སྨན་རྩིས་དྲ་བ། - ཆེད་རྩོམ།

དབྱུག་བཅོས་ཡིད་བཞིན་ནོར་བུ་དང་གནམ་ལྕགས་རྡོ་རྗེ་གཉིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.04.2015
ཆེད་རྩོམ། >>

 

 ༄༅། །གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་བཞུགས་སོ།།

- སློབ་དཔོན་པདྨ་འབྱུང་གནས།

 

དཔལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལ་ཕྱག་འཚལ་ལོ༔ བདག་ཉིད་པད་མ་འབྱུང་གནས་ཀྱིས༔ འབྱུང་བཞིའི་ལུས་སུ་སྣང་བ་ལ༔ ཚ་གྲང་འདུ་བའི་ནད་ལ་སོགས༔ རྣལ་འབྱོར་ལུས་ཀྱི་གེགས་སེལ་ཕྱིར༔ ཉམས་ལེན་དབྱུག་པའི་རིམ་པ་བྲི༔

དེ་ཡང་གསང་འདུས་རྒྱུད་ལས༔ གེག་སེལ་དབྱུག་པའི་མན་ངག་ནི༔ འདི་ལ་བརྡ་དོན་འཕྲིན་ལས་གསུམ༔ རྒྱུ་ནི་སྨྱག་ཤད་སྦ་དཀར་དེ༔ ཞེས་པས༔ ཇི་ལྟར་ཉམས་སུ་བླང་བ་ནི༔ སྦའམ་སྨྱག་ཤད་ལ་སྦོམ་ཕྲ་ནི་ལྕག་ཙམ་ལ་ཁྲུ་གང་པ་དེའི་རྩེ་མོ་ཅུང་ཟད་བྲུས་ཏེ༔ གསེར་གྱི་ཡིག་བདུན་དང་༔ བསྙེན་པ་བདུན་འབུམ་པའི་ཡུངས་ཀར་གཞུག་ལ་ལ་ཆས་བསྡམ༔ དེ་ལ་བརྡ་དོན་ཕྲིན་ལས་གསུམ་ལས༔ བརྡ་ཡི་དབྱུག་རྒྱུད་ལས༔ དྲང་ལ་འདྲིལ་ཞིང་སྣུམ་ལ་མཉེན༔ མ་བཅོས་ལྷུན་གྱིས་གྲུབ་པའི་བརྡ༔ ཞེས་པ་དེ་ཁོ་ནའོ༔ དབྱུག་དོན་རང་ལ་ངོ་སྤྲད་པ་ནི༔ རྒྱུད་ལས༔ རང་བྱུང་ཡིན་པས་དྲང་པོ་ལ༔ ཐམས་ཅད་རྫོགས་པས་འདྲིལ་བའོ༔ འཁོར་འདས་ཀུན་གྱིས་གཞི་དེ་སྣུམ༔ གང་ལྟར་སྲིད་པ་དེ་ལྟར་མཉེན༔ ཞེས་པས༔ དོན་རང་གི་སེམས་ཉིད་དང་སྦྱར་བའོ༔ དོན་གསུམ་པ་༔ ཕྲིན་ལས་དབྱུག་པས་ནད་གདོན་འཇོམས༔ ཞེས་པས༔ འདི་ལ་ལྔ་སྟེ༔ བརྡེག་ཏུ་རུང་བ་དང་མི་རུང་བ་དང་ནད་ཀྱི་སྲང་(གསང་)དང་ལོག་གནོན་དང་བླ་གནས་རྩི་བའོ༔


དང་པོ་བརྡེག་ཏུ་རུང་བའི་ནད་ནི༔ མགོ་ཡི་ནད་ལ་ཚིགས་པ་དང་པོ་ནས་སོར་བཞི་ཡར་འཇལ་བར་བརྡེག་གོ༔ མདུན་གྱི་སྐྲ་མཚམས་དང་པོར་བརྡེག༔ ཡང་རླུང་མགོ་བོ་འཁོར་འཐམ་གཟེར་ལ་སོགས་པ་ལྟར་པའི་བདུད་(སྡུད་)སྒོ༔ མཚོག་མ༔ སྤྱི་གཙུག༔ མུར་གོང་འཕར་རྩའི་གཡས་གཡོན་དུ་བརྡེག་གོ༔ རྣ་བ་འོན་པ་ལ་རྣག་དང་རླུང་ལ་རྩེ་ཆུང་མདུན་དུ་ཤིན་ཏུ་རན་པར་བརྡེག༔ མཇིང་པ་རེངས་པ་དང་འཁྲོགས་ལ་ལྟག་པའི་གཡས་གཡོན་དུ་བརྡེག༔ ལྕེ་མི་བདེ་བ་ལ་རྣ་ཤལ་སོར་གཅིག་རྒྱབ་ཏུ་བརྡེག༔ ལྐོག་མའི་སྟེང་གཡས་གཡོན་དུ་བརྡེག༔ ལག་པའི་ཞ་རེངས་ཐམས་ཅད་ལ་དཔུང་མགོ་ལ་སོགས་དཔུང་མགོའི་འབྲེལ་མཚམས་སུ་བརྡེག་གོ༔ སྙིང་མི་དགའ་བ༔ འཕྱོར་འདར༔ སྟོད་རྒྱས་པ༔ གཟེར༔ སྨྱོ་བ་རྣམས་ལ་ཚིགས་པ་བདུན་པ༔ དགུ་དང་༔ བདུན་གྱི་ནུ་བར་དུའོ༔ གློ་རླུང་དང་བད་ཀན་ནད་ལ༔ ཚིགས་པ་བཞི་བར་རོ༔ བད་མཁྲིས་ལ་གཉིས་པ༔ གྲང་རླུང་ཁོང་པ་གྲང་བས་སྦོས་པ་ལ་ཚིགས་གསུམ་པའོ༔ སྒྲེག་པ༔ སྐྱུགས་པ༔ མཆིན་དྲིའི་ནད་དང་༔ མཆིན་སྐྲན༔ བད་རླུང་ཞུགས་པ་ལ༔ ཚིགས་པ་དགུ་བདུན་གཡས་གཡོན་ནས་ཚོན་རེ་མར་འཇལ་བར་བརྡེག༔ ཕོ་བའི་གཅོང་དང་༔ མེ་དྲོད་ཉམས༔ ལྷེན༔ ལྕགས་དྲེག༔ སྐྲན་རྣམས་ལ༔ ཚིགས་པ་བཅུ་གཉིས་པ་དང་༔ ལྷེན་སྣ་ནས་མདུན་དུ་གཞལ་བར་བརྡེག་གོ༔ དེའི་འོག་ཚོན་གང་ལྷེན་དང་ལྕགས་དྲེག་ཟས་མི་ལེན་པ་ལ་ཕན་ནོ༔ སྦོས་འཁྲུ་འཁྲོག་པ་རྒྱུ་ནད་འབྱམས་པ་ལ་ལྟེ་བའི་གཡས་གཡོན་ཚོན་རེ་རེ་དང་གཉིས་གཉིས་པར་བརྡེག་གོ༔ རྒྱུ་མར་གྲང་རླུང་ཞུགས་ནས་སྦོས་འཁྲོག་ན༔ ལྟེ་འོག་ཚོན་གང་བཞི་གསུམ་བརྡེག་གོ༔ མཁལ་མའི་གྲང་རླུང་དང་ཆུ་སེར་ལ་རྒྱབ་ཚིགས་བཅུ་བཞི་བཅོ་བརྒྱད་པའོ༔ ཆུ་ཁ་སྲ་བ་དང་སྙི་ནུར་བུའི་ནད་ལ་བཅོ་བརྒྱད་པའོ༔ དྲི་ཆུ་བསྡོམས་པ་དང་༔ ཐིག་ལེ་འཆོར་བ་ལ་ཚིགས་པ་བཅུ་དགུ་པ་དང་༔ དེའི་གཡས་གཡོན་སོར་ལྔར་བརྡེག་གོ༔ གཤང་(བཤང་)གཅིའི་བར་དུ་ཡང་བརྡུང་ངོ་༔ བུད་མེད་ཁྲག་འབྱམས་པ༔ འཁྱིལ་པ༔ མོ་ནད་ཁྲག་སྐྲན་རྣམས་ལ་ཚིགས་པ་བཅུ་གསུམ་པ་དང་སྤུ་ནེ་གུའི་གཡས་གཡོན་དང་གོང་དུ་བརྡེག་གོ༔ མིད་གཅུས༔ ཨིག་བུ༔ སྐད་འགགས༔ སྐྱུར་དང་ཁ་ཞན་ན་ཨོག་སྟོངས་སུ་བརྡེག་གོ༔ ཕོ་གླང་ཕོ་ལོག་སྦོས་རྟིང་པ༔ ཕོ་ཐོར་རང་དུ་ཆད་ལྟའི་བརྡེག༔ བྱང་ཁོག་རྒྱང་དང་༔ སྟོད་འཚང་ལ༔ མཆན་འོག་སོར་བཞི་དང་སོག་མཆན་ལའོ༔ པུས་མོ་ན་བ་ལ་མེ་ལོང་མཚམས་སུ༔ རྐང་པ་གུམ་ཞ་རེངས་ན་བ་ལ༔ དཔྱི་མིག་གཉིས་དང་དཔྱི་དང་བརླའི་འབྲེལ་མཚམས་གང་སྡོམ་པའི་སར་བརྡེག་གོ༔ དེ་དག་ནི་བརྡེག་རུང་ཞིང་ཕན་པའི་གནས་སོ༔ དེ་ཡང་ཤིན་ཏུ་སྐྲངས་ལོག་ཆེ་བ་དང་༔ ན་ཟུག་ཆེ་ཞིང་སྙིང་མི་དགའ་ན་ཚོད་བླངས་ནས་བྱས་ཏེ་བླ་མའི་ཕྱག་ལེན་ཤེས་པར་བྱའོ༔


གཉིས་པ་མི་རུང་བའི་ནད་ལ་ནི༔ ཚད་པའི་རིགས་མ་སྨིན་པ༔ རྒྱས་པ༔ འཁྲུགས༔ རིམས༔ ཁྲག་གཉན༔ ཆུ་སེར༔ བྱིས་པ་ཆུང་ངུ་ལ་སོགས་ལ་མི་རུང་ངོ་༔

བརྡེག་པའི་གནས་མི་རུང་བ་ནི༔ འཇིངས་པ༔ སྔ་གོང་༔ མཁུར་ཚོས༔ མཆུ༔ ཨོག་རུས༔ ཉྭ་བཞི༔ འཕར་རྩ་གཉིས༔ མཆན་འོག་ཆུ་རྒྱུས༔ གཉེར་པོ་ཆེ༔ པུས་མོའི་མེ་ལོང་༔ མཁལ་མ༔ ངར་གདོང་༔ གྲུ་མོ་ལ་སོགས་སྤང་ངོ་༔


གསུམ་པ་སྲང་(གསང་)བསྟན་པ་ནི༔ སྤྱི་གཙུག་སྙིང་གི་སྲང་(གསང་)༔ འདན་པ་གཡོན་གློ་བའི་(གསང་)༔ སྤྱི་གཙུག་གི་མདུན་རྒྱབ་སོར་བཞི༔ དེ་གཉིས་ཀྱི་གཡས་གཡོན་ཟུར་དུ་མགོའི་སྲང་(གསང་)ངོ་༔ དཔྲལ་བར་མཆིན་སྲང་(གསང་)༔ ལྟག་པ་མཁལ་སྲང་(གསང་)༔ སྐྲ་མཚམས་གྱེན་དུ་སོར་བཞི་མཚོག་སྲང་(གསང་)༔ སྣ་ཁྲག་གཅོད་ན་དཔྲལ་དཀྱིལ་དང་དེའི་སོར་གཉིས་ཟུར་དུའོ༔ རྣ་བའི་སོར་རེ་ཕྱོགས་རྣ་བའི་སྲང་(གསང་)༔ ལྟག་པའི་སྡུད་སྒོ་མིག་གི་སྲང་(གསང་)༔ དེའི་གཡས་གཡོན་ཚོན་གང་མིག་གི་སྲང་(གསང་)༔ གཞན་དགོས་པའི་གནད་སྲང་(གསང་)གང་རུང་ཡུལ་དུ་བརྡེག་གོ༔


བཞི་པ་ལོགས་(ལོག་)གནོན་ནི༔ ནད་གར་ཡོད་སར་མནན་ན་ཕན་སྙམ་བྱེད་པ༔ རྗེས་ཡོད་པ་དང་༔ གཟེར་བ་ལ་ཕན་ནོ༔ བརྡེག་ཚེ་ཟུག་ཡོད་བཞག་ཚེ་མེད་ན་ཡང་ཕན་ནོ༔ བརྡེག་བཞག་གཉིས་ཀ་ལ་ཟུག་ཆེ༔ དྲོད་ཆེ༔ འོད་ལྷང་ངེ་རླངས་པ་འོང་ན་འཕྲོ་གཅོད་དོ༔ དེ་ལ་དྲི་ཆུས་བྱུག༔ གླ་རྩི་དང་༔ རྫས་རྒོད་བྱུག་གོ༔ ཁྲག་འདྲ་ན་ཁས་བཙིར༔ ཁབ་ཀྱིས་གཙགས་ལ་ཁྲག་དབྱུང་༔ ཡང་རྐམ་ར་བཏབ༔ དེས་མ་ཕན་ན་རྭ་བཙུགས་རང་བྱའོ༔ དབྱུག་རྗེས་སུ་འབྲུམ་ཐོར་བྱུང་ན་ཁབ་བརྩགས་(གཙགས་)སམ་ཁ་འཇིང་བྱ༔ ཕལ་དུ་འཕར་རྩ་ལ་ཁབ་བཙག་སྤང་༔


སྤྱི་དོན་ལྔ་བ་བརྡེག་ཏུ་མི་རུང་བའི་བླ་གནས་བསྟན་པ་ནི༔ ཚེས་གཅིག་ལ་རྐང་པའི་མཐེ་བོང་༔ གཉིས་ལོང་མོའི་ཚིགས༔ གསུམ་བྱིན་པའི་ཉྭ༔ བཞི་པུས་མོའི་སྟེང་༔ ལྔ་སྒྱིད་ཁུག༔ དྲུག་དཔྱི་མིག་ཚིགས༔ བདུན་མཁལ་མའི་སྟེང་༔ བརྒྱད་རྩིབས་ལོགས༔ དགུ་དཔུང་མགོ༔ བཅུ་ལག་ངར༔ བཅུ་གཅིག་ལག་མཐིལ༔ བཅུ་གཉིས་སྐེ༔ བཅུ་གསུམ་རྣ་ལྟག༔ བཅུ་བཞི་ཟ་འགྲམ༔ བཅོ་ལྔ་མགོ་ལུས་ཁྱབ་པར་གནས་སོ༔ དེ་ལྟར་དུ༔ སྐྱེས་པ་གཡོན་ལ་ཡར་རིམ་པར་འགྲོ་ཞིང་བཅུ་དྲུག་ནས་གཡས་ཕྱོགས་ནས་མར་རིམ་པར་འབེབས་པར་ཤེས་པར་བྱའོ༔ མོ་ལ་ཚེས་གཉིས་གཡས་ནས་ཡར་གོ་ལོག་ཏུ་ཤེས་པར་བྱའོ༔

ཐམ་ཐྭཐྭརྒ༔ མན་ངག་ལོགས་སུ་གབ་པ་དབྱུག་པའི་ཞལ་གདམས་ནི༔ ཐོག་མར་ཡིག་བདུན་འབུམ་མམ་བདུན་འབུམ་ཐེམས་པའི་རྣལ་འབྱོར་པས་གོང་བཞིན་དབྱུག་པ་ལ་སྒྲུབ་པ་དང་༔ དབྱུག་པ་རྟ་མགྲིན་ཏུ་བསྐྱེད༔ ཡེ་ཤེས་པ་འགུག་བསྟིམ་བྱ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ༔ དེ་ནས་རྟག་ཏུ་རྣལ་འབྱོར་པས་ལུས་དང་གྲིབ་མ་ལྟར་བརྟེན་ན་སྲུང་བའི་མཆོག་ཏུ་འགྱུར་རོ༔ གདོན་བགེགས་དང་ནད་པ༔ འགོ་བའི་ནད་ལ་སོགས་པ་ཐམས་ཅད་ལ་དབྱུག་པས་བརྡེག་ཅིང་རང་དང་དབྱུག་པ་གཉིས་དབང་གི་སྐུར་གསལ་བས་ཐེ་ཚོམ་མེད་པར་བརྟུལ་ཞུགས་བྱའོ༔ དེས་ནི་གདོན་བགེགས་ལ་སོགས་གང་ལ་ཡང་ཐོགས་མ་མེད་དེ༔ སྐད་ངན་ཙེ་རེ་རེ་འབྲོས་སོ༔ དང་པོ་བརྡེག་ཚེ་རྣལ་འབྱོར་པ་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་གསལ་བར་བསྒོམ༔ ནད་པ་དང་གདོན་ལ་ཕན་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁ་ཙམ་མ་ཡིན་པ་བསྒོམ་ཁག་ཆེའོ༔ ནད་པ་དེ་གུས་པ་བསྐྱེད་ཐེ་ཚོམ་མེད་ཅིང་བསྲན་ཆེ་བ་གཅེས་སོ༔ བརྡེག་ཚེ་ནི་དང་པོ་དབྱུག་པའི་རང་ལྗིད་ཙམ་བྱའོ༔ སྐྱོན་པར་བརྡེག་པའི་སྐྲངས་མ་བྱུང་བ་དང་བགས་ཀྱིས་ཤེས་ཤེར་གཏོང་ངོ་༔

རེས་ཆུང་དུ་བཏང་ཞིང་རེས་མོས་སུ་བྱའོ༔ སྐྲངས་མདོག་དམར་ཕྱུར་བ་ཁྲག་སྨུག་པོ་ཆུ་སེར་གཉིས་ལ་ཁབ་གཙགས་རུང་ངོ་༔ སྐྲངས་མ་འགྱུར་བ་རྣམས་གཙགས་པ་སྤང་ངོ་༔ སྐྲངས་མདོག་ནག་ན་ཆུ་སེར་ནག་པོ་འཇིབ་པར་བྱའོ༔ མཁྲེགས་ན་ནད་གཞི་ཆེ་བས་ཡུན་རིང་བརྡེག༔ སྔོ་སྐྱ་སྐྲངས་པ༔ སེར་པོ་མཁྲིས་པ༔ སྐྱ་སོབ་རླུང་ཡིན་པས་བ་སྤུ་བྱེ་ཙམ་ལ་བཞག་གོ༔ དབྱུག་རྗེས་སྟོད་གཟེར་འགྱངས་ན་ཧ་རིང་པོ་བཏོན་ལུས་སྤྲུགས༔ སྨད་ནད་ཙམ་ལ་རན་པར་འཆག༔ འཁྲབ༔ ལོང་ལ་རྟིང་འཕངས་རེས་མོས་སུ་བརྡེག༔ རླུང་ལངས་ནགསུས་པ་དང་༔ ཨོལ་སྟོང་༔ དབྱུག་ཤུལ་མ་གཏོགས་པ༔ རྗེས་ཡར་སྒོའི་ཐར་(ཐད་)ཕུར་རོ༔ སྙིང་རླུང་༔ སྨྱོ་འབོགས༔ རིག་པ་འཕྱོ་བ༔ དྲན་པས་མི་ཟིན་པ༔ ཁོང་པ་གྲང་ལྷང་དང་༔ སྦོ་བ་དང་༔ སྟེང་ཐོག་འཁོར་བ་རྣམས་ལ༔ དབྱུག་ཤུལ་མིན་པའི་སྲང་(གསང་)རྣམས་སུ་ཚ་འོད་དང་༔ སྣུམ་མནན་བྱའོ༔ དེས་ནི་གོང་གི་ནད་གདོན་བགེགས༔ བསྒོམ་སྐྱོན་ཐམས་ཅད་སེལ་ལོ༔ སྨན་དང་རིམ་གྲོ་ལ་སོགས་མི་དགོས་ཏེ༔ གཅིག་ཆོས་(ཆོག་)ཡིད་བཞིན་ནོར་བུ་ལྟ་བུའོ༔ ཡང་རྣལ་འབྱོར་པ་དབང་གི་བསྙེན་པ་ཐེམས་པས་དབྱུག་པ་ལ་དར་སྣ་ལྔ་དང་ལྷ་འདྲེ་མི་གསུམ་གྱི་བླ་རྡོ་དང་༔ མཁའ་འགྲོའི་སྲོག་འཁོར་བཏགས་ལ་བསེ་ལམ་མཁའ་འགྲོའི་ལས་སྦྱོར་འབུམ་བཟླས་ནས་མི་ནོར་ཟས་གསུམ་གང་འདོད་ཤམ་བུ་བཏགས་ནས་གཡུགས་ན་ཐམས་ཅད་དབང་དུ་སྡུད་དེ༔ ཐེ་ཚོམ་མེད་པར་འོང་བས་མེ་མཆོད་དང་ཚོགས་འཁོར་ལ་བརྩོན་པར་བྱའོ༔

ཨེ་མ༔ མན་ངག་རིན་ཆེན་གསེར་ལྟ་བུ༔ གསང་འདུས་རྒྱུད་ལས་ཨོ་རྒྱན་ངས༔ བཀོལ་ཏེ་ཕྱི་རབས་དོན་དུ་ཡང་༔ གནམ་སྐས་བྲག་ལ་སྦས་ཏེ་བཞག༔ མ་འོངས་ལས་ཅན་བུ་གཅིག་དང་༔ འཕྲད་ནས་འགྲོ་དོན་མཐར་རྒྱས་ཤོག༔ གཏེར་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔

ཤོག་སེར་ངོས་ནས་ཐང་དཀར་དུ་ཞུས་སོ།། ཁྱི་ཡི་ལོ་ལ་གཏེར་སྟོན་རཏྣས་རྙེད། འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེན་ཤོག།

 

 


༄༅། །དབྱུག་བཅོས་གནམ་ལྕགས་རྡོ་རྗེ།

- སྐ་བ་ཤྰཀྱ་དབང་ཕྱུག་ཀུན་དགའ་རྒྱལ་མཚན།


དབྱུག་པའི་མན་ངག་སྦ་དཀར་ཁྲི་གང་ལ། །བལ་དཀར་ནོར་བུའི་ཐོ་བ་རབ་བརྗིད་ལྡན། །བསྐྱེད་ཆོག་རྒྱས་བཏབ་ཤིས་བརྗོད་ལེགས་གྲུབ་ནས། །གདོན་ཅན་ཤོ་རེ་མཛེ་ཡུགས་དམ་སེལ་ཅན། །རེག་ཏུ་མི་འཇུག་ས་རྗེན་ལ་མི་བཞག །རང་ཉིད་གསང་བདག་གསལ་བའི་ཐུགས་ཀ་ནས། །འོད་འཕྲོས་ནད་གདོན་གནོད་བྱེད་ཐམས་ཅད་བཀུག །གསང་དེར་བསྟིམ་ལ་དབྱུག་པས་བསྣུན་པའི་ཚེ། །བགེགས་ཀྱི་གདུག་སེམས་ཟུག་རྔུའི་མཚན་འཛིན་ཀུན། །གནམ་ལྕགས་འབར་བས་བསྣུན་པའི་སྦུར་བ་བཞིན། །ཐལ་བར་བྱས་ཤིང་ནད་པར་གནོད་བྱེད་ཀྱི། །སེམས་ཉིད་གཟུང་འཛིན་བྲལ་བའི་ཆོས་ཀྱི་དབྱིངས། །སྟོང་ཉིད་སྙིང་རྗེའི་ངང་དུ་རོ་སྙོམས་བྱས། །བསྣུན་ཐབས་ཤ་ལ་གདོང་ཐུག་རུས་པ་ལ། །འདྲེད་ཐབས་དང་པོ་ཆུང་ངུ་རིམ་ཤེད་བསྐྱེད། །གསང་དང་ཕན་ཡོན་ཕལ་ཆེར་མེ་དང་མཐུན། །ཁྱད་པར་སྙིང་རླུང་སྟོད་ཚད་(འཚངས་)སྨྱོ་འདོན་(འབོག་)གདོན། །མ་ཞུ་གྲང་སྲིན་ནད་ཀྱི་དཔྱད་མཆོག་སྟེ། །གཅོང་ཆེན་ཁྲག་མཁྲིས་ཚད་པ་སྦྲུམ་མར་སྤངས། །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ཨོ་རྒྱན་གྱིས། །རྣོ་བའི་གསུང་ཚིག་མདོ་དོན་སྙིང་པོ་འདིས། །ནད་གདོན་བགེགས་དཔུང་ཕྱེ་མར་འཐག་པ་ཡི་(ཡིན)། །བཀྲ་ཤིས་འགྲོ་བ་ཡོངས་ལ་ཐོབ་པར་ཤོག།

དེ་ལྟར་རྒྱ་བོད་མཁས་པ་ཡི། །ཕྱག་ལེན་མཐོང་བརྒྱུད་མ་ཆད་པའི། །མན་ངག་ཡིད་ཆེས་མངོན་སུམ་དུ། །ངེས་པར་སྟེར་བྱེད་འདི་ལྟ་བུ། །ཡིད་བཞིན་ནོར་ལྟར་ཀུན་ལ་མེད། །དྲང་སྲོང་མཁས་པའི་སྙན་བརྒྱུད་རྣམས། །སྔོན་ཆད་ས་སྟེང་མ་གྲགས་པའི། །དཀོན་མེད་རྒྱལ་ཁམས་བསྐོར་ལ་དྲིས། །བདེན་རྫུན་ལག་ཏུ་ལོངས་ལ་ལྟོས། །བསོད་ནམས་སྤེལ་བའི་གཤོང་ཞིང་ཡིན། །ཚེ་སྲོག་སྟེར་བའི་འདོད་འཇོ་ཡིན། །སྙན་གྲགས་ཐོབ་པའི་བ་དན་ཡིན། །མཁས་ཁྱད་འབྱིན་པའི་ལྡེ་མིག་ཡིན། །འདོད་དགུ་འབྱུང་བའི་ནོར་བུ་ཡིན། །ཀུན་གྱིས་ཤེས་ན་མཁས་པ་སུ། །རྒྱ་གར་ཡུལ་ན་ཙན་དན་ཤིང་། །ཁ་ཆེའི་ཡུལ་ན་གུར་གུམ་རྩ། །དེ་ཕྱིར་རང་གི་ཁྱད་ནོར་བྱ། །ཡང་ན་རིག་པ་དོན་མཉམ་རྗེ་(བརྗེ)། །ཡང་ན་རིག་པ་ནོར་གྱིས་བླུ། །ཡང་ན་དམ་ལྡན་སྙིང་རྗེ་ཆེ། །གཞན་དོན་བྱེད་པའི་སློབ་བུ་ལ། །གསོ་རིག་བསྟན་པ་སྤེལ་ཕྱིར་བྱིན། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ།།


-དབྱུག་བཅོས་གནམ་ལྕགས་རྡོ་རྗེ་ཞེས་བྱ་བ་འདི་ནི་སྐ་བ་ཤྰཀྱ་དབང་ཕྱུག་གིས་བརྩམས་པའི་"མན་ངག་ཀུན་གྱི་སྙིང་པོ་བསྡུས་པ་"ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

འབྲེལ་ཡོད་རྩོམ་རིག་གཞན་དག་ལྟ་ཀློག་གྱིས།

༄༅། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་རིན་པོ་ཆེ་བཞུགས་སོ།།
༄༅། །རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།
༄༅། །དབྱུག་བཅོས་ནད་གདོན་ཀུན་སེལ།
༄༅། །རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་བྱ་བ་བཞུགས་སོ།།

 

མཐའ་མའི་འདོན་ཐེངས་།: 05.08.2017 ཉིན། 2:42 PM

<< སྔ་མ།