སྨན་རྩིས་དྲ་བ། - འཕྲོད་བསྟེན།

དུས་ཚིགས་བཞིའི་ཟས་སྤྱོད་བསྟེན་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.01.2014
འཕྲོད་བསྟེན། >> ཟས་སྤྱོད།

 

དུས་ཚིགས་བཞི་དང་འབྲེལ་ཏེ་རྒྱུན་ལྡན་གྱི་ཟས་སྤྱོད་བཤད་པ།

བོད་ལྗོངས་དྲ་བ་ལས་བཤུས།

མིའི་ལུས་ཕུང་དེ་ཕྱི་རོལ་ཡུལ་གྱི་ཁོར་ཡུག ནམ་ཟླ་སོགས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པས། ཕྱིའི་ནམ་ཟླའི་འགྱུར་ལྡོག་གིས་མིའི་ལུས་ཕུང་ལའང་ཤུགས་རྐྱེན་གང་མང་བཟོ་བཞིན་ཡོད། དཔེར་ན་ང་ཚོས་དུས་རྒྱུན་མཐོང་ཐུབ་པ་ནི་ནམ་ཟླའི་འགྱུར་བས་ལུས་ཀྱི་དྲོད་གྲང་ཆ་མ་སྙོམས་པས་ཆམ་པ་ཕོག་པ་དང་རུས་ཚིགས་ན་བ་སོགས་འབྱུང་བ་ལྟ་བུ་རེད། མི་སུ་དང་གང་ཡིན་ཀྱང་དུས་ཚིགས་དང་བསྟུན་ནས་དུས་རྒྱུན་གྱི་སྤྱོད་ལམ་ལ་མཉམ་འཇོག་བྱ་དགོས། རང་རེའི་བོད་ཀྱི་གསོ་རིག་ལས་ཀྱང་ནད་མ་བྱུང་བའི་སྔོན་གྱི་འགོག་སྲུང་ལ་དུས་རྒྱུན་གྱི་སྤྱོད་ལམ་གལ་ཆེན་དུ་བསྟན་ཡོད་པ་དང་དུས་རྒྱུན་གྱི་སྤྱོད་ལམ་ལེགས་པོ་ཞིག་འོང་ན་གསོ་རིག་གི་གཞུང་ནས་བཤད་པའི་ནད་འབྱུང་བའི་རྐྱེན་བཞི་ལས་རྐྱེན་གཅིག་ཇེ་ཉུང་གྱུར་བ་ཡིན་པས་གཤམ་ནས་དུས་ཚིགས་བཞི་དང་འབྲེལ་ཏེ་རྒྱུན་ལྡན་གྱི་སྤྱོད་ལམ་བཤད་རྒྱུ་ཡིན།
༡ དཔྱིད་ཀའི་ཐོག་མའི་དུས་སུ་ཉི་འོད་ཀྱིས་ཕྱི་ནང་ཀུན་དྲོས་པས་ལུས་ཀྱི་གྲང་བ་དྲོད་དུ་འགྱུར་བ་དང་ཡུན་གྱིས་ཉི་མ་བྱང་བགྲོད་ཀྱི་མཐར་ཐུག་པ་ཡིན་པས་ཉི་འོད་རབ་ཏུ་ཚ་བ་ཡིན་ལ། དེ་དང་འབྲེལ་ནས་ལུས་ཕུང་ཕྱི་ནང་གི་ཚ་བའི་མེ་དྲོད་ལྷག་པར་སྐྱེས་ཏེ་ལུས་ཟུང་སྐེམས་པའི་ཚུལ་གྱིས་ལུས་གྱི་སྟོབས་འཕྲོག་ཅིང་ཉམས་པར་བྱེད་པས། དུས་འདིར་རོ་མངར་བ་དང་སྣུམ་པའི་རིགས་ཟས་བསྟེན་དགོས་ཏེ་དཔེར་ན། བུ་རམ་དང་མར། ཤ་དང་ཤ་ཁུ་སོགས་བསྟེན་དགོས་ལ་ཤིང་ཏོག་དང་བ་མོའི་ཞོ་ལྟ་བུ་བསིལ་བའི་རིགས་ཀྱི་བཟའ་བཏུང་ཀྱང་གཙོ་བོར་བྱས་ན་བཟང་། དེ་ལས་ལྡོག་སྟེ་རོ་ལན་ཚ་དང་སྐྱུར་བའི་རིགས་ཏེ་ཚྭ་ཤིན་ཏུ་ཁ་བའི་བསྙལ་བའི་ཚོད་མ་དང་ཆང་སྐྱུར་སོགས་བསྟེན་མི་ཉན་ལ་སྤྱོད་ལམ་ཤིན་ཏུ་དྲག་པོ་སྟེ་ས་བརྐོ་རྡོ་སློག་དང་ཉལ་བོ་སྤྱད་དྲགས་ནས་ལུས་པོ་ཧ་ཅང་ཐང་ཆད་དྲགས་པ། ཉི་འོད་འོག་ཏུ་ཡུན་རིང་འདུག་པ་སོགས་ཀྱིས་ལུས་ཟུངས་འཛད་ཅིང་གནོད་པར་བྱེད་པས་ཧ་ཅང་མི་འོས། 
གཞན་ཡང་དཔྱིད་དུས་ནི་དུས་གྱི་ངོ་བོ་ཚ་བར་གཏོགས་པས་མཁྲིས་ཚད་སོགས་ཚ་བའི་ནད་རིགས་སྣ་ཚོགས་འབྱུང་སླ་བས་གངས་ཆུ་དང་རྫ་ཆུ་ལྟ་བུ་ཤིན་ཏུ་བསིལ་བའི་ཆུ་གཙང་གིས་ལུས་པོ་ཡང་ཡང་བཀྲུ་བ་དང་གྱོན་པ་སྲབ་ལ་ཡང་བའི་རིགས་ཏེ་དཔེར་ན་རས་དང་ཐེར་མ་ལྟ་བུ་གོན་དགོས་པར་མ་ཟད། ཁང་བའང་བསིལ་གྲིབ་ལྡན་ལ་དྲི་བཟང་གི་སྤོས་ཆུས་ཆག་ཆག་བཏབ་ནས་བསྡད་ན་བཟང་ཞིང་ཤིང་གྲིབ་དང་ཆར་རླུང་གི་ཟེགས་མ་ཡོད་སར་ངལ་གསོས་ན་བཟང་བར་བཤད།
༢.དབྱར་ཁའི་དུས་སུ་རང་བཞིན་གྱིས་ནམ་མཁར་སྤྲིན་འདུས་ཤིང་ཆར་འབབ་པས་ས་གཞི་ཕལ་ཆེར་ཆུ་ཁམས་ཀྱིས་བརླན་གཤེར་ཆེ་ཞིང་རླུང་དང་གྲང་བའི་རེག་བྱ་ལྷག་པར་རྒྱས་ཤིང་། ས་རླངས་དང་བཏུང་ཆུ་རྣམས་ཀྱང་ཅུང་ཟད་རྙོག་མ་ཅན་དུ་གྱུར་བའི་དབང་གིས་ལུས་གྱི་མེ་དྲོད་ལ་གནོད་པར་འགྱུར་བས་མ་ཞུ་བའི་ནད་རིགས་ཏེ་དཔེར་ན། གྲང་འཁྲུ་དང་རྒྱུ་གཟེར་སོགས་འབྱུང་སླ་བས་དུས་འདིར་མེ་དྲོད་བསྐྱེད་པའི་ཁ་ཟས་ཤས་ཆེར་བསྟེན་དགོས་པ་དང་ཁྱད་པར་དུ་རོ་མངར་སྐྱུར་ལན་ཚའི་རིགས་ཏེ་དཔེར་ན། འབྲི་ཞོ་དང་ཚྭ་ཁ་བའི་འབྲས་ཐང་། སྔོ་ཚོད་སོགས་དང་སྐམ་སའི་ཡུལ་གྱི་འབྲུ་རིགས་ལས་བྱུང་བའི་ཆང་རག་ཉུང་ཙམ་རེ་བསྟེན་ན་བཟང་། 
དབྱར་དུས་དྲོད་གྲང་མི་སྙོམས་པས་ཚ་བ་གབ་པའི་ནད་འབྱུང་སླ་བས་ཁང་བ་འོག་ཁང་སོགས་ཀྱི་གནས་སུ་མི་འདུག་པར་བསིལ་དྲོད་སྙོམས་པའི་གནས་སུ་འདུག་པ་གལ་ཆེ་བར་མ་ཟད། ཕྱི་རོལ་ནས་བྱ་བ་གང་ཞིག་བསྒྲུབ་དུས་ཀྱང་དུས་རྒྱུན་ཆར་ལྭ་དང་ཆར་གདུགས་བཟུང་རྒྱུ་བརྗེད་མི་ཉན་ཞིང་རྨས་སྐྱོན་མི་འབྱུང་བའི་ཆེད་དུ་ཆར་ཆུའི་འཇིགས་པ་དང་ཐོག་གི་འཇིགས་པ་ལའང་འཛེམ་དགོས།
༣.སྟོན་ཀའི་དུས་སུ་ཆར་ཆུ་རིམ་བཞིན་ཆད་ཅིང་གྲང་རླུང་ཞི་ནས་འཕྲལ་ཏུ་ཉི་མའི་འོད་ཟེར་གྱིས་གདུང་བས་ན་ལུས་ཀྱི་ཚ་དྲོད་དབྱར་དུས་སུ་བསིལ་བས་མགོ་མནན་པ་དེའི་ཚ་སྟོབས་ཡང་བསྐྱར་ལྡང་བར་བྱེད་པས་ཚ་བའི་ནད་ཅི་རིགས་འབྱུང་སླ་སྟེ་དཔེར་ན། མཁྲིས་ཚད་དང་མཁྲིས་རིམས། མགོ་གཟེར་སོགས་འབྱུང་བ་ཡིན་པས་ཟས་སྐོམ་གྱི་རོ་ཁ་བ་དང་མངར་བ། བསྐ་བ་སྟེ་དཔེར་ན་ཁ་ཀུབ་(苦瓜)དང་ཁུར་མང་། ཤིང་འབྲས་སྣ་ཚོགས་ཤས་ཆེར་བསྟེན་པར་བྱ་དགོས་ལ་ག་བུར་དང་ཙན་དན་ལ་སོགས་པའི་དྲི་བགོས་པའི་གོས་གྱོན་པ་དང་། ཁང་བའང་དཔྱིད་དུས་དང་མཚུངས་པར་བསིལ་གྲིབ་ལྡན་ལ་དྲི་བཟང་གི་སྤོས་ཆུས་ཆག་ཆག་བཏབ་སར་བསྡད་ན་བཟང་བར་བཤད།
༤.དགུན་དུས་ཕྱི་ཡུལ་དུ་གྲང་ཞིང་བསིལ་བའི་རང་བཞིན་གྱི་སྟོབས་ཤིན་ཏུ་ཆེ་བས་ལུས་ཀྱི་བ་སྤུའི་བུ་གའི་སྒོ་རྣམས་བཀག་སྟེ་ནང་གི་དྲོད་ཕྱིར་མ་ཤོར་བས་མེ་དྲོད་ཀྱི་སྟོབས་ཆེ་བ་དང་། ཟས་འཇུ་སླ་བས་ཁ་ཟས་ཉུང་བར་གྱུར་ན་ལུས་ཟུངས་སྐེམས་ཞིང་སྟོབས་འཆོར་བར་འགྱུར་བས་ཁ་ཟས་མང་པོ་བསྟེན་རྒྱུ་དང་ལྷག་པར་དུ་རོ་མངར་བ་དང་སྐྱུར་བ། ལན་ཚ་བའི་རིགས་ཏེ་ལུག་ཤ་དང་ནང་ཁྲོལ། མགོ་ཁྲོལ་དང་ཆབ་ཚ། ཞུན་མར་སོགས་བཟའ་བཏུང་སྣུམ་བཅུད་ཀྱི་རིགས་བསྟེན་འོས་པ་ཡིན། དེ་ལྟར་བསྟེན་པས་དགུན་དུས་སུ་ཆགས་པ་སྤྱོད་པར་འདོད་ཚེ་ཉལ་བོ་མང་ཙམ་སྤྱད་ཀྱང་ལུས་ཕུང་ལ་སྐྱོན་མེད་པར་བཤད།
དུས་འདིར་ཉིན་མོ་ལས་མཚན་མོ་ཤིན་ཏུ་རིང་ཕྱིར་ཐོ་རེངས་ཀྱི་དུས་སུ་ཕོ་བ་ལྟོགས་པས་ལུས་ཀྱི་བཅུད་ཟད་པར་གྱུར་ནས་པགས་པ་རྩུབ་པོར་འགྱུར་བས་ཏིལ་མར་དང་འབྲུ་མར་རིགས་ཀྱིས་ལུས་ལ་བྱུག་ཅིང་བསྐུ་མཉེ་ཕན་པ་ཡིན། དེ་མིན་སྐབས་སྐབས་སུ་དྲོད་དུགས་ཏེ་སྲོས་རྒྱག་པ་དང་ཉི་མའི་འོད་ལ་རན་ཙམ་བསྲོ་དགོས་པར་མ་ཟད། གྱོན་གོས་ལ་པགས་པའི་གོས་ལ་སོགས་པའི་གྲང་ངད་འགོག་ཐུབ་པའི་གོས་གྱོན་དགོས་ལ་གནས་ཁང་ཡང་རབ་ཡིན་ན་ས་ཡི་ཁང་བ་ཉིས་རིམ་དང་དེ་མིན་དྲོད་ཆེ་བའི་སྡོད་ཁང་དུ་བསྡད་ནས་གྲང་བའི་ནད་དེ་དཔེར་ན། གྲུམ་བུའི་ནད་དང་མཁལ་མའི་ནད་སོགས་མི་འབྱུང་བར་འབད་དགོས་པ་ཡིན།
མདོར་ན་དུས་ཚིགས་བཞིའི་ཟས་སྐོམ་དང་སྤྱོད་ལམ་གྱི་སྤང་བླང་ནི་དུས་ཚིགས་སོ་སོས་ཁྱད་ཆོས་དང་སྦྱར་ཏེ་དབྱར་དགུན་གཉིས་ལ་ཟས་སྤྱོད་དྲོ་བའི་རིགས་དང་སྟོན་དཔྱིད་གཉིས་ལ་ཟས་སྤྱོད་བསིལ་བའི་རིགས་བསྟེན་འོས་པ་ཡིན།
མཐའ་མའི་འདོན་ཐེངས་།: 26.02.2011 ཉིན། 5:14 PM

<< སྔ་མ།

མཐའ་མའི་འདོན་ཐེངས་།: 22.05.2014 ཉིན། 3:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།