སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

དངུལ་རྩིས་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

དངུལ་རྩིས་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།

དང་པོ། ལོ་རྒྱུས་ཀྱི་འཕེལ་རིམ།

ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། ཕྱི་ལོ་ ༡༩༦༡ ལོར་སྨན་སྦྱིན་ཁང་ཐོག་མར་གཞི་རྐང་བཙུགས་པའི་དུས་ནས་བཟུང་དངུལ་རྩིས་དང་འབྲེལ་བའི་ལས་གཞི་དེ་ཙམ་ཤུགས་ཆེར་མེད་ཀྱང་གང་ཡོད་པ་རྣམས་གཙོ་བོ་ཆོས་དོན་ལྷན་ཁང་གི་ཐུགས་འགན་བཞེས་ཏེ་དགེ་རྒན་ཚོའི་ཕོགས་ཐོབ་དང་སློབ་གྲྭའི་རྒྱུན་གྲོན་སོགས་ལ་མ་དངུལ་མཁོ་སྒྲུབ་གནང་ཡོད་པ་ལས་ཤེས་རྟོགས་ཐུབ། སྨན་རྩིས་གཉིས་ཟླ་བསྒྲིལ་མ་བཏང་བར་དུ་སྨན་པས་ནད་པར་བརྟག་དཔྱད་དང་རྩིས་སྐོར་བ་སོགས་ཀྱི་དངུལ་གཏོང་ལེན་བྱེད་པའི་རྩིས་ཁང་ཟུར་དུ་མེད་ཀྱང་ནང་རྩིས་ཀྱི་འགན་འཁུར་བ་ཞིག་ཡོད་པ་སྐབས་དེའི་བྱུང་བར་གསལ་བས་དེབ་ཕྲེང་དང་པོའི་སྐུའི་བླ་སྨན་ཟུར་བ་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐབས་སུ་གསལ་ཡོད། ཕྱི་ལོ་ ༡༩༦༧ ནས་སྡེ་ཚན་གྱི་ངོ་བོར་ཟུར་དུ་བཙུགས་པ་ནས་ད་ལྟའི་བར་དངུལ་རྩིས་འགན་འཁུར་བ་སྐབས་ ༡༥ ཙམ་འཕོ་འགྱུར་བྱུང་ཡོད།

 

ཕྱི་ལོ་ ༡༩༦༧ ནས་ཕྱི་ལོ་ ༡༩༨༠ ཙམ་དུ་སྨན་རྩིས་ཁང་ལ་སྨན་རྩིས་པ་མང་པོ་མེད་པའི་སྟབས་ཀྱིས་ལས་འབོར་ཀྱང་དེ་ཙམ་མེད་པས་དངུལ་རྩིས་དང་འབྲེལ་བའི་ལས་དོན་ཡང་དེ་ཙམ་ལས་མེད་པ་བྱུང་རིམ་སྤྱིའི་གནས་བབ་ལས་ཤེས། ཕྱི་ལོ་ ༡༩༨༠ ཙམ་ནས་སྨན་པ་ཇེ་མང་དུ་སོང་བ་དང་སྟབས་བསྟུན་ཡན་ལག་སྨན་ཁང་གང་མང་གསར་འཛུགས་ཐུབ་པ་བྱུང་བ་སོགས་སྨན་རྩིས་ཁང་ཡར་རྒྱས་གོང་འཕེལ་གྱི་གནས་སུ་ཕྱོགས་མགོ་ཚུགས་པ་ནས་དངུལ་རྩིས་དང་འབྲེལ་བའི་ལས་གཞི་དེ་ཡང་ཇེ་མང་དུ་རང་བཞིན་གྱིས་གྱུར་བར་བརྟེན་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་འགྲོ་ལུགས་ལྟར་སྡེ་ཚན་གྱི་ངོ་བོའི་ཐོག་དེང་གི་དངུལ་རྩིས་ཀྱི་འགྲོ་སྟངས་ཤེས་ཤིང་སློབ་སྦྱོང་གང་འཚམས་བྱས་མྱོང་བ་འདེམས་བསྐོ་གནང་དགོས་བྱུང་ཡོད། དུས་དེ་ནས་བཟུང་རྩིས་སྡེ་ཚན་ནས་ལོ་རེའི་དབུས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འགོད་དང་།  རྒྱ་གར་གཞུང་གི་ཁྲིམས་ལུགས་ལྟར་ལོ་དུས་སོ་སོའི་འབབ་ཁྲལ་དུས་ཐོག་ཏུ་རྩིས་འབུལ། རྩིས་མགོ་སོ་སོའི་ཐོག་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་རྣམས་ཧེ་བག་མེད་པར་ཁམས་དྭངས་བདག་ཉར་དང་།  སྨན་རྩིས་ཁང་སྤྱི་ཡོངས་ཀྱི་དངུལ་རྩིས་ཞུ་སྒོ་མཐའ་དག་གི་འགན་ཁུར་བྱེད་ཀྱིན་ཡོད།


གཉིས་པ། རྒྱ་གར་ཁྲིམས་ཐོག་ནས་རྩིས་ཁྲ་ངོས་ལེན་བྱུང་ཚུལ།

བོད་གཞུང་སྨན་རྩིས་ཁང་གི་དཔལ་འབྱོར་འགྲོ་ལུགས་རྒྱ་གར་ཡུལ་ཁྲིམས་ཀྱི་མངའ་འོག་ཏུ་སྟངས་འཛིན་ཞིབ་འཇུག་ཆེད་རྒྱ་གར་འབབ་ཁྲལ་ལས་ཁུངས་སུ་ཡོང་འབབ་རྩིས་འབུལ་ཞུ་འཐུས་ཆོག་པའི་དེབ་སྐྱེལ་ཡིག་ཆའི་ཐད་ཕྱི་ལོ་ ༡༩༧༨ ལོ་ནས་བཟུང་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་སུ་སྙན་སེང་གིས་ལས་གཞི་མགོ་འཛུགས་ཞུས་འདུག་ལ། ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༢༢ ནས་དངོས་སུ་ཆོག་མཆན་ཐོབ་ཡོད་པའི་རྒྱ་གར་འབབ་ཁྲལ་ལས་ཁུངས་ཀྱི་ཆེས་མཐའི་འབབ་ཁྲལ་ཆེད་ལས་པ་ནས་ས་རྟགས་དང་ལས་དམ་དང་བཅས་ཀྱི་དེབ་སྐྱེལ་ཨང་ ༼༡༥.༦༧༽ འཁོད་པའི་ཡིག་ཆའི་ནང་གསལ་འདུག ཕྱི་ལོ་ ༡༩༨༣ ཟླ་ ༡ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་རྩིས་ལོའི་ཡོང་འབབ་ཐོག་མར་ཧིན་སྒོར་ས་ཡ་གཅིག་དང་འབུམ་དགུ་བདུན་ཁྲི་བདུན་སྟོང་བདུན་བརྒྱ་བདུན་ཅུ་དོན་གཉིས་ཐམ་པ ༼༡༩༧༧༧༧༢།༠༠༽ ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་པ་ལམ་སྤུར་རྒྱ་གར་འབབ་ཁྲལ་ལས་ཁུངས་སུ་རྩིས་འབུལ་ཞུས་ཡོད་འདུག

 

དེ་བཞིན་ལོ་ལྟར་ཡོང་འབབ་ཇི་བྱུང་གི་རྩིས་ཁྲ་ཆེས་མཐོའི་རྩིས་ཞིབ་པ་བརྒྱུད་པ་ལམ་སྤུར་འབབ་ཁྲལ་ལས་ཁུངས་སུ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༡ བར་ཡོང་འབབ་རྩིས་འབུལ་ཞུས་ཡོད། གོང་གི་རྩིས་ལོ་ ༢༠༠༢ ནས་ ༢༠༠༥ བར་གྱི་ཚོགས་པའི་རྩིས་ཁྲ་ཁག་ལ་རྒྱ་གར་འབབ་ཁྲལ་ལས་ཁུངས་ནས་ཡོངས་འབབ་རྩིས་འབུལ་གྱིས་རྩིས་ཤོག་ལ་ཞིབ་འཇུག་བྱེད་སྐབས་དངུལ་འབོར་ཆེ་པའི་སྨན་སྦྱིན་སོང་ཁྲར་ངོས་ལེན་བྱེད་རྒྱུའི་བཀའ་བརྩད་བྱུང་བས་རྒྱུ་མཚན་གཙོ་བོ་རང་གཞུང་ལ་རྩིས་ལོའི་ཁེ་འབབ་ནས་བརྒྱ་ཆ་ ༡༥ སོང་ཁྲའི་རྩིས་འཁུར་ཞུས་པའི་བརྒྱུད་རིམ་ཡིན་པར་རྒྱ་གར་འབབ་ཁྲལ་ལས་ཁུངས་སུ་ཧིན་སྒོར་འབུམ་ཉི་ཤུ་རྩ་ལྔ་གཏའ་མའི་ཚུལ་དུ་ཁྲིམས་ཐོག་ཐག་གཅོད་ཀྱི་རྩོད་གཞི་ཆགས་འདུག

 

སྐབས་དེ་དུས་རང་གཞུང་རྩིས་ཞིབ་ལས་ཁུངས་ནས་ཐུགས་ཁུར་ཆེ་བཞེས་དང་ལྷག་པར་ཏུ་འཛིན་སྐྱོང་ནས་གཅིག་རྒྱབ་གཅིག་སྣོན་གྱིས་མཐར་ཅན་དྷི་སྒར་ཆེས་མཐོའི་ཁྲིམས་ཁང་ནས་དགག་ཆ་མེད་པའི་སོང་ཁྲར་ངོས་ལེན་བྱས་པའི་ཁྲིམས་ཐག་བཅད་པ་བཞིན། ཕྱི་ལོ་ ༢༠༠༨ ནང་དེ་སྔ་གཏའ་འཇོག་ཡོད་པའི་དངུལ་དང་སྐྱེད་འབབ་བཅས་བསྡོམས་ཧིན་སྒོར་འབུམ་ཉི་ཤུ་རྩ་དྲུག་དྲུག་ཁྲི་དགུ་སྟོང་བརྒྱ་མེད་ཉི་ཤུ་རྩ་གཅིག་ཕྱིར་བསློགས་བྱུང་ཡོད།  གཞན་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡ ནས་ངྷ་སའི་ཁུལ་དུ་ཡོད་པའི་འབབ་ཁྲལ་ལས་ཁུངས་སུ་རྩིས་ལོའི་ཡོང་འབབ་རྩིས་འབུལ་ཞུ་བཞིན་ཡོད་པ་དང་། ལྷག་པར་རྩིས་ལོ་ ༢༠༠༦ ནས་ ༢༠༠༧ བར་གྱི་རྩིས་ཁྲར་རྒྱ་གར་འབབ་ཁྲལ་ལས་ཁུངས་ནས་ཡོང་འབབ་དང་འགྲོ་གྲོན་རྩིས་འབུལ་ཞུས་པ་རྣམས་ཁྲིམས་མཐུན་ཡིན་པ་ངོས་འཛིན་ཡི་གེ་འབྱོར་བ་དང་།  བོད་གཞུང་སྨན་རྩིས་ཁང་གི་འཛིན་སྐྱོང་ཡིག་ཚང་གིས་རེ་བསྐུལ་གནང་བ་བཞིན་ ༢༠༠༨ བར་གྱི་རྩིས་ཁྲ་རྣམས་ལ་རང་གཞུང་རྩིས་ཞིབ་ལས་ཁུངས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱ་གར་འབབ་ཁྲལ་ལས་ཁུངས་ནས་དོགས་འདྲི་ཇི་བྱུང་ལ་དུས་ཐོག་ལན་འདེབས་གསལ་བཤད་གནང་བ་ལ་བརྟེན་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། ཡིན་ནའང་། ༢༠༠༩ ནས་བཟུང་བོད་གཞུང་སྨན་རྩིས་ཁང་གི་རྩིས་ཁྲའི་འགན་དབང་ཆ་ཚང་རང་ངོས་ནས་བྱེད་དགོས་པའི་ཡིག་འབྲེལ་བཞིན་ད་བར་རྩིས་ཁྲའི་གནས་སྟངས་ཇི་ཡོད་རྣམས་དངུལ་རྩིས་འགན་འཛིན་ནས་དུས་ཐོག་འཛིན་སྐྱོང་ལ་སྙན་སེང་དང་སྦྲགས་ལན་འདེབས་གནང་མུས་ཡིན་འདུག ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༡ རྩིས་ལོ་གཅིག་ནང་རྒྱ་གར་འབབ་ཁྲལ་ལས་ཁུངས་སུ་ཡོང་འབབ་རྩིས་འབུལ་ཞུས་པའི་ཡོང་འབབ་ཐེངས་དང་པོའི་དངུལ་འབོར་ལས་ལྡབ་བརྒྱ་དང་གཉིས་ཀྱི་འཕེལ་རྒྱས་བྱུང་ཡོད།


གསུམ་པ། ཕྱི་རྒྱལ་ཀྱི་རོགས་དངུལ་ཇི་བྱུང་སྐོར།

བོད་གཞུང་སྨན་རྩིས་ཁང་གི་གནས་སྟངས་དང་སྐབས་དེའི་བོད་མི་སྤྱིའི་གནས་བབ་ལ་གཞིགས་ཏེ་བོད་གཞུང་སྨན་རྩིས་ཁང་འདི་ཉིད་ཀྱིས་ཕྱི་རྒྱལ་རོགས་ཚོགས་ཀྱི་རོགས་དངུལ་ལེན་འཐུས་ཆོག་པའི་ཁྲིམས་མཐུན་ཡིག་ཆ་རྒྱ་གར་ནང་སྲིད་ལས་ཁུངས་ནས་གནང་བའི་ཡིག་ཆུང་འབྲི་དོན་བཞིན། ༡༩༧༦ ནང་རྒྱ་གར་དབུས་གཞུང་ནས་ཁྲིམས་ཡིག་གཏན་འབེབས་ཀྱི་འགྲོ་ལུགས་བཞིན་ཕྱི་རྒྱལ་རོགས་དངུལ་ལེན་འཐུས་ཆོག་པའི་ཁྲིམས་མཐུན་དེབ་སྐྱེལ་ཨང་ ༡༨༢༤༥༠༠༠༩ ཅན་འཁོད་ཡོད་པའི་ཁྲིམས་མཐུན་གྱི་རོགས་དངུལ་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༨༦ ཟླ་ ༡ ཚེས་ ༡༥ འཁོད་པའི་ནང་ཧིན་སྒོར་ཉིས་སྟོང་ལྔ་བརྒྱ་ཉི་ཤུ་རྩ་གཉིས་དང་པད་བརྒྱད་བྱུང་ཡོད་པ་དང་།  དབུས་སྨན་རྩིས་ཁང་ནས་ཀྱང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་མཚན་ཐོག་ཕྱི་ལོ་ ༡༩༨༦ ལོའི་ཟླ་བ་དང་པོ་ནས་ཟླ་བ་དྲུག་པ་བར་ཚོགས་པ་འདིར་རོགས་དངུལ་ཇི་བྱུང་གི་གནས་སྟངས་ཐོག་མ་རྩིས་འབུལ་ཞུས་ཐུབ་པ་ནས་བཟུང་ད་བར་དུ་ཚོགས་པ་འདིའི་ལོ་ལྟར་རོགས་དངུལ་ཇི་བྱུང་གནས་སྟངས་རྣམས་དུས་ཐོག་རྒྱ་གར་ནང་སྲིད་ལས་ཁུངས་སུ་རྩིས་འབུལ་ཞུ་མུས་ཡིན་འདུག


བཞི་པ། དཔལ་འབྱོར་གྱི་གནས་བབ་སྐོར།

བོད་གཞུང་སྨན་རྩིས་ཁང་ཁྱོན་ཡོངས་ཀྱི་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༡ ཉིན་གྱི་ལྷག་བསྡད་རྩིས་ཤོག་ཆེས་མཐོའི་རྩིས་ཞིབ་པའི་གནས་སྟངས་ནི། ཁྱོན་ཡོངས་ཀྱི་ལྷག་བསྡད་རྩིས་ཤོག་ཀྱི་བསྡོམས་འབོར་བརྒྱ་ཆ་ ༡༠༠ ངོས་འཛིན་གྱིས་ ༥༣’༦༥ རང་བདག་མ་དངུལ། ༢༦’༩༠ མཁར་དབང་མ་འཛུགས་སུ་ཕྱིན། ༤’༨༣ རོགས་ཚོགས་ཀྱི་རོགས་དངུལ་ལྷག་བསྡད། ༡༤’༦༢ ལས་བྱེད་པའི་གསོག་དངུལ་གྱིས་གཙོས་ཕྱི་ཁག་ལ་སྤྲད། མཁར་དབང་གནས་སྟངས། རང་བདག་མཁར་དབང་ཡིན་པའི་བརྒྱ་ཆ་ ༢༨’༣༢ བསྒྱུར་དཀའ་མཁར་དབང་ཆགས་ཡོད། བསྒྱུར་བདེའི་མཁར་དབང་ནང་ནས་བརྒྱ་ཆ་ ༢༡’༣༠ རྩིས་ལོའི་ཟོག་ལྷག་བསྡད། ཡོང་བསྡད་སྔ་འདོན་གཙོས་པའི་བརྒྱ་ཆ་ ༡༠’༡༡ དངུལ་ལྷག་བསྡད་བརྒྱ་ཆ་ ༤༠’༢༤ བཅས་ཡོད་འདུག


ལྔ་པ། དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་གཤམ་གསལ།

སྨན་དང་རིན་ཆེན་རིལ་བུ་ནས་བརྒྱ་ཆ་ ༦༠’༢༩། གསོ་རིགས་ཅ་དངོས་ནས་བརྒྱ་ཆ་ ༡༩’༧༢། སྨན་པའི་ལག་དོད་ནས་བརྒྱ་ཆ་ ༥’༤༨། ཕྱི་རྒྱལ་རོགས་དངུལ་ནས་བརྒྱ་ཆ་ ༡’༡༩། དེབ་བཙོང་འབབ་དང་མཐོ་སློབ་སློབ་ཡོན་ནས་བརྒྱ་ཆ་ ༡’༧༤། དངུལ་ཁང་སྐྱེད་འབབ་ནས་བརྒྱ་ཆ་ ༧’༠༩། རྩིས་འབྲས་དང་སྲུང་འཁོར་ནས་བརྒྱ་ཆ་ ༡’༢༠། གོང་གསལ་ནང་མ་ཚུད་པའི་རྩིས་མགོ་ནས་བརྒྱ་ཆ་ ༣’༢༩ བཅས་འབྱུང་བཞིན་ཡོད་དོ།།


དྲུག་པ། འགྲོ་གྲོན་གྱི་གནས་སྟངས།

སྨན་རྒྱུས་གཙོས་པའི་སྨན་སྦྱོར་ཁང་དང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ཆེད་ཐོན་དངོས་བཟོ་སྐྲུན་གྱི་འགྲོ་གྲོན་བརྒྱ་ཆ་ ༢༩’༦༧ དང་། ཨར་པོའི་ལས་གཞི་འཛུགས་སྐྲུན་དང་བཟོ་བཅོས་དང་ཉམས་གསོག་ཆེད་བརྒྱ་ཆ་ ༦’༧༧། འཕྲུལ་ཆས་དང་འཛིན་ཆས་གསར་ཉོ་བརྒྱ་ཆ་ ༥’༥༣། ལས་བྱེད་ཡོངས་ཀྱི་གསོལ་ཕོགས་གཙོས་ཐོབ་ཐང་གཞན་ཁག་ལ་འགྲོ་གྲོན་བརྒྱ་ཆ་ ༣༩’༧༢། སྤྱི་ཚོགས་ཞབས་ཞུས་མཚོན་པའི་བོད་ཀྱི་སྨན་སྦྱིན་དང་རང་གཞུང་གི་འགྲོ་གྲོན་ཆེད་རྩིས་ལོའི་ཁེ་འབབ་ནས་དངུལ་འབོར་གང་འཚམས་བཅས་འགྲོ་གྲོན་བརྒྱ་ཆ་ ༦’༩༠། ཤེས་ཡོན་ཡར་རྒྱས་དང་ཉམས་ཞིབ། འཛིན་སྐྱོང་གི་འགྲོ་གྲོན་བརྒྱ་ཆ་ ༡༡’༤༡ བཅས་འགྲོ་བཞིན་ཡོད་འདུག  

འདས་པའི་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུའི་ནང་དངུལ་རྩིས་སྡེ་ཚན་དུ་ཁྱོམ་བསྡོམས་ལས་བྱེད་གྲངས་ཞེ་ཅུ་ཞེ་གསུམ་བྱུང་འདུག་པའི་ཁོངས་ནས་ལས་བྱེད་གྲངས་བཅུ་དྲུག་སྡེ་ཚན་འདིའི་འགན་འཛིན་ལས་གནས་ཐོག་ལས་བསྐོ་བྱུང་འདུག རྩིས་པའི་ལས་གནས་ཐོག་ལས་བྱེད་གྲངས་ཉེར་གཅིག་དང༌། དངུལ་གཉེར་ལས་གནས་ཐོག་ལས་བྱེད་གྲངས་དྲུག་བཅས་ལས་བྱེད་འཕོ་འགྱུར་བྱུང་འདུག གོང་གི་ལས་བྱེད་ནང་ནས་སྡེ་ཚན་གྱི་ལས་ཐོག་ནས་རྩ་དགོངས་སོང་པ་གྲངས་བཅུ་གཅིག་དང༌།  ལོ་ངོ་ལྔ་བཅུའི་རིང་ཁྱོན་བསྡོམས་ལས་བྱེད་ཁོངས་ནས་ཕོ་གྲངས་སུམ་ཅུ་དང་མོ་གྲངས་བཅུ་གསུམ་བཅས་བྱུང་འདུག    


བདུན་པ། སྡེ་ཚན་འདིའི་འགན་འཛིན་རིམ་པའི་མཚན་གཞུང་དང་ལས་འགན་ལོ་དུས་ནི།

༡། ཁྲོ་ཞབས་ཕུན་ཚོགས་ནོར་བུ།  ༡༩༦༧ ནས་ ༡༩༧༡

༢། ཉ་ལུ་སྤྲུལ་སྐུ། ༡༩༧༡ ནས་ ༡༩༧༣

༣། ཚེ་རིང་སྐྱིད་འཛོམས། ༡༩༧༣ ནས་ ༡༩༧༦

༤། རྒྱལ་ནང་བློ་བཟང་ནོར་བུ། ༡༩༧༦ ནས ༡༩༨༢

༥། ཕུར་བུ་ཚེ་རིང་། ༡༩༨༢ ནས་ ༡༩༨༤

༦། བཀྲ་ཤིས་ཚེ་རིང་། ༡༩༨༤ ནས་ ༡༩༨༥

༧། ཚེ་དབང་རིག་འཛིན། ༡༩༨༥ ནས་ ༡༩༨༨

༨། བསོད་ནམས་སྟོབས་རྒྱལ། ༡༩༨༨ ནས་ ༡༩༩༡

༩། དོན་འགྲུབ་ཚེ་རིང་། ༡༩༩༡ ནས་ ༡༩༩༢

༡༠། བྱམས་པ་ཡོན་ཏན། ༡༩༩༢ ནས་ ༡༩༩༢

༡༡། བསྟན་འཛིན་རྡོ་རྗེ། ༡༩༩༢ ནས་ ༡༩༩༤

༡༢། བློ་བཟང་ནོར་བུ། ༡༩༩༤ ནས་ ༡༩༩༧

༡༣། ཉི་མ་ཚེ་རིང་། ༡༩༩༧ ནས་ ༡༩༩༨

༡༤། ཚེ་བརྟན་སྤེན་སྐྱིད། ༡༩༩༨ ནས་ ༢༠༠༧

༡༥། ཉི་མ་ཚེ་རིང་། ༢༠༠༦ ནས་ ༢༠༠༧

༡༦། ཕུན་ཚོགས་རིག་འཛིན། ༢༠༠༧ ནས་གནང་མུས།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།