སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

ཕབ་སྒྱུར་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

 

ཕབ་སྒྱུར་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།

སྡེ་ཚན་འདི་ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༡ ཉིན་སྨན་པ་ཐོགས་མེད་དཔལ་འབྱོར་ལགས་དང་སྨན་པ་པ་སངས་དབང་འདུས། སྨན་པ་བསོད་ནམས་སྒྲོལ་མ་གསུམ་ལས་གྲུབ་པའི་ཕབ་བསྒྱུར་ཚན་པ་ཞིག་བཙུགས་ཡོད་ལ། འདི་ལྟ་བུའི་ཕབ་བསྒྱུར་ཚན་པ་ཞིག་འཛུགས་དགོས་པའི་དམིགས་ཡུལ་ནི་དེང་གི་སྐབས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་སྨན་དར་འཕེལ་ཇེ་ཆེར་འགྲོ་བཞིན་པ་དང༌། ཁྲོམ་རར་བོད་སྨན་སྐོར་ཨིིན་སྐད་ཐོག་དཔེ་དེབ་མི་ཉུང་བ་ཞིག་འགྲེམ་སྤེལ་བྱེད་བཞིན་ཡོད་པར་སོང༌། འབྱུང་འགྱུར་བོད་ཀྱི་གསོ་བ་རིག་པའི་ནང་དོན་ལ་བསྲེས་ལྷད་དང་གོ་བ་ལོག་སྒྲུབ་ཀྱི་ཉེན་ཚབས་འགོག་ཐབས་སུ་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་ཀྱི་སྐབས་བོད་གཞུང་དབུས་སྨན་རྩིས་ཁང་ནས་འགན་བཞེས་ཐོག་བོད་ཀྱི་གསོ་བ་རིག་པའི་གཞུང་དཔལ་ལྡན་རྒྱུད་བཞི་དེ་ཉིད་བོད་ཀྱི་གསོ་བ་རིག་པར་སློབ་མཐར་ཟིན་པའི་སྨན་པ་ཚད་ལྡན་བརྒྱུད་སྒྱུར་བཟང་པོ་ཚད་ལྡན་ཞིག་ཐོན་ཐུབ་རྒྱུ་དེ་ཡིན། ཕྱི་ལོ་ ༢༠༠༩ ལོར་ཚན་པ་འདི་སྡེ་ཚན་གྱི་ངོ་བོར་བསྒྱུར།

 

ད་ལྟའི་བར་འགན་འཛིན་སྐབས་གཉིས་ཙམ་འཕོ་འགྱུར་སོང༌། སྡེ་ཚན་འདིས་རྒྱུད་བཞིས་གཙོས་ཕབ་བསྒྱུར་གྱི་ལོ་ཙཱའི་ལས་དོན་གཙོ་བོ་བྱེད་བཞིན་ཡོད་ཅིང༌། དེ་ཡང་བོད་ཀྱི་ཐུན་མིན་གསོ་བ་རིག་པའི་ཁྱད་ཆོས་འཛམ་གླིང་ཁྱོན་ཡོངས་ལ་ངོ་སྤྲོད་དང༌། འཕྲོད་བསྟེན་བདེ་རྩར་ཞབས་ཞུ་སྒྲུབ་དགོས་དམིགས་ཡུལ་འོག་འཕྲོད་བསྟེན་དང་འབྲེལ་བའི་ཡིག་ཆ་ཁག་ཡང་ཨིན་བསྒྱུར་དང་བོད་བསྒྱུར་བྱེད་བཞིན་ཡོད། ད་ལྟའི་ཆར་རྩ་རྒྱུད་དང་བཤད་རྒྱུད། ཕྱི་མ་རྒྱུད་བཅས་ཨིན་བསྒྱུར་ལེགས་པར་གྲུབ་སྡེ་དེབ་གཟུགས་གཉིས་སུ་དཔར་བསྐྲུན་གནང་བ་མ་ཟད། མན་ངག་རྒྱུད་དེ་ཉིད་དེབ་ཕྲེང་གསུམ་གྱི་ཐོག་ཨིན་བསྒྱུར་གྱི་ལས་གཞི་འགྲོ་བཞིན་ཡོད་པ་དང་བོད་ནས་ཐོན་པའི་བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་དེ་ཉིད་ཀྱང་ཨིན་སྐད་ཐོག་བསྒྱུར་རྒྱུའི་ལས་གཞི་འགོ་འཛུགས་ཟིན་པ་ཡིན།

 

ཕབ་བསྒྱུར་གྱི་ལས་གཞི་དངོས་ནི་ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༥ པའི་ནང་མགོ་འཛུགས་ཞུས་ཡོད་ཀྱང་རིང་པོར་མ་སོང་བར་སྨན་པ་པ་སངས་དབང་འདུས་དང༌། སྨན་པ་བསོད་ནམས་སྒྲོལ་མ་གཉིས་སིམ་ལ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང༌། དེའི་སྐབས་སྨན་པ་ཐོགས་མེད་དཔལ་འབྱོར་ལགས་གཅིག་པུས་ཕབ་བསྒྱུར་གྱི་ལས་གཞི་མུ་མཐུད་གནང༌། དེའི་བར་མཚམས་སུ་སྨན་པ་བློ་བཟང་ཚུལ་ཁྲིམས་སྡེ་ཚན་འདིར་གནས་སྤོས་ཀྱིས་སྡེ་ཚན་འདིར་བཞུགས་རིང་སྨན་རྩིས་དུས་དེབ་ཆེད་ཕྱག་ལས་གནང༌། དེ་བཞིན་སྨན་པ་བསྟན་འཛིན་ལུང་རིག་ཀྱང་སྡེ་ཚན་འདིར་གནས་སྤོས་ཀྱིས་འདིར་བཞུགས་རིང་སྔོ་སྨན་དེབ་ཆུང་ཞིག་དབྱིན་བསྒྱུར་མ་ཟིན་བཀོད་ཡོད། ཁོང་གཉིས་སྡེ་ཚན་འདིར་གནས་སྤོས་གནང་རུང་རྒྱུད་བཞིའི་བསྒྱུར་གྱི་ལས་གཞིའི་ཐོག་དམིགས་བསལ་མཉམ་བཞུགས་གནང་ཐུབ་མེད། ྋསྐུའི་བླ་སྨན་ཞབས་ཞུ་བ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་བོད་གཞུང་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་ལ་བསྐོ་བཞག་གནང་རྗེས་ཕབ་བསྒྱུར་གྱི་ལས་གཞི་དེ་གལ་གནད་ཆེན་པོར་གཟིགས་ཏེ་སྡེ་ཚན་རྒྱ་སྐྱེད་ཆེད་གསལ་བསྒྲགས་སྤེལ་བའི་འོག་སྨན་པ་པ་སངས་དབང་འདུས་དང་སྨན་པ་བསོད་ནམས་སྒྲོལ་མ་གཉིས་སླར་བསྒྱུར་གྱི་ལས་གཞིའི་ཐོག་མུ་མཐུད་མཉམ་ཞུགས་ཞུས། དེ་བཞིན་དུ་སྨན་པ་ཚེ་རིང་ཐག་གཅོད་དང༌། སྨན་པ་འཇམ་དབྱངས་སྒྲོལ་མ། སྨན་པ་པདྨ་ཚེ་མཚོ། སྨན་པ་རྣམ་གྲོལ་ལྷ་མོ། སྨན་པ་བསྟན་འཛིན་ཉི་མ། སྨན་པ་ནོར་ཆུང༌། སྨན་པ་བསྟན་འཛིན་ཆོས་དབྱིངས། སྨན་པ་འཆི་མེད་སྒྲོལ་དཀར་བཅས་སྨན་པ་མི་ཉུང་བ་ཞིག་སྡེ་ཚན་འདིར་བསྐོ་བཞག་གནང་བ་བཞིན་ཁོང་རྣམས་ནས་མན་ངག་རྒྱུད་དང་ཕྱི་མ་རྒྱུད་ཀྱི་དབྱིན་བསྒྱུར་གྱི་མ་ཟིན་བཀོད་རྒྱུའི་ལས་གཞི་དང་ཞུ་དག་བཅས་ལ་མཉམ་རུབ་གནང་ཡོད།

 

ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༦ ཉིན་རྩ་བཤད་གཉིས་ཀྱི་ཨིིན་བསྒྱུར་གྱི་དེབ་ཆིག་སྟོང་དཔར་བསྐྲུན་ཞུས་པ་དང་ྋགོང་ས་མཆོག་དགུང་ལོ་རེ་གསུམ་ལ་ཕེབས་པའི་འཁྲུངས་སྐར་མཛད་སྒོའི་སྐབས་བསྟུན་དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནས་དབུ་འབྱེད་གནང་བ་དང་ཕྱི་ལོ་ ༢༠༡༡ ལོར་སླར་དེབ་གྲངས་ཆིག་སྟོང་ཞིག་དཔར་བསྐྲུན་ཞུས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན་ཕྱི་མ་འཕྲིན་ལས་རྒྱུད་ཨིན་བསྒྱུར་དེབ་ཆིག་སྟོང་དཔར་བསྐྲུན་ཞུས་པ་དེ་ཉིད་ྋགོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་བས་ཕབ་བསྒྱུར་གྱི་ལས་གཞི་འདི་བརྒྱུད་བོད་ཀྱི་གསོ་རིག་འདི་ཉིད་འཛམ་གླིང་སྤྱིའི་རིན་བྲལ་གྱི་ནོར་བུ་ཞིག་ཏུ་ཤེས་པར་ཕན་ཐོགས་གང་ལེགས་བྱུང༌།

 

ལས་བྱེད་འཕོ་འགྱུར།

༢༠༠༢ ཟླ་ ༩ ཚེས་ ༡ ལ་སྨན་པ་པ་སངས་དབང་འདུས་དང་སྨན་པ་བསོད་ནམས་སྒྲོལ་མ་གཉིས་སིམ་ལ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང༌། ༢༠༠༢ ཟླ་ ༩ ཚེས་ ༧ ལ་སྨན་པ་བློ་བཟང་ཚུལ་ཁྲིམས་སྡེ་ཚན་འདིར་གནས་སྤོས་གནང༌། ཁོང་ནས་ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༡ ནས་ལོ་གཅིག་རིང་ཕོགས་མེད་དགོངས་པ་ཞུས་པ་དང་དེའི་རྗེས་སྨན་རྩིས་ཁང་ནས་རྩ་དགོངས་ཞུས།

 

༢༠༠༥ ཟླ་ ༣ ཚེས་ ༡ ལ་སྨན་པ་བསྟན་འཛིན་ལུང་རིགས་སྡེ་ཚན་འདིར་གནས་སྤོས་གནང༌། ལོ་དེའི་ཟླ་ ༡༠ ཚེས་ ༢༥ ཉིན་སྨན་པ་པ་སངས་དབང་འདུས་དང་སྨན་པ་བསོད་ནམས་སྒྲོལ་མ་གཉིས་སིམ་ལ་ཡན་ལག་སྨན་ཁང་ནས་སྡེ་ཚན་འདིར་སླར་གནས་སྤོས་གནང༌།

 

༢༠༠༦ ཟླ་ ༥ ཚེས་ ༢༡ ཉིན་སྨན་པ་ཚེ་རིང་ཐག་གཅོད་ལོ་གཉིས་སློབ་སྦྱོང་དུ་བསྐྱོད་རྗེས་སྡེ་ཚན་འདིར་ལས་བགོས་གནང༌། ལོ་དེའི་ཟླ་ ༧ པའི་ནང་སྨན་པ་བསྟན་འཛིན་ལུང་རིགས་གཟུགས་གཞི་བདེ་མིན་རྐྱེན་པས་ལོ་གཅིག་རིང་དགོངས་ཞུ་གནང་ནས་བཟུང་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ལས་བཅར་མ་ཐུབ། དེ་བཞིན་ཟླ་ ༨ པའི་ནང་སྨན་པ་པ་སངས་དབང་འདུས་སྨན་སྦྱོར་སྨན་པར་གནས་སྤོས་གནང༌།

 

༢༠༠༨ ལོར་སྨན་པ་བསྟན་འཛིན་ཉི་མ་དང༌། སྨན་པ་རྣམ་གྲོལ་ལྷ་མོ། སྨན་པ་འཇམ་དབྱངས་སྒྲོལ་མ་གསུམ་སྡེ་ཚན་འདིར་གནས་སྤོས་གནང༌།

 

༢༠༠༩ ལོར་སྨན་པ་ཚེ་རིང་ཐག་གཅོད་སྨན་དགེར་བསྐོ་བཞག་གིས་སྨན་རྩིས་མཐོ་སློབ་ཁང་དུ་གནས་སྤོས་གནང༌། ལོ་དེར་སྨན་པ་ནོར་ཆུང་དང༌། སྨན་པ་བསྟན་འཛིན་ཆོས་དབྱིངས་གཉིས་ཉམས་གསོག་གྲུབ་ཟིན་རྗེས་སྡེ་ཚན་འདིར་ལས་བསྐོས་གནང༌། དེ་བཞིན་ལོ་དེར་སྨན་པ་བསྟན་འཛིན་ཉི་མ་ཨི་ཊ་ན་གར་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་བ་དང་སྨན་པ་པ་སངས་དབང་འདུས་ལོ་གཉིས་རིང་སཱ་རར་ནང་ཆོས་སློབ་སྦྱོང་དུ་བསྐྱོད་རྗེས་སླར་སྡེ་ཚན་འདིར་ལས་བཀོད་གནང༌།

 

༢༠༡༠ ལོར་སྨན་པ་ཐོགས་མེད་དཔལ་འབྱོར་ལགས་གཟུགས་གཞི་བདེ་མིན་རྐྱེན་པས་ཟླ་ ༦ པའི་ཚེས་ཤར་ལ་རྒས་ཡོལ་སྔ་ནུར་གྱི་བཀའ་འཁྲོལ་ཐོབ་ཀྱང་ལོ་གཅིག་རིང་ཆོད་གན་དུ་བཞུགས། དེའི་རྗེས་སྨན་པ་བསོད་ནམས་སྒྲོལ་མ་སྡེ་ཚན་འདིའི་འགན་འཛིན་དང་སྨན་པ་པ་སངས་དབང་འདུས་འགན་འཛིན་གཞོན་པར་བསྐོ་བཞག་གནང༌། སྨན་པ་པདྨ་ཚེ་མཚོ་སྡེ་ཚན་འདིར་གནས་སྤོས་གནང༌།

 

༢༠༡༡ ལོར་སྨན་པ་པ་སངས་དབང་འདུས་སྨན་དགེར་བསྐོ་བཞག་གིས་སྨན་རྩིས་མཐོ་སློབ་ཁང་དུ་གནས་སྤོས་གནང༌། སྨན་པ་ཐོགས་མེད་དཔལ་འབྱོར་ལགས་ཆོད་གན་ལོ་གཅིག་གི་དུས་ཡུན་གཙང་ནས་རྒས་ཡོལ་སྔ་སྣུར་དུ་བསྐྱོད། སྨན་པ་འཇམ་དབྱངས་སྒྲོལ་མ་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གིས་སྡེ་ཚན་དེར་གནས་སྤོས་གནང༌། སྨན་པ་འཆི་མེད་སྒྲོལ་དཀར་སྡེ་ཚན་འདིར་གནས་སྤོས་གནང༌། སྨན་པ་པདྨ་ཚེ་མཚོ་སྡེ་ཚན་འདིའི་འགན་འཛིན་གཞོན་པར་བསྐོ་བཞག་གནང་བ་བཅས་སོ།།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།