སྐུ་བགྲེས་མཁས་མྱོང་ཅན་ལྷན་འཛོམས་ཐོག་རིག་གཞུང་སྡེ་ཚན་ཁག་གི་བྱེད་སྒོ་ལ་ལམ་སྟོན་དང་། དབུས་དང་ཕྱོགས་མཐའི་སྨན་པ་དང་འབྲེལ་ཡོད་རྣམས་ལ་གཞུང་དང་ལག་ལེན་ཁྲོད་དངོས་སུ་འཕྲད་པའི་དཀའ་གནད་དང་དོགས་གནས་ཁག་སྐབས་འཕྲལ་གསེད་བཀྲོལ་དང་སློབ་སྟོན་གནང་རྒྱུ་བཅས་གཙོར་བཟུང་གིས་ཕྱི་ནང་མི་རིགས་ཁག་ལ་སྨད་དུ་བྱུང་བའི་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ངོ་སྤྲོད་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྒྲུབ་བཞིན་པ་ཡིན། །


གསུམ་པ།  འགན་འཛིན་ལྷན་ཚོགས།

རང་གཞུང་བཀའ་ཤག་ནས་འབྲེལ་ཆགས་འཕྲོད་བསྟེན་བཀའ་བློན་དང༌། འབྲེལ་ཡོད་ལྷན་ཁང་ཁག་གི་དྲུང་ཆེ་བཞིའི་ཁར། བདེ་ལེགས་སྨན་ཁང་འགན་འཛིན། སྨན་རྩིས་ཁང་གི་ངེས་སྟོན་པ་དང༌། དྲུང་ཆེ། ྋསྐུའི་བླ་སྨན་པ་སྐུ་བགྲེས་དང༌། སྐར་རྩིས་པ་སྐུ་བགྲེས། བཅས་མི་གྲངས་བཅུ་གཅིག་ཡོད་པ་ལོ་རེར་འཆར་ཅན་ཐེངས་གཉིས་རེ་བསྐོང་འཚོགས་གནང་བཞིན་ཡོད། སྨན་རྩིས་ཁང་གི་འགན་འཛིན་ནི་སྨན་རྩིས་ཁང་གི་ཕྱི་ནང་གསང་གསུམ་གྱི་ཐུགས་འགན་ཆ་ཚང་ཡོད་པའི་དབང་འཛིན་པ་མཐོ་ཤོས་དེ་ཡིན་ལ། དེ་སྔ་སྐུ་སྒེར་ཡིག་ཚང་ངམ་བཀའ་ཤག་གང་རུང་ནས་ཐད་བསྐོས་གནང་བཞིན་ཡོད་ཀྱང་། ད་ལྟ་སྡེ་ཚན་འདིའི་ལས་བྱེད་ཁོངས་ནས་མང་འདེམས་བྱེད་ཀྱི་ཡོད།


བཞི་བ། ནང་གསེས་ཀྱི་ཚོགས་ཆུང་ཁག

འགན་འཛིན་ལྷན་ཚོགས། སྨན་རྩིས་རིག་གཞུང་ལྷན་ཚོགས། འཛིན་སྐྱོང་ཚོགས་ཆུང་། སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང༌། གནས་རིམ་དང་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་། སྨན་རྩིས་བོད་ཡིག་དུས་དེབ་ཚོགས་ཆུང༌། སྨན་རྩིས་དབྱིན་ཡིག་དུས་དེབ་ཚོགས་ཆུང༌། ཡིག་ཚད་ཚོགས་ཆུང་། ལས་ཤག་གོ་སྒྲིག་ཚོགས་ཆུང༌། ལས་བྱེད་བདེ་དོན་ཚོགས་ཆུང༌། སྤྱི་ཐབ་ཚོགས་ཆུང་། ལས་བྱེད་སྤྲོ་སྐྱིད་ཚོགས་ཆུང་། ཁོར་ཡུག་གཙང་བཟོ་ཚོགས་ཆུང་། བུ་བཅོལ་ཁང་ཕ་མའི་ཚོགས་ཆུང་བཅས་ཡིན།


དགེ་རྩའི་ལས་དོན།

༡། གཞན་ཕན་སློབ་གསོ། བོད་གཞུང་སྨན་རྩིས་ཁང་ནི་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་དགེ་རྩའི་ལས་ཁུངས་ཤིག་ཡིན་ཞིང༌། དེའི་སྲིད་ཇུས་ནི་སློབ་ཡོན་མེད་པའམ་ཆུང་ངུས་སྨན་རྩིས་རིག་པའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་རྒྱུད་དང་། འདས་པའི་ལོ་ངོ་ལྔ་བཅུའི་རིང་ཁྱོན་བསྡོམས་སྨན་རྩིས་པ་གྲངས་༢༩༨གསོ་སྐྱོང་བྱས་ཡོད།
༢། གཞན་ཕན་སྨན་བཅོས། བོད་གཞུང་སྨན་རྩིས་ཁང་འདིའི་དགེ་རྩའི་ལས་དོན་གཞན་ཞིག་ནི་དབུལ་ཕོངས་ཉམ་ཐག་དང། དགུང་གྲངས་༧༠ཡན་ཟིན་པའི་རང་རིགས་རྒན་གྲས་དང་། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྣམ་པ། བོད་ནས་གསར་དུ་འབྱོར་བ་བཅས་ལ་རིན་མེད་སྨན་སྦྱིན་དང༌། ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་དང་སློབ་ཕྲུག ནད་གཅོང་ཚབས་ཆེན་བཅས་ལ་སྨན་རིན་ཕྱེད་བཅག་འབུལ་སྤྲོད་ཀྱིས་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་པ་ཡིན།
སྤྱི་ལོ་༢༠༠༢ནས་༢༠༡༠ཟླ་བ་༡༠་བའི་བར་གྱི་སྨན་སྦྱིན་ཆ་ཚང་བཏང་བའི་ནད་པའི་གྲངས་འབོར་ནི་འབུམ་བཅུ་དགུ་དང་ཆིག་ཁྲི་ཉིས་སྟོང་བརྒྱད་བརྒྱ་དོན་དྲུག་(༡༩༡༢༨༧༦.༠༠)དང་།
སྨན་རིན་ཕྱེད་བཅག་ཅན་གྱི་ནད་གྲངས་ལྔ་འབུམ་དགུ་ཁྲི་ཉིས་སྟོང་བརྒྱ་དང་དོན་གསུམ(༥༩༢༡༧༣.༠༠)དང་།
དེ་མིན་པའི་ནད་གྲངས་འབུམ་ཉེར་བཞི་དང་བཞི་ཁྲི་ཉིས་སྟོང་བརྒྱ་དང་གོ་གསུམ་(༢༤༤༢༡༩༣.༠༠)དང་།
ཁྱོན་བསྡོམས་ནད་པ་འབུམ་ཞེ་དགུ་དང་བཞི་ཁྲི་བདུན་སྟོང་ཉིས་བརྒྱ་ཞེ་གཉིས་(༤༩༤༧༢༤༢.༠༠)ལ་སྨན་བཅོས་བྱས་ཡོད་པ་རེད།
གཞན་ཡང་སྤྱི་ལོ་༡༩༦༡ལོ་ནས་འགོ་བཙུགས་ཏེ་སྨན་བཅོས་བྱས་ཡོད་ཀྱང་། དེའི་རིང་གི་ནད་པའི་ཐོ་གྲངས་དང་དེ་འབྲེལ་གྱི་ཡིག་ཆ་དཔང་ཕེར་འོས་པ་ཞིག་ཁ་གསལ་མེད་སྟབས་ཇི་བཞིན་འགོད་ཐབས་མ་བྱུང་ངོ་། །
སྤྱི་ལོ་༡༩༨༥ནས་༢༠༡༠ཟླ་༡༠བར་དུ་ཁྱོན་བསྡོམས་ཧིན་སྒོར་འབུམ་ཆིག་སྟོང་སུམ་བརྒྱ་སོ་གསུམ་དང་དགུ་ཁྲི་དགུ་སྟོང་ལྔ་བརྒྱ་གྱ་གཅིག་དང་ཚེག་གཅིག་(༡༣༣༣༩༩༥༨༡.༠༡)གི་རིན་འབབ་སྨན་སྦྱིན་རང་རེའི་སྤྱི་ཚོགས་སུ་ཞབས་འདེགས་ཆེད་ཕུལ་ཡོད།
དེ་བཞིན་བཙན་བྱོལ་བོད་གཞུང་ལའང་རྒྱུན་གྲོན་མ་དངུལ་དུ་སྨན་རྩིས་ཁང་གི་ལོ་རེའི་ཡོངས་འབབ་ནས་བརྒྱ་ཆ་༡༥་འབུལ་ལམ་ཞུ་མུས་ཡོད་ཅིང་། སྤྱི་ལོ་༡༩༩༣་ནས་༢༠༠༩བར་ཙམ་ལ་སྡོམ་རྩིས་བྱས་ན་ཧིན་སྒོར་འབུམ་ལྔ་བརྒྱ་དོན་ལྔ་དགུ་ཁྲི་ཉིས་བརྒྱ་དང་ཚེག་ཉི་ཤུ་ཐམ་པ་(༥༧༥.༩༠༢༠༠.༢༠)ཞལ་འདེབས་སུ་ཕུལ་ཡོད།


ལྔ་བ། ཁྲིམས་ཐོག་གི་གནས་བབ།

བོད་གཞུང་སྨན་རྩིས་ཁང་ནི་རྒྱ་གར་སྲིད་གཞུང་གི་ཚོགས་སྡེ་དེབ་སྐྱེལ་ཁྲིམས་ཡིག་ཨང་1860(No.1290/79)འོག་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་དགེ་རྩའི་རིག་གཞུང་སློབ་གཉེར་ཁང་ཞིག་ཡིན་ཞིང༌། དེར་ཡོང་འབབ་དཔྱ་ཁྲལ་ཁྲིམས་ཡིག་1961(No.CIT/PTA/I&93-94/80-G/18313)ཡི་U.S.80G དགོངས་དོན་ལྟར་དཔྱ་ཁྲལ་ཆག་ཡང་ཡོད་པ་དང༌། རྒྱ་གར་ཡོང་འབབ་དཔྱ་ཁྲལ་ཁྲིམས་ཡིག་1961(NO.jud1/reg.Cr/81-82/IST/35087/213)ཡིU.S12-A(a)༡༩༦༡འོག་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པའི་རྩིས་ཞུའི་ཨང་རྟགས་ནི་ (28-510-A2-0011/ward-10Palampur)དང༌། ཡོང་འབབ་དཔྱ་ཁྲལ་གྱི་ཐོ་དེབ་ཨང་གྲངས་ནི་ 010213Palampur(30/03/91)ཡིན། སྨན་རྩིས་ཁང་འདིའི་ཆེས་མཐོའི་འགན་དབང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ལ་ཡོད།


སྨན་རྩིས་ཁང་གི་ལས་བྱེད་ཀྱི་གྲངས་འབོར།

སྤྱི་ལོ ༢༠༡༡ཟླ་ ༣ ཚེས་ ༡ བར་གྱི་ཐོ་གྲངས།
བོད་གཞུང་སྨན་རྩིས་ཁང་ལ་སྨན་པ་༡༣༡ དང་། སྐར་རྩིས་པ་ ༡༨ འཛིན་སྐྱོང་ལས་བྱེད་༢༦༠ ཁྱོན་བསྡོམས་པས་སྨན་རྩིས་ཁང་ལ་ལས་བྱེད་ ༤༠༩ ཡོད་དོ། །

མཐའ་མའི་འདོན་ཐེངས་།: 27.01.2014 ཉིན། 12:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།