སྨན་རྩིས་དྲ་བ། - ཆེད་རྩོམ།

དུས་འཁོར་གྱི་རྒྱུད་ལས་བཤད་པའི་སྣོད་ཀྱི་འཇིག་རྟེན་ཆགས་རིམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.10.2016
ཆེད་རྩོམ། >>

 

 

སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་རིམ་པ་བཤད་པ།

༢ དུས་འཁོར་གྱི་རྒྱུད་ལས་བཤད་པའི་སྣོད་ཀྱི་འཇིག་རྟེན་ཆགས་རིམ།

(ཀུན་བཏུས། པོད་དང་པོ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

 

            དུས་འཁོར་གྱི་གཞུང་ལས་བཤད་པའི་འཇིག་རྟེན་གྱི་ཁམས་ཆགས་ཚུལ་ནི། རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་ཉིད་མ་ཆགས་གོང་སྟོང་སང་ཞིག་ཏུ་གནས་ཏེ། དེའི་གནས་སྐབས་སུ་བེམ་པོའི་ཆོས་ཐམས་ཅད་སྟོང་པའི་རྡུལ་ཞེས་པའི་རྣམ་པར་གནས་ཤིང་། དུས་ཡུན་གང་འཚམས་སོང་རྗེས་རླུང་རྡུལ་ཕན་ཚུན་འདུ་བའི་འགོ་བཙུགས་པ་ནས་འཇིག་རྟེན་འཆགས་པའི་འགོ་ཚུགས་པར་བཞེད།


            དེ་ཡང་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་ནས་བར་སྣང་ཁམས་ལ་སྟོང་པའི་རྡུལ་གྱི་མིང་ཅན་རྡུལ་ཕྲ་རབ་སིལ་བུར་གནས་པ་རྣམས་འདུས་པ་ལས་རླུང་གི་དཀྱིལ་འཁོར་ནས་རིམ་གྱིས་ཆགས་ལ། སྟོང་པའི་མིང་ཅན་གྱི་རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་ནས། དང་པོར་རླུང་གི་རྡུལ་ཕྲ་རབ་རྣམས་མ་འབྱར་བར་ནམ་མཁའ་ལ་མི་སྣང་བའི་ཚུལ་གྱིས་གནས་པ་རྣམས་ཕན་ཚུན་འབྱར།


            དེ་རྣམས་སྔར་མ་འབྱར་གོང་རང་ཉིད་ཡང་ཞིང་གཡོ་བའི་ངོ་བོར་ཡོད་ཀྱང་གཡོས་ནས་གོ་ས་གཞན་དུ་བགྲོད་པའི་ནུས་པ་མེད་ཅིང་། འབྱར་ནས་ཡང་ཞིང་གཡོ་བ་ཉིད་དུ་གོ་ས་གཞན་དུ་བགྲོད་ནུས་པ་དེ་ལ་འཇིག་རྟེན་རྩོམ་པའི་རླུང་ཞེས་བརྗོད་ལ། དེ་ཉིད་འཇིག་རྟེན་ཆགས་པའི་གཞི་རླུང་གི་དཀྱིལ་འཁོར་གྱི་ཐོག་མའི་རྒྱུ་ཡིན་གྱི་རླུང་གི་དཀྱིལ་འཁོར་དངོས་མིན་པར་གསུངས།


            དེའི་རྗེས་སུ་རླུང་དེ་དང་མེའི་རྡུལ་ཕྲ་རབ་སིལ་བུར་གནས་པ་རིམ་གྱིས་འབྱར་བ་རྣམས་ཕྲད་པས། རླུང་དང་ལྡན་པའི་གློག་གི་མེའི་རྣམ་པ་ལྟ་བུ་དེ་ལ་མེའི་དཀྱིལ་འཁོར་གྱི་ཐོག་མ་རྩོམ་པའི་མེ་ཞེས་བརྗོད་དོ། །དེའི་རྗེས་སུ་མེ་དེ་དང་ཆུའི་རྡུལ་ཕྲ་རབ་དེ་རྣམས་འདུས་པ་ཀུན་ཏུ་འབྱར་བར་གྱུར་པ་ཕྲད་པས། རླུང་དང་མེ་དང་ལྡན་པའི་ཆར་གྱི་རྣམ་པ་ལྟ་བུ་དེ་ལ་ཆུའི་དཀྱིལ་འཁོར་རྩོམ་པའི་ཐོག་མའི་ཆུ་ཞེས་བརྗོད། དེའི་རྗེས་སུ་ཆུ་དེ་དང་སའི་རྡུལ་ཕྲ་རབ་རིམ་གྱིས་ཀུན་ཏུ་འབྱར་བ་རྣམས་ཕྲད་པས། ནམ་མཁའ་ལ་འཇའ་ཚོན་གྱི་རྣམ་པ་ལྟ་བུར་སྣང་བ་ལ་འཛིན་མ་སའི་དཀྱིལ་འཁོར་རྩོམ་པའི་ཐོག་མའི་ས་ཞེས་བརྗོད་དོ། །


            དེ་ལྟ་བུའི་ས་ཆུ་མེ་རླུང་བཞི་པོ་རིམ་གྱིས་འཕེལ་བ་ལས་འོག་གཞིའི་རླུང་མེ་ཆུ་སའི་དཀྱིལ་འཁོར་ཟླུམ་པོའི་དབྱིབས་ཅན་རྣམས་གྲུབ་ཅིང་། དེ་ནས་རི་རབ་ལྷུན་པོ་དབྱིབས་ཟླུམ་པོ་རྩ་བ་ཕྲ་ལ་རྩེ་མོ་སྦོམ་པ་དང་། དེའི་མཐའ་འཁོར་དུ་རི་བདུན་མཚོ་བདུན་གླིང་བདུན་རྣམས་དང་། སྟེང་གི་གཟའ་སྐར་སོགས་རིམ་གྱིས་གྲུབ། དེ་ཡང་ཐོག་མར་ཤིན་ཏུ་དྭངས་པའི་ས་འཇའ་ཚོན་ལྟ་བུ་དེ་རིམ་གྱིས་རགས་པར་གྱུར་ཏེ་སྣོད་ཀྱི་འཇིག་རྟེན་འགྲུབ་པར་འགྱུར་ཞིང་། རོའི་རྡུལ་ཕྲ་རབ་བམ་ནམ་མཁའི་ཁམས་ཀྱི་རྡུལ་ཕྲ་རབ་རྣམས་ནི་དེ་ཐམས་ཅད་ཀྱི་གོ་ས་དག་ཏུ་ཁྱབ་པར་བཤད་དེ། རིགས་ལྡན་པདྨ་དཀར་པོའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས།

རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་ནས་དང་པོར་རེ་ཞིག་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་འགྱུར་རོ། །འབྱར་བ་དེ་ལས་ཡང་ཞིང་གཡོ་བ་ཉིད་དུ་བགྲོད་པ་ནི་རླུང་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་རྡུལ་ཕྲ་རབ་རྣམས་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་ལྡན་པའི་གློག་ནི་མེ་ཞེས་བརྗོད་དོ། །དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་འདུས་པ་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་མེ་དང་ལྡན་པའི་ཆར་ནི་ཆུ་ཞེས་བརྗོད་དོ། །དེ་བཞིན་དུ་སའི་རྡུལ་ཕྲ་རབ་ཀུན་ཏུ་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུར་སྣང་བ་ནི་འཛིན་མ་ཞེས་བརྗོད་དོ། །རོའི་རྡུལ་ཕྲ་རབ་རྣམས་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ།18 ཞེས་སོ། །


            རང་ཅག་རྣམས་གནས་སའི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་དབུས་སུ་བྱས་པའི་ཤར་ལྷོ་ནུབ་བྱང་དང་མཚམས་བཞི་སྟེང་འོག་བཅས་ཕྱོགས་བཅུ་པོ་རེ་རེར། གླིང་བཞི་པ་ལྟ་བུའི་འཇིག་རྟེན་གྱི་ཁམས་སྟོང་སྟོང་གནས་པ་ཚུན་ཆད་སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་དང༌། དེ་རྣམས་བརྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཉིས་གཉིས་གནས་པ་ཚུན་ཆད་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་དང༌། ཡང་དེ་རྣམས་བརྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གསུམ་གསུམ་ཚུན་ཆད་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང༌། དེ་བརྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཆེན་པོ་ཚུན་ཆད་ལ་སྟོང་ཆེན་མོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། གྲངས་མེད་པ་ཆེན་པོ་ཞེས་པ་ནི་སྤྱིར་གྲངས་ཀ་མེད་པ་ཙམ་ལ་མི་བྱེད་པར་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་ཀྱི་གནས་དྲུག་ཅུ་ཡོད་པའི་ཐ་མ་ལ་བྱའོ། །


            དེ་ཡང་འགྲེལ་ཆེན་དྲི་མེད་འོད་ལས། “སྟོང་གཅིག་ཅེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་དང་འོག་ཏུ་སྟོང་ཕྲག་རེ་རེ་སྟེ་འོག་དང་སྟེང་བཞིན་དུ་ཤར་དང་ནུབ་དང་བྱང་དང་ལྷོ་དང་བདེན་བྲལ་དང་དབང་ལྡན་དང་རླུང་དང་མེར་རོ། །དེ་བཞིན་དུ་སྟོང་ཕྲག་གཉིས་དང་གསུམ་མོ། །དེ་ནས་སྟོང་ཆེན་པོ་ཞེས་བྱ་བ་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ཏེ།”19 ཞེས་སོ། །


            གཞན་ཡང་ནང་པའི་གཞུང་དུ་རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་ཙམ་དུ་མ་ཟད་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཡོད་པར་གསུངས་ཏེ། མདོ་སྡེ་ཕལ་ཆེན་ལས།

ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །20 ཞེས་དང་།


ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས་ཀྱང་།

རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རབ་འབྱམས་དུ་མ་ངེས་པར་སྟོན་པ་དག་ཡོད་དེ། འཇིག་རྟེན་གྱི་ཁམས་རབ་འབྱམས་རེ་རེ་ངེས་པར་སྟོན་པ་རེ་རེ་ལ་ཡང༌། འཇིག་རྟེན་གྱི་ཁམས་ཀྱི་མཚམས་སྦྱོར་བ་ངེས་པར་སྟོན་པའི་བཀོད་པ་རབ་འབྱམས་དུ་མ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་དག་དེ་ལ་མཚམས་སྦྱོར་བ་བཀོད་པ་རྣམས་ཀྱི་ཚད་ནི། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང༌། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང༌། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང༌། ཟླ་བ་དང༌། ཉི་མ་བྱེ་བ་ཕྲག་བརྒྱ་དག་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་རྣམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པར་གཅིག་གོ། །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཅིག་གོ །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་རྣམས་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བར་མ་གཅིག་གོ །འཇིག་རྟེན་གྱི་ཁམས་རབ་འབྱམས་བར་མ་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་བཀོད་པ་གཅིག་སྟེ།21

ཞེས་གླིང་བཞི་ནས་ཚངས་པའི་འཇིག་རྟེན་མན་ཆད་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་རྒྱ་མཚོའི་མཚམས་སྦྱོར་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་འཇིག་རྟེན་ཁམས་ཀྱི་རྒྱུད་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་འཇིག་རྟེན་ཁམས་ཀྱི་རྒྱུད་བར་མ་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་གཅིག་ཡིན་པར་གསུངས་སོ། །


            ཡང་འཇིག་རྟེན་གྱི་ཁམས་ལ་རྣམ་པ་དང་དབྱིབས་མི་འདྲ་བ་དང་། ལ་ལར་འོད་ཡོད་པ་དང་ལ་ལར་འོད་མེད་པ་སོགས་མི་འདྲ་བ་དུ་མ་གསུངས་ཏེ། མདོ་སྡེ་ཕལ་ཆེན་ལས།

            ཀྱེ་རྒྱལ་བའི་སྲས་དག །དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་ཀྱི་དབྱིབས་ནི་རྣམ་པ་སྣ་ཚོགས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཀུན་ནས་ཟླུམ་པོའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཀུན་ནས་གྲུ་བཞིའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ནམ་མཁའི་རྣམ་པ་དུ་མར་རྣམ་པར་ཕྱེ་བའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཀུན་ནས་འཁྱིལ་པའི་དབྱིབས་སུ་འདུག་གོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་འོད་འཕྲོ་བའི་རིའི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཤིང་སྣ་ཚོགས་ཀྱི་ལྷུན་གྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་མེ་ཏོག་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཁྱིམ་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་སེམས་ཅན་སྣ་ཚོགས་ཀྱི་ལུས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་མཚན་སྣ་ཚོགས་ཀྱི་དབྱིབས་སུ་འདུག་སྟེ། དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་དབྱིབས་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །22 ཞེས་དང་།


ཡང་དེ་ཉིད་ལས།

ཞིང་རྣམས་ལ་ལ་འོད་མེད་དེ། །མུན་པ་འཇིགས་པ་ཤིན་ཏུ་ཆེ། །

རེག་ན་སྡུག་བསྔལ་སྤུ་གྲི་འདྲ། །བལྟ་ན་མི་བཟད་སྐྱི་ཡང་གཡའ། །

ཞིང་རྣམས་ལ་ལ་ལྷ་འོད་ཅན། །ལ་ལ་ཁྱིམ་གྱི་འོད་ཅན་ཏེ། །

ལ་ལ་ཉི་ཟླའི་འོད་དང་ལྡན། །ཞིང་གི་དྲ་བ་བསམ་མི་ཁྱབ། །

ཞིང་རྣམས་ལ་ལ་རང་གི་འོད། །ཤིང་གི་འོད་ཅན་དྲི་མ་མེད། །

གང་དུ་སྡུག་བསྔལ་མི་མཐོང་བ། །དེ་དག་སེམས་ཅན་དགེ་ལས་བྱུང༌། །

ལ་ལ་རི་ཡི་འོད་ཅན་ཏེ། །ཞིང་རྣམས་ལ་ལ་ནོར་བུའི་འོད། །

ལ་ལ་མར་མེའི་འོད་ཅན་ཏེ། །སེམས་ཅན་རྣམས་ཀྱི་ལས་ཀྱིས་བྱུང༌། །

ཞིང་རྣམས་ལ་ལ་སངས་རྒྱས་འོད། །བྱང་ཆུབ་སེམས་དཔས་ཀུན་ཏུ་གང༌། །

ཞིང་རྣམས་ལ་ལ་པདྨོའི་འོད། །འོད་འཕྲོ་འོད་ཅན་རབ་ཏུ་མཛེས། །

ཞིང་རྣམས་ལ་ལ་མེ་ཏོག་འོད། །སྤོས་ཆུའི་འོད་དང་ལྡན་པའང་ཡོད། །

སྤོས་དང་གདུག་པའི་འོད་འཕྲོ་ཅན། །སྨོན་ལམ་དབང་གིས་རྣམ་པར་སྦྱངས།།23

ཞེས་སོགས་བྱུང་བ་ལྟར་རོ། །


            སྤྱིར་འཇིག་རྟེན་གྱི་ཁམས་ལ་ཐོག་མཐའ་མེད་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བྲག་པ་གཅིག་ལ་མཚོན་ན་དེའི་ཐོག་མ་དང་། བར་དང་མཐའ་མ་བཅས་དུས་ཀྱི་རིམ་པ་ངེས་ཅན་ཞིག་ཡོད་པར་འདོད་ཅིང་། དེ་ཡང་རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་འཕེལ་རིམ་ནང་སྟོང་པ་དང་། ཆགས་པ། གནས་པ། མཐར་འཇིག་པའི་བསྐལ་པ་ཞེས་པའི་དུས་ཀྱི་རིམ་པ་གཙོ་ཆེ་བ་བཞི་ཡོད་པར་གསུངས། རིམ་པ་འདི་དག་རེ་རེ་ནས་དུས་ཡུན་ཧ་ཅང་རིང་བ་སྟེ་བར་བསྐལ་ཉི་ཤུ་རེ་ཡོད། འཇིག་རྟེན་གྱི་ཁམས་འདི་རྟེན་གཞི་ནམ་མཁའི་ཁམས་དང་ས་ཆུ་མེ་རླུང་གི་རྩ་བའི་ཁམས་བཞི་བཅས་འབྱུང་བ་ལྔ་ལས་གྲུབ་ཅིང་། ནམ་མཁའི་ཁམས་ཀྱིས་ཁམས་གཞན་རྣམས་འགྲུབ་པ་དང་བྱ་བ་བྱེད་པའི་གོ་འབྱེད་དོ། །འཇིག་པའི་རྐྱེན་ནི་ས་ཁམས་དང་། ནམ་མཁའི་ཁམས་གཉིས་ལས་གཞན་པའི་འབྱུང་བ་མེ་ཆུ་རླུང་གསུམ་གྱིས་འཇིག་པར་བྱེད་པར་གསུངས་སོ།། །།


 

18 སྡེ་དགེ བསྟན། རྒྱུད་འགྲེལ། ཐ། ཁམས་ལེའི་མདོར་བསྡུས་བདུན་པ། ཤོག ༡༥༦ ན། དཔེ་བསྡུར་མ། དེབ། ༦ ཤོག ༣༦༧

19 སྡེ་དགེ བསྟན། རྒྱུད་འགྲེལ། ད། ཡེ་ཤེས་ལེའུའི་མདོར་བསྡུས་གསུམ་པ། ཤོག ༢༥༦ བ། དཔེ་བསྡུར་མ། དེབ། ༦ ཤོག ༡༢༧༨

20 སྡེ་དགེ བཀའ། ཕལ་ཆེན། ཨ། བམ་པོ་ཉེར་གཉིས་པ། ཤོག ༣༦༡ ན། དཔེ་བསྡུར་མ། དེབ། ༣༨ ཤོག ༧༩༥

21 སྡེ་དགེ བཀའ། རྒྱུད། ད། ལེའུ་དང་པོ། ཤོག ༣ བ། དཔེ་བསྡུར་མ། དེབ། ༨༧ ཤོག ༧

22 སྡེ་དགེ བཀའ། ཕལ་ཆེན། ཀ ལེའུ་བཞི་པ། ཤོག ༩༤ ན། དཔེ་བསྡུར་མ། དེབ། ༣༥ ཤོག ༢༠༨

23 སྡེ་དགེ བཀའ། ཕལ་ཆེན། ཀ ལེའུ་དགུ་པ། ཤོག ༡༤༤ བ། དཔེ་བསྡུར་མ། དེབ། ༣༥ ཤོག ༣༡༣


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག སྟོད་ཆ། ཀུན་བཏུས་པོད། ༡ པོ་ནས་ཟུར་འདོན་ཞུས།


 

 

 སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་རིམ་པ་བཤད་པ།

༢ དུས་འཁོར་གྱི་རྒྱུད་ལས་བཤད་པའི་སྣོད་ཀྱི་འཇིག་རྟེན་ཆགས་རིམ།

(ཀུན་བཏུས། པོད་ལྔ་པ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

 

            དུས་འཁོར་གྱི་གཞུང་ལས་བཤད་པའི་འཇིག་རྟེན་གྱི་ཁམས་ཆགས་ཚུལ་ནི། རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་ཉིད་མ་ཆགས་གོང་སྟོང་སང་ཞིག་ཏུ་གནས་ཏེ། དེའི་གནས་སྐབས་སུ་བེམ་པོའི་ཆོས་ཐམས་ཅད་སྟོང་པའི་རྡུལ་ཞེས་པའི་རྣམ་པར་གནས་ཤིང་། དུས་ཡུན་གང་འཚམས་སོང་རྗེས་རླུང་རྡུལ་ཕན་ཚུན་འདུ་བའི་འགོ་བཙུགས་པ་ནས་འཇིག་རྟེན་འཆགས་པའི་འགོ་ཚུགས་པར་བཞེད། དེ་ཡང་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་ནས་བར་སྣང་ཁམས་ལ་སྟོང་པའི་རྡུལ་གྱི་མིང་ཅན་རྡུལ་ཕྲ་རབ་སིལ་བུར་གནས་པ་རྣམས་འདུས་པ་ལས་རླུང་གི་དཀྱིལ་འཁོར་ནས་རིམ་གྱིས་ཆགས་ལ། སྟོང་པའི་མིང་ཅན་གྱི་རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་ནས། དང་པོར་རླུང་གི་རྡུལ་ཕྲ་རབ་རྣམས་མ་འབྱར་བར་ནམ་མཁའ་ལ་མི་སྣང་བའི་ཚུལ་གྱིས་གནས་པ་རྣམས་ཕན་ཚུན་འབྱར་ལ།


            དེ་རྣམས་སྔར་མ་འབྱར་གོང་རང་ཉིད་ཡང་ཞིང་གཡོ་བའི་ངོ་བོར་ཡོད་ཀྱང་གཡོས་ནས་གོ་ས་གཞན་དུ་བགྲོད་པའི་ནུས་པ་མེད་ཅིང་། འབྱར་ནས་ཡང་ཞིང་གཡོ་བ་ཉིད་དུ་གོ་ས་གཞན་དུ་བགྲོད་ནུས་པ་དེ་ལ་འཇིག་རྟེན་རྩོམ་པའི་རླུང་ཞེས་བརྗོད་ལ། དེ་ཉིད་འཇིག་རྟེན་ཆགས་པའི་གཞི་རླུང་གི་དཀྱིལ་འཁོར་གྱི་ཐོག་མའི་རྒྱུ་ཡིན་གྱི་རླུང་གི་དཀྱིལ་འཁོར་དངོས་མིན་པར་གསུངས།


            དེའི་རྗེས་སུ་རླུང་དེ་དང་མེའི་རྡུལ་ཕྲ་རབ་སིལ་བུར་གནས་པ་རིམ་གྱིས་འབྱར་བ་རྣམས་ཕྲད་པས། རླུང་དང་ལྡན་པའི་གློག་གི་མེའི་རྣམ་པ་ལྟ་བུ་དེ་ལ་མེའི་དཀྱིལ་འཁོར་གྱི་ཐོག་མ་རྩོམ་པའི་མེ་ཞེས་བརྗོད་དོ། །དེའི་རྗེས་སུ་མེ་དེ་དང་ཆུའི་རྡུལ་ཕྲ་རབ་དེ་རྣམས་འདུས་པ་ཀུན་ཏུ་འབྱར་བར་གྱུར་པ་ཕྲད་པས། རླུང་དང་མེ་དང་ལྡན་པའི་ཆར་གྱི་རྣམ་པ་ལྟ་བུ་དེ་ལ་ཆུའི་དཀྱིལ་འཁོར་རྩོམ་པའི་ཐོག་མའི་ཆུ་ཞེས་བརྗོད། དེའི་རྗེས་སུ་ཆུ་དེ་དང་སའི་རྡུལ་ཕྲ་རབ་རིམ་གྱིས་ཀུན་ཏུ་འབྱར་བ་རྣམས་ཕྲད་པས། ནམ་མཁའ་ལ་འཇའ་ཚོན་གྱི་རྣམ་པ་ལྟ་བུར་སྣང་བ་ལ་འཛིན་མ་སའི་དཀྱིལ་འཁོར་རྩོམ་པའི་ཐོག་མའི་ས་ཞེས་བརྗོད་དོ། །


            དེ་ལྟ་བུའི་ས་ཆུ་མེ་རླུང་བཞི་པོ་རིམ་གྱིས་འཕེལ་བ་ལས། འོག་གཞིའི་རླུང་མེ་ཆུ་སའི་དཀྱིལ་འཁོར་ཟླུམ་པོའི་དབྱིབས་ཅན་རྣམས་གྲུབ་ཅིང་། དེ་ནས་རི་རབ་ལྷུན་པོ་དབྱིབས་ཟླུམ་པོ་རྩ་བ་ཕྲ་ལ་རྩེ་མོ་སྦོམ་པ་དང་། དེའི་མཐའ་འཁོར་དུ་རི་བདུན་མཚོ་བདུན་གླིང་བདུན་རྣམས་དང་། སྟེང་གི་གཟའ་སྐར་སོགས་རིམ་གྱིས་གྲུབ། དེ་ཡང་ཐོག་མར་ཤིན་ཏུ་དྭངས་པའི་ས་འཇའ་ཚོན་ལྟ་བུ་དེ་རིམ་གྱིས་རགས་པར་གྱུར་ཏེ་སྣོད་ཀྱི་འཇིག་རྟེན་འགྲུབ་པར་འགྱུར་ཞིང་། རོའི་རྡུལ་ཕྲ་རབ་བམ་ནམ་མཁའི་ཁམས་ཀྱི་རྡུལ་ཕྲ་རབ་རྣམས་ནི་དེ་ཐམས་ཅད་ཀྱི་གོ་ས་དག་ཏུ་ཁྱབ་པར་བཤད་དེ། རིགས་ལྡན་པདྨ་དཀར་པོའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས།

རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་ནས་དང་པོར་རེ་ཞིག་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་འགྱུར་རོ། །འབྱར་བ་དེ་ལས་ཡང་ཞིང་གཡོ་བ་ཉིད་དུ་བགྲོད་པ་ནི་རླུང་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་རྡུལ་ཕྲ་རབ་རྣམས་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་ལྡན་པའི་གློག་ནི་མེ་ཞེས་བརྗོད་དོ། །དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་འདུས་པ་ཀུན་ཏུ་འབྱར་བར་གྱུར་པ་རླུང་དང་མེ་དང་ལྡན་པའི་ཆར་ནི་ཆུ་ཞེས་བརྗོད་དོ། །དེ་བཞིན་དུ་སའི་རྡུལ་ཕྲ་རབ་ཀུན་ཏུ་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུར་སྣང་བ་ནི་འཛིན་མ་ཞེས་བརྗོད་དོ། །རོའི་རྡུལ་ཕྲ་རབ་རྣམས་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པ་སྟེ།9 ཞེས་སོ། །


            རང་ཅག་རྣམས་གནས་སའི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་དབུས་སུ་བྱས་པའི་ཤར་ལྷོ་ནུབ་བྱང་དང་མཚམས་བཞི་སྟེང་འོག་བཅས་ཕྱོགས་བཅུ་པོ་རེ་རེར། གླིང་བཞི་པ་ལྟ་བུའི་འཇིག་རྟེན་གྱི་ཁམས་སྟོང་སྟོང་གནས་པ་ཚུན་ཆད་སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་དང༌། དེ་རྣམས་བརྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཉིས་གཉིས་གནས་པ་ཚུན་ཆད་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་དང༌། ཡང་དེ་རྣམས་བརྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གསུམ་གསུམ་ཚུན་ཆད་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང༌། དེ་བརྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཆེན་པོ་ཚུན་ཆད་ལ་སྟོང་ཆེན་མོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། གྲངས་མེད་པ་ཆེན་པོ་ཞེས་པ་ནི་སྤྱིར་གྲངས་ཀ་མེད་པ་ཙམ་ལ་མི་བྱེད་པར་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་ཀྱི་གནས་དྲུག་ཅུ་ཡོད་པའི་ཐ་མ་ལ་བྱའོ། །དེ་ཡང་འགྲེལ་ཆེན་དྲི་མེད་འོད་ལས། “སྟོང་གཅིག་ཅེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་དང་འོག་ཏུ་སྟོང་ཕྲག་རེ་རེ་སྟེ་འོག་དང་སྟེང་བཞིན་དུ་ཤར་དང་ནུབ་དང་བྱང་དང་ལྷོ་དང་བདེན་བྲལ་དང་དབང་ལྡན་དང་རླུང་དང་མེར་རོ། །དེ་བཞིན་དུ་སྟོང་ཕྲག་གཉིས་དང་གསུམ་མོ། །དེ་ནས་སྟོང་ཆེན་པོ་ཞེས་བྱ་བ་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་ཏེ།”10 ཞེས་སོ། །


            ཆོས་མངོན་པ་ལས་བཤད་པ་དང་དུས་འཁོར་གྱི་རྒྱུད་ལས་བཤད་པ་མི་འདྲ་བའི་ཚུལ་ནི། རི་རབ་ཀྱི་དབྱིབས་མི་འདྲ་བ་མངོན་པ་ལས་གྲུ་བཞི་དང་དུས་འཁོར་ལས་ཟླུམ་པོར་བཤད། ཁ་དོག་མི་འདྲ་བ་ནི་མངོན་པའི་ལུགས་ལ། རི་རིབ་ཤར་དངུལ། ལྷོ་བཻཌྰུརྱ། ནུབ་ཤེལ་དམར་པོ། བྱང་གསེར་ཡིན་པས་དེ་དག་གི་ཁ་དོག་ཅན་ཡིན་ལ། དེའི་འོད་བར་སྣང་ལ་སོང་བས་གླིང་བཞི་སོ་སོའི་ཐད་ཀྱི་ནམ་མཁའི་ཁ་དོག་ཀྱང་དེ་དང་དེའི་ཁ་དོག་ཏུ་སྣང་བར་བཤད། དུས་འཁོར་གྱི་ལུགས་ལ། རི་རབ་ཀྱི་ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར་པོར་བཤད་ལ། ཚད་ཀྱང་མངོན་པ་ལས་ནི་དཔག་ཚད་བརྒྱད་ཁྲི་ཆུ་མཚམས་ཡན་ཆད་དུ་འཕགས་ཤིང་བརྒྱད་ཁྲི་ཆུའི་ནང་དུ་ནུབ་པར་བཤད་ལ། དུས་འཁོར་གྱི་རྒྱུད་ལས་སའི་སྟེང་དུ་རི་རབ་ཀྱི་དངས་དཔག་ཚད་འབུམ་ཕྲག་གཅིག་ཏུ་བཤད་ཅིང་། དེར་བཤད་པའི་དཔག་ཚད་འབུམ་ཕྲག་གཅིག་ལ་མངོན་པ་བའི་འབུམ་ཕྲག་གཉིས་འོང་ངོ་།། དེ་བཞིན་དུ་མངོན་པ་ནས་རི་རབ་ཀྱི་མཐའ་སྐོར་ལ་གསེར་གྱི་རི་བདུན་དང་རོལ་མཚོ་མདུན་སྤེལ་ནས་གནས་པར་བཤད་ཀྱི། དེ་དག་གི་བར་ན་གླིང་མེད་ལ། དུས་འཁོར་གྱི་རྒྱུད་ལས་གླིང་དྲུག མཚོ་དྲུག རི་དྲུག་གིས་བསྐོར་བའི་ཕྱི་རོལ་ན་གླིང་བདུན་པ་འཛམ་གླིང་ཆེན་པོ་དང་། རྒྱ་མཚོ་བདུན་པ་ཕྱིའི་རྒྱ་མཚོར་གྲགས་པ་བ་ཚྭའི་རྒྱ་མཚོ་དང་། རི་བདུན་པ་ཁོར་ཡུག་གི་རིར་བཤད་པ་སོགས་བཤད་ཚུལ་མི་འདྲ་བ་འབྱུང་ངོ་།།


            ནང་པའི་གཞུང་དུ་རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་ཙམ་དུ་མ་ཟད། ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཡོད་པར་གསུངས་ཏེ། མདོ་སྡེ་ཕལ་ཆེན་ལས། “ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །”11 ཞེས་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས་ཀྱང་།

རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་རབ་འབྱམས་དུ་མ་ངེས་པར་སྟོན་པ་དག་ཡོད་དེ། འཇིག་རྟེན་གྱི་ཁམས་རབ་འབྱམས་རེ་རེ་ངེས་པར་སྟོན་པ་རེ་རེ་ལ་ཡང༌། འཇིག་རྟེན་གྱི་ཁམས་ཀྱི་མཚམས་སྦྱོར་བ་ངེས་པར་སྟོན་པའི་བཀོད་པ་རབ་འབྱམས་དུ་མ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་དག་དེ་ལ་མཚམས་སྦྱོར་བ་བཀོད་པ་རྣམས་ཀྱི་ཚད་ནི། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང༌། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང༌། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང༌། ཟླ་བ་དང༌། ཉི་མ་བྱེ་བ་ཕྲག་བརྒྱ་དག་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་རྣམས་ཀྱི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པར་གཅིག་གོ། །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པ་རབ་འབྱམས་ཀྱི་མཚམས་སྦྱོར་བ་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་རབ་འབྱམས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་གཅིག་གོ །མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་རྣམས་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བར་མ་གཅིག་གོ །འཇིག་རྟེན་གྱི་ཁམས་རབ་འབྱམས་བར་མ་བཀོད་པའི་རྒྱུད་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་འཇིག་རྟེན་གྱི་ཁམས་བཀོད་པ་གཅིག་སྟེ།12

ཞེས་གླིང་བཞི་ནས་ཚངས་པའི་འཇིག་རྟེན་མན་ཆད་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་རྒྱ་མཚོའི་མཚམས་སྦྱོར་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་འཇིག་རྟེན་ཁམས་ཀྱི་རྒྱུད་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་འཇིག་རྟེན་ཁམས་ཀྱི་རྒྱུད་བར་མ་གཅིག་དང་། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་གཅིག་ཡིན་པར་གསུངས་སོ། །


            ཡང་འཇིག་རྟེན་གྱི་ཁམས་ལ་རྣམ་པ་དང་དབྱིབས་མི་འདྲ་བ་དང་། ལ་ལར་འོད་ཡོད་པ་དང་ལ་ལར་འོད་མེད་པ་སོགས་མི་འདྲ་བ་དུ་མ་གསུངས་ཏེ། མདོ་སྡེ་ཕལ་ཆེན་ལས།

            ཀྱེ་རྒྱལ་བའི་སྲས་དག །དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་ཀྱི་དབྱིབས་ནི་རྣམ་པ་སྣ་ཚོགས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཀུན་ནས་ཟླུམ་པོའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཀུན་ནས་གྲུ་བཞིའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ནམ་མཁའི་རྣམ་པ་དུ་མར་རྣམ་པར་ཕྱེ་བའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཀུན་ནས་འཁྱིལ་པའི་དབྱིབས་སུ་འདུག་གོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་འོད་འཕྲོ་བའི་རིའི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཤིང་སྣ་ཚོགས་ཀྱི་ལྷུན་གྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་མེ་ཏོག་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་ཁྱིམ་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་སེམས་ཅན་སྣ་ཚོགས་ཀྱི་ལུས་ཀྱི་དབྱིབས་སུ་འདུག་གོ །འཇིག་རྟེན་གྱི་ཁམས་རྒྱ་མཚོ་འབྱམས་ཀླས་པ་ལ་ལ་ནི་མཚན་སྣ་ཚོགས་ཀྱི་དབྱིབས་སུ་འདུག་སྟེ། དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་དབྱིབས་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །13 ཞེས་སོགས་འབྱུང་བ་ལྟར་རོ།།


            སྤྱིར་འཇིག་རྟེན་གྱི་ཁམས་ལ་ཐོག་མཐའ་མེད་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བྲག་པ་གཅིག་ལ་མཚོན་ན་དེའི་ཐོག་མ་དང་། བར་དང་མཐའ་མ་བཅས་དུས་ཀྱི་རིམ་པ་ངེས་ཅན་ཞིག་ཡོད་པར་འདོད་ཅིང་། དེ་ཡང་རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་འཕེལ་རིམ་ནང་སྟོང་པ་དང་། ཆགས་པ། གནས་པ། མཐར་འཇིག་པའི་བསྐལ་པ་ཞེས་པའི་དུས་ཀྱི་རིམ་པ་གཙོ་ཆེ་བ་བཞི་ཡོད་པར་གསུངས། རིམ་པ་འདི་དག་རེ་རེ་ནས་དུས་ཡུན་ཧ་ཅང་རིང་བ་སྟེ་བར་བསྐལ་ཉི་ཤུ་རེ་ཡོད། འཇིག་རྟེན་གྱི་ཁམས་འདི་རྟེན་གཞི་ནམ་མཁའི་ཁམས་དང་ས་ཆུ་མེ་རླུང་གི་རྩ་བའི་ཁམས་བཞི་བཅས་འབྱུང་བ་ལྔ་ལས་གྲུབ་ཅིང་། ནམ་མཁའི་ཁམས་ཀྱིས་ཁམས་གཞན་རྣམས་འགྲུབ་པ་དང་བྱ་བ་བྱེད་པའི་གོ་འབྱེད་དོ། །འཇིག་པའི་རྐྱེན་ནི་ས་ཁམས་དང་། ནམ་མཁའི་ཁམས་གཉིས་ལས་གཞན་པའི་འབྱུང་བ་མེ་ཆུ་རླུང་གསུམ་གྱིས་འཇིག་པར་བྱེད་པར་གསུངས་སོ། །


 

9 སྡེ་དགེ བསྟན། རྒྱུད་འགྲེལ། ཐ། ཁམས་ལེའི་མདོར་བསྡུས་བདུན་པ། ཤོག ༡༥༦ ན། དཔེ་བསྡུར་མ། དེབ། ༦ ཤོག ༣༦༧

10 སྡེ་དགེ བསྟན། རྒྱུད་འགྲེལ། ད། ཡེ་ཤེས་ལེའུའི་མདོར་བསྡུས་གསུམ་པ། ཤོག ༢༥༦ བ། དཔེ་བསྡུར་མ། དེབ། ༦ ཤོག ༡༢༧༨

11 སྡེ་དགེ བཀའ། ཕལ་ཆེན། ཨ། བམ་པོ་ཉེར་གཉིས་པ། ཤོག ༣༦༡ ན། དཔེ་བསྡུར་མ། དེབ། ༣༨ ཤོག ༧༩༥

12 སྡེ་དགེ བཀའ། རྒྱུད། ད། ལེའུ་དང་པོ། ཤོག ༣ བ། དཔེ་བསྡུར་མ། དེབ། ༨༧ ཤོག ༧

13 སྡེ་དགེ བཀའ། ཕལ་ཆེན། ཀ ལེའུ་བཞི་པ། ཤོག ༩༤ ན། དཔེ་བསྡུར་མ། དེབ། ༣༥ ཤོག ༢༠༨

 

- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།






 

མཐའ་མའི་འདོན་ཐེངས་།: 03.10.2016 ཉིན། 11:55 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།