སྨན་རྩིས་དྲ་བ། - འཕྲོད་བསྟེན།

དཀྱིལ་ཤར་ཆམ་རིམས་ཀྱི་འཕྲོད་བསྟེན་ཤེས་བྱ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.06.2015
འཕྲོད་བསྟེན། >>



དཀྱིལ་ཤར་ཆམ་རིམས་
(MERS)ཞེས་པའི་ནད་འདི་གང་འདྲ་ཞིག་ལ་ཟེར་རམ།

དཀྱིལ་ཤར་ཆམ་རིམས་ཞེས་པ་འདི་ནད་སྲིན་ཁོ་རོ་ནཱ་(coronavirus)ཞེས་པ་ལས་བྱུང་བའི་རིམས་ནད་ཅིག་ཡིན་པ་དང་། དེ་ཡང་ཕྱི་ལོ་༢༠༡༢ ལོར་དཀྱིལ་ཤར་ཁུལ་སོདྷི་ཨ་ར་བི་ཡ་ནང་ཐོག་མར་བྱུང་བར་བརྟེན་ཡུལ་མིང་ནད་ལ་བཏགས་པ་ཞིག་ཡིན། ནད་སྲིན་དེའི་རིགས་ཧ་ཅང་མང་པོ་ཡོད་ལ། ཆམ་པ་དང་ཕག་པའི་ཆམ་རིམས་ཀྱང་ནད་སྲིན་དེའི་རིགས་ལས་བྱུང་གི་ཡོད།

 
དཀྱིལ་ཤར་རིམས་ཆམ་དེ་རྒྱལ་ཁབ་གང་དུ་འགོས་ཁྱབ་འགྲོ་བཞིན་ཡོད་དམ།

ད་ལྟའི་ཆར་རྒྱལ་ཁབ་༢༥ ཡི་ནང་འགོས་ཁྱབ་བྱུང་ཡོད། དེ་ཡང་ཨི་རན་དང་། ཇོར་དྷན། ཁུ་ལྦེཋ། ལེ་བྷ་ནོན། ཨོ་མན། ཁཱ་ཏྲར། སོདྷི་ཨ་ར་བི་ཡ། ཨ་རབ་གཅིག་མཐུན་རྒྱལ་ཁབ། ཡེ་མན་བཅས་དཀྱིལ་ཤར་རྒྱལ་ཁབ་ཁག་དགུ་དང་། ཨོ་སི་ཊརྱ། ཧྥ་རན་སི། ཇར་མ་ནི། གྷི་རི་སི། ཨི་ཏྲ་ལི། ནེ་དྷར་ལན་ཌི། ཨིན་ཡུལ་བཅས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བདུན། ཨལ་ཇི་རིཡ་དང་ཨི་ཇིབ་བཅས་ཨ་ཧྥི་རི་ཁའི་རྒྱལ་ཁབ་གཉིས། རྒྱ་ནག་དང་། མ་ལཨེ་ཤི་ཡ། ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ། ཕི་ལི་པིན་སི་བཅས་ཨེ་ཤ་ཡའི་རྒྱལ་ཁབ་བཞི། ནུབ་ཨེ་མེ་རི་ཁའི་རྒྱལ་ཁབ་ཨ་རི་བཅས་སོ། །ད་ལྟའི་ཆར་ཆམ་རིམས་དེ་དཀྱིལ་ཤར་ཁུལ་དང་ལྷོ་ཀོ་རི་ཡའི་ནང་དུ་ཕལ་མོ་ཆེ་བྱུང་བཞིན་ཡོད།

 

དཀྱིལ་ཤར་ཆམ་རིམས་ཀྱི་ནད་རྟགས་དང་། ནད་གཞི་འདི་ཚབས་ཆེ་ཆུང་གང་འདྲ་ཡོད་དམ། 

ཁྱད་པར་གྱི་ནད་རྟགས་ནི་ཚ་བ་འབར་བ་དང་། གློ་རྒྱག་པ། དབུགས་བརྩེགས་པ། གློ་བའི་རིམས་ནད་ཀྱང་མང་པོ་ཐོན་གྱི་ཡོད་པ་དང་། དེར་མ་ཟད་ཚད་འཁྲུ་ལྟ་བུ་ཡང་ཡོང་གི་ཡོད། ནད་གཞི་དེ་ཚབས་ཆེན་པོར་འགྱུར་བའི་ཚེ་དབུགས་འབྱིན་རྔུབ་བྱེད་ཐུབ་ཀྱི་མེད། དེ་ལ་འཕྲུལ་ཆས་ཀྱི་ལམ་ནས་དབུགས་རྒྱུ་བའི་ལམ་གཏོད་དགོས་པ་དང་རྫ་དྲག་སྨན་བཅོས་ཁང་ནང་བལྟ་རྟོག་བྱེད་དགོས། ནད་པ་ཁ་ཤས་ལ་དོན་སྣོད་ཀྱི་བྱ་ལས་ཏེ་ཁྱད་པར་མཁལ་མའི་བྱ་ལས་ཉམས་པའམ། ཡང་ན་གཉན་ནད་རྐྱེན་གྱིས་ཁྲག་ཤེད་ཧ་ཅང་ཉམས་པའི་ནད་ཡོང་གི་ཡོད། ལྷག་པར་དུ་ལོ་ན་བགྲེས་པ་དང་། ནད་འགོག་མ་ལག་གི་ནུས་པ་ཞན་པ། གཅོང་ནད་རང་བཞིན་ཅན་གྱི་ཟ་ཁུ་གཅིན་སྙིའི་ནད་དང་། འབྲས་ནད། གློ་ནད་བཅས་གང་རུང་ལྡན་པའི་ནད་པར་ནད་ཚབས་ཆེ་བ་ཡོང་གི་ཡོད།

 

མི་ཞིག་ལ་ནད་རྟགས་མེད་ཀྱང་ནད་གཞི་འདི་འགོས་ཁྱབ་བྱུང་ཡོད་སྲིད་དམ། 

མི་གང་ཞིག་དཀྱིལ་ཤར་ཆམ་རིམས་ཡོད་མཁན་དང་འབྲེལ་གཏུགས་བྱུང་ཚེ། ང་ཚོས་རིམ་པས་ནད་གཞི་འདི་འགོས་ཁྱབ་བྱུང་ཡོད་མེད་བརྟག་དཔྱད་བྱས་པ་བརྒྱུད། ནད་རྟགས་གང་ཡང་མེད་མཁན་མི་ཁ་ཤས་ནང་ནད་གཞི་འདི་འགོས་ཁྱབ་བྱུང་ཡོད་པ་དངོས་སུ་མཐོང་ཆོས་སུ་གྱུར་ཡོད། གནས་ཚུལ་དེ་རིགས་ཤེས་རྟོགས་ཐུབ་རྒྱུར་དུས་ཚོད་རིང་ཙམ་འགོར་གྱི་ཡོད། གང་ལགས་ཤེ་ན་ནད་གཞི་འདི་འགོས་ཁྱབ་བྱུང་བའི་ཐོག་མའི་དུས་སུ་བྱེ་བྲག་གི་ནད་རྟགས་མི་གསལ་བས་ནད་གཞི་ངོས་འཛིན་ཐུབ་ཀྱི་མེད། དེར་བརྟེན་ནད་གཞི་འགོས་ཁྱབ་བྱུང་བའི་ས་ཁུལ་སྨན་ཁང་ཁག་ལ་སྔོན་འགོག་ནད་བཅོས་ཀྱི་མཐུན་རྐྱེན་ཚད་ལྡན་དགོས་པ་ཡིན།

 

ནད་འདི་གང་འདྲ་བྱས་ནས་འགྲོ་བ་མི་ལ་འགོས་ཀྱི་ཡོད་དམ། 

ནད་འདི་མི་ལ་འགོས་ཁྱབ་འགྲོ་སྟངས་མི་འདྲ་གཉིས་ཡོད། དང་པོ་དུད་འགྲོ་ནས་མི་ལ་འགོས་ཁྱབ་འགྲོ་བ། 

སྤྱིར་བཏང་གཉན་སྲིན་འདི་དུད་འགྲོ་ནས་མི་ལ་འགོས་ཁྱབ་འགྲོ་མཁན་གྱི་རིགས་ཤིག་ཡིན་པ་དང་། དེ་ཇི་ལྟར་འགྲོ་བ་མིའི་རིགས་ལ་འགོས་ཁྱབ་འགྲོ་ཚུལ་ང་ཚོས་ད་དུང་གསལ་པོ་ཤེས་ཀྱི་མེད། མི་མང་པོ་ཞིག་གིས་ནད་སྲིན་འདི་ཐོག་མར་དཀྱིལ་ཤར་ཁུལ་གྱི་རྔ་མོང་ལ་ཡོད་པ་དང་དེ་ནས་དངོས་བརྒྱུད་གང་རུང་ནས་མི་ལ་འགོས་ཁྱབ་བྱུང་བར་བསམ་གྱི་ཡོད། གང་ཡིན་ཟེར་ན་ནད་སྲིན་འདིའི་རིགས་དཀྱིལ་ཤར་ཡུལ་གྱི་རྔ་མོང་ནང་ལ་ཡོད་པ་ང་ཚོས་ངོས་འཛིན་དང་ཤེས་རྟོགས་ཐུབ་ཡོད། གཉིས་པམི་ནས་མི་ལ་འགོས་ཁྱབ་འགྲོ་ཚུལ། ནད་ཡམས་འདི་མི་ཕན་ཚུན་དབར་ལ་ལམ་སེང་འགོས་ཁྱབ་འགྲོ་གི་མེད་ཀྱང་། ནད་པར་སྨན་བཅོས་ལྟ་རྟོག་བྱེད་སྐབས་གཙང་སྦྲ་འཕྲོད་བསྟེན་ཡག་པོ་མ་བྱུང་བར་ནང་མི་སྤུན་མཆེད་དང་། ཉེ་འཁྲིས་ཀྱི་ནད་པ། འཕྲོད་ལས་པ་བཅས་ལ་འགོས་ཁྱབ་བྱུང་གི་ཡོད། ལྷག་པར་དུ་འཕྲོད་བསྟེན་གྱི་ལས་ཀ་དང་འབྲེལ་བའི་ཐོག་ནས་མི་ཕན་ཚུན་དབར་འགོས་ཁྱབ་འགྲོ་གི་ཡོད།

 

དཀྱིལ་ཤར་ཆམ་རིམས་ཀྱི་ནད་སྲིན་འདི་རྔ་མོང་དང་། བྱ་མ་བྱི། སྒོ་ཕྱུགས་སེམས་ཅན་སོགས་གང་ལས་བྱུང་བ་ཡིན་ནམ། 

ད་ལྟའི་ཆར་ང་ཚོས་ནད་སྲིན་འདིའི་འབྱུང་ཁུངས་གང་ཡིན་གསལ་པོ་ཤེས་རྟོགས་ཐུབ་མེད། དཀྱིལ་ཤར་རྒྱལ་ཁབ་ཨི་ཇབ་དང་། ཨོ་མན། ཁཱ་ཏྲར། སོ་དྷི་ཨ་ར་བི་ཡ་བཅས་ཀྱི་ནང་འཚོ་སྡོད་བྱེད་བཞིན་པའི་རྔ་མོང་ལ་ནད་སྲིན་འདི་དང་ཆ་འདྲ་ཞིག་ཡོད་པ་དང་། རྔ་མོང་དེ་དག་ད་ལྟ་ལོགས་སུ་བལྟ་སྐྱོང་བྱེད་བཞིན་ཡོད། ད་དུང་སེམས་ཅན་གཞན་གྱི་ནང་ལའང་ཡོད་སྲིད་པ་ཞིག་རེད། སྒོ་ཕྱུགས་སེམས་ཅན་ར་དང་། བ་ཕྱུགས། ལུག མ་ཧེ། ཕག་པ། ད་དུང་འདབ་ཆགས་སྲོག་ཆགས་བཅས་ལ་ནད་སྲིན་འདི་རིགས་ཡོད་མེད་བརྟག་དཔྱད་བྱས་ཀྱང་ད་ལྟའི་ཆར་གནས་ཚུལ་གཅིག་ཀྱང་ཐོན་མེད་སྟབས། རྔ་མོང་ནི་ནད་གཞི་འདིའི་འབྱུང་ཁུངས་ཡིན་སྲིད་པའི་ཁུངས་བཅོལ་རྒྱབ་རྟེན་ཞིག་ཆགས་ཡོད།

 

མི་མང་རྣམས་ཀྱིས་རྔ་མོང་གི་ཉེ་འཁྲིས་སུ་འགྲོ་བ་དང་དེ་བཞིན་རྔ་མོང་ལས་བྱུང་བའི་ཟས་རིགས་ངེས་པར་དུ་སྤོང་དགོས་སམ། ཞིང་ཁ་དང་། ཁྲོམ། རྔ་མོང་འགྲེམས་སྟོན་བཅས་ལ་ཕྱིན་ན་ནད་རིམས་འགོ་བའི་ཉེན་ཁ་ཡོད་དམ། 

ནད་ཡམས་ཁྱབ་བརྡལ་བྱུང་བའི་དཀྱིལ་ཤར་མངའ་ཁུལ་དུ་ནད་རིམས་སྔོན་འགོག་ཆེད་སྔར་རྒྱུན་དང་མི་འདྲ་བའི་གཙང་སྦྲ་འཕྲོད་བསྟེན་བྱེད་དགོས་པ་ཡིན། དེ་ཡང་ཁ་ལག་མ་ཟོས་པའི་སྔོན་དང་རྔ་མོང་ལ་ཐུག་རེག་བྱུང་བའི་རྗེས་ལ་ལག་པ་ངེས་པར་དུ་བཀྲུ་དགོས། དུད་འགྲོ་ནད་པའི་རིགས་ལ་འབྲེལ་བ་གཏན་ནས་བྱེད་རྒྱུ་མེད། ནད་འདི་ཉིད་ཡོད་པའི་དུད་འགྲོ་གང་རུང་ལས་བྱུང་བའི་འོ་རློན་དང་ཤ་མ་འཚོས་པའི་རིགས་བཟའ་བཏུང་བྱས་ན་ནད་ཡམས་འགོ་བའི་ཉེན་ཁ་ཆེན་པོ་ཡོད། འོན་ཀྱང་ཤ་ལེགས་པར་བཙོས་ཏེ་འཚོས་པ་དང་། འོ་མ་ཚད་ལྡན་བསྐོལ་ཏེ་དུག་སེལ་བྱ་ཐུབ་པ་ཡིན་ན་ནད་འགོ་བའི་ཉེན་ཁ་མེད། ཡང་སྐབས་རེ་འོ་རློན་དང་ཤ་རྗེན་པའི་ནང་ཡོད་པའི་ནད་སྲིན་གཙང་སེལ་མ་བྱས་པའི་སྔོན་ཟས་རིགས་གཞན་ལ་འགོ་སྲིད་པས་ལོགས་སུ་བདག་ཉར་ལེགས་པ་བྱེད་དགོས། རྔ་མོང་གི་ཤ་དང་འོ་མ་གཉིས་ནི་འཚོ་བཅུད་ཆེ་བའི་ཟས་རིགས་ཤིག་པས། ཤ་ལེགས་པར་བཙོས་ཏེ་འཚོས་པ་དང་འོ་མ་བསྐོལ་ཏེ་དུག་སེལ་བྱས་པ་དག་རྒྱུན་གཏན་བཟའ་བཏུང་རུང་བ་ཡིན། 

 

ང་ཚོས་དཀྱིལ་ཤར་ཆམ་རིམས་སྐོར་ཤེས་རྟོགས་ཆ་ཚང་ཐུབ་མེད་པར་བརྟེན། གཅིན་སྙི་ཟ་ཁུ་དང་། མཁལ་གཅོང་། གློ་ནད་རྙིང་པ། ད་དུང་ཚུལ་མིན་གྱི་ནད་འགོག་མ་ལག་ལྡན་པའི་ནད་པ་རྣམས་ལ་དཀྱིལ་ཤར་ཆམ་རིམས་འགོས་སླ་བའམ་ནད་ཚབས་ཆེན་ཕོག་སྲིད་པའི་ཉེན་ཁ་མཐོང་གི་ཡོད་པ་རེད།

 

དམིགས་བསལ་དཀྱིལ་ཤར་མངའ་ཁུལ་དུ་གནས་པའི་མི་རྣམས་ཀྱིས་རྔ་མོང་དང་འབྲེལ་བ་བྱ་རྒྱུ་མེད་ལ། རྔ་མོང་གི་འོན་པ་རློན་པ་དང་གཅིན་པ་འཐུང་མི་རུང། ད་དུང་ཤ་རྣམས་ལེགས་པར་མ་བཙོས་པར་ཟ་མི་རུང་བ་ཡིན། ནད་ཡམས་འགོས་ཁྱབ་བྱུང་བའི་ས་ཁུལ་ཁག་ལ་རྟེན་གཞི་བྱས་པའི་རྔ་མོང་གསོ་སྐྱོང་ར་བ་དང་བཤའ་རའི་ནང་ལས་ཀ་བྱེད་མཁན་རྣམས་ཀྱིས་ནད་ཡམས་སྲུང་ཐབས་ཆེད་གཙང་སྦྲ་འཕྲོད་བསྟེན་ལེགས་པོ་བྱེད་དགོས་པ་ཡིན། དེ་ཡང་རྔ་མོང་དང་ཐུག་རེག་བྱུང་མཚམས་ལག་པ་ཡང་ཡང་བཀྲུ་དགོས། རྒྱུན་གཏན་ལས་ཀ་བྱེད་སྐབས་རིམས་ནད་སྲུང་ཐུབ་པའི་ཁ་རས་དང་གྱོན་ཆས་རིགས་གྱོན་དགོས་པ་དང་། ལས་ཀ་ཚར་བའི་རྗེས་ཕུད་ནས་གཙང་མ་བཀྲུ་དགོས་པ་ཡིན། གྱོན་ཆས་འདིའི་རིགས་ལ་རྔ་མོང་གི་གཅིན་སྦངས་འགོས་ཡོད་སྲིད་པས་ནང་མི་རྣམས་ལག་པ་འཆང་དུ་བཅུག་རྒྱུ་མེད། ཁྱད་པར་དུ་རྔ་མོང་ནད་པ་ཆགས་རྣམས་བཟའ་བཅའི་ཆེད་དུས་ནམ་ཡང་བཤའ་གསོད་བྱ་རྒྱུ་མེད། ནད་སྲིན་འདིའི་རིགས་(MERS‐CoV) ལྡན་པའི་སྒོ་ཕྱུགས་སེམས་ཅན་གང་འདྲ་ཡིན་རུང་འབྲེལ་བ་ཆེན་པོ་བྱ་མི་རུང་བ་ཡིན།

 

ནད་ཡམས་འདི་ལ་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡོད་དམ། ད་ལྟའི་ཆར་སྨན་བཅོས་གང་ཡོད། 

ད་ལྟའི་ཆར་ནད་གཞི་འདི་ལ་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་མེད་ལ་དམིགས་བཀར་སྨན་བཅོས་བྱ་རྒྱུ་མེད། སྨན་བཅོས་གང་བྱས་པ་རྣམས་ནད་པའི་ལུས་ཟུངས་སྲུང་སྐྱོབ་དང་ནད་རྟགས་འཇོམས་པའི་ཆེད་དུ་ཡིན།

 

འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་ནད་ཡམས་འདི་འགོག་ཐབས་ག་རེ་གནང་གི་ཡོད་དམ། 

འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་ཐུགས་སྣང་ཆེན་པོའི་སྒོ་ནས་ནད་འབུ་དེའི་གནས་ཚུལ་ཞིབ་གསལ་མཁྱེན་རྟོགས་དང་། ནད་ཡམས་འགོས་ཁྱབ་བྱུང་བའི་ས་ཁུལ་ལ་ཐོག་མར་སྨན་བཅོས་སོགས་གང་དགོས་མིན་ཐད་སྨན་པ་དང་ཚན་རིག་པ་མཉམ་དུ་གོ་བསྡུར་ཐག་གཅོད་གནང་སྟེ་ས་གནས་ས་ཐོག་ཏུ་ལག་བསྟར་གནང་བཞིན་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་ནད་ཡམས་འགོས་ཁྱབ་བྱུང་བའི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ཆེད་ལས་རོགས་ཚོགས། རྒྱལ་སྤྱིའི་འབྲེལ་མཐུད་ལྷན་ཁང་དང་མཉམ་དུ་འཕྲོད་བསྟེན་དང་འབྲེལ་བའི་བྱ་བ་ཁག་སྒྲུབ་བཞིན་ཡོད། ནད་ཡམས་ཀྱི་གནས་ཚུལ་དུས་ཐོག་སྤེལ་བ་དང་། ས་ཁུལ་དང་ཡུལ་མི་སོགས་ལ་ཉེན་ཁ་ཡོད་མེད་བརྟག་དཔྱད་དང་འབྲེལ་ཡོད་ལས་ཁུངས་དང་མཉམ་སྦྲེལ་བྱས་ཏེ་རྟོག་ཞིབ་བྱེད་པ། ཚན་རིག་པའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱེད་པ། ནད་ཡམས་འགོས་ཉེན་ལ་སྐབས་འཕྲལ་བྱ་ར་བྱེད་སྟངས་དང་། རྫས་འགྱུར་བརྟག་དཔྱད། ནད་ཡམས་འགོག་སྲུང་། སྨན་བཅོས་བཅས་ལ་འཕྲོད་བསྟེན་ལས་ཁུངས་དང་སྨན་ཁང་ཁག་ལ་དུས་ཐོག་ལམ་སྟོན་དང་སྦྱོང་བརྡར་བཅས་སྤྲོད་གནང་བཞིན་ཡོད།

 


 

ཁུངས་བཅོལ་ཡིག་ཆའི་སྦྲེལ་ཐག

འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་བར་སྤེལ་བའི་གནས་ཚུལ།

མཐའ་མའི་འདོན་ཐེངས་།: 17.07.2015 ཉིན། 12:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།