སྨན་རྩིས་དྲ་བ། - ལོ་རྒྱུས།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2017
ལོ་རྒྱུས། >>

 

 

བདེ་ཆོས་སྨན་པ་རཏྣའི་མིང་ཅན།

 - བྱམས་པ་འཕྲིན་ལས།

 

            བདེ་ཆོས་སྨན་པ་རཏྣའི་མིང་ཅན་ཞེས་པའི་འཁྲུངས་ཡུལ་དང་། རིགས་རུས་ཆོ་འབྲང་། བཙས་པའི་དུས་ཚོད་བཅས་འདི་ཡིན་གསལ་པོ་མེད་ཀྱང་། ཁོང་གིས་བརྩམས་པའི་《གསོ་བ་རིག་པའི་ཁོག་འབུགས་ལེགས་བསྡུས།》 ཞིག་དང་། 《རྩ་བ་ཐུགས་ཀྱི་རྒྱུད་ཀྱི་འགྲེལ་པ་འབྲུ་སྣོན་ཤིན་ཏུ་ལེགས་པ།》ཞེས་པར་བལྟ་དུས་སྨན་དཔྱད་ཀྱི་རྒྱུད་པ་ནི་བོད་ཀྱི་མཁས་དབང་གོང་མ་སྤྱི་དང་། སྒོས་སུ་འབྲུག་པ་པདྨ་དཀར་པོ་དང་། གོང་སྨན་དཀོན་མཆོག་བདེ་ལེགས་གཉིས་ཀྱི་གསུང་རྒྱུན། ཡང་སྒོས་བྱང་པ་འཚོ་བྱེད་ཀྱི་ཞབས་ལ་གཏུགས་པའི་སྐོར་འཁོད་པ་དང་། སྔ་ཕྱིའི་དུས་ཚོད་ཀྱང་གནམ་ལོ་ས་ཕོ་བྱི་བ་ས་ག་ཟླ་བའི་ཡར་ངོའི་གཟའ་སྐར་འཛོམས་པའི་ཉིན་ཆོས་གྲ་ཆེན་པོ་བདེ་ཆེན་ཆོས་འཁོར་(1) གྱི་སྨན་ཁང་དུ་ལེགས་པར་གྲུབ་ཅེས་འདུག་པས་ཕལ་ཆེར་རབ་བྱུང་བཅུ་པའི་ས་བྱི་( སྤྱི་ལོ་1588) ལོ་ཙམ་ལ་མིན་ནམ་སྙམ།


        གོང་གསལ་ཁོག་འབུགས་དེར་སྡེ་སྲིད་ཞལ་བཞུགས་སྐབས་སྐུ་ངོ་མས་གཟིགས་ཞིབ་དང་འབྲེལ་བདེ་ཆོས་སྨན་པ་རཏྣའི་མིང་ཅན་གྱིས་བཀོད་པ་ཁོག་འབུགས་འཆི་མེད་ལྔ་ལྡན་ (2) དང་ཆ་མཚུངས་སཱ་རས་བརྟགས། ཕྱི་མོའི་ཡིག་ནོར་རང་སོར་བཞག    ལེགས་ཆ་བེེ་སྔོན་མ་བུར་(3) བཀོད་ཅེས་པའི་མཆན་འགོད་མཛད་པ་ལྟར་རྗེས་སོར་《ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་》ཞེས་བྱ་བའི་མཇུག་ཏུའང་དངོས་སུ་དཔྱད་གཞི་གནང་བར་ཞལ་གྱིས་བཞེས་འདུག  ཁོ་བོ་རང་ཉིད་ཀྱི་གོང་གསལ་ཁོག་འབུགས་དང་།  རྩ་རྒྱུད་འགྲེལ་པ་མཇལ་དུས་རྒྱུད་བཞིའི་ལོ་རྒྱུས་གསུངས་སྐབས། རྒྱུད་དོན་བདུད་རྩི་སྙིང་པོ་འདི། བཀའ་ཡང་ཡིན་ལ་གཏེར་མ་ཡང་ཡིན། རྒྱུད་ཀྱང་ཡིན་ཅིང་། འགྱུར་བྱང་ལས། “རྒྱ་གར་གྱི་པཎྜིཏ་ཟླ་བ་ལ་མངོན་པར་དགའ་བ་དང་། བོད་ཀྱི་ལོ་ཙྭ་བ་བེེ་རོ་ཙ་ན་གཉིས་ཀྱིས་རྒྱ་གར་ཁ་ཆེ་ཁྲི་བརྟན་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །” ཞེས་ཁོག་འབུགས་གཞན་དང་མི་འདྲ་ཙམ་ཞིག་གི་གསུངས་སྲོལ་ཡོད་པ་དང་གཅིག་ཡང་བརྒྱུད་པའི་ལོ་རྒྱུས་སྐབས་སུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། སློབ་དཔོན་པདྨ་གཉིས་ལ་ཕྱག་རྟེན་དུ་ཕུལ་བ་མཆོད་ཡོན་གཉིས་བཀའ་བགྲོས་ནས། ད་ལྟ་སྤེལ་བའི་གནས་མིན། བསམ་ཡས་དབུ་རྩེ་པར་ཁང་དུ་ཀ་བ་བུམ་པ་ཅན་དུ་གཏེར་ལ་བཞུགས། ཕྱིས་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་སྤྱན་དྲངས། དེས་དབུས་པ་དར་གྲགས་ལ། དེས་རོག་སྟོན་དཀོན་སྐྱབས་ལ། དེས་གཡུ་ཐོག་མགོན་པོ་ལ་དྲིན་ལེན་དུ་ཕུལ། དེ་ཡན་ཆིག་བརྒྱུད་ཡིན་ལ། གཡུ་ཐོག་མགོན་པོས་སྙིང་དང་འདྲ་བའི་ཐུགས་སྲས་གསུམ་ལ་གནང་། (ཐུགས་སྲས་གསུམ་ནི འབལ་སྨན་ཉི་མ་དཔལ། གསུམ་སྟོན་ཡེ་ཤེས་གཟུངས། ཉིད་ཀྱི་སྲས་འབུམ་སེང་གསུམ་) དེ་རྣམས་ཀྱིས་འགྲོ་དོན་རྒྱ་ཆེར་སྤེལ། ཞེས་སོགས་ལ་བརྟེན་རྒྱུད་བཞི་བཀའ་གཏེར་ཟུང་སྤྲེལ་དང་། དེ་ཡང་སྤྲུལ་པས་གསུངས་པའི་རྒྱུད་ལ་ངོས་འཛིན་གནང་། གཞུང་ལུགས་ཐད་གནས་ལུགས་ནད་གཞིའི་སྐབས་རྣམ་པར་མ་གྱུར་པ་དང་། གྱུར་པ་གཉིས་དཔེ་རྒྱུ་ཆུ་དང་རྐྱེན་འཁྱག་པ་ལྟ་བུའི་འབྲེལ་བར་གསུངས་ཤིང་། རྩ་རྒྱུད་སྡོང་འགྲེམས་རྒྱབ་སྲོལ་ཐད་དཔག་བསམ་ལྗོན་ཤིང་ལྟ་བུའམ། ཡང་ན་ཨ་རུ་ར་མཆོག་གི་རྣམ་རྒྱལ་ལྟ་བུའི་རྩ་བ། སྡོང་པོ། ཡལ་ག ལོ་འདབ། མེ་ཏོག འབྲས་བུར་དཔེ་བཞག་པ་ཡིན་ཚུལ་དེ་བཞིན་གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན་ཞེས་པའི་མེ་ཏོག་དེ་སྡོང་པོ་གང་ལ་ཡིན་ཞེ་ན། སྤྱིར་སྡོང་པོ་དགུ་གར་ཡིན་ཞིང་། ཁྱད་པར་དུ་ཕྱེ་ན་སྡོང་པོ་དང་པོ་རྣམ་པར་མ་གྱུར་པ་ལུས་ནད་མེད་ཀྱི་སྡོང་པོ་ལ་སྨིན་པ་ཡིན་ཏེ་གསུངས་པ་སོགས་ཐུན་མོང་མ་ཡིན་པའི་བཤད་སྲོལ་དང་གསུམ་བཅས་ཡོད་ཅིང་།  འོན་ཀྱང་བདེ་ཆོས་སྨན་པ་རཏྣའི་མིང་ཅན་ཁོང་རང་འཚོ་བཞུགས་སྐབས་། བོད་ཀྱི་གསོ་རིག་ཅུང་ཟད་ཉམས་ཞན་དུ་འགྲོ་གི་ཡོད་པ་དང་། སྨན་པ་འགའ་ཤས་འདོད་སྲེད་ཁོ་ནའི་དབང་གིས་མི་ཚེ་སྐྱེལ་བ་དེ་གཟིགས་ནས་ཐུགས་ཀྱི་གཏིང་ནས་སྐྱོ་ཤས་དང་། ངེས་འབྱུང་འཁྲུངས་པའི་སྐོར་བཀའ་མོལ་མང་པོ་ཞིག་འདུག་ལ་དེ་དག་རྣམས་རང་གཞན་ཚང་མར་བསླབ་བྱ་གནད་དུ་འཕིགས་པ་རྐྱང་ཡིན་པས་དེའི་སྐོར་ཅུང་ཟད་དྲངས་ན།


གསོ་དཔྱད་བསྟན་པ་དུས་ཀྱི་དབང་གིས་འགྲིབ། །ནད་ངན་སྣ་ཚོགས་ཕྱོགས་བཅུ་ཀུན་ནས་དར། །སྤྲུལ་པའི་སྨན་པ་རྣམས་ནི་ཞིང་གཞན་གཤེགས། །ད་བཞུགས་ཕལ་ཆེར་འདོད་སྲེད་སྣང་ཤས་སྐྱོང་། །ལ་ལ་ཅུང་ཟད་ཤེས་པའི་ང་རྒྱལ་འཆང་། །ལ་ལ་ང་རྒྱལ་མེད་ཀྱང་མཁྱེན་པ་ཆུང་། །མཁྱེན་པ་ཆེ་ལ་ང་རྒྱལ་ཆུང་བ་ཡི། །སྨན་པ་དེ་འདྲ་ད་ལྟ་གང་ནས་བཙལ། །ལ་ལ་བཤད་པ་མཁས་ཀྱང་ལག་ལེན་རྨོངས། །ལ་ལ་ལག་ལེན་ཤེས་ཀྱང་བཤད་རྒྱུ་མེད། །བཤད་པ་ལག་ལེན་གཉིས་སུ་འཛོམས་པ་ཡི། །མཁས་པ་དེ་འདྲ་དེང་སང་ཉིན་སྐར་འདྲ། །ལ་ལ་མཁྱེན་པ་ཆེ་ཡང་ཐུགས་རྗེ་མེད། །ལ་ལ་ཐུགས་རྗེ་ལྡན་ཡང་མཁྱེན་པ་ཆུང་། །མཁྱེན་རབ་ཐུགས་རྗེར་ལྡན་པའི་སྨན་པ་དེ། །འགྲོ་བའི་སྤྱི་ནོར་ཡིན་ཡང་རྙེད་པར་དཀའ། །ལ་ལ་གཞུང་ལ་མཁས་ཀྱང་མན་ངག་མེད། །ལ་ལ་མན་ངག་ཟབ་ཀྱང་གཞུང་དོན་རྨོངས། །གཞུང་བཤད་མཁས་ལ་མན་ངག་ཟབ་པ་ཡི། །སྐྱེས་བུ་དེ་འདྲ་སྨན་པའི་གཙུག་རྒྱན་ཡིན། །ལ་ལ་ཅུང་ཟད་ཕན་ན་ཟས་ནོར་འདོད། །ལ་ལ་འདོད་པ་ཆུང་ཡང་ཕན་ནུས་མེད། །གཞན་ཕན་ཆེ་ལ་འདོད་པ་ཆུང་བ་ཡི། །སྨན་པ་དེ་འདྲ་རྒྱལ་བའི་སྲས་པོ་ཡིན། །ལ་ལ་མཁས་པ་ཡིན་ཡང་འགྲོགས་པར་དཀའ། །ལ་ལ་འགྲོགས་པ་བདེ་ཡང་རྨོངས་པར་སྣང་། །མཁས་ལ་འགྲོགས་པ་བདེ་བའི་སྨན་པ་དེ། །དེང་སང་དུས་ན་ཨུ་དུམ་ཝ་ར་འདྲ། །མཁས་པ་རྣམས་ལ་ཕྲག་དོག་མི་སྙན་སྒྲོག །མི་མཁས་རྣམས་ལ་ང་རྒྱལ་ཁྱད་གསོད་བྱེད། །བཟའ་བཏུང་ཕྱིར་དུ་ངོ་ཚ་ཁྲེལ་གཞུང་བོར། །རང་མཐོང་ཆེ་ཡང་ཁྱི་ཡི་ཟླ་བོར་ཟད། །རང་ལ་བརྟེན་ན་ཕན་མེད་ཟལ་ཟོལ་བྱེད། །གཞན་ལ་བརྟེན་ན་དགྲ་དང་འདྲ་བར་བལྟ། །ཟས་ནོར་མེད་ན་འཁང་རའི་ཀུ་ཅོ་འདོན། །ནད་པའི་ཚོགས་ཀྱིས་སྨན་པ་ཇི་ལྟར་བསྟེན། །དྲག་པ་རྣམས་ལ་སུས་ཐོབ་སེམས་འཛིན་བྱེད། །ཉམ་ཆུང་ནད་པས་དྲུང་དུ་བསྙེགས་ཀྱང་སྤོང་། །གལ་ཏེ་བལྟས་ན་སྨན་ཡང་སྟེར་མ་ཡིན། །མགོན་མེད་ནད་པའི་རེ་ས་གང་ལ་བྱེད། །སློབ་མས་ཤེས་ན་མི་སློབ་ལས་ལས་འཁོལ། །མེད་ན་གཡོ་སྒྱུས་སློབ་མ་འགུགས་འདྲེན་བྱེད། །སློབ་མས་ཤེས་ན་བུ་ལ་གནོད་ཅེས་ཟེར། །བློ་གསལ་ཤེས་འདོད་རྣམས་ཀྱང་དཀའ་བར་སྣང་། །བཏང་སྙོམས་བསྡད་ན་མཁས་པར་སློབ་དགོས་ཟེར། །དྲིས་ཤིང་བརྩད་ན་གདམས་ངག་ཤེས་དོགས་བྱེད། །འབུལ་རྒྱུ་མེད་ན་དཔེ་ཆ་བརྙན་པའང་མེད། །གཞོན་ནུ་རྣམས་ཀྱིས་ཡོན་ཏན་ཅི་ལ་ཤེས། །རང་འདོད་ཕུགས་སུ་བཅུག་པའི་གཞན་ཕན་དང་། །ཟས་ནོེར་དགོས་མེད་ཟེར་བའི་འདོད་ཆུང་འདྲ། །གཡོ་སྒྱུས་གཞན་མགོ་བསྐོར་བའི་དྲང་དྲང་སོགས། །ལྕེ་ཡིས་སྨྲས་པར་སེམས་ཀྱིས་མི་ཁྲེལ་ལམ། །འདི་འདྲའི་ཚུལ་གྱིས་བདག་ཀྱང་ཡིད་རབ་འབྱུང་། །སྐྱོན་དུ་ཤེས་ནས་ལེགས་པར་སྤོང་འདོད་ཀྱང་། །སྔོན་གོམས་བག་ཆགས་དམིགས་རྐྱེན་ངན་པའི་ཕྱིར། །སྤོང་བར་བརྩམས་ཀྱང་ཅུང་ཟད་ཉེས་པས་གོས། །ཞེས་སོགས་ཀྱི་ཞལ་ཏ་གནང་བ་རྣམས་དེང་གི་དུས་སུའང་བསླབ་བྱའི་དོན་སྙིང་ཧ་ཅང་ཆེ་བར་བརྟེན་རྗེས་འཇུག་གི་དགེ་སློབ་ཚོས་གདམས་ངག་དེ་རྣམས་བཀླགས་ཙམ་བྱེད་ཐུབ་ནའང་བླང་དོར་གྱི་གནས་ལ་མ་རྨོངས་ཤིང་། གཞན་ཕན་འགྲོ་དོན་ཁ་ཞེ་མེད་པ་ཞིག་ཡོང་ཆེད་སྐུལ་ལྕག་ཤུགས་ཆེན་ཐེབས་རྒྱུ་གདོན་མི་ཟ་བས་འདིར་བཀོད་པའོ། །


མཆན་བུ།

༡། བདེ་ཆེན་ཆོས་འཁོར་ནི་ད་ལྟ་ལྷོ་ཁ་གོང་དཀར་རྫོང་ཁོངས་སུ་ཡོད།


༢། གསོ་བ་རིག་པའི་ཁོག་འབུགས་《འཆི་མེད་ཕུན་ཚོགས་ལྔ་ལྡན་》ཞེས་པ་བྱང་བདག་ཆོས་རྒྱལ་དབང་པོའི་སྡེ་ཡབ་སྲས་དང་དུས་མཉམ་དུ་བྱུང་བའི་ལྷ་རྗེ་མི་ཕམ་བཟང་པོས་སྦྱར་བ། རྒྱུད་བཞི་བཀའ་དང་། དེའི་ནང་གསེས་བདུད་རྩི་ཡོན་ཏན་རྒྱུད་དུ་གཏོགས་པ། གསུང་ཡུལ་རྡོ་རྗེ་གདན་དུ་བཞེད་པ། སྭ་རས་བརྟགས་ཤིང་ཡིག་ནོར་སོར་བཞག ལེགས་ཆ་ བེེ་སྔོན་མ་བུར་བཀོད་ཅེས་མི་དབང་སངས་རྒྱས་རྒྱ་མཚོ་སྐུ་ངོ་མས་འབྲི་གནང་མཛད་པའི་མཆན་བུ་ལས་གསལ། བྱང་བདག་ཆོས་རྒྱལ་དབང་པོའི་སྡེའམ། བྱང་བདག་རིག་འཛིན་ངག་གི་དབང་པོའི་སྡེ་ནི་རབ་བྱུང་བཅུ་པའི་ལྕགས་འབྲུག་སྤྱི་ལོ་ 1580 ལོ་ལ་འཁྲུངས།


༣། བེེ་སྔོན་མ་བུར་བཀོད་ཅེས་པ་བེེ་སྔོན་དང་། ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ལ་གོ་དགོས་སྙམ་པ་དཔྱད་པར་མཛོད།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 


 

མཐའ་མའི་འདོན་ཐེངས་།: 20.02.2017 ཉིན། 4:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།

ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ།

ལྷུན་སྡིངས་བདུད་རྩི་འགྱུར་མེད།