སྨན་རྩིས་དྲ་བ། - མདུན་ངོས།

པདྨ་ཤྲྰི་ཆེ་བསྟོད་གཟེངས་རྟགས་བསྩལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.01.2018
མདུན་ངོས། >>

 

པདྨ་ཤྲྰི་ཆེ་བསྟོད་གཟེངས་རྟགས་བསྩལ་བ།

ྋསྐུའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ རྒྱ་གར་མང་གཙོ་ཉིན་མོའམ་སྤྱི་མཐུན་རྒྱལ་ཁབ་ཆགས་ནས་མི་ལོ་ ༦༩ འཁོར་བའི་དུས་སྟོན་ཉིན་མོར་རྒྱ་གར་དབུས་གཞུང་ནས་སྙན་གྲགས་ཅན་གྱི་པདྨ་ཤྲྰི་ (PADMA SHRI) ཞེས་ཡུལ་མི་ཆེ་བསྟོད་གཟེངས་རྟགས་དེ་བསྩལ་གནང་བའི་གཏམ་བཟང་ཐོས་པར་བཞུགས་སྒར་སྨན་རྩིས་ཁང་ནས་དགའ་བསུའི་འཚམས་འདྲི་ཞུ་བ་དང་། རྒྱ་གར་དབུས་གཞུང་ནས་ཁོང་གི་བྱས་རྗེས་ལ་ངོས་འཛིན་གྱིས་པདྨ་ཤྲྰི་ཡུལ་མི་ཆེ་བསྟོད་གཟེངས་རྟགས་འབུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ཡང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཉིན་གྱི་སྔ་ནུབ་རྒྱ་གར་དབུས་གཞུང་ནས་མི་སྣ་ཁྱོན་བསྡོམས་ ༨༥ ལ་པདྨའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་སྤེལ་གནང་ཡོད། པདྨའི་གཟེངས་རྟགས་དེ་ལ་པདྨ་བིབྷྰུཥཎ་(པད་མ་ཤིན་ཏུ་བརྒྱན་པ།)དང་། པདྨ་བྷྰུཥཎ(པད་མ་བརྒྱན་པ།)། པདྨ་ཤྲྰི་(པད་མ་དཔལ།)བཅས་རིམ་པ་གསུམ་ཡོད། གཟེངས་རྟགས་དེ་དག་སྤྱིར་རྒྱ་གར་གྱི་མི་སེར་ཡིན་པ་རྣམས་ལ་དང་། ཡང་རྒྱ་གར་གྱི་མི་སེར་མ་ཡིན་མོད་ཀྱང་རྒྱ་གར་ནང་དུ་རིག་གནས་འདྲ་མིན་ཏེ། སྒྱུ་རྩལ། རྩོམ་རིག་དང་ཤེས་ཡོན། རྩེད་མོ། སྤྱི་ཚོགས་ཞབས་ཞུ། སྨན། ཚན་རིག་དང་བཟོ་སྐྲུན་རིག་གནས། ཞི་བའི་སྲི་ཞུ། མང་ཚོགས་ཀྱི་བདེ་སྡུག ཚོང་ལས་དང་བཟོ་ལས་བཅས་ཀྱི་སྡེ་ཚན་དག་ལ་འབུར་དུ་ཐོན་པའི་བྱས་རྗེས་བཟང་པོ་ཐོབ་པའི་གང་ཟག་རྣམས་ལ་ལོ་ལྟར་ཆེ་བསྟོད་འབུལ་སྲོལ་ཡོད། དེ་ནི་ཕྱི་ལོ་ ༡༩༥༤ ལོ་ནས་འགོ་འཛུགས་པ་ཞིག་ཡིན།

འདི་ལོ་བྱས་པ་ཅན་ ༣ ལ་པདྨ་བིབྷྰུཥཎ་དང་། ༩ ལ་པདྨ་བྷྰུཥཎ། དེ་བཞིན་ ༧༣ ལ་པདྨ་ཤྲྰི་གཟེངས་རྟགས་ཕུལ་བའི་ནང་ནས། ྋརྒྱལ་བའི་བླ་ཟུར་མཆོག་གིས་ད་བར་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གསོ་བ་རིག་པའི་ལམ་ནས་རིས་མེད་ཉམ་ཐག་ནད་པར་གཟེངས་སུ་ཐོན་པའི་འཕྲོད་བསྟེན་ཞབས་འདེགས་བླ་མེད་ཞུས་དང་ཞུ་བཞིན་པར་བརྟེན་ཁོང་ལ་རྒྱ་གར་ཡུལ་མི་གཟེངས་རྟགས་པདྨ་ཤྲྰི་ཆེ་བསྟོད་གནང་བར་སྤྱིར་རང་རིགས་ཡོངས་དང་སྒོས་སུ་རང་ཅག་སྨན་རྩིས་ཁང་འགོ་ལས་ཡོངས་ནས་དགའ་སྤོབས་བྱེད་བཞིན་མཆིས།

 

ྋསྐུའི་བླ་སྨན་ཟུར་པ་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་ངོ་སྤྲོད་སྙིང་བསྡུས།

ྋསྐུའི་བླ་ཟུར་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ནི་ཕྱི་ལོ་ ༡༩༢༧ ཟླ་ ༥ ཚེས་ ༡༥ ཉིན་བོད་ལྷོ་ཁ་ལྷུན་པོ་གཞོལ་གྲོང་ཚོར་ཁང་གསར་གོང་ཞེས་པའི་ཁྱིམ་རྒྱུད་དུ་ཡབ་བཀྲ་ཤིས་ཚེ་རིང་དང་ཡུམ་མེ་ཏོག་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་དོན་ལྡན་ནོར་བུ་ཞེས་བཏགས་གནང་། ཁོང་ཆུང་དུས་ཡར་འབྲོག་རྫོང་དགོན་བྱམས་པ་གླིང་དུ་ཆོས་ཞུགས་ཀྱིས་བོད་ཡིག་འབྲི་ཀློག་སོགས་སློབ་གཉེར་གནང་། དེ་ནས་དགུང་ལོ་ ༡༣ སོན་སྐབས་མ་དགོན་བཤད་སྒྲུབ་གླིང་དུ་ཆོས་ཞུགས་གནང་བའི་ལོ་དེ་རང་ལ་མ་དགོན་ཁག་ནས་སྨན་རྩིས་སློབ་གཉེར་ཆེད་གྲྭ་གཞོན་གཉིས་རེ་ལྷ་ལྡན་སྨན་རྩིས་ཁང་དུ་གཏོང་སྲོལ་ཡོད་པ་བཞིན་ཁོང་ཡང་དེའི་གྲས་སུ་འདེམས་ཐོན་བྱུང་བའི་ངུར་སྨྲིག་འཛིན་པ་གཅིག་ཡིན། ཁོང་གིས་འགྲོ་ཕན་སྨན་རྩིས་ཁང་དུ་སྨན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བླ་སྨན་སྐུ་བགྲེས་པ་བཀྲས་ཁང་བྱམས་པ་ཐུབ་དབང་དང་། སློབ་དཔོན་མཁྱེན་རབ་ནོར་བུ། སྨན་དགེ་བློ་གྲོས་ཕུན་ཚོགས། སྨན་དགེ་ཆོས་འབྱོར་ཡོན་ཏན། རྩིས་དགེ་ཡེ་ཤེས་ཆོས་འཕེལ། རྩིས་དགེ་ཚེ་རིང་ཆོས་འབྱོར་སོགས་ཀྱི་ཞབས་དྲུང་ནས་ལོ་བརྒྱད་རིང་གཙོ་བོ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་། སྨན་རྫས་དང་སྨན་སྦྱོར་རིག་གནས། རྩ་ཆུའི་བརྟག་ཐབས་སོགས་བསླབ་པ་མཐར་ཕྱིན་པར་མཛད། དེ་ནས་ལྷོ་ཁ་གསུང་རབ་གླིང་དུ་ཉིད་ཀྱི་དགེ་རྒན་དམ་པ་མཁན་པོ་ཡེ་ཤེས་མཆོག་ལ་ཞབས་ཕྱི་ཞུ་བ་དང་། ཆབས་ཅིག་མཁན་པོའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་ལ་ཡེ་ཤེས་དོན་ལྡན་ཞེས་གསོལ། དེ་དུས་ཁུལ་དེར་རིམས་ནད་དྲག་པོ་ཞིག་ཁྱབ་བརྡལ་དུ་སོང་སྐབས་སྨན་པ་ཡེ་ཤེས་དོན་ལྡན་མཆོག་གིས་སྨན་བཅོས་བྱས་པའི་ནད་པ་ཡོངས་རྫོགས་ཀྱི་ཚེ་སྲོག་སྐྱོབ་ཐུབ་པའི་བརླབ་ཆེན་གྱི་བྱས་རྗེས་བཞག་གནང་ཡོད།  དེ་ནས་བོད་དུ་དུས་འགྱུར་མ་འབྱུང་བའི་བར་དུ་གཙོ་བོ་ལྷོ་བྲག་ཁུལ་དང་དེ་བཞིན་དབུས་དང་། ལྷོ་ཁ། ཡར་འབྲོག ལྷ་ས་སོགས་སུ་ནད་པ་མང་པོར་སྨན་བཅོས་དང་ཕྱི་ལུགས་ཀྱི་སྨན་ལའང་དོ་སྣང་གིས་སྦྱངས་བརྩོན་གནང་།

ཕྱི་ལོ་ ༡༩༥༩ ལོར་འབྲུག་ཡུལ་བརྒྱུད་རྒྱ་གར་བྱང་ཤར་ས་ཁུལ་སྦག་སར་ཆོས་སྒར་དུ་འབྱོར་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐོ་བཀོད་བྱས་པ་དང་མི་རིང་བར་ཌལ་ཧོར་དུ་གནས་སྤོས་ཞུས་པ་ལྟར་ཕེབས། དེར་རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་སྐུའི་སྙུང་གཞི་བཞེས་པར་སྨན་བཅོས་ཞབས་ཞུའི་རིམ་གྲོ་ཁག་བྱས། ལྷག་པར་སྐྱབས་བཅོལ་བ་བོད་མི་ལམ་བཟོ་རྒྱུགས་མཁན་དང་རྒྱ་གར་ཡུལ་མི་རྣམས་ལ་ཅི་ནུས་ཀྱིས་སྨན་བཅོས་ཞབས་འདེགས་གྲུབ་ཡོད།  དེ་ནས་ཕྱི་ལོ་ ༡༩༦༠ ལོར་ ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཌལ་ཧོར་དུ་བོད་མི་སྐྱབས་བཅོལ་བའི་འཚོ་བའི་གནས་སྟངས་ལ་གཟིགས་ཞིབ་ཆེད་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་གསེར་ཞལ་དངོས་སུ་མཇལ་བའི་གོ་སྐབས་བླ་ན་མེད་པ་ཞིག་ཐོབ། དེ་དུས་བཙན་བྱོལ་ནང་ལྷ་ལྡན་སྨན་རྩིས་ཁང་གི་ངོ་ཚབ་ལྟ་བུ་ཞིག་གསར་འཛུགས་དགོས་པའི་བཀའ་བསྩལ་བ་དང་སྦྲགས་འཕྲལ་དུ་བཞུགས་སྒར་དུ་བཀའ་འགུག་གནང་སྟེ་བོད་གཞུང་སྨན་རྩིས་ཁང་ཐོག་མར་རྨང་རྩ་གསར་འཛུགས་གནང་བ་དང་། དེ་དུས་ཆོས་དོན་ལྷན་ཁང་གིས་སྟངས་འཛིན་འོག་སྨན་པ་ཡེ་ཤེས་དོན་ལྡན་མཆོག་སྨན་དགེ་ཆེན་མོ་དང་། སྨན་སྦྱིན་ཁང་གི་འགན་འཛིན་བཅས་ཀྱི་ལས་དོན་ཡོད་ཚད་ཀྱི་འགན་འཁུར་བར་བསྐོ་བཞག་དང་། ནད་པར་བརྟག་དཔྱད་དང་སྨན་སྦྱིན། རྣམ་གྲྭ་བྱམས་པ་བསོད་ནམས་སམ་ལྷ་དབང་དང་། བཀྲ་ཤིས་རྒྱལ་མཚན། ཡེ་ཤེས་བསོད་ནམས་སོགས་དགེ་འདུན་པ་བརྒྱད་སྨན་སློབ་ཏུ་ཆེད་བཅུག་གིས་ཅོབ་རཱ་ཧའུ་སི་ཞེས་དེ་སྔོན་དབྱིན་ཇིའི་སྐབས་བཟོས་པའི་ཤིང་ཁང་རྙིང་པ་འགའ་ཤས་རྒྱ་གར་གཞུང་གིས་གནང་སོན་བྱུང་བའི་ནང་གསོ་བ་རིག་པའི་འཆད་ཉན་འགོ་འཛུགས་ཀྱིས་གསོ་རིག་བསྟན་པའི་མེ་རོ་སླར་གསོ་མཛད། དེ་ལྟར་ཁོང་ནི་བཙན་བྱོལ་ནང་རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཞུ་བའི་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་མཛད་མཁན་གྱི་ཕུལ་བྱུང་གི་མི་སྣ་གལ་འགངས་ཅན་ཞིག་ཀྱང་ཆགས་ཡོད།

གཞན་ཡང་ཕྱི་ལོ་ ༡༩༦༠ ནས་བཟུང་མི་ལོ་ཉི་ཤུའི་རིང་ྋསྐུའི་བླ་སྨན་ཞབས་ཞུ་ཧུར་ཐག་ཞུས་ཞིང་ཕྱི་ལོ་ ༡༩༧༩ ནས་བཟུང་བོད་གཞུང་སྨན་རྩིས་ཁང་གི་སྒྲིག་འཛུགས་ནས་ཕྱི་རོལ་དུ་ཐོན་རྗེས་མུ་མཐུད་ནས་རྒྱལ་ཁབ་དང་མི་རིགས་དབྱེར་མ་མཆིས་པའི་ནད་པ་འབུམ་ཕྲག་མང་པོར་བོད་ཀྱི་གསོ་བ་རིག་པའི་ལམ་ནས་ནད་བརྟག་སྨན་བཅོས་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད།།

   
    Photo courtesy: www.tibet.net



མཐའ་མའི་འདོན་ཐེངས་།: 31.01.2018 ཉིན། 11:06 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།