སྨན་རྩིས་དྲ་བ། - མདུན་ངོས།

དཔལ་ལྡན་རྒྱུད་བཞི་བློ་ལ་ཟིན་པའི་སློབ་མ་ཕག་མོ་འཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.06.2016
མདུན་ངོས། >>

 

 

དཔལ་ལྡན་རྒྱུད་བཞི་བློ་ལ་ཟིན་པའི་སློབ་མ་ཕག་མོ་འཚོ།

- ཡོང་ཁུངས། བོད།

འདི་ལོ་ནི་བོད་མེ་སྤྲེལ་ལོ་སྟེ་བདག་ཅག་ཚེ་ཡི་རིག་བྱེད་འཛིན་པ་རྣམས་ཀྱི་ངོས་ནས་བཤད་ན་བཀྲིས་པ་དང་དོན་གྲུབ་པའི་དུས་ཚིགས་བླ་ན་མེད་པ་ཞིག་ཡིན་ཏེ། དབུས་ཕྱོགས་ལྷ་ལྡན་ཡུལ་དུ་བོད་ཀྱི་གསོ་བ་རིག་པ་དང་དཀར་ནག་རྩིས་ཀྱི་ཉི་ཟླ་ཟུང་དུ་འཛིན་པའི་ཞིང་ཁམས་ལྷ་ལྡན་སྨན་རྩིས་ཁང་ཉིད་དངོས་སུ་དབུ་ཚུགས་ནས་བགྲང་བྱ་ཧྲིལ་པོ་བརྒྱ་འཁོར་བའི་དུས་སྟོན་དང་། མདོ་དབུས་ཁམས་གསུམ་སོགས་ཀྱི་གནས་གང་སར་སྨན་རྩིས་བསྟན་པའི་བྱ་བ་ལ་སྔར་བས་ལྷག་པར་བརྩི་མཐོང་དང་འབད་པ་ལྷུར་དུ་ལེན་དང་ལེན་བཞིན་པ། ལྷག་པར་འདིར་བསྟན་འཛིན་སྐྱེས་བུ་རྒན་གྲས་རྣམས་ཡིད་མགུ་བ་དང་། ན་མཉམ་དང་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་བྱ་བའི་མིག་དཔེར་རུང་བ་སློབ་མ་ཕག་མོ་འཚོ་ཡིས་དཔལ་ལྡན་རྒྱུད་བཞི་ཆ་ཚང་བ་བློ་འཛིན་སྤྲད་པ་ནི་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་ཕན་པ་བླ་ལྷག་ལྡན་པ་འབའ་ཞིག་ཡིན།


དེ་ཡང་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༦ པའི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་སྐར་མ་ ༤༠ ཐོག མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་མ་ཕག་མོ་འཚོ་ཡིས་རང་གི་རྟག་བརྟན་འགྱུར་མེད་ཀྱི་ལྷག་བསམ་དང་ཆུ་བོའི་རྒྱུན་ལ་དོ་བའི་བརྩོན་པ་ལ་བརྟེན་ནས་གསོ་རིག་དཔལ་ལྡན་རྒྱུད་བཞི་ཆ་ཚང་བ་ཡོངས་སུ་སྡེབས་རྒྱུགས་སྤྲོད་ཐུབ་པ་བྱུང་ཡོད། སློབ་མ་ཕག་མོ་འཚོ་ལགས་ནི་སྤྱི་ལོ་ ༡༩༩༤ ལོའི་ཟླ་ ༡༠ བར་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་བྲག་ཁང་སྣ་ཁ་ཡུལ་ཚོ་རུ་སྐྱེས། སྤྱི་ལོ་༢༠༡༡ལོར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་བོད་ཕྱི་ཟུང་འབྲེལ་འཛིན་གྲྭར་ཚུད་ནས་བོད་ཕྱི་ལུགས་གཉིས་ཀྱི་གསོ་བ་རིག་པའི་གནས་ལ་བརྩོན་པའི་བསྐལ་བ་བཟང་པོ་ཐོབ་ཅིང་། ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་རང་གི་བགོ་སྐལ་དུ་བབས་པའི་བསླབ་བྱའི་གནས་རྣམས་ལ་ཕྱོགས་རིས་མེད་པར་དཀའ་སྤྱད་འབད་བརྩོན་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ལ། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་སློབ་བརྩོན་བྱ་དགའ་དང་། བཟང་གསུམ་སློབ་མ། ཕུལ་བྱུང་སློབ་མ་སོགས་ཀྱི་བྱ་དགའ་རབ་དང་རིམ་པ་བླངས་ཡོད། 


སློབ་མ་འདི་ཀོས་རང་གི་ཤེས་རབ་དང་བརྩོན་པ་ལ་བརྟེན་ནས་རང་ཅག་གསོ་རིག་གི་གཞུང་ཕྱི་མོ་དཔལ་ལྡན་རྒྱུད་བཞི་དག་བློ་ལ་ཟིན་པའི་གནས་ཚུལ་སྐོར་ཅུང་ཞུས་ན། ཐོག་མར་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ པར་སློབ་གླིང་གི་དགེ་སློབ་ཉིས་བརྒྱ་ལྷག་གི་མདུན་དུ་དཔལ་ལྡན་རྒྱུད་བཞི་ལས་རྩ་རྒྱུད་དང་བཤད་རྒྱུད་གཉིས་བདེ་བླགས་ངང་སྡེབས་རྒྱུགས་སྤྲད་པ་དང་། སྤྱི་ལོ་ ༢༠༡༣ ལོའི་ཟླ་དྲུག་པར་རྒྱུད་ཆུང་གསུམ་ལེགས་པར་སྡེབས་རྒྱུགས་སྤྲད་ ཡོད་པ་སོགས་ནི་ཀུན་གྱིས་ཡི་རངས་དང་སློབ་སྦྱོང་བྱ་བའི་བྱ་བ་བཟང་པོ་ཞིག་ཏུ་འགྱུར། 

 
དེ་ནས་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༥ པའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ནས་ ༥ དང་སྐར་མ་ ༤༠ བར་དུ་རྩ་རྒྱུད་ནས་འགོ་བརྩམས་ཏེ་མན་ངག་རྒྱུད་ཀྱི་ཚ་བ་རི་ཐང་མཚམས་བར་དང་། ༢༠༡༦ ལོའི་ཟླ་༥ པའི་ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པ་ནས་ ༥ པ་བར་དུ་ཚ་བ་རི་ཐང་མཚམས་ནས་འགོ་བརྩམས་ཏེ་ཐོར་ནད་གསོ་བ་ཡོངས་སུ་རྫོགས། ༢༠༡༦ ལོའི་ཟླ་ ༥ པའི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པ་ནས་ ༦ པ་བར་དུ་ལྷན་སྐྱེས་རྨ་གསོ་བ་ནས་བྱང་ཁོག་གི་རྨ་གསོ་བ་བར་དང་། ༢༠༡༦ ལོའི་ཟླ་ ༥ བའི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པ་ནས་ ༥ དང་སྐར་མ་ ༣༠ བར་དུ་ཡན་ལག་རྨ་ནས་མན་རྒྱུད་ཆ་ཚང་བ་རྒྱུགས་སྤྲད། ༢༠༡༦ ལོའི་ཟླ་ ༦ པའི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ དང་སྐར་མ་ ༣༠ ནས་ ༡༠ དང་སྐར་མ་ ༤༠ བར་དུ་ཕྱི་མ་རྒྱུད་བློ་འཛིན་རྒྱུགས་སྤྲོད་གནང་སྟེ་མཐར་དཔལ་ལྡན་རྒྱུད་བཞི་ཡོངས་སུ་རྫོགས་པ་ལེགས་པར་སྡེབས་རྒྱུགས་སྤྲོད་གནང་མཛད་ཡོད།


དེ་ཡང་སློབ་དཔོན་ཀླུ་སྒྲུབ་མཆོག་གིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །ཞེས་གསུངས་པ་ལྟར་སློབ་མ་འདི་ཀོས་རང་གི་དཀའ་སྤྱད་སྙིང་རུས་དང་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་རང་ཅག་གི་གཞུང་ཆེན་མོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་བློ་འཛིན་གནང་བ་ནི། གཅིག་ནས་རང་ཅག་མི་རིགས་ཀྱི་རིག་གནས་སྤྱི་དང་ལྷག་པར་ཚེ་ཡི་རིག་པ་འདི་ཉིད་ལ་བཅངས་པའི་དུང་སེམས་དང་རྣམ་དཀར་གྱི་ལྷག་བསམ་དག་རང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱས་ཡོད་པ་དང་། གཉིས་ནས་ད་ལྟའི་སྤྱི་ཚོགས་འཕེལ་འགྲོས་མྱུར་ཞིང་མི་སེམས་འཕྱོ་བའི་ཁོར་ཡུག་འདི་འདྲའི་འོག་ཏུ། རང་གི་བརྩོན་པ་ཆུ་བོའི་རྒྱུན་ལ་བརྟེན་ནས་རང་ཅག་ཚེ་རིག་འཛིན་པའི་སྐྱེས་བུ་སྤྱི་དང་ལྷག་པར་གཞོན་སྐྱེས་རྣམས་ལ། བདེ་ལྡན་རིག་པ་མི་འགྲུབ་པའི་གནས་ལུགས་རྣལ་མ་ཞིག་བྱ་སྤྱོད་ངོ་མའི་ཐོག་ནས་གསལ་བཤད་གནང་ཡོད་ལ། རང་ཅག་གི་རིག་གཞུང་བླ་ན་མེད་པ་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ང་ཚོ་ཚང་མས་འབད་པ་ཆེར་བསྐྱེད་ཀྱིས་སྲོལ་རྒྱུན་གྱི་སློབ་སྦྱོང་ཐབས་ལམ་བཟང་པོ་དག་རྒྱུན་འཛིན་ལག་ལེན་དགོས་པའང་ཟུར་བལྟས་ལེབ་མཐོང་གིས་རྒྱ་ཆེའི་སློབ་བུ་རྣམས་ཀྱི་མདུན་སྔར་བསྟན་ཡོད།


མདོར་ན་འདིར་ལག་ཟུང་སྙིང་གའི་པད་མོར་སྦྱར་ཏེ་སློབ་མ་ཁོང་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་སླད་མར་གསོ་རིག་བསྟན་དོན་བླ་རུ་འདེགས་པར་མུ་མཐུད་ཤེས་བརྩོན་ཟུང་འཇུག་ཡོང་བར་སྨོན་འདུན་ཞུ་རྒྱུ་དང་། ཡང་ཅིག་བསམ་ན་ཚེ་ཡི་རིག་པ་འདི་ཉིད་རླབས་ཆེ་བས་ང་ཚོར་ཡུལ་སྐལ་དང་ཚན་པ་སོགས་ཀྱི་རིས་མེད་པའི་བློ་རྒྱ་དང་མཐུན་སྒྲིལ་ཞིག་དགོས་འདུག་ལ། ལྷག་པར་གཞོན་སྐྱེས་རྣམས་ཀྱིས་རིག་གཞུང་འདི་ཉིད་སྦྱོང་བའི་གནས་སྐབས་ཐོག་མཐའ་བར་གསུམ་དུ། སློབ་མ་ཕག་མོ་འཚོ་དང་འདྲ་བར་ལྷག་བསམ་རྣལ་མ་ཞིག་དང་དཀའ་བ་ཁྱད་གསོད་ཐུབ་པ་ཞིག་དགོས་ངེས་པ་ནི་ང་ཚོས་ཕ་མེས་ཀྱི་གཅེས་ནོར་འདི་ཉིད་རྒྱུན་འཛིན་དར་སྤེལ་ཐུབ་མིན་གྱི་གནད་འགག་གཙོ་བོ་ཞིག་ཏུ་མཐོང་བས་ཚང་མས་མཉམ་དུ་འབད་པར་སྙིང་ནས་སྨོན་ནོ།། ཞེས་པ་འདིའང་ལྷ་ལྡན་སྨན་རྩིས་གླིང་གི་སྨན་པའི་གྲལ་མཐའ་བ་སྨྱུག་མིང་གངས་མ་ཆར་དུ་འབོད་པས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་མ་ཕག་མོ་འཚོའི་སློབ་སྦྱོང་གི་ཀུན་སློང་རྣལ་མ་དང་འབྲས་བུ་བཟང་པོ་དག་རྣ་བས་ཐོས་པ་ཙམ་གྱིས་རང་ཡིད་མགུ་སྟེ། ཆེད་དུ་དེ་གའི་སློབ་གླིང་གི་དགེ་བའི་བཤེས་གཉེན་རིན་ཆེན་དོན་གྲུབ་ལགས་སོགས་ལ་དེ་སྐོར་གྱི་ཆ་འཕྲིན་དང་འདྲ་པར་རེ་གནང་བར་སྐུལ་བའི་ཆ་འཕྲིན་གྱི་རྨང་གཞིའི་སྟེང་། བཅོས་བསྒྲིགས་ཁ་སྣོན་གྱིས་གཡུ་ཐོག་གླེང་ཐེགས་སུ་བཀྲམ་པ་གཞོན་སྐྱེས་ལྷག་བསམ་བསྐྱེད་པའི་རྒྱུ་རུ་འགྱུར་ཅིག         །སྤྱི་ལོ་༢༠༡༦ ལོའི་ཟླ་༦ ཚེས་༣ ཉིན།


 

 

མཐའ་མའི་འདོན་ཐེངས་།: 04.06.2016 ཉིན། 4:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་ལེགས་གྲུབ།

གསར་འགོད་གསལ་བསྒྲགས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།