སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

དྲེག་གྲུམ་ནད་ཀྱི་མྱོང་ཚོར་རགས་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.06.2015
བོད་ཀྱི་སྨན་བཅོས་རིག་པ། >>


༄༅། །དྲེག་གྲུམ་ནད་ཀྱི་མྱོང་ཚོར་རགས་ཙམ་བཤད་པ།

ཁོ་བྷ།

            དྲེག་ནད་དང་གྲུམ་བུ་གང་ཡིན་རུང་། མིའི་ལུས་ཀྱི་ཚིགས་ཆེ་ཆུང་ལ་གནས་པའི་ནད་ཡིན། དྲེག་ནད་ལོ་བཅུ་མན་གྱི་བྱིས་པར་བྱུང་བ་མཐོང་མ་མྱོང་བ་ལས། དྲེག་གྲུམ་ནད་དེ་ཕོ་མོ་དང་རྒན་གཞོན་མེད་པར་བྱུང་འདྲ་མོད། གནས་ཡུལ་གྱི་དབང་དུ་རླན་ཞིང་འཁྱག་པའི་ས་ཆ་དང་ཁང་བ་ཚ་ཐབས་སྐམ་མེད་པ་སོགས་ལ་འདུག་སྡོད་བྱས་པའི་མི་ལ་བྱུང་བ་མང་ཙམ་མཐོང་མྱོང་། ཟས་ཀྱི་དབང་གིས་དྲེག་ནད་ཁྲག་མཁྲིས་ལས་གྱུར་བའི་ནད་འདི་འབྲོག་མིས་རྒྱུན་དུ་ལུག་ཤ་དང་ནང་ཁྲོད་མར་ཐུད་མང་ཙམ་ཟ་བའི་མི་ལ་བྱུང་བ་མང་ཙམ་མཐོང་མྱོང་། ནད་འདི་གཉིས་གང་ཡིན་ཡང་གློ་བུར་སྲོག་འཕྲོག་པའི་ཉེན་ཁ་མེད་ལ། ཡིན་ན་ཡང་། མིའི་ལུས་ལ་གནོད་པ་ཚབས་ཆེན་གཏོང་བ་དལ་བའི་རང་བཞིན་གྱི་ནད་ཡིན་པས། རིམ་བཞིན་ནད་གཞི་ཇེ་ལྕི་རུ་གྱུར་ནས་ཞ་བའམ། རེངས་ཞིང་འཁུམ་པ། འཁྱོག་པ། སྦྲིད་པ། ཚིགས་ཡབ་འགྱུར་བ། ལུས་སྒུར་བ། ལུས་ཡོངས་ཀློད་པས་འགུལ་ཙམ་ཡང་བྱེད་མི་ཐུབ། དེ་བས། མི་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་ནད་ཡིན། དེང་སྐབས་ནད་རིགས་གང་མང་ལ་གསོ་བཅོས་དང་སྔོན་འགོག་བྱེད་པའི་ཚན་རིག་དང་ལྡན་པའི་སྨན་རྫས་གང་མང་མཐོང་ཐུབ། དྲེག་གྲུམ་ནད་ལ་ཟུག་གཟེར་འཇོག་ཐུབ་པའི་སྨན་མ་གཏོགས་སེང་དྲག་ཏུ་གཏོང་ཐུབ་པའི་སྨན་མེད་པ་དང་འདྲའོ།།


དང་པོ། དྲེག་གྲུམ་གྱི་རྒྱུ་རྐྱེན་བཤད་པ།

            1. དྲེག་ནད་ཀྱི་རྒྱུ་རྐྱེན་བཤད་པ།  རྒྱུད་ལས་"རྒྱུ་རྐྱེན་ཁྲག་འཁྲུགས་བྱེད་པའི་ཟད་སྤྱོད་བསྟེན།། ཉིན་པར་གཉིད་ལོག་སྐྱིད་པར་འདུག་དང་།། དྲག་ཤུལརྐྱེན་གྱིས་ཁྲག་རླུང་འཁྲུགས་ལུས་འབྱུང་།།" ཞེས་ཁ་ཟས་སོགས་རོ་ཚ་བ་དང་ཤ་ཚིལ་སོགས་སྣུམ་བག་ཅན་རྒྱུན་དུ་བསྟེན་པ། ཆང་མང་དུ་བཏུང་བ། ཉིན་པར་གཉིད་ལོག་པ་དང་མཚན་མོ་གཉིད་མ་ལོག་པ། ཆགས་སྤྱོད་མང་དྲགས་པ། དྲག་ཤུལ་གྱི་ལས་བྱས་པ་སོགས་ཀྱིས་ལུས་ཀྱི་ཁྲག་འཁྲུགས་པ་དང་། གཞན་ཡང་རླུད་སྐྱེད་པར་བྱེད་པའི་ཟས་སྤྱོད་བསྟེན་པས་རླུང་གི་ནད་འཕེལ་ཏེ་ལོག་པའི་ལམ་དུ་ཞུགས་པས་ཁྲག་རྒྱུ་བའི་ལམ་འགགས་པ་སོགས་ཀྱིས་དྲེག་ནད་བསྐྱེད་པ་ཡིན་ལ། ཁྱད་པར་དུ་རྟ་ལ་སོགས་པ་ཞོན་ནས་རྐང་པ་ཐུར་དུ་འཕྱང་བར་བྱས་པའི་རྐྱེན་གྱིས་ཀྱང་བསྐྱེད་དོ།།

            2. གྲུམ་བུའི་ནད་ཀྱི་རྒྱུ་རྐྱེན་བཤད་པ། རྒྱུད་ལས། "རྒྱུ་རྐྱེན་རླན་སྣུམ་ཡུལ་དང་སྣུམ་བཅུད་ཟས།། དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས།། ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་སྐྱེད།།" ཅེས་པ་རླན་ཞིང་སྣུམ་བག་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། སྣུམ་བཅུད་ཆེ་བའི་ཟས་རྒྱུན་པར་བརྟེན་པས་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས། ཤ་རུས་རྩ་རྒྱུས་རྣམས་ལ་གནས་བཅས་ཏེ་གྲུམ་བུར་བསྐྱེད་པ་ཡིན། གཞན་ཡང་ལྷན་ཐབས་ལས་"ཚ་བ་བྱེར་ཞིང་ཕལ་ཆེར་སྨད་དུ་ལྷུང།། ཆུ་སེར་བསྡོངས་ཟླ་བཅས་པ་ཚིགས་ལ་ཞེན།།"ཞེས་པ་ཚ་བའི་ནད་བྱེར་ཞིང་ཕལ་ཆེར་སྨན་དུ་ལྷུང་བ་དེར་ཆུ་སེར་བསྡོངས་ཟླར་བཅས་པ་ཚིགས་ལ་ཞེན་པས་གྲུམ་བུ་ཞེས་པའི་ནད་འདི་སློང་ངོ་།།


གཉིས་པ། དྲེག་གྲུམ་གྱི་དབྱེ་བ།

            1. དྲེག་ནད་ཀྱི་དབྱེ་བ། "དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི།།" ཞེས་པ་སྟེ། རླུང་ལས་གྱུར་བ། མཁྲིས་པ་ལས་གྱུར་བ། ཁྲག་ལས་གྱུར་བ། བད་ཀན་ལས་གྱུར་བ་བཅས་བཞིའོ།།

            2. གྲུམ་བུའི་ནད་ཀྱི་དབྱེ་བ། གྲུམ་བུ་ལ་ཤ་གྲུམ། རུས་གྲུམ། རྩ་གྲུམ། ཆུ་གྲུམ། ཏྲེམ་དཀར་དང་ཏྲེམ་ནག་བཅས་རིགས་དྲུག་གོ།


གསུམ་པ། དྲེག་གྲུམ་གྱི་ནད་རྟགས།

            1. དྲེག་ནད་ཀྱི་སྤྱིའི་རྟགས། དེ་ཡང་རྒྱུད་ལས། "དེ་རྟགས་མངོན་ཚུལ་བརླ་རྐེད་ཚིགས་རྣམས་ན།། གཡའ་འགུལ་ཆག་སྙམ་ཚོར་མེད་ལྕི་བ་སྟེ།། ཡང་ཡང་ལྡང་ཞིང་སླར་ལྕི་འགྱུར་བ་ཡིན།། ནད་རྒྱས་གསར་དུས་པགས་པ་ཁྲག་ལ་གནས།། སྐྲངས་དམར་དྲོད་ཆེ་སྲ་ལ་སྔོ་ཐིགས་བཅས།། ཤིན་ཏུ་ན་ཞིང་ཟུག་ཆེ་སྐད་ངན་འཆོར།།"ཞེས་དྲེག་ནད་ལ་ཐོག་མར་གནས་ནི་གསར་དུས་པགས་པ་དང་ཁྲག་ལ་གནས་པ་དང་། དེ་ནས་ཕལ་ཆེར་རྐང་པའི་མཐེབ་མོ་དང་ལག་པའི་གྲུ་མོ་སོགས་ཀྱི་གནས་ལ་འཆའ་ཞིང་། རྙིང་ནས་ཡུན་རིང་པོ་ལོན་དུས་རྩ་ཆུ་རུས་ཚིགས་སོགས་ལུས་ཀུན་ལ་མཆེད་པར་འགྱུར་བ་ཡིན་ཏེ། དེ་ནས་རིམ་བཞིན་བརླ་དང་རྐེད་པ་པུས་མོའི་ཚིགས་དང་བྱིན་ཉྭ་རྣམས་ན་བ་དང་དེ་དག་གི་གནས་རྣམས་སུ་ཟ་འཕྲུག་འབྱུང་བ། ལུས་པོ་ཅུང་འགུལ་སྐྱོད་བྱེད་ཚེ་རུས་ཚིགས་རྣམས་ཐོར་སྙམ་དང་ཆག་སྙམ་བྱེད་པ། ན་ཟུག་ཤིན་ཏུ་ཆེ་ཞིང་སྐྲངས་མདོག་དམར་བ་དང་དྲོད་ཆེ་ལ་སྲ་ཞིང་སྔོ་ཐིག་འབྱུང་བ་བཅས་ཀྱི་ནད་རྟགས་མངོན་ཚུལ་ཡོད།

            2. དྲེག་ནད་བྱེ་བྲག་གི་རྟགས། བྱེ་བྲག་རླུང་ལས་འགྱུར་བ། གཟེར་ཟུག་ཆེ་ཞིང་ཤ་སྣ་འགུལ་བ། སྐྲངས་པ་འཕེལ་འགྲིབ་བྱེད་པ། སྐྲངས་པ་ནག་པོའམ་སྔོ་ཐིག་འོང་བ། ཡན་ལག་རེངས་ཤིང་སོར་མོ་འཁུམས་པ། མཁྲིས་པ་ལས་གྱུར་བ། དྲོད་ཆེ་ཞིང་སྐྲངས་མདོག་དམར་ལ་རེག་དུས་ན་ཚ་མི་བཟོད་པ། ཁྲག་ལས་གྱུར་བ། སྐྲངས་པ་ཚ་འབྲབ་བྱེད་ཅིང་མདོག་དམར་ལ་ཟུག་གཟེར་ཆེ་ཞིང་མཚན་མོ་གཉིད་མི་ཐུབ་པ། བད་ཀན་ལས་གྱུར་བ། སྐྲངས་པ་ཟ་འཕྲུག་འོང་ཞིང་ལུས་ལྕི་ལ་འགུལ་དཀའ་བ།

            བོད་ལུགས་གསོ་རིག་གི་ཁོང་ནད་ལས། དྲེག་ནད་གསར་རྙིང་གི་ཁྱད་པར་ལ་གསར་པ་དྲེག་དང་རྙིང་བ་གྲང་དྲེག་ཏུ་ངོས་འཛིན་ཚུལ་ཡོད་པ་ཡང་ཤེས་པར་བྱ། དེ་ཡང་། ཁྲག་མཁྲིས་ལས་གྱུར་བ་དྲེག་དང་། བད་རླུང་ལས་གྱུར་བ་རྙིང་ནས་ལོ་ཁ་ཤས་འགོར་བ་གྲང་དྲེག་དུ་ངོས་འཛིན་ཚུལ་ཡོད།

            དྲེག་ནད་བལྟ་རེག་གི་བརྟག་པ་ལས། ལྕེ་ནི་ལྕེ་གཞུང་ནག་ལ་ཅུང་སེར་བ་དང་མཐའ་དམར་ལ་འབྲུམ་ཕྲན་དོན་པ། ཆུ་ནི་ཆུ་མདོག་དམར་སེར་ལ་དྲི་མ་དྲུག་པ་(ར་གཞོབ་བྲོ་བ)། རྩ་ནི་རྩ་རྒྱུད་འབུར་ལ་འདྲིལ་བར་འཕར་བ་སྟེ་ཧ་ཅང་ནན་མོའི་སྒོ་ནས་བརྟག་པར་གལ།

            གཞན་གཞོགས་འདེགས་བརྟག་དཔྱད། འཕྲོ་འོད་ཀྱི་བརྟག་པ་ལས་ནད་གཞི་ངོས་འཛིན་ཐད་ལ་གཞོགས་འདེགས་གསལ་པོ་ཞིག་བྱེད་མི་ཐུབ།

            3. གྲུམ་བུའི་སྤྱི་རྟགས།  རྒྱུད་ལས་"སྤྱི་རྟགས་གྲངས་ཤུམ་ཡུན་རིང་ཤ་པགས་བརྩེ།། གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག། ཤེད་ཆུང་སྒྱིད་སྐྱུར་ཤ་འབྲོས་རྡུལ་ཁ་སྙི།། རུས་ཚིགས་ཤ་རུས་ཁོལ་ཞིང་ཆུ་རྒྱུས་གྱོང་།། འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར།།"  ཞེས་པ་སྟེ། ན་ལུགས་ནི་གྲང་ཤུམ་ཡུན་རིང་བྱེད་ཅིང་ཤ་པགས་བརྩེ་བ། གདོང་ལ་སྣུམ་བག་ཆགས་པ། མགོ་དང་རྐེད་པ་དཔྱི་མིག་རྣམས་གཟེར་བ། ལུས་ཤེས་ཆུང་ཤིང་སྒྱིད་པ་སྐྱུར་བ། ཤ་འབྲོས་ཤིང་རྔུལ་ཁ་སྙི་བ། རྐང་ལག་གི་ཉྭ་གཞི་འཁུམས་ཤིང་ཆུ་རྒྱུས་གྱོང་ལ་འགུལ་བསྐྱོད་བྱེད་དཀའ་བ། ཤ་རུས་དང་རུས་ཚིགས་འཁོལ་ཞིང་ན་བ། ཉིན་མོ་གཉིད་མི་ཐུབ་ཅིང་མཚན་མོ་བྱ་ལྟར་ཡེར་བ་སོགས་གཉིད་མི་འོང་བ་སོགས་ཀྱི་རྟགས་ཡོད་དོ།།

            4. གྲུམ་བུ་བྱེ་བྲག་གི་རྟགས།  རྒྱུད་ལས། ཤ་གྲུམ་ནི་བད་མཁྲིད་ཤས་ཆེ་སྟེ། ཤ་སྦོ་ཞིང་མདོག་ནག་པ། ཡན་ལག་སྦྲིད་ཅིང་གློ་དང་སྙིང་མི་བདེ་བ། སྐབས་སུ་སྣ་ཁྲག་འཛག་པ། ཤ་རུས་གཉིས་ཁ་ཕྱེ་བ་ལྟར་ཟུག་གཟེར་ལངས་པ། རུས་གྲུམ་ནི་རླུང་ཤས་ཆེ་བ་དང་རུས་པ་ཚ་སྐྱེས་ཤིང་རུས་ཚིགས་འགྱུར་ནས་ཟུག་གཟེར་དྲག་ཏུ་ལངས་པ། རྩ་གྲུམ་ནི་ཁྲག་ཤས་ཆེ་བ་སྟེ་ལུས་ཀྱི་བཀྲག་མདངས་ཉམས་ཤིང་གློ་སྙིང་མི་བདེ་བ། དེ་ཡང་རྒྱུད་ལས་"སྲོག་རྩ་ལས་བྱུང་རྩ་ནག་གྱེན་དུ་གྱེས།། ཀླད་པ་ལས་བྱུང་རྩ་དཀར་ཐུར་ཏུ་ཟུག།" ཅེས་ལྟག་ཤ་དང་དཔྱིའི་ལྟ་ཟུར་གྱི་ཤ་ཆད་སྙམ་བྱེད་པ་དང་རྩ་རྣམས་སྦོས་ཤིང་སྲ་ལ་ན། རྐང་བའི་རྩ་ནག་རྣམས་ཐུ་གུ་ལྟར་སྦོ་པ། ཆུ་གྲུམ་ནི་ཆུ་རྒྱུས་གྱོང་ཞིང་ལུས་འདར་བ་དང་རྐང་ལག་རེངས་འཁུམས་བྱེད་པ་སོགས་མངོན། མདོར་ན། གྲུམ་བུ་རིགས་དྲུག་པོ་གྲང་བ་ཤེས་ཆེ་བའི་གྲུམ་དཀར་དང་། ཚ་བ་ཤས་ཆེ་བས་གྲུམ་ནག་གཉིས་སུ་འདུ་བ་ཡིན། གཞན་གཞོགས་འདེགས་བརྟག་དཔྱད་བྱེད་སྐབས་འོད་འཕྲོ་བརྟག་དཔྱད་ལས་རུས་གྲུམ་གྱི་ཚིགས་འགྱུར་བ་མཐོང་ཐུབ།


བཞི་པ། དྲེག་གྲུམ་ནད་ཀྱི་བཅོས་ཐབས་བཤད་པ།

            1. བདུད་རྩི་ལྔ་བཤད་པ། བདུད་རྩི་ལྔ་ཞེས་པ་ནི་《ཨ་རུའི་ཕྲེང་མཛེས་》ལས་ "བ་ལུ་ཤུག་པ་མཚེ་འོམ་བུ་མཁན་སྐྱ་སྟེ་རིམ་བཞིན་མི་ལྷ་བཙན་ཀླུ་སྡེ་བརྒྱད་ཀྱི་བདུད་རྩི། ཉིན་སྲིབ་ཆུ་སྤངས་སའི་བདུད་རྩི་"ཞེས་ཟེར་རོ།། 《གཡུ་ཐོག་མན་ངག་ཤོག་དྲིལ་》ལས་ " བ་ལུས་པགས་པ་མཉེན། འོམ་བུས་རུས་དུག་འབྱིན། མཚེས་ལུས་ཟུངས་བརྟས། མཁན་སྐྱས་འབྱུང་བ་འདུལ། ཤུག་པ་ཡོན་ཏན་བརྒྱད་དང་ལྡན་"ཞེས་གསུངས་སོ།།

            2. བདུད་རྩི་ལྔ་ལུམས་ཀྱི་བསྙལ་ཐབས་བཤད་པ། བདུད་རྩི་ལྔ་བོ་ཁྲུམ་ཁྲུམ་བརྡུངས་ནས་སོ་སོར་སླ་ངའི་ནང་ཆུ་བླུག་ནས་ཅུང་ཙམ་བསྐོལ་ནས་སྨན་ཕྱིར་བླང་། གོང་ནས་བཙས་ཟིན་པའི་བདུད་རྩི་ལྔ་ཕབ་དང་ཆང་སོགས་འདྲེས་པར་དཀྲུག་དེ་རྫ་མ་ཆེན་པོ་དང་ཨར་འདམ་གྱིས་བཟོས་པའི་སྣོད་སོགས་ཀྱི་ནང་དུ་བསྙལ་ནས་ཉལ་ཐུལ་བཅས་ཀྱི་འཐུག་པོར་གཡོག་པ། དེ་ལྟར་ཉིན་བདུན་ལ་བསྙལ་ནས་སོབ་སོབ་སྒྲ་དང་ཆང་དྲི་བྲོ་བ་ན་བསྙལ་ཐག་ཆོད་ཟིན་པས་སྨན་ཕྱིར་བླང་ནས་བསིལ་སྐམ་བྱ།

            3. བདུད་རྩི་ལྔ་ལུམ་བསྐོལ་ཚུལ་བཤད་པ། གོང་ནས་བསྙལ་ཟིན་པའི་བདུད་རྩི་ལྔ་བོ་སོ་སོར་སྤྱི་རྒྱ་བཅོ་ལྔ་རེ་དང་ཆུ་སྤྱི་རྒྱ་དགུ་བརྒྱ་བླུགས་ནས་བསྐོལ། སྨན་ཆུ་ཁོལ་ནས་སུམ་ཆའི་གཅིག་འཐག་རྗེས་སླར་ཡང་ཆུ་བསྣན་ནས་བསྐོལ། བསྣན་པའི་ཆུ་དེ་གདུས་ན་གསོ་བའི་ཁྲུས་གཞུང་ནང་སྨན་ཆུ་སྤྱི་རྒྱ་བརྒྱ་དང་ལྔ་བཅུ་བླུགས།

            4. ཁྲུས་གཞུང་ནང་གི་སྨན་རྫས་བཤད་པ། གོང་ནས་ཁྲུས་གཞུང་ནང་ལ་བླུགས་པའི་སྨན་ཆུའི་ནང་ལ་ཁ་ཚར་སྨན་རྩ་བ་ལྔ་དང་ཆུ་སེར་སྨན་གསུམ་སེང་ལྡེང་། སླེ་ཏྲེས། ཤུག་འབྲུ། ཙན་དན། བ་ཤ་ཀ བུལ་ཏོག གྲྭ་རིལ། ལུག་རིལ། རི་བོང་རིལ་མ། སྤང་སྤོས། གླ་རྩི། ཅོང་ཞི། མུ་ཟི། བྱི་ཏང་ག རུས་པ་སྣ་ཚོགས་ཀྱི་ཁུ་བ། དུག་མེད་པའི་མེ་ཏོག་སྣ་ཚོགས་སོགས་ནད་བབས་དང་བསྟུན་ནས་བསྣོན་འཕྲི་གང་ལགས་དང་ཁ་ཚར་གདབ་ནས་ཐེངས་གཅིག་བསྐོལ་རྗེས་ད་བཟོད་ནད་པ་ལུམས་སུ་ཞུགས་དགོས།

            5. བདུད་རྩི་ལྔ་ལུམས་འདུག་ཚུལ་བཤད་པ། གོང་དུ་བསྐོལ་ཟིན་པའི་སྨན་ཆུའི་ཚ་བའི་ཚད་གཞི་རིམ་བཞིན་ཡར་ལ་འཕེལ་དང་མར་ལ་འཕྲི་བ། དུས་ཚོད་སྐར་མའང་དེ་བཞིན་ནོ།། ཉིན་གཅིག་ཐེངས་གཉིས་ལ་འདུག་པ་དང་ཐེངས་གཉིས་ཀྱི་དུས་ཚོད་སྐར་མ་དང་ལུམས་ཆུའི་ཚ་གྲང་གཅིག་འདྲ་ཡིན་དགོས།

ཉིན་གྲངས།

ཉིན་དང་པོ།

ཉིན་གཉིས་པ།

ཉིན་གསུམ་པ།

ཉིན་བཞི་པ།

ཉིན་ལྔ་པ།

ཉིན་དྲུག་པ།

ཉིན་བདུན་པ།

དུས་ཚོད་སྐར་མ།

10

15

20

30

20

15

10

སྨན་ཆུའི་ཚ་གྲངས།

35

38

41

45

41

38

35

 

            དེ་བཞིན་དུས་ཚོད་སྐར་མ་དང་ལུམས་ཆུའི་ཚ་གྲང་རིམ་བཞིན་ཡར་ལ་འཕེལ་ན་དཔྱིད་ཁའི་ཉི་མའི་ས་ཆུ་དྲོས་པ་ལྟར། གསོ་བྱའི་ནད་རླངས་གཏིང་ནས་འདོན་ཐུབ་པ།  མ་གོམས་པ་རྣམས་རིམ་བཞིན་གོམས་པ། མགོ་ཡོམ་འཁོར་བ། རླུང་ལངས་པ། ལུས་ཟུངས་མི་བཟང་བའི་ནད་པ། རྔུལ་ཆུ་བཞུར་དྲག་པ། པགས་པ་བསྲེགས་པའི་ཉེས་པ་སོགས་གསོ་བྱའི་ལུས་ལ་གནོད་པ་ཅི་ཡང་འབྱུང་མི་སྲིད་དོ།། ཉིན་ལྔ་པ་ནས་རིམ་བཞིན་དུས་ཚོད་སྐར་མ་དང་ལུམས་ཆུའི་ཚ་གྲང་མར་ལ་འཕྲི་ན། རྔུལ་དབྱུང་མང་དྲག་པ་རྣམས་ཇེ་ཉུང་དུ་འགྲོ་བ། བ་སྤུའི་བུ་ག་དེ་ཡང་ཇེ་ཆུང་དུ་སོང་། ལུམས་ནས་ཕྱིར་བུད་ན་ལུས་མི་འཁྱགས་པ། དྲོས་འཁྱགས་དང་ནད་དུག་སོགས་གང་ཡིན་གྱིས་ཉེས་པ་ཇི་ཡང་འབྱུང་མི་ནུས་སོ།།

            6. ལུམས་ལ་འདུག་དུས་དང་འབུད་ཁའི་བྱུག་བཤད་པ། ལུམས་ཞུགས་སྐབས་རྐང་ལག་སྐྲངས་པ་ལ་བྱ་ཁྱུང་སྔོན་པོར་ཆང་སྦྱར་དེ་བྱུགས་པ། རྩ་གྲུམ་ནད་ཀྱི་རྩ་དཀར་ན་བར་རྩ་དཀར་བྱུག་པ་ཀུན་སེལ། རླུང་ལངས་པ་དང་མགོ་ཡོམ་འཁོར་བ། སྙིང་མི་བདེ་བར་ཨ་གར་རིགས་དང་ཕྱེ་ཕུར་བྱུགས་པ། ལུམས་ལ་ཞུགས་ནས་ཕྱིར་འབུད་སྐབས་ཨ་གར་སོ་ལྔ་དང་ཕྱེ་ཕུར་གཉིས་མཉམ་དུ་བསྲེས་དེ་ལུས་ཡོངས་ལ་བྱུགས་རྒྱུ་གལ་ལོ།།

            7. ཁོངས་སྨན་གྱིས་བཅོས་ཐབས་བཤད་པ། སླེ་ཏྲེས་སུམ་ཐང་། གྱོན་རློན་བཅོ་བརྒྱད་ལ་སོགས་ཐང་སྨན་ལན་འགའ་བསྟེན་པའི་རྗེས་སུ། ཚ་བའི་རིགས་ལ་ཁྱུང་ལྔ་། ཀླུ་བདུད་བཅོ་བརྒྱད། ཟླ་འོད་ནོར་ཁྱུར་། ཆུ་སེར་གྱི་རིགས་ལ་སྤོས་དཀར་བཅུ་པ། བོང་ཁྲག་ཉེར་ལྔ། སེང་ལྡེང་ཉེར་ལྔ། གྲང་བའི་རིགས་ལ་སེ་འབྲུ་དྭངས་མ་འཇོག་དང་སེ་འབྲུའི་རིགས། མཁལ་འགྲམས་ལ་གྲུམ་བུའི་ཟུག་བཅོག་ཆེན་མོ། རྩ་གྲུམ་ལ་བསམ་ཁྱུང་། བྱུར་མར་བདུན་བཅུ་དང་ཉེར་ལྔ། རུས་གྲུམ་ལ་སྟབ་སེང་ཆིག་ཐང་དང་བརྒྱད་པསོགས།

            8. གཏར་སྲེག་གི་བཅོས་ཐབས། དྲེག་ནད་སྐྲངས་མདོག་དམར་རམ་སྔོ་ཐུག་ཡོད་སར་ཐུར་མའི་གཙགས་ལ་རྔབས་རྭས་འདྲེན་པ། དྲེག་རྩ་དང་ཉེ་སར་རྒྱས་པའི་རྩ་ལ་གཏར་བར་བྱ། གྲང་དྲེག་དང་གྲུམ་བུར་ལུམས་སུ་ཞུགས་ནས་ཉིན་གཉིས་ཀྱི་རྗེས་སུ་ཚིགས་གར་བབས་མེ་བཙའ་གདབ་དགོས། རྩ་གྲུམ་ལ་དཔྱི་མིག་སོགས་གར་བབས་ལ་མེ་བཙའ་གདབ་རྒྱུ་དང་གཏར་ག་ཅི་ཡང་བྱ་མི་རུང་། རུས་གྲུམ་ལ་གཏར་བསྲེག་མི་བྱའོ།། དེ་ཡང་རྒྱུད་ལས། "གཏར་བསྲེགས་མི་བྱ་རྗེ་ལ་བཤུལ་ཤ་བསྟེན།།" ཞེས་པའོ།། ཆུ་གྲུམ་ལས་རྐང་ལག་འཁུམས་ན་སྨན་པའི་ཤེད་ཀྱིས་བརྐྱངས་པར་བྱ། དེ་ཡང་རྒྱུས་ལས། "ཆུ་རྒྱུས་འཁུམས་ན་བསྐུ་མཉེ་དྲག་ཏུ་བྱ།།" ཞེས་པའོ།།


- འདི་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་ཕྱི་ལོ་༡༩༩༧ ལོའི་དེབ་དང་པོའི་ནང་བཞུགས་པ་དེ་ནས་ཟུར་འདོན་བྱས།


མཐའ་མའི་འདོན་ཐེངས་།: 04.07.2015 ཉིན། 4:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།