སྨན་རྩིས་དྲ་བ། - མདུན་ངོས།

ཉམས་ཞིབ་ཀྱི་རིན་ཐང་ཡོད་པའི་རྒྱུ་ཆ་མང་པོ་ཞིག་ཡོད་ཟེར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.10.2014
མདུན་ངོས། >>

 

 

ཉམས་ཞིབ་ཀྱི་རིན་ཐང་ཡོད་པའི་རྒྱུ་ཆ་མང་པོ་ཞིག་ཡོད་ཟེར།


ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡ ནས་༣ སྟེ་ཉིན་གསུམ་རིང་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་དེ་ལེགས་གྲུབ་བྱུང་བ་རེད།

ད་ཐེངས་བགྲོ་གླེང་ཚོགས་ཆེན་འདི་ལ་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཁག་བཞི་བཞག་ཡོད་ཅིང་། དེ་ནི་ལུས་སེམས་སྲོག་གི་ངོས་འཛིན་དང་། ལུས་སེམས་སྲོག་གསུམ་གྱི་འབྲེལ་བའི་སྐོར། ལུས་སེམས་སྲོག་གསུམ་འཁྲུག་པའི་རྒྱུ་རྐྱེན་སྐོར། ལུས་སེམས་ཀྱི་ནད་བཅོས་སྐོར་བཅས་ཡིན། བརྗོད་གཞི་དེ་དག་ཐོག་ལ་བོད་བརྒྱུད་ནང་བསྟན་རིག་པ་གཙོ་བོར་གྱུར་བའི་རྒྱ་གར་གྱི་སྲོལ་རྒྱུན་སྨན་གྱི་རིག་པ་སྟེ། རྒྱ་གར་ཚེའི་རིག་བྱེད། ཁ་ཆེ་ཡུནྰནི་སྨན་ལུགས། སིདྷ་སྨན་ལུགས་བཅས་དང་། དེ་བཞིན་རྒྱ་ནག་གི་སྲོལ་རྒྱུན་སྨན་ལུགས་དང་། དེང་རབས་སེམས་ཁམས་རིག་པ་བཅས་རིག་པའི་གཞུང་ལུགས་མི་འདྲ་བ་ཁག་དྲུག་གི་མཁས་དབང་བཅུ་གཅིག་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་མཉམ་འཛོམས་ཐོག་བགྲོ་གླེང་ལྷུག་པོ་གནང་བ་རེད།

ཐེངས་འདིའི་ཚོགས་བཅར་བའི་ཁོངས་སུ་བོད་རིགས་གཙོ་བོར་གྱུར་བའི་རྒྱལ་ཁབ་མི་འདྲ་བ་ཁག་བཅུ་བཞི་ཙམ་ནས་དོན་གཉེར་བ་མི་གྲངས་༣༧༠ ཙམ་མཉམ་ཞུགས་གནང་ཡོད། དེའི་ནང་ནས་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་ཡོངས་དང་། དབུས་སུ་ཟབ་སྦྱོང་ལ་ཕེབས་པ་དང་རིག་གཞུང་སྡེ་ཚན་ཁག་ནང་ཡོད་པའི་སྨན་རྩིས་པ། ཉེ་འཁོར་གྱི་ཡང་ལག་ཁག་གཞན་ནས་ཕེབས་པའི་སྨན་པ་རྣམས་དང་། བོད་ཁྱིམ་སེ་ལ་ཀུའི་སློབ་གཉེར་བ་བདུན་ཅུ་ཙམ་དང་། ཕྱི་ནས་ཕེབས་པའི་དོན་གཉེར་ཅན་བཅས་ཉིན་གསུམ་རིང་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཚོགས་བཅར་བས་ཡོངས་སུ་ཁེངས་ཞིང་བློ་སེམས་གཅིག་ཏུ་གཏད་པའི་སྒོ་ནས་མཉམ་ཞུགས་གནང་ཡོད།


དེ་ཡང་ཟླ་༡༠ ཚེས་༡ སྟེ་ཚོགས་ཆེན་གྱི་ཉིན་དང་པོའི་སྔ་དྲོ་ཕྱག་ཚོད་༡༡ ཙམ་ལ་གསུངས་བཤད་གནང་མཁན་དང་ཚོགས་བཅར་བ་ཡོངས་ལ་ྋརྒྱལ་བའི་ཕོ་བྲང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་ཐམས་ཅད་མཁྱེན་པ་མཆོག་གིས་མཇལ་འཕྲད་ཀྱི་སྐལ་བཟང་གོ་སྐབས་གསོལ་བསྩལ་གནང་ཡོད་པ་མ་ཟད་ལམ་སྟོན་གྱི་བཀའ་སློབ་ཟབ་མོ་ཞིག་ཀྱང་ཕེབས་ཡོད། དེར་ྋགོང་ས་མཆོག་གིས་བགྲོ་གླེང་ཚོགས་ཆེན་འདི་ཡག་པོ་འབྱུང་འདུག་ཅེས་བསྔགས་བརྗོད་ཀྱང་གནང་ཡོད་པ་དང་། གཞན་ཡང་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་མཁས་དབང་རྣམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་བྱས་པའི་དཔེ་དེབ་ཅིག་ཀྱང་དབུ་འབྱེད་གནང་བ་དང་། མཇལ་བཅར་ཡོངས་ྋགོང་ས་མཆོག་ལྷན་སྐུ་དཔར་བསྒྲོན་པའི་བཀྲ་ཤིས་རྟེན་འབྲེལ་གྱི་གོ་སྐབས་བཟང་པོ་ཞིག་ཀྱང་ཐོབ་ཡོད་པ་རེད།

དེ་ནས་ཉིན་རྒྱབ་ཕྱག་ཚོད་༡།༣༠ ཙམ་ལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒྱལ་སྤྱིའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་མཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་གཙོས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་མི་ཁག་ཕེབས་ཡོད་པ་རེད། དེར་ལུས་སེམས་སྲོག་གི་སྡེ་ཚན་འགན་འཛིན་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས་སྡེ་ཚན་འདི་གསར་འཛུགས་དགོས་པའི་དམིགས་ཡུལ་དང་ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ལ་བཅངས་བའི་དམིགས་ཡུལ་སྐོར་གསུངས་དོན། བོད་ཀྱི་ཐུན་མིན་སྨན་རྩིས་ལས་གསུངས་པའི་ལུས་སེམས་འཕྲོད་བསྟེན་གཞི་རྩར་བཟུང་བའི་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་ལྟར། རིག་གཞུང་གསར་རྙིང་མང་པོའི་སྙིང་བཅུད་བསྡུ་ལེན་གྱིས་འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་བྱུ་རྒྱུ་དེ་ཡིན། ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་ལ་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་ནི། སེམས་ཁམས་འཕྲོད་བསྟེན་གྱི་བྱ་གཞག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དང་། ཕྱི་ནང་གི་རིག་གཞུང་འདྲ་མིན་གྱི་ལེགས་ཆ་བརྗེ་རེས་བྱ་རྒྱུ། འགྲོ་བ་མིའི་སེམས་ཁམས་ལེགས་བཅོས་ཐད་ཆོས་ལུགས་འདྲ་མིན་དང་གསོ་རིག་འདྲ་མིན་ཐུན་མོང་གི་བསྒྲུབ་བྱ་གང་ཡོད་འཚོལ་ཞིབ་བྱ་རྒྱུ་བཅས་ཀྱི་སྐོར་སྒྲོགས་སྦྱང་གནང་སོང་།

དེ་ནས་ཕྱག་ཚོད་༣ པ་ཙམ་ནས་བགྲོ་གླེང་ཚོགས་ཆེན་དངོས་གཞི་དབུ་འཛུགས་གནང་སོང་། དེ་ཡང་ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་གྱི་གསུང་བཤད་གནང་མཁན་ཁོངས་སུ། བོད་བརྒྱུད་ནང་བསྟན་སེམས་ཁམས་རིག་པའི་ཐོག་གསུང་བཤད་གནང་མཁན་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་བཤད་གྲྭའི་མཁན་པོ་ཆོས་དབྱིངས་རྡོ་རྗེ་དང་། ཝྰཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རམེཤ་ཅནྡྲ་ནེགྰི་རྣམ་གཉིས་ཡིན་པ་རེད། དེ་བཞིན་རྒྱ་གར་ཚེའི་རིག་བྱེད་ལུགས་ལ་ཝྰཎ་ཧིནྡུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རྰམ་ཧརྵ་སིཾཧ་དང་། སྨན་པ་ཀིཤོར་པཊབརྡན་རྣམ་གཉིས་ཡིན། ཡུནྰནི་ཁ་ཆེའི་སྨན་ལུགས་ལ་རྒྱལ་ས་དིལླིའི་ཧམ་དརྡ་གཙུག་ལག་སློབ་གཉེར་ཁང་གི་སྨན་པ་ཨཤར་ཀྰདིར་ཡིན། སིདྡྷ་སྨན་ལུགས་ཐོག་ལ་ཅེནྣཨི་སྲོལ་རྒྱུན་སྨན་གྱི་ཉམས་ཞིབ་ཁང་གི་སྨན་པ་ཊི། ཐིརུནྰརྰཡཎ་དང་། རྒྱ་གར་གཞུང་ཨྰཡུཥ་ལྷན་ཁང་གི་བགྲེས་ཡོལ་སྨན་པ་ཨེམ། ཨེ། ཀུམྰར་རྣམ་གཉིས་ཡིན། རྒྱ་ནག་སྲོལ་རྒྱུན་སྨན་ལུགས་ཐོག་ལ་ཐེ་ཝན་ནས་ཕེབས་པའི་སྨན་པ་ཤིན་ཇེར་ཅའུ་དང་། ཐེ་ཝན་འཕྲོད་བསྟེན་ལམ་ལུགས་ཁང་གི་སྨན་པ་ཅེཡང་ཤུ་ཧུཡི་རྣམ་གཉིས་ཡིན། མཐའ་མ་དེང་རབས་སེམས་ཁམས་རིག་པའི་ཐོག་ལ་ཨ་རི་ནས་ཕེབས་པའི་ཨ་རི་སེམས་ཁམས་རིག་པ་འཕྲོད་བསྟེན་ཁང་གི་སྨན་པ་ཊེརི་ཨིགན་དང་། ཨ་རི་ཨེ་རི་ཛོ་ན་གཙུག་ལག་སློབ་གཉེར་ཁང་གི་སྨན་པ་ཐེཌིཨུས་པེས་རྣམ་གཉིས་བཅས་དངོས་སུ་ཕེབས་ནས་རང་རང་ལུགས་ཀྱི་གསུང་བཤད་དང་གསུང་བཤད་སྙིང་དོན་སྤྱན་བསྟར་ཞུས་པ་དང་། ཉིན་སོ་སོའི་མཇུག་ཏུ་ཚོགས་བཅར་བའི་དྲི་བ་རྣམ་མང་ལ་ལན་འདེབས་ཀྱང་ཁ་གསལ་གནང་སོང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་པ་གསུམ་ཡོད་པ་ནི། སྨན་རམས་པ་པདྨ་རྡོ་རྗེ་ལགས་དང་། ཉིན་གཉིས་པའི་སྟངས་འཛིན་པ་ྋརྒྱལ་བའི་ཕྱི་ལུགས་བླ་སྨན་པ་ཌོཀ་ཊར་ཚེ་བརྟན་རྡོ་རྗེ་ལགས་དང་། ཉིན་གསུམ་པའི་སྟངས་འཛིན་པ་ྋརྒྱལ་བའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་བཅས་ཀྱིས་གནང་བ་རེད།  ཉིན་གསུམ་པའི་ཕྱག་ཚོད་༢།༣༠ ཙམ་ནས་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད་གཙོ་འཛིན་གནང་བའི་ཐོག་འབྱུང་འགྱུར་ཐུན་མོང་གི་བསྒྲུབ་བྱ་གང་ཡོད་ཐད་གསུང་བཤད་གནང་མཁན་གྱི་མཁས་དབང་ཁྲོད་བགྲོ་གླེང་ཞིག་ཀྱང་གནང་སོང་།

མཇུག་བསྡོམས་མཛད་སྒོ།

དེ་ནས་ཟླ་༡༠ ཚེས་༣ གྱི་དགོང་དྲོ་ཕྱག་ཚོད་༤ ཡོལ་ཙམ་ནས་རྒྱལ་སྤྱིའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་མཇུག་སྡོམ་གྱི་མཛད་སྒོ་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་གཙོས། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཕུ་རི་ལགས་ནས་གསུང་བཤད་གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་མཁན་མཁས་དབང་རྣམས་པར་ཐུགས་རྗེ་ལེགས་སྐྱེས་ཕུལ་བ་དང་ཕྱི་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལའང་ཕྱག་ཁྱེར་ཕུལ་བ་དང་། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ཚོགས་འདུའི་གཙོ་འཛིན་པ་རྣམས་དང་སྐད་སྒྱུར་བ་སོགས་ལ་ལག་ཁྱེར་གནང་། དེ་རྗེས་ཚོགས་བཅར་བ་མི་སྣ་གསུམ་གྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་བྱས་པའི་མྱོང་ཚོར་གསོང་པོར་བརྗོད་པ་རེད། དེ་ནས་ལུས་སེམས་སྲོག་གི་སྡེ་འགན་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་བའི་ནང་། ཐེངས་གཉིས་པའི་བགྲོ་གླེང་ཚོགས་ཆེན་འདི་བཞིན་ཕྱི་ལོ་༢༠༡༣ ཟླ་༨ ཙམ་ནས་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་གཞི་འཆར་བཀོད་དང་། མཁས་དབང་རྣམས་དང་འབྲེལ་མཐུད་སོགས་ཀྱི་ལས་གཞི་འགོ་བརྩམས་ཡོད། དེའི་ནང་ནས་ཡུནྰནི་ཁ་ཆེའི་སྨན་ལུགས་ཀྱི་སྨན་པ་ཞིག་ཚོགས་འདུར་བཅར་ཐུབ་མེད་ཚུལ་དང་། དེ་བཞིན་ཁོང་གིས་གསུངས་དོན། ཕྱི་ཚེས་གཉིས་ཉིན་སེམས་དཔའ་ཆེན་པོ་གྷྰཾདྷི་འཁྲུངས་པའི་ཉིན་དང་། དཔལ་ལྡན་བཀའ་ཤག་གིས་འདི་ལོ་བཀའ་དྲིན་རྗེས་དྲན་ཞུ་བའི་ཉིན་དེའི་ལས་རིམ་ནང་དུ་ང་ཚོའི་གསུང་བཤད་གནང་མཁན་གཙོས་ཚོགས་བཅར་བ་ཡོངས་ཀྱིས་ཉམས་ཞུགས་བྱེད་པའི་སྐལ་བ་ཞིག་བྱུང་ཡོད་ཚུལ་གསུངས་སོང་། དེ་ནས་མུ་མཐུད་གསུངས་དོན། ང་རང་གི་ཚོར་སྣང་ལ་ཉིན་གསུམ་པོ་དེའི་རིང་གསུང་བཤད་ཉན་པའི་གོ་སྐབས་ཅུང་ཟད་བྱུང་བའི་སྐབས། ཚང་མས་ལུས་སེམས་ཞེས་པ་དེ་གཅིག་ལ་གཅིག་བརྟན་ཡིན་པ་དང་། གཅིག་འཁྲུགས་ན་གཞན་འཁྲུགས་འགྲོ་ཡིན་པ་དང་། ལྷག་པར་དུ་སེམས་ཁམས་དེ་འཁྲུགས་པ་ཡིན་ན་ལུས་དང་སེམས་ལ་གནོད་ཚབས་ཆེ་བ་ཡོད་པ་མང་མོས་ཀྱིས་གཅིག་མཚུངས་སུ་བཤད་པའི་ཚོར་སྣང་བྱུང་སོང་། དེ་ཙམ་མ་ཟད། དེ་རིང་གི་མཁས་པའི་གསུང་བཤད་འདིའི་ནང་དུ་ཉམས་ཞིབ་ཀྱི་རིན་ཐང་ཡོད་པའི་རྒྱུ་ཆ་མང་པོ་ཞིག་ཡོད་པ་དང་། མ་འོངས་པར་ཉམས་ཞིབ་བྱ་འདོད་ཡོད་ན་སྒོ་མོ་ཆེན་པོ་ཞིག་འབྱེད་ཡོད་པའི་ཚོར་སྣང་བྱུང་ཡོད་ཚུལ་གསུངས་སོང་།

དེ་ནས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ཕུ་རི་མཆོག་གིས་གསུངས་དོན།  དེ་རིང་གི་གོ་སྐབས་འདི་བཟུང་ནས་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཉིན་གསུམ་གྱི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ལེགས་གྲུབ་བྱུང་བར་ང་རང་དགའ་པོ་ཞེ་དྲག་བྱུང་ཞེས་བཤད་འདོད་བྱུང་སོང་།  ཐོག་མར་ཚོགས་ཆེན་འདི་འཆར་གཞི་སྒྲིག་སྐབས་ང་ཚོས་ནན་ཏན་གྱིས་འབད་བརྩོན་བྱེད་ཡོད་པ་ནི་ལུགས་གཞན་གྱི་མཁས་དབང་དག་ལས་ཐོས་པ་གང་མང་བསག་པར་བྱ་རྒྱུ་དེ་ཡིན། དེ་ནི་སྨན་རྩིས་པ་ཁོ་ནའི་ཆེད་དུ་མ་ཡིན་པར་ང་ཚོའི་སློབ་གཉེར་བ་ལའང་དམིགས་ནས་འཆར་གཞི་དེ་ལྟར་བསྒྲིགས་ཡོད། དེ་འདྲ་སོང་ཙང་། འདི་ལོའི་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པའི་ཐོག་ལ་གསུང་བཤད་གནང་མཁན་བཞག་མེད་པ་ཡིན། འོན་ཀྱང་འབྱུང་འགྱུར་བོད་ཀྱི་སྨན་རྩིས་ཁང་ནས་བརྗོད་གཞི་ངེས་ཅན་ཞིག་གི་ཐོག་ལ་བོད་བརྒྱུད་ནང་བསྟན་རིག་པ་དང་། བོད་ཀྱི་གསོ་བ་རིག་པ། དེ་བཞིན་བོད་ཀྱི་སྐར་ནག་དབྱངས་རྩིས་རིག་པ་གསུམ་གྱིས་བགྲོ་གླེང་ཚོགས་ཆེན་ཕལ་ཆེར་ཉིན་གསུམ་མམ་བཞི་ཟིན་པ་ཞིག་ཚོགས་འཆར་ཡོད་ཀྱང་དེའི་སྔོན་ལ་ང་ཚོས་ནང་ལས་ཞིག་བྱེད་དགོས་པ་ཡིན་གསུངས་སོང་། གང་ཡིན་ཟེར་ན། སྔོན་མ་ཕྱི་ལོ་1994ནས་1997བར་ང་རང་འགན་འཛིན་ཡིན་པའི་སྐབས་ང་ཚོར་སྙན་གྲགས་ཅན་གྱི་སྨན་པ་གཉིས་ཡོད་པ་ནི། ཞིང་གཤེགས་དམ་པ་ྋརྒྱལ་བའི་བླ་སྨན་བགྲེས་པ་བསྟན་འཛིན་ཆོས་གྲགས་དང་བླ་སྨན་གཞོན་པ་བློ་བཟང་དབང་རྒྱལ་རྣམ་གཉིས་ཡིན། བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་སྨན་གྱི་གཞུང་ལུགས་དང་ལག་ལེན་སོགས་ལ་མཁྱེན་རྒྱ་ཆེན་པོ་ཡོད་པ་དང་། བླ་སྨན་བློ་བཟང་དབང་རྒྱལ་ལགས་གསོ་རིག་དང་ནང་ཆོས། དེ་བཞིན་སེམས་ཁམས་བར་གྱི་འབྲེལ་བ་སོགས་ལ་མཁྱེན་རྒྱ་ཆེན་པོ་ཡོད་པའི་སྐོར་ང་རང་གིས་དེ་དུས་མང་པོ་བཤད་མྱོང་ཡོད། སྤྱིར་ད་ལྟ་ང་ཚོར་སྨན་ཁང་ནང་དུ་དང་། སྨན་སྦྱོར་དང་། སྨན་རྫས་སོགས་སྡེ་ཚན་ཁག་ཏུ་དང་། གསུང་བཤད་གནང་མཁན་གྱི་སྨན་པ་བཅས་སྨན་པ་ཡག་པོ་དེ་འདྲ་བརྒྱ་དང་དྲུག་བཅུ་ལྷག་ཡོད་ཀྱང་། དམིགས་བསལ་བླ་སྨན་བློ་བཟང་དབང་རྒྱལ་མེད་པར་སོང་ཙང་བོད་སྨན་དང་ནང་བསྟན་གཉིས་ཀྱི་འབྲེལ་པའི་ཐོག་ལ་གསུང་བཤད་གནང་མཁན་སུ་གཅིག་ཀྱང་མེད་པས་སྟོང་ཆ་ཞིག་ལྷག་བསྡད་ཡོད་པ་དེ་ལ་ང་རང་བློ་ཕམ་པའི་ཚོར་སྣང་འདུག དེ་འདྲ་སོང་ཙང་ང་ཚོའི་སྨན་པ་བགྲེས་པ་རྣམས་བོད་བརྒྱུད་ནང་བསྟན་གྱི་མཁས་དབང་རྣམས་དང་། བླ་མ་དགེ་བཤེས་སོགས་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས་པ་ཡིན་ཞེས་གསུངས་སོང་།

གཞན་ཡང་འགན་འཛིན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་དེང་རབས་སེམས་ཁམས་རིག་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་མང་པོ་ཡོད་ཚུལ་དང་། དེ་བཞིན་ལུས་སེམས་སྲོག་གི་སྡེ་ཚན་གསར་འཛུགས་དགོས་པའི་དམིགས་ཡུལ་དང་། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་སྔ་ཕྱི་ཕེབས་པ་རྣམས་དྲན་གསོ་དང་ལག་ལེན་དུ་ངེས་པར་བསྟར་དགོས་ཚུལ། ཕྱི་ལོ་༢༠༡༦ ལོར་བོད་ཀྱི་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ཧྲིལ་པོ་བརྒྱ་འཁོར་བ་དང་ལྕགས་པོ་རི་བཙུགས་ནས་ལོ་ངོ་ཧྲིལ་པོ་༣༢༠ འཁོར་བའི་དུས་དྲན་གྱི་འཆར་གཞི། བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་དང་། བོད་ཀྱི་སྨན་རྩིས་ཁང་གི་མ་འོངས་འཆར་གཞི་དང་འདས་པའི་ལས་གཞི་ཐོག་ལ་གསལ་བཤད་གནང་སོང་། དེ་དང་གཙུག་ལག་སློབ་གཉེར་གཞན་མང་པོ་དང་འབྲེལ་བ་ཡོད་པའི་སྐོར། ཕྱི་རྒྱལ་ཁབ་ཁག་མང་པོའི་ནང་བོད་སྨན་ལ་བརྩི་མཐོང་དང་དོ་སྣང་ཆེན་པོ་ཡོད་ཚུལ་སྐོར། རྒྱ་གར་ལྷོ་ཕྱོགས་བེང་ལོར་རུ་གཞི་རྒྱ་ཆེ་བའི་སྨན་རྩིས་ཁང་གི་འཆར་གཞི་སྙིང་བསྡུས། སེ་ལ་ཀུ་ནས་ཕེབས་པའི་སློབ་མ་རྣམས་ཀྱི་རྩོམ་ཡིག་དྲག་ཤོས་དང་པོ་ལྔ་ལ་བོད་ཀྱི་སྨན་རྩིས་ཁང་གི་ཟླ་རེའི་ཚགས་པར་སྨན་རྩིས་ཟླ་གསར་དུ་འདོན་སྤེལ་གྱི་གོ་སྐབས་ཕུལ་བའི་སྐོར་སོགས་ཀྱི་གསུང་བཤད་རྒྱས་པར་གནང་སོང་།

དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་དོན།  ཁྱེད་རང་ཚོ་ཐེངས་དང་པོ་དྷ་སར་ཕེབས་ནས་འདི་ལྟ་བུའི་བགྲོ་གླེང་ཚོགས་ཆེན་ནང་དུ་མཉམ་ཞུགས་བྱེད་པ་དང་། བགྲོ་གླེང་ཚོགས་ཆེན་གྱི་དོན་རྐྱེན་དེ་འདྲ་དཔང་པོར་བྱས་ཐུབ་པ་འདི་དྷ་སར་རྒྱུན་གཏན་གྱི་གནས་ཚུལ་ཞིག་མིན། དེ་ནི་ཆེས་དཀོན་པའི་གོ་སྐབས་ཞིག་ཡིན།  

ཚོགས་གཙོ་མཆོག་གིས་མུ་མཐུད་གསུངས་དོན། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ལུས་སེམས་སྲོག་གསུམ་གྱི་བགྲོ་གླེང་ཚོགས་ཆེན་གོ་སྒྲིག་གི་སྣེ་ཁྲིད་པ་ལ་བསྔགས་བརྗོད་ཡོད། གང་ཡིན་ཟེར་ན། རང་ཉིད་གཅིག་པོའི་ལག་ལེན་དང་བསམ་ཞིབ་དེ་ཡག་ཤོས་སུ་བརྩིས་ནས་མགོ་ཐུམ་མ་བསྡད་པར་རིག་གཞུང་གཞན་གྱི་ལེགས་ཆ་བླངས་དགོས་པ་དེ་ྋགོང་ས་མཆོག་གི་དགོངས་གཞི་ཡིན། གལ་སྲིད་གཞན་གྱི་ལེགས་ཆ་ཚུར་བླངས་མ་ཐུབ་པ་ཡིན་ན་ཁྱེད་ཡག་ཤོས་སུ་གྱུར་ཐབས་མེད་པ་ཡིན།  གཞན་ཡང་བོད་དུ་དུས་རབས་བརྒྱད་པའི་ནང་སྨན་གྱི་བགྲོ་གླེང་ཚོགས་ཆེན་བསྐོང་འཚོགས་མཛད་སྐབས་སྨན་གྱི་གཞུང་ལུགས་གཞན་གྱི་ལེགས་ཆ་མང་པོ་ཞིག་བླངས་ནས་ད་ལྟའི་ཐུན་མིན་བོད་ཀྱི་གསོ་བ་རིག་པ་དེ་གསར་བཟོ་བྱས་ཡོད། དུས་ད་ལྟ་ཡིན་ནའང་སྲོལ་རྒྱུན་སྨན་གྱི་རིག་པའམ་དེང་རབས་སྨན་གྱི་རིག་པའི་བར་ང་ཚོ་ཕན་ཚུན་སློབ་སྦྱོང་བྱེད་ཡག་མང་པོ་ཡོད་པ་ཡིན་ཞེས་གསུངས་གནང་སོང་། དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་གལ་ཆེན་པོའི་ཐོག་མུ་མཐུད་གསུངས་དོན་ལ། དེ་སྔ་གཞན་དང་ཟུང་འབྲེལ་ཡག་པོ་དེ་འདྲ་བྱུང་ཡོད་པས་ང་རང་ཚོའི་འཛམ་གླིང་ཆུང་ཆུང་ཞིག་ནང་དུས་རྒྱུན་དུ་མགོ་ཐུམ་ནས་མ་བཞུགས་པར་ང་ཚོ་ཁ་འབྱེད་དགོས་ཀྱི་ཡོད་པ་དེ་སྙིང་དོན་ཡིན། བོད་ཀྱི་སྨན་རྩིས་ཁང་གི་གསར་གཏོད་གནང་བ་འདི་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ྋགོང་ས་མཆོག་གིས་དུས་སྐབས་ནམ་བྱུང་ལ་ལྟེ་གནས་མ་འདྲ་སོ་སོར་གནད་དོན་མ་འདྲ་ལག་ལེན་གནང་དགོས་པའི་ལམ་སྟོན་དུས་རྒྱུན་དུ་གནང་མུས་ཡིན། དེ་འདྲ་སོང་ཙང་བོད་ཀྱི་སྨན་རྩིས་ཁང་ནས་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞི་བཟུང་འགན་འཁྱེར་བ་དེ་ལ་ང་རང་དགའ་བོ་ཞེ་དྲག་བྱུང་སོང་། དེ་མཚུངས་གསུང་བཤད་གནང་མཁན་ཚང་མར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངའི་བསམ་པར་བགྲོ་གླེང་ཚོགས་ཆེན་འདིའི་བརྒྱུད་ཁྱེད་རང་ཚོ་ཚང་མས་ཕན་ཚུན་གཅིག་གིས་གཅིག་ནས་ཁེ་ཕན་དང་ལེགས་ཆ་མང་པོ་བླངས་ཡོད་ཀྱི་རེད། དེ་བཞིན་གཞན་ལ་སློབ་ཁྲིད་ཀྱང་བྱས་ཡོད་ཀྱི་རེད། འབྱུང་འགྱུར་ལའང་ཕན་ཚུན་འབྲེལ་ལམ་འདི་མུ་མཐུད་ནས་གཉར་དགོས་པ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་མི་མང་ཚོགས་ངོས་ནས་དུས་རྟག་ཏུ་བོད་སྨན་འདི་བོད་ཀྱི་རྩ་དོན་གྱིའང་ངོ་ཚབ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད། ང་རང་ཆབ་སྲིད་པ་ཞིག་ཡིན་པའི་ཆ་ནས་ཁྱེད་རྣམས་པ་སྨན་གྱི་བགྲོ་གླེང་འདི་ལྟ་བུར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞེས་བཤད་པ་ཙམ་གྱིས་མ་བཀག་པར། གལ་ཏེ་ཁྱེད་བོད་ཀྱི་སྨན་གྱི་རིག་པ་འདི་གསོན་གནས་ཐུབ་པ་འདོད་ཀྱི་ཡོད་ན། ངེས་པར་དུ་ཁྱེད་ཀྱིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་དགོས་ངེས་ཡིན། མ་འོངས་ཁྱེད་རང་སླར་ཡང་དྷ་སར་ཕེབས་སྐབས་ཕལ་ཆེར་བོད་ཀྱི་སྲིད་དོན་དང་བོད་ཀྱི་གནས་སྟངས་ཐོག་ལ་དམིགས་བསལ་གྱི་གཏམ་བཤད་ཅིག་བཞག་ཆོག་པ་རེད་ཅེས་དགོངས་ཚུལ་ཡང་བཏོན་གནང་སོང་།

དེ་ལྟར་རྒྱལ་སྤྱིའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་དེ་དོན་སྙིང་ལྡན་པའི་སྒོ་ནས་རེ་ཞིག་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།

མཐའ་མའི་འདོན་ཐེངས་།: 07.10.2014 ཉིན། 4:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།