སྨན་རྩིས་དྲ་བ། - ལོ་རྒྱུས།

ཆགས་པ་ཆོས་འཕེལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
ལོ་རྒྱུས། >>



ཆགས་པ་ཆོས་འཕེལ།

- བྱམས་པ་འཕྲིན་ལས།
 

ཆགས་པ་ཆོས་འཕེལ་ནི་རྒྱལ་བ་ལྔ་པ་ཆེན་པོའི་སྐུ་ཚེའི་སྨད་ཙམ་ལ་གཙང་གི་ཕུན་ཚོགས་གླིང་བཀྲ་ཤིས་འཛོམས་ཞེས་པར་གྲོང་པ་རབ་བརྟན་གྱི་བུ་ཕ་མས་མིང་ལ་ནོར་བུ་རབ་བརྟན་ཞེས་བཏགས། ལོ་བཅུ་གསུམ་ཐོག་ཕུན་གླིང་དུ་ཆོས་ཞུགས་བྱས་ནས་སློབ་དཔོན་གྱིས་མིང་ཚོགས་གཉིས་རྒྱ་མཚོ་ཞེས་བཏགས།  
 

བྱིས་པ་རང་གི་རྨི་ལྟས་སུ་སློབ་དཔོན་པདྨས་ཁྱོད་མིང་ཆགས་པ་ཆོས་འཕེལ་དུ་ཐོགས་གསུངས་པ་དེས་ལོ་གཅིག་ཁོངས་སུ། དབུ་མ་འཇུག་པ་དང་། མཛོད་རྩ། རྒྱལ་མཆོག་ལྔ་པས་མཛད་པའི་དབུ་མ་ཐེག་ཆེན་གྲུ་རྫིངས་དང་། ཕར་ཕྱིན་བློ་བཟང་དགོངས་རྒྱན། བྱམས་ཆོས་གྲས་ནས་རྒྱན་གཉིས་དང་། ཆོས་སྤྱོད་རབ་གསལ་ཡོངས་རྫོགས། སྨན་བླ། བླ་མཆོད་སོགས་(ཤོག་གྲངས་ ༦༦༤ ) ཕུན་གླིང་འདུས་ཚོགས་སུ་རྒྱུགས་སྤྲད་འདུག་པ་དེའི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསན་རྗེས་ན་གཞོན་དེ་ལྷ་སར་ཆེད་འགུགས་གནང་སྟེ་ལྷ་སར་འབྱོར་རྗེས་གོང་གསལ་བློ་འཛིན་བྱས་པ་རྣམས་ནས་ཕལ་ཆེ་བ་རྒྱལ་བ་ལྔ་པའི་སྐུ་མདུན་དུ་རྒྱུགས་ཕུལ་ཞིང་། དེ་འཕྲལ་སྡེ་སྲིད་རིན་པོ་ཆེས་ཆགས་པ་ཆོས་འཕེལ་གྱི་བློ་འཛིན་ཇི་འདུག་ཚོད་ལྟའི་ཆེད་དུ་རྩ་རྒྱུད་དོ་ནུབ་གནང་བ་དང་། སང་ཉིན་ཕྱེད་ལ་རྒྱུགས་འབུལ་ཞུས་པར་བརྟེན་སླད་ཕྱིན་བསྟན་འགྲོར་ཕན་དུ་རེ་བའི་དགོངས་པས་སྨན་དཔེ་བློ་འཛིན་དགོས་ཚུལ་བཀའ་སློབ་གནང་། དེ་རྗེས་དུས་འཁོར་འགྲེལ་ཆེན་དང་། རྒྱུད་བཞི་གཉིས་སྣོལ་མར་གནང་སྟེ་ཟླ་རེར་གང་ཟིན་རྒྱུགས་ལེན་དང་། གོ་དོན་གང་ཡིན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ངོ་མས་འགྲེལ་བཤད་གནང་བ་བཅས་ཁྱོན་ཟླ་བ་ལྔ་ལ་རྒྱུད་བཞི་རྫོགས་པར་བློ་འཛིན་ཚར། དེ་དག་མི་བརྗེད་པའི་ཆེད་ཟླ་རེ་རྒྱུད་སྦྱོང་ཐེངས་རེ་བྱེད་མཁན་ཆེད་བསྐོས་མཛད་པ་སོགས་ཐུགས་ཪེ་ཆེ་ཤོས་ཀྱི་སློབ་མ་ཡིན་པ << ཕྱི་རྒྱུད་བེེ་སྔོན་ >>མཇུག་ཏུ་གསལ་པོར་འཁོད་པ་དང་། ས་འབྲུག་ (1688) ལོ་ཟླ་བ་གཉིས་པའི་ཚེས་ཉི་ཤུ་བཞི་ལ་རྒྱུད་བཞིའི་རྒྱུགས་འབུལ་ཞུས་པ་སོགས་ལ་བརྟེན་སྡེ་སྲིད་རིན་པོ་ཆེའིོ་བཀའ་རྩོམ་གནང་། འཛིན་ཞེས་ཤེས་རབ་མགྲིན་རྔ་ཀུན་ལས་སྙན། །གོ་དོན་གཤོག་པའི་རྩལ་ཡང་མི་དམན་ཞིང་། །རིག་བྱེད་སྦྲང་རྩིའི་ཁུར་འཛིན་བྷྲ་མ་ར། །བློ་གསལ་གཞོན་ནུ་ཆགས་པ་ཆོས་འཕེལ་སོགས། །མང་དུ་ཐོས་པའི་དོན་རྣམས་མི་གཡེལ་ལ། །མངོན་པར་སྦྱོར་བའི་མཇུག་པ་ཐོགས་མེད་ཅན། །གསོ་རིག་ཐོས་བསམ་བསྟན་པ་འཛིན་བཟོད་པ། །དོན་ལྡན་འབྱུང་སྙམ་ཚུལ་འདི་འབད་པས་བསྒྲུབས། །ཞེས་ཆགས་པ་ཆོས་འཕེལ་གྱི་ཤེས་རབ་དང་། གོ་རྟོགས་ལ་བསྔགས་བརྗོད་ཅི་ཆེར་མཛད་དེ་ཆགས་པ་ཆོས་འཕེལ་འདྲ་བའི་རྗེས་འཇུག་དོན་གཉེར་ཅན་བསྟན་འགྲོར་ཕན་པ་ཞིག་བྱུང་ན་དགོངས་པའི་ཐུགས་རེ་ཡོད་ཚུལ་གསུངས་པ་དང་། དེ་རྗེས་རབ་བྱུང་བཅུ་གཉིས་ཆུ་ལུག་ (སྤྱི་ལོ་ 1703) ལོ་ལ་བརྩམ་གནང་མཛད་པའི་<< དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ >> ནང་དུ་སྔོན་མེད་ཀྱི་བྲིས་ཆ་བདུན་ཅུ་དོན་དགུ་གསར་བཞེངས་མཛད་པའི་བཤད་རྒྱུད་བྲིས་ཆ་ཨང་སྟེང་གི་བླ་རྒྱུད་ཀྱི་སྐབས་སུ་སྡེ་སྲིད་རིན་པོ་ཆེའི་སྐུ་བརྙན་གཤམ་དུ། ཚུལ་འདིར་བློ་གྲོས་བྱིས་པ་ལྟར། །ཕྲ་ཡང་དད་པའི་རྗེས་འཇུག་ནས། །རྒྱུད་དོན་མ་ནོར་རི་མོ་ཡི། །ལམ་དུ་བཀོད་བྱེད་ཨསྟིའི་མིང་། །ཞེས་འཁོད་པ་དང་། དེའི་གཤམ་དུ་སྡེ་སྲིད་སྐུ་ངོ་མས་ཆགས་པ་ཆོས་འཕེལ་ལ་དཔེ་ཆ་ཞིག་གནང་བའི་ཚུལ་གྱི་རི་མོ་ཡོད། དེའི་མཚན་བྱང་དུ། །སྐད་ཅིག་རྒྱུད་འགྲེལ་ཟུས་འཇུག་ཏུ། །ཁོང་ཆུད་དོན་རྣམས་མི་གཡེལ་བ། །ལམ་འདིའི་ཐོག་མ་སྣོད་ལྡན་པ། །གཞོན་ནུ་ཆགས་པ་ཆོས་རྣམས་འཕེལ། །ཞེས་པའི་ལྗགས་རྩོམ་གནང་བ་བཅས་ཀྱིས་ཆགས་པ་ཆོས་འཕེལ་ནི་མི་དབང་སངས་རྒྱས་རྒྱ་མཚོའི་གསོ་དཔྱད་བསྟན་པ་སྤེལ་བའི་རྒྱུད་འཛིན་འཁྲུལ་མེད་ཡིན་པ་དང་། དེ་མིན<< མན་ངག་ལྷན་ཐབས་ཀྱི་ལྡེ་མིག >> དང་ལྷན་ཐབས་ཀྱི་གབ་སྦས་རྩོམ་མཁན་སྨིན་གླིང་ངག་དབང་དཔལ་བཟང་ཞེས་པའང་སྡེ་སྲིད་རིན་པོ་ཆེའི་དངོས་སློབ་དྲག་གྲས་ཡིན་པ་ལོ་རྒྱུས་ཟུར་གསལ་ལྟར་ཡིན་ནོ། །
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 11:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།