སྨན་རྩིས་དྲ་བ། - འཕྲོད་བསྟེན།

ཐ་མག་གི་ཉེས་དམིགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2014
འཕྲོད་བསྟེན། >>

 


ཐ་མག་གི་ཉེས་དམིགས།

སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ།


ཕྱི་ལོ་༡༩༩༧ ཟླ་༨ ཚེས་༡༠ དགོང་མོར་ཝྰ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤའི་ཚོགས་ཁང་ཆེན་མོར་ངེས་སྟོན་པ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གཉེར་བ་སྤྱི་ཡོངས་ལ་ཐ་མ་ཁའི་ཉེས་དམིགས་སྐོར་གསུང་བཤད་རྒྱས་པ་ཤིག་གནང་བའི་སྒྲ་འཛིན་འཁོར་ཐག་ཞིག་ལག་སོན་བྱུང་། དེ་ནི་ཝྰཎ་མཐོ་སློབ་དེ་བཞིན་ཐ་མག་འཐེན་མི་ཆོག་པའི་ས་ཁུལ་དུ་བསྒྱུར་བའི་སྒྲིག་གཞི་གཏན་འབེབས་སྒྲོགས་སྦྱང་སྐབས་ཀྱི་གསུང་བཤད་ཡིན་པ་དེའི་ནང་དུ་སྒྲིག་གཞི་དང་འབྲེལ་བའི་གསུང་བཤད་རྣམས་ཕར་ཕུད་ཐ་མ་ཁའི་ཉེས་དམིགས་སྐོར་གྱི་ཤེས་བྱ་རྣམས་མང་ཚོགས་ལ་ཕན་ཐོགས་ན་སྙམ་ནས་འདིར་སྒྲ་འཁོར་ནས་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན། འདིའི་ནང་དུ་རིན་པོ་ཆེ་མཆོག་གིས། ཐ་མག་དེ་སྨྱོན་གྱུར་གྱི་རྫས་ཡིན་པ་རིག་པའི་སྒྲུབ་བྱེད་དང་།  དེའི་ཐོག་ནང་ཆོས་དང་བོད་ཀྱི་སྲོལ་རྒྱུན་སྒོ་ནས་ལྟ་ཚུལ། སྐབས་དེ་དུས་ཨ་རིའི་ནང་ཐ་མག་གི་དངོས་མཐོང་གནས་སྟངས། ཚན་རིག་པ་དང་དེང་རབས་པས་ཐ་མག་གི་ཉེས་སྐྱོན་ཤེས་ཚུལ་དང་། བསླབ་བྱ་སོགས་ཀྱི་སྐོར་བཞུགས་ཡོད།

 

          སྨྱོན་པར་གྱུར་བའི་བཏུང་བ་དང་། སྨྱོན་པར་གྱུར་བའི་བཟའ་བ་སོགས་ལ་ལོངས་སྤྱོད་པ་དེ་རྒྱུན་རིང་པོ་ཞིག་ནས་ཕལ་ཆེར་མིའི་སྤྱི་ཚོགས་ནང་དུ། བཟའ་བཏུང་ལ་ལོངས་སྤྱོད་པའི་ལེགས་བྱང་དེ་ཡར་རྒྱས་བྱུང་བ་དང་ཆབས་ཅིག་ཏུ་བྱུང་ཡོད་མདོག་ཁ་པོ་རེད་བསམ་གྱིན་འདུག ཡིན་ནའང་། མི་མང་པོ་ཞིག་གིས་འདིའི་ཐོག་ལ། བཤད་ཚུལ་དང་བསམ་ཚུལ་མི་འདྲ་བ་ཡོད་རེད། Thailand, Myanmar, Sri Lanka ལ་སོགས་པ་འཕགས་པ་གནས་བརྟན་སྡེ་པའི་རབ་བྱུང་གི་སྡེ་ཡོད་ས་ཕལ་ཆེ་བའི་ནང་དུ། དེ་རིང་སང་ཉིན་རབ་བྱུང་དེ་ཚོས་ཐ་མག་འཐེན་མཁན་མང་པོ་ཡོད་རེད། ཤྲྰི་ལཾཀྰ་དང་བརྨྰ་ཏོག་ཙམ་དྲག་པ་ཡོད། ཐཨེ་ལེནྜ་ལྟ་བུ་ཡིན་ན་ཧ་ལམ་གནས་བརྟན་བགྲེས་སོང་དང་མཁན་པོ་དེ་ཚོ་ཡང་ཐ་མག་མི་མཆོད་མཁན་ཞེ་དྲགས་ཡོད་མ་རེད། སངྒྷ་རྰཇྰ་དང་དགོན་པ་ཆེན་པོའི་མཁན་པོ་རྣམ་པས་བ་སོ་ལས་བཟོས་པའི་ཐ་མག་འཐེན་སའི་ཡོ་བྱད་ནང་དུ་རྫས་བླུག་ནས་བཞེས་ཐག་མཆོད་ཀྱི་རེད། རབ་བྱུང་ཚོ་སྔ་དྲོ་བསོད་སྙོམས་ལ་ཕེབས་སྐབས་བསོད་སྙོམས་དང་མཉམ་དུ་ཐ་མག་དང་མུ་ཟི་འབུལ་མཁན་མང་པོ་ཞེ་དྲགས་ཡོད་རེད། ང་ཚོ་ཐེག་ཆེན་པའི་གྲྭ་པ་དེ་ཚོ་ཆོས་གོས་སེར་པོ་གྱོན་ནས་བསོད་སྙོམས་ལ་འགྲོ་བའི་སྐབས་སུ་ང་ཚོའི་ལྷུང་བཟེད་ནང་དུའང་ཐ་མག་བླུག་ཡོང་མཁན་མང་པོ་འདུག

དེའི་རྒྱབ་ལྗོངས་ལ་ཁོང་ཚོས་གང་གསུངས་ཀྱི་ཡོད་ཞུས་པ་ཡིན་ན། དེ་བཞིན་གཤེགས་པས་དགེ་སློང་ཕའི་སོ་སོ་ཐར་པ་དང་དགེ་སློང་མའི་སོ་སོ་ཐར་པའི་ནང་དུ། ལྟུང་བ་སྡེ་ལྔ་ལ་སོགས་པ་མང་པོ་ཞིག་གསུངས་ཡོད་ཀྱང་། ཐ་མག་འཐེན་ཆོག་གི་མ་རེད་ཅེས་བཀག་མེད་པ་རེད་ཟེར། དགེ་སློང་དང་དགེ་སློང་མའི་བསླབ་པ་གཞི་ལྔའི་ནང་དུ་ཐ་མག་འཐེན་པའི་ཉེས་བྱེད་ཟེར་བ་ལྟ་བུ་ཞིག་དང་། ཡང་མིན་ན། ཐ་མག་འཐེན་པའི་ལྟུང་བྱེད། སྤང་ལྟུང་འབའ་ཞིག་པ་དང་། སོར་བཤགས་ལྟ་བུ་ལྟུང་བའི་སྡེ་ཚན་གང་གི་ནང་དུ་ཐ་མག་འཐེན་ནས་ཡོང་བ་ཞིག་བཅས་པ་མཛད་མེད་པས་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་མ་རེད་ཅེས་ཐག་བཅད་ནས་ལབ་ཀྱི་ཡོད། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ཡོང་སྲིད་ཀྱི་མ་རེད། གང་ཡིན་ཟེར་ན། ཤིང་གི་ལོ་མའི་དུ་བ་ཁའི་ནང་རྔུབ་པ་རེད། དེས་སྲོག་ཆགས་ལའང་གནོད་ཀྱི་མེད། འཚེ་བའི་ལས་དང་འབྲེལ་བ་གང་ཡང་མེད། ཤིང་གི་ལོ་མ་བཟའ་བ་ལ་ཉེས་པ་མེད་པ་བཞིན་དུ་ཤིང་གི་ལོ་མ་མེར་བསྲེགས་ནས་དེའི་དུ་བ་རྔུབ་པ་ལ་སྐྱོན་གང་ཡང་ཡོད་མདོག་ཁ་པོ་མ་རེད་ཟེར། རྒྱུ་མཚན་དེ་འདྲ་དྲངས་ནས་ཐ་མག་འཐེན་པ་འདི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་གཉིས་ཀ་མིན་པར་ཆ་བཞག་ནས་འཐེན་བཞིན་པ་རེད།

ཐ་མག་འཐེན་ན་ཡག་པོ་མེད་ཟེར་མཁན་ཚོས། སྒྲུབ་བྱེད་གང་བཀོད་ཀྱི་ཡོད་ཟེར་ན། དེ་བཞིན་གཤེགས་པས་འདུལ་བའི་ནང་དུ་རབ་བྱུང་ལ་ལྟུང་བའི་ངོ་བོར་ཐ་མག་བཀག་ནས་བཅས་པ་མ་མཛད་པ་དེ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ཐ་མག་འཐེན་པའི་ལུགས་སྲོལ་དེ་དར་མེད་པ་རེད། དེ་ཡིན་ཙང་། གླེང་གཞི་མ་བྱུང་བ་རེད། དེའི་རྒྱུ་མཚན་གྱི་བཅས་པ་མ་མཛད་པ་རེད་མ་གཏོགས། ཐ་མག་འཐེན་པའི་གླེང་གཞི་ཞིག་བྱུང་ཡོད་པ་ཡིན་ན། དེ་བཞིན་གཤེགས་པས་ངེས་པར་དུ་ཐ་མག་འཐེན་མི་ཆོག་པའི་བཅས་པ་མཛད་ཀྱི་རེད་ཅེས་དེ་ལྟར་འགྲེལ་བཤད་རྒྱག་བཞིན་ཡོད། དེ་དང་ཆབས་ཅིག་ཏུ། ཐ་མག་འདི་སྨྱོན་གྱུར་གྱི་རྫས་ནང་ངེས་པར་དུ་ཚུད་ཡོད་རེད་ཟེར། ཆང་དང་opium(ཨ་ཕིམ་)ལ་སོགས་པའི་རིགས་རྣམས་སྨྱོ་གྱུར་གྱི་རྫས་ལ་གཏོགས་ཀྱི་ཡོད་ན། སྨྱོན་གྱུར་གྱི་རྫས་ལོངས་སུ་སྤྱོད་མི་ཆོག་པ་དེ་སངས་རྒྱས་ཀྱི་རབ་ཏུ་བྱུང་བ་ལ་བཅས་པ་མཛད་པ་ཙམ་མ་ཟད་བསླབ་པའི་གཞི་ལྔ་བླངས་མཁན་གྱི་ཁྱིམ་པ་ལ་ཡང་སྨྱོན་གྱུར་གྱི་རྫས་ལ་ལོངས་མི་སྤྱོད་པ་དེ་ཞེ་དྲགས་ཀྱི་གལ་ཆེན་པོར་བརྩིས་ནས་སྨྱོན་གྱུར་གྱི་རྫས་ཡོངས་སུ་རྫོགས་པ་དེ་བཀག་ཡོད་རེད། སྨྱོན་པར་གྱུར་བའི་བཟའ་བཏུང་གང་ལ་ཡང་ཁྱད་པར་མེད་པ་རེད།

སྨྱོན་གྱུར་གྱི་རྫས་ཟེར་བ་དེ་ལ་ཁ་བདེ་པོ་ཚོས་བཤད་པ་རྒྱག་སྟངས་འདྲ་མིན་སྣ་ཚོགས་ཤིག་བྱས་ནས་ཐ་མག་དེ་སྨྱོན་གྱུར་གྱི་རྫས་ལ་གཏོགས་པ་དང་མ་གཏོགས་པའི་འགྲེལ་བཤད་བྱེད་ཚུལ་ལོགས་ཀ་ཡོད་པ་རེད། ཐ་མག་སྨྱོན་གྱུར་གྱི་རྫས་ལ་གཏོགས་ཀྱི་མ་རེད་ཟེར་མཁན་ཚོས་གང་ལབ་ཀྱི་ཡོད་ཅེ་ན། ཐ་མག་འཐེན་ནས་ཆང་དང་། ཨ་ཕིམ་དང་། Drugs ཡིས་གཟི་བ་ནང་བཞིན་བཟི་ནས་འཕྱོར་འགྲོ་བ་དང་། དྲན་པ་མི་གསལ་བར་གྱུར་པ་དང་། ངག་གི་སྨྲ་བརྗོད་ལྡབ་ལྡིབ་ཏུ་གྱུར་བ་ལ་སོགས་པའི་གནས་ཚུལ་གང་ཡང་མེད་པ་རེད། ཞོགས་པ་ནས་དགོང་མོའི་བར་ཐ་མག་འཐེན་པ་ཡིན་ན་དྲན་པ་མི་གསལ་བ་འགྱུར་གྱི་མིན་འདུག གཟུགས་པོའང་འཕྱོར་གྱི་མེད། གཉིད་ཁུག་གི་མེད་པ་སོགས་ལས་ལྡོག་སྟེ་ཐ་མག་འཐེན་པའི་སྐབས་ལ་ངལ་གསོ་ཐེབས་པ་དང་། དྲན་པ་གསལ་ཏུ་འགྲོ་བ། ལས་བྱེད་ཐུབ་པའི་གཟུགས་པོའི་ནང་ནུས་པ་སླེབས་པ་ལ་སོགས་པ་ཐ་མག་དེ་སྨྱོན་གྱུར་གྱི་རྫས་མ་ཡིན་པར་འདོད་པ་ཚོས་དེ་འདྲ་ལབ་ཀྱི་ཡོད།

གང་ལྟར་སྨྱོན་གྱུར་གྱི་རྫས་ཡིན་དང་མ་ཡིན་གྱི་ཁྱད་པར་ངོ་མ་དེ་ཇི་ལྟར་འབྱེད་དགོས་ཞེ་ན། ང་ཚོ་ནང་པ་དང་བོད་པའི་ལྟ་ཚུལ་ལ་སྨྱོན་གྱུར་གྱི་རྫས་ཟེར་བ་དེ། གང་ཟག་ཅིག་གིས་རྫས་དེ་ལ་ལོངས་སུ་སྤྱོད་པའི་རྗེས་ལ་དངོས་ཡོད་གཟུགས་པོར་དགོས་མཁོ་ཡོད་མེད་ལ་མ་ལྟོས་པས་བསམ་བློའི་ཆ་ནས་དེ་ལོངས་སུ་མ་སྤྱད་ན་བསྡད་མི་ཐུབ་པའི་གོམས་གཤིས་ངན་པ་ཞིག་ཆགས་རྒྱུ་ཡོད་པ་ཡོངས་སུ་རྫོགས་པ་ལས་སྨྱོན་གྱུར་གྱི་རྫས་ཞེས་བཤད་ཀྱི་རེད། གྲོད་ཁོག་ལྟོགས་པའི་སྐབས་ལ་ཁ་ལག་ཟ་དགོས་པ་དང་། སྐོམ་པའི་སྐབས་ལ་ཆུ་བཏུང་དགོས་པ་དེ་ལུས་ཀྱི་འབྱུང་བའི་གནས་སྟངས་ལ་བརྟེན་པས་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན། དངོས་ཡོད་ཀྱི་དགོས་མཁོ་དེ་སླེབས་པའི་སྐབས་ལ་གྲོད་ཁོག་ལ་ལྟོགས་པའི་ཚོར་བ་དང་ཁ་ལ་སྐོམ་པའི་ཚོར་བ་ཞིག་སྐྱེས་རྒྱུ་ཡོད། ཚོར་བ་ཡིད་དུ་མི་འོང་བ་དེ་སེལ་བའི་ཆེད་དུ་བཀྲེས་པ་ལ་ཟས་དང་སྐོམ་པ་ལ་བཏུང་བ་ཡིན་ན་བཀྲེས་སྐོམ་གྱི་ཚོར་བ་དེ་ཞི་འགྲོ་གི་ཡོད། འདི་དོན་དམ་གྱི་གཟུགས་གཞི་བསྒྲུབ་ཆ་ནས་རང་བཞིན་ལྡན་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན། དངོས་ཡོད་ཀྱི་དགོས་མཁོ་དེ་ལའང་དེ་རིང་སང་ཉིན་གང་ཟག་མང་པོ་ཞིག་གིས་དགོས་མཁོ་དེ་ལས་ལྷག་ནས་ཕྱག་ཚོད་ཉི་ཤུ་རྩ་བཞིའི་ནང་དུ་ཁ་ལག་ཐེངས་གཉིས་བཟོས་ནས་འགྲིག་པ་ལ་ཐེངས་བཞི་ལྔའི་བར་ཟོས་པ་དང་། དེ་ཡང་ཚད་རན་པ་ལས་བརྒལ་ནས་ཟོས་པ་དང་། མི་གསུམ་བཞི་ཡི་ཟས་དེ་མི་གཅིག་གིས་ཟོས་པ་ལ་སོགས་པའི་གནས་ཚུལ་དེ་འདྲ་ཡོང་བ་དེའང་དགོས་མཁོ་ལས་བརྒལ་བ་ཞིག་ཡིན། ཚད་དང་ལྡན་པ་དགོས་མཁོ་ཞིག་ཟོས་པ་ནི་རང་བཞིན་གྱི་གནས་སྟངས་ཤིག་ཡིན་ལ་འོས་པ་དང་རན་པའང་ཡིན། ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན། ལུས་ཀྱི་འཕྲོད་བསྟེན་དང་ལུས་ཀྱི་དངོས་ཡོད་ཀྱི་དགོས་མཁོ་དེ་དག་སྒྲུབ་དགོས་པ་དེ་ལུས་དེ་ལ་གནས་པའི་སྐྱེས་བུ་དེའི་འགན་ཆེ་ཤོས་ཤིག་དང་བསྒྲུབ་ཆ་ཆེ་ཤོས་ཤིག་ཆགས་འགྲོ་གི་ཡོད། དེ་ངེས་པར་དུ་བྱེད་དགོས་པ་ཞིག་ཡིན། སྨྱོན་གྱུར་གྱི་རིགས་གང་ཡིན་པ་དེ་དགོས་མཁོ་མིན། ཐ་མག་མ་འཐེན་ནས་ཤི་བ་རེད་ཟེར་བ་ཞིག་དང་། ཐ་མག་མ་འཐེན་ནས་འགྱེལ་བ་རེད་ཟེར་བ་ལྟ་བུའི་གནས་ཚུལ་གང་ཡང་ཡོད་མ་རེད། གཟུགས་པོའི་འབྱུང་བ་དང་རང་བཞིན་གྱི་གནས་བབ་ཀྱི་ཆ་ནས་དགོས་མཁོ་གང་ཡང་མེད་པ་ཞིག་ཡིན། དགོས་མཁོ་མེད་པའི་ཐོག་ལ་ལུས་ཟུངས་དང་ལུས་སྟོབས་འཕྲོག་མཁན་ཞིག་རེད་མ་གཏོགས་ལུས་གསོས་པ་དང་རྒྱས་པར་བྱེད་མཁན་ཞིག་མ་ཡིན། དེ་གོམས་གཤིས་ཆགས་པའི་སྐབས་ལ་ཐ་མག་མ་འཐེན་ན་བསྡད་མི་ཐུབ་པ་ཞིག་དང་། དེ་གོམས་པའི་སྐབས་ལ་གང་ཟག་གིས་ཐ་མག་ལ་ལོངས་མ་སྤྱད་པར་ཐ་མག་གིས་གང་ཟག་ལ་ལོངས་སྤྱོད་པ་ལྟ་བུ། གང་ཟག་དེ་ཐ་མག་གི་བྲན་དང་གཞན་དབང་དུ་འགྲོ་དགོས་པ་ལྟ་བུའི་གནས་ཚུལ་དེ་ལྟར་གྱུར་བར་བརྟེན་ཐ་མག་དེ་སྨྱོན་གྱུར་གྱི་རྫས་ཀྱི་ནང་དུ་གཏོགས་ཀྱི་ཡོད་པ་ང་ཚོ་བོད་དུ་བརྩིས་ཚུལ་དེ་འདྲ་ཡིན།

བོད་ཀྱི་ཡུལ་གྱི་གོམས་པའི་གཤིས་ལུགས་ལ་བལྟས་པ་ཡིན་ན་རབ་ཏུ་བྱུང་བས་ཐ་མག་ནམ་ཡང་བེད་སྤྱོད་མི་བྱེད་པ་རེད། ཕལ་ཆེར་བོད་པའི་རབ་བྱུང་གི་ནང་དུ་ཐ་མག་འཐེན་མཁན་གཅིག་ཀྱང་བྱུང་མེད་ཟེར་ན་འགྲིག་པའི་བཟོ་འདྲ་བོ་ཡོད། རབ་བྱུང་གི་ནང་དུ་ཆང་འཐུང་མཁན་ལུང་པ་ཁུག་ཀྱོག་དེ་འདྲའི་ནང་དུ་ཡོང་སྲིད་པ་ཞིག་རེད། རབ་བྱུང་གི་ནང་དུ་ཐ་མག་འཐེན་མཁན་ཧ་ལམ་མཐོང་རྒྱུ་མེད་པ་ཡིན། ཐ་མག་དེ་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ངན་པར་བརྩིས་ནས་འཐེན་གྱི་མེད་པ་ཡིན། ཡིན་ནའང་། ཐ་མག་གི་རྒྱུ་ཆ་ཤིང་གི་ལོ་མ་དེ་རང་གི་བཟོས་པའི་ཕྱེ་མ་དེ་ལ་སྣ་ཐ་ཟེར་བ་དེ་གྲྭ་པའི་ནང་འཐེན་མཁན་མང་པོ་ཡོད་རེད། ལྷག་པར་དུ་གདན་ས་ཆེན་པོ་དེ་ཚོའི་ནང་དུ་བླ་མ་ཆེན་པོ་དང་མཁས་པ་ཆེན་པོའི་ནང་དུ་སྣ་ཐ་འཐེན་མཁན་མང་པོ་ཡོད་རེད། སྣ་ཐ་ལ་འགག་པ་རྒྱག་མཁན་ཡང་མང་པོ་ཡོད་རེད། སྣ་ཐ་དང་ཐ་མག་གཉིས་གཅིག་པ་ཡིན་པ་དང་བྱ་རྒྱུད་ཀྱི་ལྷ་སྒྲུབ་པ་ཉམས་ལེན་བྱེད་མཁན་ཡིན་ན་ཤ་ཟ་བ་དང་ཁྱད་མེད་པ་འདྲ་བོ་རེད། དེས་ཞེ་དྲགས་ཀྱི་བཙོག་གྲིབ་ཕོག་གི་ཡོད་པ་དང་། ལྷག་པར་དུ་སྔགས་ཀྱི་ཉམས་ལེན་བྱེད་མཁན་ཡིན་ན་རྩ་རླུང་གི་ནུས་པ་མི་ཐོན་པ་སོགས་ཞེ་དྲགས་གནོད་ཀྱི་རེད་ཟེར་ནས་སྣ་ཐ་བཀག་མཁན་གྱི་རིགས་གཅིག་ཡོད་པ་རེད། སྣ་ཐ་འཐེན་མཁན་ཚོས་ཐེག་དམན་གྱི་དགེ་སློང་ཚོས་བཤད་པ་བཞིན་དུ་སྣ་ཐ་སངས་རྒྱས་ཀྱིས་གང་དུ་བཀག་འདུག་ཟེར་མཁན་ཡོད། གང་ལྟར་དེ་དག་མང་ཆེ་བ་ཡུལ་གོམས་ཀྱི་གཤིས་ལུགས་ཀྱི་གནས་སྟངས་ཤིག་ལ་ཕྱིན་པ་ཡིན་ཙང་བཟང་ངན་བརྩིས་མཁན་གཉིས་ཀ་ཡོད་པ་ཡིན། ཐ་མག་དང་སྣ་ཐ་ལ་ལོངས་སུ་སྤྱོད་པར་ཆོས་དང་བོད་པའི་ལེགས་བྱང་གི་ཕྱོགས་ནས་དེ་སྔ་ཕན་ཆད་ལ་ལྟ་སྟངས་གང་འདྲ་ཡོད་པ་དེའི་ཐོག་ལ་ངས་སྤྱི་ཡོངས་ཀྱི་རྒྱབ་ལྗོངས་ཞུས་པ་ཡིན།

སྤྱིར་བཏང་ནས་བོད་པའི་སྤྱི་ཚོགས་ནང་དུ་དཔལ་འབྱོར་གནས་སྟངས་ལ་ཆ་བཞག་པ་ཡིན་ན། བོད་མི་སྐྱབས་བཅོལ་ཐོག་མར་འབྱོར་བའི་སྐབས་སུ་ཐ་མག་འཐེན་མཁན་ཧ་ལམ་ཉུང་ཉུང་རེད། དེ་འདྲའི་རྒྱུ་མཚན་གྱིས་སློབ་གྲྭ་ཁག་གི་ནང་དུ་ཐ་མག་འཐེན་མཁན་ཕལ་ཆེར་མེད་པའི་བཟོ་འདྲ་བོ་རེད། བར་ལམ་འདས་པའི་ལོ་བཅོ་ལྔ་ཙམ་ནས་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་ཐ་མག་འཐེན་མཁན་དེ་ཞེ་དྲགས་མང་དུ་ཕྱིན་པ་རེད། དེའི་དབང་གིས་བོད་མིའི་སྤྱི་ཚོགས་ཀྱི་གཟུགས་གཞི་དང་འཕྲོད་བསྟེན་ལ་ཉམས་ཆག་ཞེ་དྲགས་བྱུང་བ་རེད། བོད་པའི་ནང་དུ་གློ་ནད་ན་མཁན་མང་པོ་ཞེ་དྲགས་ཡོང་གི་ཡོད་རེད་ཅེས་ལབ་དགོས་པ་དེ་བརྒྱ་ཆ་བརྒྱད་ཅུ་ཐམ་པ་ཐ་མག་དབང་གིས་བྱུང་བ་ཡིན་པ་དེ་འཕྲོད་བསྟེན་ལས་ཁུངས་ནས་ཉམས་ཞིབ་གནང་བའི་ནང་དུ་ཐོན་ཡོད། དེ་ཡིན་ཙང་། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བོད་མིའི་སྤྱི་ཚོགས་ནང་དུ་འཕྲོད་བསྟེན་དང་གློ་ནད་སྔོན་འགོག་གི་ཆེད་དུ་ཐ་མག་གཅོད་པའི་དོན་དུ་དྲིལ་བསྒྲགས་དང་ལས་འགུལ་ཤུགས་ཆེན་པོ་བརྩམས་དགོས་པ་དེ་གནས་ཚུལ་དེ་ལ་བརྟེན་ནས་བྱུང་བ་ཞིག་རེད།

ད་ལྟ་ངས་གོང་དུ་ཞུས་པའི་འདུལ་བའི་རྣམ་བཞག་དང་སྤྱིར་བཏང་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་མ་ཡིན་གྱི་རྣམ་བཞག་བཤད་པ་དེ་མང་ཆེ་བ་ཞིག་ཐ་མག་འཐེན་མཁན་ཚོའི་ངོས་ནས་བཟོས་པའི་འཆལ་གཏམ་གྱི་བཟོ་ལྟ་བུ་ཞིག་རེད། དོན་དུ་ཐ་མག་དེ་ཆོས་དང་འཇིག་རྟེན་གང་གིས་ངོས་ནས་བལྟས་པ་ཡིན་ནའང་དེ་སྤོང་འོས་པ་ཞིག་ཡིན་པ་མ་གཏོགས་འཐེན་འོས་པ་རྩ་བ་ཉིད་ནས་མ་རེད། གཞན་ཉེས་པ་ཡོད་མེད་ཀྱི་བསམ་བློ་རྩ་བ་ཉིད་ནས་མ་བཏང་བ་ཡིན་ནའང་། ཆོས་ཕྱོགས་ནས་བལྟས་པ་ཡིན་ན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡོང་གི་ཡོད་མེད་དང་། ཐ་མག་འཐེན་པ་དེ་མི་དགེ་བའི་ལས་ཡིན་མིན་གྱི་བསམ་བློ་གཏོང་བའི་སྔོན་དང་པོ་དེ། སྤྱིར་བཏང་གི་བསམ་བློ་གཏོང་ཤེས་མཁན་མི་ཞིག་གི་མདུན་ལ་དྲི་བ་འདི་སླེབས་པ་ཡིན་ན། དྲི་བ་དང་པོ་དེ་གང་རེད་ཟེར་ན། འདིས་གང་ལ་ཕན་གྱི་རེད་ཟེར་བ་དེ་ཡིན། ཐ་མག་འཐེན་ནས་གང་ལ་ཕན་གྱི་རེད་ལབ་པ་ཡིན་ན། ཕན་ཡག་གཅིག་ཀྱང་ཡོད་མ་རེད། གྲོད་ཁོག་རྒྱག་པར་ཕན་ཐོགས་མེད། དཔུང་གསོ་བར་ཕན་ཐོགས་མེད། མ་ཕན་པའི་སྟེང་ལ་མིག་དང་། གློ་བ། གྲེ་བ། མཆིན་པ། སྙིང་། གཟུགས་སྟོབས། བློ་གྲོས། རྩ་ལམ་སོགས་མང་པོ་ཞིག་ལ་དངོས་ཡོད་གནས་ཚུལ་ཐོག་ནས་སྐྱོན་བྱེད་ཀྱི་ཡོད། དེ་ཆོས་ཀྱི་སྐད་ཆ་གང་ཡང་མིན། གཟུགས་བབས་གནས་སྟངས་དང་རང་བཞིན་རྫས་སྒྱུར་གྱི་འབྱུང་བའི་གནས་སྟངས་ཀྱི་ཆ་ནས་གནོད་ཀྱི་ཡོད་པ་དང་ཕན་ཐོགས་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ལྷག་པར་དུ་དེའི་ཐོག་ལ་དོན་དག་མེད་པའི་འགྲོ་སོང་ཞིག་རེད། དངུལ་དེ་ཆུ་སྙིགས་འགྲོ་སའི་ཡུར་བུའི་ནང་གཡུག་པ་ཡིན་ན་དེ་ཙམ་གྱི་གྱོང་གུན་མ་རེད་བསམ་གྱི་འདུག སྒོར་མོ་སུམ་བརྒྱ་བཞི་བརྒྱ་ག་ཚོད་ཡོད་པ་ཞིག་ཆུ་སྙིགས་འགྲོ་ས་དེར་ཟགས་སོང་བ་ཡིན་ན་དངུལ་དེ་ཟགས་པའི་གྱོང་གུན་ཞིག་ཆགས་པ་རེད་མ་གཏོགས་དེ་ལས་སྤྲོས་པའི་གྱོང་གུན་གཉིས་པ་ཞིག་བྱུང་ཡོད་མ་རེད། དངུལ་དེ་རང་གིས་ཐ་མག་ཉོས་ནས་འཐེན་པ་ཡིན་ན་དངུལ་གྱི་གྱོང་ཡོད་པ་བཤད་མ་དགོས་པའི་ཐོག་ལ་སོ་སོའི་གཟུགས་པོ་དང་བསམ་བློ་གཉིས་ཀར་སྐྱོན་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཡིན། དེ་ཡིན་ཙང་། རང་བཞིན་གྱི་བསམ་བློ་གཏོང་ཤེས་མཁན་གྱི་མི་སུ་ཞིག་ཡིན་རུང་དོན་དག་མེད་པའི་དངུལ་འཕྲོ་བརླག་བཏང་བ་དང་སོ་སོའི་གཟུགས་པོའང་འཕྲོ་བརླག་བཏང་བ་དེ་རྣམ་དཔྱོད་དང་ཤེས་རབ་ཡོད་མཁན་གྱི་ལས་ཀ་རྩ་བ་ཉིད་ནས་མ་རེད། ཆག་སྒོ་རིན་གྱིས་ཉོས་ཞེས་ང་ཚོ་བོད་པའི་གཏམ་དཔེ་ཞིག་ཡོད། ཆག་སྒོ་རང་བཞིན་གྱི་ཐོག་ཏུ་བབས་པ་ཡིན་ན་བྱེད་རྒྱུ་གང་ཡང་མེད། རིན་སྤྲད་ནས་ཆག་སྒོ་ཉོ་རུ་ཕྱིན་པ་ཡིན་ན་དེ་ཞེ་དྲགས་ཀྱི་ལྐུག་རྟགས་རེད། ཐ་མག་ཉོས་ནས་འཐེན་པ་དེ་ཆེད་མངགས་གིས་འགྲོ་སོང་བཏང་ནས་སོ་སོ་འཕྲོ་བརླག་བཏང་བ་དང་། སོ་སོའི་གཟུགས་པོར་སྐྱོན་བཟོ་བ། ན་ཚ་འགོ་བ་སོགས་ཀྱི་གནས་སྟངས་ཤིག་ཡིན་པར་བརྟེན། སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལ་ཡིད་ཆེས་གང་ཡང་མེད་མཁན། མི་གཞན་དང་ཁོར་ཡུག་གི་གནས་སྟངས་ཐོག་ལ་བསམ་བློ་གཏོང་མ་དགོས་མཁན། རང་དོན་རྐྱང་པར་མ་གཏོགས་བསམ་བློ་གཏོང་རྒྱུ་མེད་མཁན་གྱིས་བལྟས་པ་ཡིན་ཀྱང་ཐ་མག་འཐེན་པ་དེ་སྤང་ཆ་ཞིག་དང་། དོར་འོས་པ་ཞིག་དང་། ལྐུག་རྟགས་ཤིག་ཆགས་ཀྱི་ཡོད། དེ་ཡིན་ཙང་ཐ་མག་དེ་གཡུག་པ་ཡིན་ན་ཡག་ཤོས་ཡིན།  ཆོས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན། ཆོས་ཀྱི་ཆ་ནས་ཐ་མག་གི་ཉེས་དམིགས་དེ་རྣམ་གྲངས་མང་པོ་ཞིག་ཡོད་པ་ཁ་སང་ཉེ་ཆར་དཔེ་ཆ་ཐུང་ཐུང་ནང་དཔར་འདེབས་ནས་ཁྱེད་རང་ཚོར་བཀྲམ་ཡོད་པས་འདིར་བསྐྱར་ལྡབ་བྱེད་དགོས་དོན་མིན་འདུག

དེང་རབས་པ་དང་ཚན་རིག་པས་ཐ་མག་ལ་ཞེ་དྲགས་ཀྱི་ཉེན་ཚབས་ཤིག་ཏུ་བརྩིས་བཞིན་ཡོད། ཡར་རྒྱས་ཕྱིན་ཟིན་པའི་ལུང་པ་ཚོའི་ནང་དུ་དེ་རིང་སང་ཉིང་ཐ་མག་འཐེན་མཁན་ཧ་ལམ་མཐོང་ཡག་མེད་པ་དཀོན་པོ་ཞེ་དྲགས་རེད། ཨ་རི་ནང་དུ་ལོ་ཉི་ཤུ་སྔོན་ལ་ཕྱིན་པའི་སྐབས་སུ་ཧ་ལམ་ཐ་མག་མི་འཐེན་པ་མེད་མཁན་བཟོ་འདྲ་བོ་མཐོང་སོང་། ཕྲུ་གུ་ནས་རྒན་འཁོགས་བར་དུ་ཚང་མས་ཐ་མག་དང་། ཡང་ན་Cigar(རྡོ་ཐའི་ལོ་མ་སྒྲིལ་བའི་ཐ་མག་མདོག་སྨུག་ལ་ཆེ་བ་དེ་)འཐེན་གྱི་འདུག གང་ལྟར་ཁའི་ནང་འཐེན་ཡག་མེད་པར་ཧ་ལམ་འགྲོ་མཁན་མེད་པའི་བཟོ་འདྲ་བོ་ཞིག་འདུག ཁ་སྟོང་པར་བཞག་ན་མི་འགྲིག་པའི་བཟོ་འདྲ་བོ་ཞིག་སྐབས་དེ་དུས་སྤྱི་ཚོགས་ཀྱི་གནས་སྟངས་དེ་འདྲ་ཞིག་འདུག ལོ་ཉི་ཤུའི་ནང་འགྱུར་བ་ཕྱིན་པའི་རྗེས་སུ་དེང་སང་ཨ་རིའི་ནང་དུ་ཨ་རི་རང་གི་མི་རིགས་ནང་དུ་ཐ་མག་འཐེན་མཁན་རྫོགས་འདུག་བཤད་ན་ཧ་ལམ་འགྲིག་ཡག་འདྲ་བོ་རེད། ཨ་རི་ནང་ཐ་མག་འཐེན་མཁན་དེ་དག་ཤར་གླིང་ནང་ཐ་མག་འཐེན་པའི་གོམས་གཞིས་ཡོད་པ་ཚོ་གནས་སྤོས་པའི་རྗེས་སུ་དེ་བཞག་མ་ཐུབ་པར་འཐེན་མཁན་རེ་ཟུང་ཡོད་པ་རྣམས་ཡིན། ཚང་མས་ཁོང་ཚོར་མིའི་སྤྱི་ཚོགས་ནང་དུ་གྲལ་རིམ་དམའ་བ་དང་ལྐུགས་པ་འདྲ་བོར་བརྩིས་པའི་ལྟ་སྟངས་འདུག ལྷག་པར་དུ་འདས་པའི་ལོ་བཅིུས་བཅུ་གསུམ་རིང་ནས་གཞུང་དང་སྤྱི་ཚོགས་ཀྱི་ཁང་པ་ཚང་མའི་ནང་དུ་ཐ་མག་འཐེན་མི་ཆོག་པའི་ཁྲིམས་གཞི་དེ་བཟོས་ཚར་བ་རེད། དེ་བཞིན་ཡུ་རོབ་ལུང་པ་ཕལ་ཆེ་བའི་ནང་བཟོས་ཚར་འདུག

ཐ་མག་གི་བཟོ་གྲྭ་ཚོས་དེང་སང་ཁྲོམ་ར་དེ་གང་དུ་བཙལ་བཞིན་ཡོད་ཟེར་ན། ཤར་ཕྱོགས་དང་ལྷག་པར་དུ་ཡར་རྒྱས་མ་ཕྱིན་པའི་ལུང་པ་ཨཕ་རི་ཀ་དང་། རྒྱ་གར་དང་། རྒྱ་ནག་དང་། ལྷོ་ཨ་རིའི་ལུང་པ་ཁ་ཤས་ནང་དུ་ཁོང་ཚོས་ཁྲོམ་ར་བཙལ་གྱི་ཡོད། ཡར་རྒྱས་ཕྱིན་ཟིན་པའི་ལུང་པ་དེ་ཚོའི་ནང་དུ་ཐ་མག་གི་ཁྲོམ་ར་དེ་ཧ་ལམ་མེད་པ་ཕྱིན་ཟིན་པ་ཆགས་ཡོད།

གཞུང་གི་ལས་ཁུངས། དམའ་རིམ་ནས་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་བར། གནམ་ཐང་། མེ་འཁོར་སོགས་ཀྱི་འབབ་ཚུགས། སྤྲོ་འཆམ་འགྲོ་སའི་གླིང་ཀ་སོགས་དེ་ཚོ་ཚང་མའི་ནང་ཐ་མག་འཐེན་མི་ཆོག་པའི་ཁྲིམས་གཞི་བཟོས་ཚར་བ་རེད། ཟ་ཁང་དེ་ཚོའི་ནང་དུ་རྐུབ་བཀྱག་བཅུ་དྲུག་ལས་མང་བ་ཡོད་ན་ཐ་མག་འཐེན་ཆོག་སའི་རྐུབ་བཀྱག་བཞི་བཞག་ཆོག་གི་འདུག   རྐུབ་བཀྱག་བཅུ་དྲུག་ལས་ཉུང་བའི་ཟ་ཁང་ཆུང་ངུ་ཡིན་ན་ཟ་ཁང་ཡོངས་རྫོགས་ནང་ཐ་མག་འཐེན་མི་ཆོག་པ་རེད། གལ་ཏེ་ཐ་མག་འཐེན་དགོས་པ་ཡིན་ན་ཟ་ཁང་ཕྱི་ལོགས་སུ་ཐོན་དགོས་འདུག  ཅོག་ཙེ་མང་པོ་ཡོད་པའི་ཟ་ཁང་ཆེན་པོ་ཡིན་ན་དེ་ཚོད་ཀྱི་ཐ་མག་འཐེན་སར་རྐུབ་བཀྱག་ཕྲན་བུ་མང་བ་བཞག་དགོས་པ་དང་། ཐ་མག་འཐེན་སའི་རྐུབ་བཀྱག་དེ་ཚོ་ཟུར་བཅད་བྱེད་པའམ་རྒྱང་ཁྱད་བཞག་དགོས་འདུག དེ་བཞག་པའི་སྐབས་ལའང་ཁ་ལག་བཟའ་མཁན་གཞན་དག་གིས་ཐག་རིང་པོ་ནས་གལ་ཏེ་འགག་ཆ་བྱེད་པ་ཡིན་ན་ཐ་མག་བཞག་དགོས་པ་སོགས་ཀྱི་སྒྲིག་ལམ་མང་པོ་ཞེ་དྲགས་བཟོས་ཡོད། སྒྲིག་ལམ་དེ་འདྲ་བཟོས་དགོས་པའི་རྒྱུ་མཚན་དེ་གང་ནས་བྱུང་བ་རེད། དེ་ཁོང་ཚོས་ཆོས་ཀྱི་ཆ་ནས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་ཞིག་ཤེས་ནས་བཟོས་པ་མ་རེད། དེས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་ཁོར་ཡུག་གི་གནས་སྟངས་ལ་ཞེ་དྲགས་གནོད་ཀྱི་ཡོད་པ་བར་ལམ་གསལ་པོ་ཞིག་ཤེས་པའི་རྒྱུ་མཚན་གྱིས་ཁྲིམས་དེ་བཟོས་པ་རེད། ཁྱེད་རང་ཚོ་གསར་འགྱུར་ཉན་མཁན་དང་གསར་ཤོག་ཀློག་མཁན་ཡིན་ན་ཤེས་ཡོད་ཀྱི་རེད། ཉེ་ཆར་སྤྱི་ཟླ་༧ཚེས་ཤར་ལ་ཨ་རི་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་ནང་དུ། ཨ་རིའི་ནང་དུ་ཐ་མག་བཟོ་མཁན་བཟོ་གྲྭ་ཡོངས་རྫོགས་མཉམ་མཐུན་བྱས་ནས་འབྱུང་འགྱུར་ལོ་བཅུའི་ནང་དུ་གཞུང་ལ་ཉེས་ཆད་ཨ་སྒོར་ཁྲག་ཁྲིག་བཞི་དང་བྱེ་བ་གཉིས་སམ་དུང་ཕྱུར་གཉིས་འཇལ་དགོས་པའི་ཁྲིམས་ཁང་ནས་ཐག་གཅོད་བྱུང་ཡོད་པ་རེད། དངུལ་ཕོན་ཆེན་པོ་དེ་ཙམ་གྱི་ཉེས་ཆད་ཁོང་ཚོའི་ཐོག་ལ་ཅིའི་ཕྱིར་འབབ་པ་རེད་ཟེར་ན། ཐ་མག་འཐེན་པ་ལ་བརྟེན་ནས་Cancer(འབྲས་ནད་)ནད་གཞི་ཕོག་རྒྱུ་ཡིན་པ་ལོ་དྲུག་གི་སྔོན་ནས་ཐ་མག་གི་བཟོ་གྲྭ་དེ་ཚོས་ཁོང་རང་ཚོའི་ཉམས་ཞིབ་ཐོག་ནས་གསལ་པོ་ཤེས་ཟིན་ཡོད། གནས་ཚུལ་འདི་གསལ་བསྒྲགས་མ་བྱས་པ་དང་ཐ་མག་གི་སྒམ་ཆུང་ཐོག་ལ་མ་བྲིས་པའི་རྒྱུ་མཚན་གྱིས་མི་མང་པོ་ཞིག་ཐ་མག་བཅད་མ་ཐུབ་ཙང་ད་ཆ་གཞུང་དང་སྒེར་གཉིས་ཀར་སྨན་དང་འཕྲོད་བསྟེན་ཐོག་འགྲོ་སོང་མང་པོ་ཞིག་ཕྱིན་ཡོད་པའི་ཉེས་ཆད་ཕོག་པ་རེད། དིང་སང་ཐ་མག་གི་སྒམ་ཆུང་ཐོག་ཉེན་ཁའི་རྟགས་ཞིག་དང་དེའི་འོག་ལ་དུག་ཡིན་ཞེས་པ་དང་། འདི་འཆི་བདག་ལ་འབོད་བསྐུལ་ཞུ་བ་རེད་ཅེས་ཚིག་འདི་བྲིས་དགོས་པ་དེ་ཁྲིམས་ཐོག་ནས་གཏན་འབེབས་མཛད་ཡོད། དེ་དག་དངོས་ཡོད་ཀྱི་གནས་ཚུལ་ཡིན།

ཁོང་ཚོས་གང་ཤེས་ཡོད་ཅེ་ན། ཐ་མག་འཐེན་པ་ལ་བརྟེན་ནས་གློ་ནད། སྙིང་ནད། མཆིན་ནད་ཕོག་རྒྱུ་ཡིན་པ་དང་། དེའི་ཐོག་ལ་གཟུགས་པོའི་ཆ་ཤས་གང་དུའང་ཀེན་སར་དང་སྐྲན་ནད་ཡོང་གི་ཡོད་པ་ཉམས་ཞིབ་ཐོག་ནས་གསལ་པོ་ཞེ་དྲགས་ར་འཕྲོད་པའི་རྒྱུ་མཚན་དེའི་དབང་གིས་སྤྱི་ཚོགས་ཀྱི་གཟུགས་གཞི་དང་འཕྲོད་བསྟེན་ཡག་པོ་ཡོང་བའི་ཆེད་དུ་དེ་བཀག་འགོག་བྱས་ཡོད།

ཚན་རིག་པ་དང་དེང་རབས་པ་ཚང་མས་ཐ་མག་འདི་ཞེ་དྲགས་ངན་པ་ཡིན་པ་ར་འཕྲོད་ནས་ཁོང་རང་ཚོའི་མི་རྣམས་ཐ་མག་འཐེན་མི་དགོས་པ་གཙོ་འདོན་བྱེད་པ་ཞིག་དང་། ཁོང་རང་ཚོའི་ལུང་པའི་ནང་གང་ཉུང་ཉུང་བེད་སྤྱོད་གཏོང་བ་དང་། ཐག་རིང་པོའི་རྒྱལ་ཁབ་དེ་ཚོའི་ནང་འཚོང་ས་རག་ན་མུ་མཐུད་བཙོང་ཡག་གི་གནས་སྟངས་ཤིག་ཆགས་ཡོད། དེ་ཡིན་ཙང་། ང་རང་ཚོར་རང་དོན་རང་གཅེས་ཡོད་པ་ཡིན་ན། སོ་སོའི་གཟུགས་གཞི་དང་སོ་སོའི་སྲོག་ལ་གཅེས་པ་ཞིག་ཡོད་པ་ཡིན་ན་མི་ཚང་མས་ཐ་མག་ལོངས་སུ་སྤྱོད་རྒྱུ་མེད། དེ་མིན་སོ་སོའི་གཟུགས་པོ་དང་མི་ཚེ་འཕྲོ་བརླག་བཏང་། ན་ཚ་མང་པོ་ཞིག་མགྲོན་འབོད་བྱས། ང་རང་ཚོའི་སྡོད་གནས་ཁོར་ཡུག་དེའང་ཉམས་ཆག་བཏང་། ཁོར་ཡུག་ཉམས་ཆག་གཏོང་སྟངས་མི་འདྲ་བ་གཉིས་ཡོད། སྣུམ་འཁོར་དང་མེ་འཁོར་ནང་ཐ་མག་འཐེན་མི་ཆོག་པའི་ཁྲིམས་བཟོས་པའི་སྔོན་དུ་ཁོང་ཚོས་བརྟག་དཔྱད་བྱས་ཡོད། མི་བཞི་སྡོད་སའི་མེ་འཁོར་གྱི་ཁང་མིག་ཆུང་ངུ་གཅིག་གི་ནང་དུ། མི་གསུམ་ཐ་མག་མི་འཐེན་མཁན་དང་མི་གཅིག་ཐ་མག་འཐེན་མཁན་ཡོད་པ་ཡིན་ན། ཐ་མག་འཐེན་མཁན་དེས་ཐ་མག་གི་དུག་རྫས་བརྒྱ་ཆ་བདུན་ཅུ་དོན་དྲུག་ཙམ་རྔུབ་ཀྱི་ཡོད། བརྒྱ་ཆ་ཉི་ཤུ་རྩ་བཞི་དེ་མི་ལྷག་མ་གསུམ་པོས་རྔུབ་ཀྱི་ཡོད། མི་གསུམ་པོ་དེ་དངོས་སུ་ཐ་མག་མི་འཐེན་མཁན་ཡིན་ཀྱང་ཐ་མག་འཐེན་མཁན་གྱི་གང་ཟག་དེའི་མཉམ་དུ་ཁང་མིག་གཅིག་ནང་བསྡད་པ་ཡིན་ཙང་ཐ་མག་འཐེན་པ་དང་ཁྱད་མེད་པ་ཆགས་ཡོད། ཉིན་གཅིག་ལ་ཐ་མག་རྐང་ཉི་ཤུ་རྩ་བཞི་འཐེན་མཁན་གྱི་མི་གཅིག་དང་མཉམ་དུ་བསྡད་པ་ཡིན་ན་རོགས་པ་དེས་ཐ་མག་རྐང་དྲུག་འཐེན་པ་དང་གཅིག་པ་ཆགས་འགྲོ་གི་འདུག་ཅེས་ཤེས་ཡོད། དེ་བཞིན་ཐ་མག་གིས་དྲི་དང་དུ་བ་དེས་Ozone layer(མཁའ་དབྱིངས་བླ་བྲེ་)ལ་སྐྱོན་བྱེད་མཁན་དུག་རླངས་མང་པོ་ཞིག་ཡོད་པའི་ནང་ནས་ཐ་མག་གི་དུག་རླངས་དེས་ཀྱང་Ozone layer(ཨོ་ཛོན་ལེ་ཡར་)རལ་བའི་རྒྱུ་ཆ་གཅིག་ནང་འགྲོ་གི་ཡོད་པ་བཤད་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཚན་རིག་པ་དང་དེང་རབས་པ་ཚོས་ཐ་མག་འདི་སྡུག་ཆགས་ཞེ་དྲགས་བརྩིས་ཀྱི་ཡོད་པ་དེ་ཁྱེད་རང་ཚོ་ཚང་མ་མིག་དང་རྣ་བ་ཕྱི་ལ་བལྟས་ནས་སྡོད་མཁན་ཡིན་ཙང་གཟིགས་ཡོད་ཀྱི་རེད། དེ་གཟིགས་བཞིན་པ་དང་མཁྱེན་བཞིན་དུ་ད་དུང་ཐ་མག་མ་བཞག་པར་བག་མེད་ཏུ་ལོངས་སྤྱོད་པ་ཡིན་ན་རང་གི་མི་ཚེ་འཕྲོ་བརླག་གཏོང་གི་ཡོད་པར་བརྟེན། དེའི་ཐོག་ལ་ཚང་མས་དགོངས་པ་བཞེས་དགོས།། ཞེས་གསུངས་སོ།། །།

 

མཐའ་མའི་འདོན་ཐེངས་།: 22.12.2014 ཉིན། 3:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།