སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

ངོས་བཟུང་རྟགས་ཀྱི་རྣམ་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011
བོད་ཀྱི་སྨན་བཅོས་རིག་པ། >>


ངོས་བཟུང་རྟགས་ཀྱི་རྣམ་བཤད།

བསྟན་འཛིན་བཀྲ་ཤིས།


ནད་ངོས་བཟུང་བར་རྟགས་ཀྱི་གནད་ལ་བསླབ་པར་བྱ་དགོས་ཏེ། ཅིའི་ཕྱིར་ཞེ་ན། ནད་གཞི་དང་ནད་རྟགས་བར་གྱི་འབྲེལ་བ་ནི་མེ་དང་དུ་བའི་འབྲེལ་བ་སྟེ། དུ་བ་བརྒྱུད་ནས་མེ་ཡོད་པ་ངོས་ཟིན་པ་ཇི་བཞིན་དུ་ནད་རྟགས་ཀྱི་སྣང་ཚུལ་བརྒྱུད་ནས་ནད་ཀྱི་ངོ་བོ་ངོས་ཟིན་པ་བྱེད་དགོས་པ་དེ་ཡིན་མོད། འོན་ཀྱང་དེ་ལྟ་བུའི་བརྟག་ཐབས་མི་ཤེས་པའི་སྨན་པ་རྣམས་ཀྱིས་ནི་ནད་རང་རང་གིས་གསལ་བར་བསྟན་པའི་རྟགས་འཁྲུལ་པ་མེད་པ་ཉིད་ཀྱང་དེ་དང་དེའི་རྟགས་ཉིད་ཡིན་པར་མི་ཤེས་ཏེ། དཔེར་ན་མེ་འདོད་པའི་སྐྱེ་བོ་འགའ་ཞིག་གིས་དུ་བ་མཐོང་དུ་ཟིན་ཀྱང་དེ་ཉིད་ཆུ་ཚན་གྱི་རླངས་པའམ་དབྱར་དུས་ཀྱི་རླངས་པ་ཡིན་པར་འཁྲུལ་ཏེ་མེའི་འབྲས་བུ་མཐོང་ཡང་མེར་མི་ཤེས་པའམ། ཡང་ན་དབྱར་དུས་ཀྱི་སྤྲིན་པའི་ཁ་དོག་དང་དལ་བྲེལ་སོགས་ཀྱི་ཤེས་བྱེད་གང་ཡང་མེད་པར་སྤྲིན་འདུས་པ་མཐོང་བ་ཙམ་གྱིས་ངེས་པར་ཆར་འབྱུང་བ་ཡིན་ཟེར་བ་ལྟར་ནད་གང་གི་མངོན་ཚུལ་ཡིན་མིན་དབྱེ་འབྱེད་མི་ཐུབ་པར་ལྟར་སྣང་གི་རྟགས་མ་ངེས་པ་རེ་ཟུང་ལ་བརྟེན་ནས་ནད་ནི་འདིའོ་ཞེས་རྨོངས་ཚོད་ཀྱིས་ནད་ངོས་འཛིན་ཅིང་ཡིད་ཆེས་སུ་བྱེད་པ་དག་ཀྱང་ཡོད་པ་དེའི་ཕྱིར་ལྟར་སྣང་དང་ཅལ་འདྲོག་ཙམ་མ་ཡིན་པར་སྣང་ཚུལ་གྱི་ནད་རྟགས་སྤྱི་བྱེ་བྲག་པ་སོ་སོར་དབྱེ་ཞིབ་ཞིབ་འཇུག་གིས་ནད་ཀྱི་ངོ་བོ་མ་འཁྲུལ་པར་གསལ་བར་རྟོགས་ཐུབ་པའི་ཕྱིར་དུ་འཆད་འགྱུར་གྱི་བརྟག་ཐབས་མན་ངག་དང་བཅས་པ་འདི་ནི་གསོ་བ་པོར་ཁས་འཆེ་བ་ཀུན་གྱིས་གཅེས་པར་བཟུང་དགོས་པ་ཞིག་ཡིན་ནོ། །


ཉེས་པ་དངོས་སྟོན།

ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་སྤྱི་དང་བྱེ་བྲག་དང་བཅས་པ་དངོས་སུ་ལུང་སྟོན་པར་ནུས་པའི་སྒོ་ནས་བརྟག་པར་བྱ་བའི་ཐབས་དེ་ལའང་དང་པོ་ནད་དེ་སློང་བར་བྱེད་པའི་རྒྱུ་རྐྱེན་གྱི་སྒོ་ནས་བརྟག་པ་དང། ནད་དེ་ཉིད་ཀྱི་མཚན་ཉིད་དམ་མངོན་རྟགས་ལ་དཔྱད་པའི་སྒོ་ནས་བརྟག་པ། ཕན་པ་དང་གནོད་པར་གྱུར་པའི་ཟས་སྤྱོད་གང་དང་གང་བསྟེན་ཞིང་གོམས་པར་གྱུར་ཡོད་མེད་ཀྱི་སྒོ་ནས་བརྟག་པ་བཅས་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ནོ། །


སློང་བ་རྒྱུའི་སྒོ་ནས་བརྟག་པ།

ནད་གང་ཡང་ངོས་འཛིན་པར་བྱེད་པ་ལ་ཐོག་མར་ནད་དེ་སློང་བའི་རྒྱུ་རྐྱེན་དུ་གྱུར་པའི་ཟས་སྐོམ་རྣམས་གང་དང་ཅི་ལྟ་བུ་ཟོས་ཤིང་འཐུངས་པ་དང་། ཉལ་འདུག་འགྲོ་འཆག་སོགས་སྤྱོད་ལམ་གང་དང་ཅི་ལྟ་བུ་བྱས་ཞེས་བྱ་བ་ལ་སོགས་པ་དྲི་བའི་སྒོ་ནས་ལེགས་པར་བརྟག་ཅིང་དྲིས་པས་ཀྱང་ནད་ཀུན་ཚུལ་བཞིན་རྟོགས་པར་ནུས་ལ། ཁྱད་པར་དུ་ནད་དེ་ཉིད་དངོས་སུ་སློང་བར་བྱེད་པའི་རྐྱེན་དག་གིས་གསལ་པོར་ཤེས་པར་བྱ་བ་ཡིན་གྱི། ཅིའི་ཕྱིར་ཞེ་ན། རླུང་གི་སློང་རྐྱེན་དུ་གྱུར་པའི་ཟས་སྤྱོད་ཀྱིས་ན་བ་བྱུང་ན་རླུང་ནད་ལས་བད་མཁྲིས་གཉིས་པོར་འགྱུར་མི་སྲིད་པ་དང་། མཁྲིས་པའི་སློང་རྐྱེན་དུ་གྱུར་པའི་ཟས་སྤྱོད་ཀྱིས་ན་བ་བྱུང་ན་མཁྲིས་ནད་ལས་བད་རླུང་གཉིས་པོར་འགྱུར་མི་སྲིད། བད་ཀན་གྱི་སློང་རྐྱེན་དུ་གྱུར་པའི་ཟས་སྤྱོད་ཀྱིས་ན་བ་བྱུང་ན་བད་ཀན་གྱི་ནད་ལས་རླུང་མཁྲིས་གཉིས་པོར་འགྱུར་མི་སྲིད་ཅིང་། མདོར་ན་རྒྱུ་རྐྱེན་དེ་དག་ལས་འབྲས་བུའི་ནད་ཀྱང་དེ་རང་འབྱུང་བ་མ་གཏོགས་རྒྱུ་ལས་འབྲས་བུ་འགལ་བར་འབྱུང་མི་སྲིད་པའི་ཕྱིར་རོ། །
མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ།
ནད་གཞིའི་མཚན་ཉིད་ཀྱི་རྟགས་ལ་བརྟག་པར་བྱ་བའི་ཐབས་དེ་ལའང་གཞི་གང་ལ་བརྟག་པ་དང། ཡུལ་གང་ལ་བརྟག་པ། སྒོ་གང་ལ་བརྟག་པ། བརྟག་ཚུལ་ཇི་ལྟར་འཛིན་དགོས་པ་བཅས་རྣམ་པ་བཞི་ཡོད་ཅིང་། དེ་ཡང་དང་པོ་གཞི་གང་ལ་བརྟག་དགོས་སམ་ཞེ་ན། ནད་ཐམས་ཅད་འབྱུང་བར་བྱེད་པའི་གཞིའམ་རྩ་བ་ལྟ་བུ་ནི་རླུང་མཁྲིས་བད་ཀན་གསུམ་ཡིན་ལ། རྣམ་པར་གྱུར་པ་ཉེས་པ་དངོས་འབྱུང་བར་འགྱུར་བའི་རང་རང་གི་མཚན་ཉིད་ལྡང་ཚད་ལས་མང་དུ་འཕེལ་བ་དང་། དེ་ལས་ཉུང་དུ་ཟད་པ། ནད་གསོག་ཅིང་ལྡང་བ། ཕན་ཚུན་འཁྲུགས་པ་སོགས་གོང་དུ་འཕེལ་འགྲིབ་ནད་ཀྱི་གནས་སུ་བསྟན་པའི་ནད་ཀྱི་མཚན་ཉིད་རྣམས་ཀྱི་ནད་རྟགས་སོ་སོར་མ་འདྲེས་པར་ཤེས་པར་འགྱུར་ཏེ། དེ་དག་ཀྱང་ཚ་བ་དང་གྲང་བའི་རྟགས་རྣམ་པ་གཉིས་སུ་མདོར་ཧྲིལ་གྱིས་དྲིལ་ལ་བརྟག་པར་བྱའོ། །
གཉིས་པ་ཡུལ་གང་ལ་བརྟག་དགོས་སམ་ཞེ་ན། ནད་པའི་དབང་པོ་ལྔ་དང་། དེའི་ཡུལ་ལྔ། དྲི་མ་ལྔ་བཅས་ལ་བརྟག་དགོས་ཤིང་། དེ་ཡང་ནད་པའི་མིག་དང་། རྣ་བ། སྣ། ལྕེ། ལུས་བཅས་དབང་པོ་ལྔའི་ཁ་དོག་སོགས་ལ་བརྟག་དགོས་པ་དང་། དེའི་ཡུལ་གཟུགས་དང་། སྒྲ། དྲི། རོ། རེག་བྱ་བཅས་ལྔའི་ཚོར་བ་ལ་བརྟག་དགོས་པ། དྲི་མ་སྟེ་ལུད་པ་དང་། འཁྲུ་བ། སྐྱུགས་པ། དྲི་ཆུ། ཁྲག་བཅས་ལ་བརྟག་དགོས་པ་ཡིན་ནོ། །
གསུམ་པ་སྒོ་གང་ལ་བརྟག་དགོས་སམ་ཞེ་ན། ཡུལ་ཏེ། ངད་ཅན་གྲང་བ་རླུང་གི་ཡུལ་ཡིན་པ་དང་། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་ཡིན་པ། རླན་ཅན་སྣུམ་པ་བད་ཀན་གྱི་ཡུལ་ཡིན་པ་བཅས་ནད་པའི་གནས་ཡུལ་གང་ཡིན་ལ་བརྟག་པར་བྱ་བ་དང་། དུས་ཏེ། དབྱར་ཆར་རླུང་རྒྱས་པ་རླུང་ལྡང་བའི་དུས་ཡིན་པ་དང་། སྟོན་ཚད་པ་ཆེ་བ་མཁྲིས་པ་ལྡང་བའི་དུས་ཡིན་པ། དཔྱིད་ཉི་འོད་ཀྱིས་བསྒོངས་པ་བཤིག་སྟེ་བད་ཀན་ལྡང་བའི་དུས་ཡིན་པ་བཅས་ནམ་ཟླའི་ལྡང་དུས་གང་ཡིན་ལ་བརྟག་པར་བྱ་བ། རང་བཞིན་ཏེ། རླུང་གི་རང་བཞིན་ཅན་དང་། མཁྲིས་པའི་རང་བཞིན་ཅན། བད་ཀན་གྱི་རང་བཞིན་ཅན། ལྡན་འདུས་ཀྱི་རང་བཞིན་ཅན་བཅས་ལུས་ཀྱི་རང་བཞིན་གང་ཡིན་ལ་བརྟག་པར་བྱ་བ། ན་ཚོད་དེ། རྒས་པ་རླུང་གི་མི་དང་། དར་མ་མཁྲིས་པའི་མི། བྱིས་པ་བད་ཀན་གྱི་མི་ཡིན་པ་བཅས་ན་ཚོད་གང་ཡིན་ལ་བརྟག་པར་བྱ་བ། ཉིན་ཞག་སྟེ། དགོང་དང་ཐོ་རངས་རླུང་གི་ལྡང་དུས་ཡིན་པ་དང་། ཉིན་དགུང་མཚན་དགུང་མཁྲིས་པའི་ལྡང་དུས་ཡིན་པ། སྲོད་དང་སྔ་དྲོ་བད་ཀན་གྱི་ལྡང་དུས་ཡིན་པ་བཅས་ཉིན་ཞག་གི་ལྡང་དུས་ལ་བརྟག་པར་བྱ་བ། ཟས་ཟོས་ཏེ་ཟས་ཞུ་བའི་རྗེས་ལ་ན་བ་རླུང་གི་ནད་ཡིན་པ་དང་། ཟས་འཇུ་བའི་དུས་ལ་ན་བ་མཁྲིས་པའི་ནད་ཡིན་པ། ཟས་ཟོས་མ་ཐག་ཏུ་ན་བ་བད་ཀན་གྱི་ནད་ཡིན་པ་བཅས་ཟས་ཟོས་ཀྱི་དུས་ལ་བརྟག་པར་བྱ་བ། གནས་ཏེ། རླུང་དཔྱི་རྐེད་ལ་བརྟེན་ནས་སྨད་ན་གནས་པ་དང་། མཁྲིས་པ་མཆིན་མཁྲིས་ལ་བརྟེན་ནས་བར་ན་གནས་པ། བད་ཀན་ཀླད་པ་ལ་བརྟེན་ནས་སྟོད་ན་གནས་པ་བཅས་ནད་ཀྱི་གནས་ལ་བརྟག་པར་བྱ་བ་བཅས་ཀྱི་སྙིང་པོ་འདི་ལྟར་ཡིན་ཏེ། དཔེར་ན་ཡུལ་ངད་ཅན་གྲང་བ་དང་། དུས་དབྱར་ཁ། རང་བཞིན་རླུང་གི་མི། ན་ཚོད་རྒན་པོ་བཅས་ཡིན་པར་དགོང་དང་ཐོ་རངས་ཀྱི་དུས་དང་ཟས་ཞུ་བའི་རྗེས་ལ་ན་བ། ནད་ཀྱང་སྨད་ན་གནས་པ་བཅས་ནི་རླུང་གི་ནད་དུ་ཤེས་ཤིང་། དེ་དག་ཀྱང་ཀུན་ཚང་བའམ་ཡང་ན་སུམ་ཆ་གཉིས་སམ་སུམ་ཆ་གཅིག་ཚང་བར་རིམ་པ་བཞིན་རླུང་ནད་སྟོབས་ཆེ་འབྲིང་ཆུང་གསུམ་དུ་རིག་པས་དཔགས་ཏེ་ཤེས་པར་བྱ་དགོས་པ་བཞིན་གཞན་གཉིས་པོ་དང་ཡང་ཕན་ཚུན་གོ་བསྟུན་གྱིས་ལེགས་པར་བརྟག་སྟེ་ཡུལ་དུས་རང་བཞིན་སོགས་མཐའ་དག་མཚུངས་ན་རྐྱང་པའི་ནད་གསུམ་པོ་གང་རུང་ཞིག་ཡིན་པ་དང་། གལ་ཏེ་ཡུལ་དུས་རང་བཞིན་སོགས་ཕན་ཚུན་འདྲེས་ཡོད་ན་ལྡན་པ་དང་ཡང་ན་འདུས་པའི་ནད་ཡིན་པ་ལྟ་བུ་མ་འཁྲུལ་པར་གསལ་པོར་རྟོགས་ནུས་པ་ཡིན་ནོ། །
བཞི་པ་བརྟག་ཚུལ་ཇི་ལྟར་འཛིན་དགོས་སམ་ཞེ་ན།་མིག་གིས་བལྟ་བ་དང་། སོར་མོས་རེག་པ། ངག་གིས་དྲི་བ་བཅས་ཐབས་རིག་པ་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ནོ། །
མིག་གིས་བལྟ་བའི་སྒོ་ནས་ནད་ངོས་འཛིན་པ་ནི་སྨན་པའི་མིག་གི་ཡུལ་དུ་གྱུར་པའི་བརྟག་པ་ཐམས་ཅད་ལ་བྱ་སྟེ། དེ་ཡང་ནད་པའི་ལུས་བོངས་ཆེ་ཆུང་དང་། གཟུགས་དབྱིབས་ཀྱི་འགྱུར་བ། ན་ཚོད། མིག་སྤྲིན། ལུད་པ། བཤང་བ། སྐྱུགས་པ། ཁ་དོག་སོགས་ཀུན་ལ་བརྟག་པར་བྱ་ཞིང་། ཁྱད་པར་དུ་ནད་པའི་ལྕེ་དང་དྲི་ཆུ་ལ་བརྟག་པར་བྱ་བ་བཅས་ནི་མིག་གིས་བལྟ་བའི་ཐབས་ལ་བརྟེན་ནས་ནད་གཞི་མངོན་སུམ་དུ་རྟོགས་ཐབས་བྱེད་པ་ཞིག་ཡིན་པས་དེར་མཐོང་བ་ཡུལ་གྱི་རིག་པའི་བརྟག་ཐབས་ཞེས་བྱའོ། །
ལུས་ལ་བརྟག་པ།
ལུས་ཀྱི་ཤ་མདོག་སྔོ་ལ་སྐམ་པ་དང་། དབྱིབས་སྒུར་ཞིང་ལུས་བོངས་ཆུང་བ་སོགས་ནི་རླུང་གི་རང་བཞིན་ཅན་གྱི་ལུས་ཁམས་ཡིན་པ་དང་། སྐྲ་ལུས་སོགས་ཀྱི་མདོག་སེར་ཞིང་རྔུལ་ཆེ་བ་དང་། ལུས་བོངས་འབྲིང་བ་སོགས་ནི་མཁྲིས་པའི་རང་བཞིན་ཅན་གྱི་ལུས་ཁམས་ཡིན་པ། བཞིན་གྱི་མདངས་སྐྱ་ཞིང་སྦོས་པ་དང་། མདངས་མེད་པ། ཤ་རྒྱས་པ། རུས་ཚིགས་མི་མངོན་པ་སོགས་ནི་བད་ཀན་རང་བཞིན་ཅན་གྱི་ལུས་ཁམས་བཅས་ཡིན་ནོ། །

མིག་ལ་བརྟག་པ།
མིག་སྤྲིན་དམར་ལ་མིག་དཔངས་མཐོ་བ་དེ་ནི་རླུང་གི་ནད་ཡོད་པའི་རྟགས་ཡིན་པ་དང་། མིག་སེར་ལ་ཤ་སྤྲིན་དམར་བ་དེ་ནི་མཁྲིས་པའི་ནད་ཡོད་པའི་རྟགས་ཡིན་པ། མིག་སྤྲིན་དཀར་ལ་གཡུང་བའམ་མཐོང་ཤུགས་ཞན་པ་དེ་ནི་བད་ཀན་གྱི་ནད་ཡོད་པའི་རྟགས་ཡིན་པ། །མིག་ཧ་རེར་བལྟས་ནས་སྡོད་པ་དེ་ནི་རླུང་ནད་དྲག་པོས་ཐེབས་པའམ་ཀླད་པར་སྐྱོན་ཡོད་པའི་རྟགས་ཡིན་པ། མིག་སྤྲིན་དམར་པོར་གྱུར་པ་དེ་ནི་ཁྲག་དང་ཚ་བའི་ནད་ཡོད་པའི་རྟགས་ཡིན་པ། མིག་ལྕིབས་ནང་ངོས་དཀར་པོར་གྱུར་པ་དེ་ནི་ཟུངས་ཁྲག་ཉམས་ཡོད་པའི་རྟགས་ཡིན་པ། མིག་དམར་རྐྱང་དུ་གྱུར་པ་དེ་ནི་ངན་ཁྲག་རྒྱས་ཡོད་པའི་རྟགས་ཡིན་པ། མིག་གི་རྒྱལ་མོ་ཆེན་པོར་གྱུར་པ་དེ་ནི་དུག་ཕོག་པའམ་ཡང་ན་ཀླད་པར་སྐྱོན་ཡོད་པའི་རྟགས་ཡིན་པ། མིག་ལྕིབས་སྐྲངས་ཡོང་བ་དེ་ནི་མཁལ་མ་དང་སྐྱ་རྦབ་ཀྱི་ནད་ཡོད་པའི་རྟགས་ཡིན་པ། བྱིས་པའི་མིག་གྱེན་ལ་བལྟ་བ་དེ་ནི་མཆིན་པ་བབས་ཡོད་པའི་རྟགས་ཡིན་པ། བྱིས་པའི་མིག་སྤྲིན་དམར་པོར་གྱུར་པ་དེ་ནི་སིབ་བེའི་ནད་ཡོད་པའི་རྟགས་བཅས་ཡིན་ནོ། །
རྣ་བར་བརྟག་པ།
བྱིས་པའི་རྣ་གཤོག་གཡས་གཡོན་གྱི་རྒྱབ་ངོས་ན་རྩ་རིས་མངོན་ཆེ་བ་གསུམ་རེ་ཡོད་ཅིང། དེ་དག་ལས་རྣ་གཤོག་གཡས་ངོས་ཀྱི་རྩ་རིས་གོང་མ་ནི་གློ་བའི་རྩ་༼བུ་མོར་གཡོན༽དང་། དབུས་མ་ནི་ཕོ་མཆེར་གྱི་རྩ། འོག་མ་ནི་མཁལ་མ་གཡས་དང་ལྒང་པའི་རྩ་བཅས་ཡིན་པ་དང་། རྣ་གཤོག་གཡོན་ངོས་ཀྱི་རྩ་རིས་གོང་མ་ནི་སྙིང་གི་རྩ་《བུ་མོར་གཡས་》དང་། དབུས་མ་ནི་མཆིན་པའི་རྩ། འོག་མ་ནི་མཁལ་མ་གཡོན་དང་སྣོད་ཀྱི་རྩ་བཅས་ཡིན་ཞིང་། དེས་ན་རྣ་གཤོག་གི་མདུན་ངོས་ནས་ཉི་འོད་དམ་གློག་འོད་ཀྱིས་འཕྲོ་རུ་བཅུག་སྟེ་རྒྱབ་ངོས་ནས་བརྟག་པས་རྩའི་མདོག་དམར་ཞིང་སྦོམ་ཕྲ་སྙོམས་པར་དར་གྱི་སྐུད་པ་དྲངས་པ་ལྟར་ཕྲ་ཞིང་དམར་ལ་དྭངས་པ་དང་། ཤིང་ལོ་རྒྱས་པ་འདྲ་བར་རྩ་བ་མ་ཐོན་པ། རྩེ་མོ་ལ་མ་བརྒལ་བ་བཅས་ནི་ནད་མེད་ཀྱི་རྟགས་སམ་ནད་ཅན་ཡིན་རུང་ཉེས་པ་ཆེར་མི་འབྱུང་བའི་རྟགས་ཡིན་ནོ། །གལ་ཏེ་རྣ་བ་གཡས་ངོས་ཀྱི་རྩ་གོང་མ་དེ་སྦོམ་ཞིང་རྒྱས་ལ་མདོག་ཀྱང་ནག་པོར་གྱུར་ན་གློ་བར་ཚད་པ་སོགས་ཀྱི་ནད་ཡོད་པའི་རྟགས་ཡིན་པ་དང་། སྐྱ་ན་མ་རླུང་བུ་ལ་བབས་ཡོད་པའི་རྟགས་ཡིན་པ། སྐྱ་ལ་སེར་མདངས་ཆགས་ན་གློ་བར་གྲང་བའི་ནད་གཞི་ཡོད་པའི་རྟགས་བཅས་ཡིན་པ་དང་། རྩ་དབུས་མ་དེ་སྦོམ་ཞིང་རྒྱས་ལ་མདོག་ཀྱང་ནག་ན་ཕོ་མཆེར་གཉིས་ལ་ཚད་པ་སོགས་ཀྱི་ནད་ཡོད་པའི་རྟགས་ཡིན་པ་དང་། སྐྱ་ཞིང་སེར་ན་གྲང་བའི་ནད་ཡོད་པའི་རྟགས་ཡིན་པ། རྩ་འོག་མ་དེ་སྦོམ་ཞིང་རྒྱས་ལ་མདོག་ཀྱང་ནག་པོར་གྱུར་ན་མཁལ་མ་གཡས་དང་ལྒང་པར་ཚད་པ་སོགས་ཀྱི་ནད་ཡོད་པའི་རྟགས་ཡིན་པ་དང་། སྐྱ་ཞིང་སེར་ན་གྲང་བའི་ནད་ཡོད་པའི་རྟགས་བཅས་ཡིན། རྣ་བ་གཡོན་ངོས་ཀྱི་རྩ་གོང་མ་དེ་སྦོམ་ཞིང་རྒྱས་ལ་མདོག་ཀྱང་ནག་པོར་གྱུར་ན་སྙིང་ལ་ཚད་པ་སོགས་ཀྱི་ནད་ཡོད་པའི་རྟགས་ཡིན་པ་དང་། སྐྱ་ལ་སེར་ན་གྲང་བའི་ནད་ཡོད་པའི་རྟགས་ཡིན་པ། རྩ་དབུས་མ་དེ་སྦོམ་ཞིང་རྒྱས་ལ་མདོག་ཀྱང་ནག་པོར་གྱུར་ན་མཆིན་པར་ཚད་པ་སོགས་ཀྱི་ནད་ཡོད་པའི་རྟགས་ཡིན་པ་དང་། སྐྱ་ལ་སེར་ན་གྲང་བའི་ནད་ཡོད་པའི་རྟགས་ཡིན་པ། རྩ་འོག་མ་དེ་སྦོམ་ཞིང་རྒྱས་ལ་མདོག་ཀྱང་ནག་པོར་གྱུར་ན་མཁལ་མ་གཡོན་དང་སྣོད་ལ་ཚད་པ་སོགས་ཀྱི་ནད་ཡོད་པའི་རྟགས་ཡིན་པ་དང་། སྐྱ་ལ་སེར་ན་གྲང་བའི་ནད་ཡོད་པའི་རྟགས་བཅས་ཡིན་ནོ། །
སྣ་ལ་བརྟག་པ།
ནད་པའི་སྣ་བུག་གི་གཤོག་པ་གཉིས་ཞོམ་འགྲོ་བ་དེ་ནི་གློ་གཅོང་གི་ནད་ཡོད་པའི་རྟགས་ཡིན་པ་དང་། སྣ་བུག་ཚ་ཞིང་སྣ་ཆུ་མང་དུ་འཛག་པ་དེ་ནི་ཆམ་པའི་ནད་ཕོག་ཡོད་པའི་རྟགས་ཡིན་པ། སྣ་སྒོ་སྐམ་ཞིང་འགག་ཡོང་བ་དེ་ནི་གློ་བར་ཚད་པ་ཡོད་པའི་རྟགས་ཡིན་པ། སྣ་རྩེ་དམར་ལ་སྣ་ཆུ་མང་བ་དེ་ནི་གློ་བར་ཆུ་སེར་གྱི་ནད་ཞུགས་ཡོད་པའི་རྟགས་ཡིན་པ། སྣ་རྩེར་དྲེག་པ་ཆགས་པ་དེ་ནི་ཕོ་བའི་ནད་ཡོད་པའི་རྟགས་ཡིན་པ། སྣ་ནས་རྣག་དང་སྦྲིད་པ་འབྱུང་བ་དེ་ནི་གཅོང་ནད་ཀྱི་རྟགས་བཅས་ཡིན་ནོ། །
ལྕེ་ལ་བརྟག་པ།
ལྕེའི་མདོག་དམར་ལ་རྩུབ་ཅིང་སྐམ་ལ་གས་པ་རྣམས་ནི་རླུང་གི་ནད་རྟགས་ཡིན་པ་དང་། ལྕེ་སྐམ་ཕྱིན་ཆད་རླུང་གིས་བུས་པའི་ནད་རྟགས་ཡིན་པ། ལྕེའི་རྩེ་ཡར་འདྲིལ་ཞིང་སྐམ་ལ་རིད་པ་དེ་ནི་རླུང་ལས་ཚད་པ་ཁ་མཐོ་བའི་ནད་རྟགས་ཡིན་པ། ལྕེ་སྐམ་ལ་མདོག་ནག་པ་དེ་ནི་རླུང་ཚད་ཕྱེད་མར་ཡོད་པའི་ནད་རྟགས་ཡིན་པ། ལྕེའི་མདོག་དམར་ལ་སྐམ་ཞིང་རྩུབ་པ་དེ་ནི་རླུང་ཉིད་ཡིན་ཏེ་ཚ་བ་མེད་པའི་ནད་རྟགས་ཡིན་པ། ལྕེའི་འོག་སེར་པོ་ཆགས་པ་དེ་ནི་མཁྲིས་པའི་ནད་རྟགས་ཡིན་པ། ལྕེའི་མདོག་སྐྱ་ལ་མདངས་མེད་པ་དང་འཇམ་ཞིང་ཚི་སྐྱེས་པ་དེ་ནི་བད་ཀན་གྱི་ནད་རྟགས་ཡིན་པ། ལྕེའི་མདོག་སེར་ལ་སྐམ་ཞིང་གྱོང་བ་དེ་ནི་རླུང་མཁྲིས་ལྡན་པའི་ནད་རྟགས་ཡིན་པ། ལྕེའི་མདོག་སྐྱ་ལ་སྐམ་ཞིང་གྱོང་བ་དེ་ནི་བད་རླུང་ལྡན་པའི་ནད་རྟགས་ཡིན་པ། ལྕེ་སྐྱ་གླེག་ལ་མདོག་མེད་པ་ལྟ་བུ་དེ་ནི་ཚ་བ་བྱེར་ཞིང་རྙོགས་པའི་ནད་རྟགས་ཡིན་པ། ལྕེའི་མདོག་སྐྱ་བའི་སྟེང་དུ་རླུང་འབྲུམ་དམར་རྩིམ་འབྱུང་བ་དེ་ནི་མ་སྨིན་པའི་ཚ་བའི་ནད་རྟགས་ཡིན་པ། ལྕེ་སྟེང་གི་མདོག་དཀར་སེར་ལ་རླུང་འབྲུམ་མེད་པ་དེ་ནི་ཚ་བ་སྨིན་པའི་ནད་རྟགས་ཡིན་པ། ལྕེ་སྐམ་ཞིང་གྱོང་ལ་ཁ་བ་བྲོ་བ་དེ་ནི་སྨུག་པོ་ཚ་བ་རྒྱས་པའི་ནད་རྟགས་ཡིན་པ། ལྕེའི་རྩེ་ནག་པོ་ཡོད་པ་དེ་ནི་སྙིང་ལ་ཚ་བ་ཞུགས་པའི་ནད་རྟགས་ཡིན་པ། ལྕེའི་གཞུང་གས་ནས་སེར་ག་དོན་པ་དེ་ནི་སྙིང་ལ་ནད་ཡོད་པའི་རྟགས་ཡིན་པ། ལྕེའི་མདོག་སྐྱ་ལ་མཆུ་ནག་པ་དེ་ནི་མཆེར་པར་ཚ་བ་རྒྱས་པའི་ནད་རྟགས་ཡིན་པ། ལྕེའི་ཟུར་གཉིས་ནག་པོ་ཆགས་པ་དེ་ནི་མཁལ་མར་ནད་ཡོད་པའི་རྟགས་ཡིན་པ། ལྕེ་ལ་ཚིལ་ཡོག་འདྲ་བ་དེ་ནི་བད་ཀན་སྐྱ་བོ་ཕོ་མཆིན་ལ་རྒྱས་པའི་ནད་རྟགས་ཡིན་པ། ལྕེའི་མདོག་སྨུག་པོ་སེར་ག་ཅན་འབྱུང་བ་དེ་ནི་ཕོ་བ་དང་མཆིན་པར་སྨུག་པོའི་ནད་ཡོད་པའི་རྟགས་ཡིན་པ། ལྕེའི་འོག་ཏུ་ལྕེ་འདྲ་བ་སྐྲངས་ཏེ་སྨྲ་མི་ནུས་ཤིང་ཁ་ཟས་ཟ་མི་ཐུབ་པ་དེ་ནི་ལྕེ་ལྷག་གི་ནད་རྟགས་ཡིན་པ། ལྕེ་སྐྲངས་ནས་ཁ་ཁེངས་ཤིང་ཁ་ཆུ་འཛག་སྟེ་ཟས་མི་ཐར་བ་དེ་ནི་ལྕེ་སྐྲངས་ཀྱི་ནད་རྟགས་ཡིན་པ། ལྕེ་ཆུང་བ་ཡི་ནུ་མ་ལྟར་རྒྱས་ཏེ་ལྐོག་མ་འགག་ནས་ཟས་སྐོམ་གང་ཡང་མི་ཐར་བར་སྣར་འོང་ཞིང་སྐྱུག་པ་དེ་ནི་ལྕེ་ཆུང་བབས་པའི་ནད་རྟགས་བཅས་ཡིན་ནོ། །དེ་མིན་ལྕེའི་མདོག་དམར་ལ་འཇམ་པ་དང་རློན་ཞིང་མཉེན་པ་དེ་ནི་ནད་མེད་པའི་རྟགས་ཡིན་པའང་ཤེས་པར་བྱ་དགོས་སོ།།
ནུ་ཞོར་བརྟག་པ།
མའི་ནུ་ཞོར་བརྟགས་ནས་བྱིས་པའི་ནད་ངོས་འཛིན་པའི་ཐབས་ནི་འདི་ལྟར་ཡིན་ཏེ། འཁར་གཞོང་ཆུས་བཀང་བའི་ཁར་མའི་ནུ་ཞོ་བཞོས་ནས་བླུགས་པས་འོ་མའི་མདོག་སྨུག་པོར་གྱུར་སོང་ན་བྱིས་པར་ཁྲག་གི་ནད་དང། སེར་པོར་གྱུར་སོང་ན་མཁྲིས་པའི་ནད། དཀར་ཞིང་ལྦུ་བ་ལངས་ན་རླུང་གི་ནད། སྔོ་ཞིང་སྣལ་ན་བད་ཀན་གྱི་ནད་ཡོད་པའི་རྟགས་བཅས་ཡིན་ལ། ནུ་ཞོ་ཆུའི་སྟེང་དུ་བྱུང་ན་བཅོས་མི་དགོས་པ་དང་། གཏིང་དུ་སོང་ན་འཆི་བའི་རྟགས། བར་དུ་ཆགས་ན་བཅོས་སུ་བཏུབ་པའི་རྟགས། ཀ་བ་ཚུགས་ན་མི་འཆི་ཙམ་གྱི་རྟགས། ཚོམ་བུར་ཆད་པའམ་སྦལ་སྒོང་འདྲ་ན་གློ་བུའི་ནད་ངོའི་རྟགས་ཡིན་པ་བཅས་ཀྱང་ཤེས་པར་བྱའོ། །
གདོང་གཤིས་ལ་བརྟག་པ།
གདོང་མདོག་སྔོ་ནག་ཆགས་པ་དེ་ནི་རླུང་གི་ནད་རྟགས་ཡིན་པ་དང། གདོང་མདོག་སེར་པོར་གྱུར་པ་དེ་ནི་མཁྲིས་པའི་ནད་རྟགས་ཡིན་པ། གདོང་མདོག་སྐྱ་བོར་གྱུར་པ་དེ་ནི་བད་ཀན་ནམ་སྐྱ་རྦབ་ཀྱི་ནད་རྟགས་ཡིན་པ། གདོང་མདོག་ཧ་ཅང་ཉམས་པ་དེ་ནི་གློ་གཅོང་སོགས་གཅོང་ནད་ཀྱི་རྟགས་ཡིན་པ། གདོང་མདོག་དམར་སྨུག་ཏུ་གྱུར་པ་དེ་ནི་ཁྲག་ངན་རྒྱས་པའི་ནད་རྟགས་ཡིན་པ། ངོ་ཁེབས་འཁོར་བ་དེ་ནི་ཕོ་མཆེར་ལ་ནད་ཡོད་པའམ་ཡང་ན་མངལ་འཁྲི་བའི་རྟགས་ཡིན་པ། མས་མཆུ་སྐྲངས་ནས་སྐྱ་བོར་གྱུར་པ་དེ་ནི་མཆེར་པར་ནད་ཡོད་པའི་རྟགས་བཅས་ཡིན་ནོ། །
ལུད་པར་བརྟག་པ།
ལུད་པ་སྐྱ་གསོབ་ལྦུ་བ་ཅན་དང་སྔོ་ནག་ལུ་བ་དེ་ནི་རླུང་གི་ནད་རྟགས་ཡིན་པ་དང། ལུད་པ་དམར་སེར་ཚྭ་ཁུ་བྲོ་བ་དེ་ནི་མཁྲིས་པའི་ནད་རྟགས་ཡིན་པ། བེ་སྣབས་སྔོ་འཇོབ་ལྗན་ལྗིན་མང་པོ་ལུ་བ་དེ་ནི་བད་ཀན་གྱི་ནད་རྟགས་ཡིན་པ། དགོང་དང་ཐོ་རངས་ཀྱི་དུས་སུ་གློ་འགོག་དཀའ་ཞིང་ལུད་པ་ལྦུ་གསོབ་ཅན་ལུ་བ་དེ་ནི་གློ་རླུང་གི་ནད་རྟགས་ཡིན་པ། ལུད་པ་ཁྲག་ཅན་ལྦུ་གསོབ་ལུ་བ་དེ་ནི་གློ་བ་སྐྱ་རྦབ་ཀྱི་ནད་རྟགས་ཡིན་པ། ལུད་པར་ཚྭ་ཁུ་བྲོ་བ་དང་ཡང་ན་ཁྲག་འདྲེས་ནས་ལུ་བ་དེ་ནི་གློ་ཚད་ཀྱི་ནད་རྟགས་ཡིན་པ། ལུད་པ་རྣག་ཅན་ལ་ལྦུ་བ་ཉ་མིག་ལྟར་ལུ་བ་དེ་ནི་གློ་བར་རྣག་བསགས་པའི་ནད་རྟགས་ཡིན་པ། ལུད་པ་དམར་སེར་དུད་ཁུ་མང་དུ་ལུ་བ་དེ་ནི་ཚ་བ་རྒྱས་པའི་ནད་རྟགས་ཡིན་པ། ལུད་པར་ཁྲག་དང་བཅས་སྨུག་པོར་ལུ་བ་དེ་ནི་སྨུག་པོ་བྱེར་བའི་ནད་རྟགས་ཡིན་པ། ལུད་པ་དུད་ཁུ་ཤའི་སྐྱོ་མ་འདྲ་བ་མང་དུ་ལུ་ཞིང་གྲེ་བར་གསོག་ན་འཆི་བའི་རྟགས་བཅས་ཡིན་ནོ། །
བཤང་བར་བརྟག་པ།
བཤང་བ་ལྦུ་བ་ཅན་དང་འུར་འཁྲོག་སྒྲ་བཅས་ཆུར་འཁྲུ་བ་དེ་ནི་རླུང་གི་ནད་རྟགས་ཡིན་པ་དང་། བཤང་བའི་མདོག་དམར་སེར་རམ་ལྗང་ཁུ། ཡང་ན་དུད་ཁུ་ཅན་ལ་དྲི་མ་ཆེ་ཞིང་ཟུག་ཆེ་འཁྲུ་བུངས་ཆུང་བ་ཆུའི་གཏིང་དུ་བྱིང་བ་དེ་ནི་མཁྲིས་པའི་ནད་རྟགས་ཡིན་པ། བེ་སྣབས་དང་ཟས་མ་སྨིན་པར་འཁྲུ་ཞིང་ཆུའི་སྟེང་དུ་འཕྱོ་བ་དེ་ནི་བད་ཀན་ནམ་གྲང་འཁྲུའི་ནད་རྟགས་ཡིན་པ། བཤང་བའི་མདོག་དམར་སྨུག་དུད་ཁུ་འདྲ་བ་འཁྲུ་བ་དེ་ནི་མཆིན་པར་ཚ་བ་ཞུགས་པའི་ནད་རྟགས་ཡིན་པ། བཤང་བ་སླ་ལ་ཁྲག་དང་བེ་སྣབས་འདྲེས་ནས་འཁྲུ་བ་དེ་ནི་རྒྱུ་ཚད་ཀྱི་ནད་རྟགས་ཡིན་པ། བཤང་བའི་མདོག་ཧ་ཅང་སེར་བ་དེ་ནི་མཁྲིས་ཚད་རྒྱས་པའི་ནད་རྟགས་ཡིན་པ། བཤང་བའི་མདོག་དཀར་ལ་གསོབ་པ་དེ་ནི་གྲང་མཁྲིས་ཀྱི་ནད་རྟགས་ཡིན་པ། བཤང་བའི་མདོག་སྨུག་ལ་སྐམ་ཞིང་ཤ་བའི་རིལ་མ་འདྲ་བ་འབྱུང་བ་དེ་ནི་བད་ཀན་སྨུག་པོའི་ནད་རྟགས་ཡིན་པ། བཤང་བའི་ཕྱིར་ཁྲག་འགོས་ཡོད་པ་དང་ཁྲག་ཐིགས་ཡོང་བ་དེ་ནི་གཞང་འབྲུམ་གྱི་ནད་རྟགས་བཅས་ཡིན་ནོ། །
སྐྱུག་པར་བརྟག་པ།
སྟོང་སྐྱུག་བྱེད་པའམ་ལྦུ་གསོབ་ཅན་སྐྱུག་པ་དེ་ནི་རླུང་གི་ནད་རྟགས་ཡིན་པ་དང་། སེར་པོ་ཁ་ཏིག་ཅན་སྐྱུག་པ་དེ་ནི་མཁྲིས་པའི་ནད་རྟགས་ཡིན་པ། རྩམ་པ་སོགས་ཟས་ཅི་ཟོས་མདོག་མ་ལོག་པ་རྗེན་པར་སྐྱུག་པ་དེ་ནི་བད་ཀན་དང་མ་ཞུ་བའི་ནད་རྟགས་ཡིན་པ། ཆུ་སྐྱུར་འབྱར་བག་ཅན་སྐྱུག་པ་དེ་ནི་ཕོ་ཚད་ཀྱི་ནད་རྟགས་ཡིན་པ། ཁྲག་རུལ་དུད་ཁུ་འདྲ་བ་སྐྱུག་པ་དེ་ནི་བད་ཀན་སྨུག་པོའི་ནད་རྟགས་ཡིན་པ། ལྦུ་བ་ཅན་བེ་སྣབས་འདྲེས་ནས་སྐྱུག་པ་དེ་ནི་བད་རླུང་གི་ནད་རྟགས་བཅས་ཡིན་ནོ། །
ཁྲག་ལ་བརྟག་པ།
གཏར་ཁྲག་ཤུགས་དྲག་ཅིང་སླ་ལ་སེར་བ་དང་། དྲི་དུགས་ལ་ཆེར་སྤོ་བ། བྱ་ཝང་གི་རྒྱབ་འདྲ་བ་དཀར་ཁྲ་ཤིག་གེ་བ་ལྦུ་བ་དཀར་བ་དང་བེ་སྣབས་རྣག་མཁྲིས་སོགས་ཆགས་ན་ནད་ཁྲག་ཡིན་ཏེ། དེ་ཡང་ཁྲག་ཆགས་པའི་སྟེང་དུ་དམར་ནག་གི་རི་མོ་བྱུང་ན་ནད་ཁྲག་ཡིན་པ་དང་། དེ་བཞིན་དུ་ཁྲག་གི་སྟེང་དུ་རྣག་དང་མཁྲིས་པའི་མདོག་ལྟར་ཆགས་ན་ལུས་ཟུངས་ཉམས་པའི་རྟགས་ཡིན་པ། ཁྲག་གི་མདོག་དམར་ལ་བསྐ་བ་བྱུང་ན་ཡང་ནད་ཁྲག་ཡིན་པ་བཅས་ཤེས་པར་བྱའོ། །
མཐོང་བ་དྲི་ཆུར་བརྟག་པ།
མཐོང་བ་ཞེས་པ་ནི་སྨན་པའི་མིག་གི་ཡུལ་དུ་གཟུགས་མཐོང་བ་ལས་ནད་ཡོད་མེད་བརྟག་པ་ལ་བྱ་ཞིང་། དེ་ཡང་གཡའ་བྲལ་གྱི་མེ་ལོང་དྭངས་པ་ལ་བཞིན་ལེགས་ཉེས་དང་ནག་ནོག་གང་ཡང་གསལ་བ་བཞིན་ཆུ་ལ་བརྟེན་ནས་དྲི་ཆུའི་ཁ་དོག་ཀུ་ཡ་སོགས་ལས་ནད་ཡོད་མེད་ཚ་གྲང་གང་ཡང་མ་བསྒྲིབས་པར་མངོན་སུམ་དུ་ཤེས་ཤིང་། དེའི་ཕྱིར་དྲི་ཆུར་བརྟག་བྱ་ངོས་བཟུང་རྒྱུ་ཡོད་པས་ན་དཔེ་དེ་ལྟར་སྦྱར་བ་ཡིན་ཞིང་། དེ་ལ་སྔོན་འགྲོ་དང་། དྲི་ཆུར་བལྟ་བའི་དུས། སྣོད་ཀྱི་ཁྱད་པར་བཤད་པ། དྲི་ཆུ་ཇི་ལྟར་འགྱུར་བའི་ཚུལ། ཐ་མལ་ནད་མེད་ཀྱི་དྲི་ཆུ། ནད་ཅན་གྱི་དྲི་ཆུ། འཆི་ཆུ། བསྐོར་ཕྱྭ་བརྟག་པ་རྣམས་ནི་དྲི་ཆུར་བརྟག་ཚུལ་གྱི་དོན་འདིར་འདུས་པ་ཡིན་ནོ། །
སྔོན་འགྲོ།
སྔོན་འགྲོ་ནི་ཟས་སྤྱོད་ཀྱི་སྤང་བླང་ལ་བསླབ་པ་དང་། བལྟ་བའི་དུས། སྣོད། གྱུར་ཚུལ། ནད་མེད་ཀྱི་དྲི་ཆུ་བཅས་ལ་མ་བལྟས་པའི་སྔོན་དུ་ངེས་པར་འགྲོ་དགོས་པས་ན་སྔོན་འགྲོ་ཞེས་བྱ་ཞིང་། དེ་ཡང་ནད་ཆུ་ཚུལ་བཞིན་འབྱུང་ཕྱིར་འདིར་དྲི་ཆུར་མ་བལྟས་པའི་སྔོན་དུ་ཟས་དང་སྤྱོད་ལམ་གྱི་སྤང་བླང་ལ་བསླབ་དགོས་ཤིང་། ཟས་སྐོམ་གྱི་སྙིགས་མ་རྣམས་ཉིན་ཞག་གཅིག་ལ་བཤང་བ་དང་གཅིན་དུ་ངེས་པར་འགྱུར་འགྲོ་བས་དེའི་ཕྱིར་སང་ཉིན་དྲི་ཆུར་བལྟ་བའི་དོ་ནུབ་དེ་ནས་ནུས་པ་བསིལ་བས་རླུང་གི་ཆུ་མདོག་ཏུ་འཁྲུལ་པའི་ཇ་དང་། མདོག་གིས་བད་ཀན་གྱི་ཁ་དོག་ཏུ་འཁྲུལ་པའི་དར་བ། ནུས་པ་དྲོ་བས་ཁྲག་མཁྲིས་སྐྱེད་ཅིང་མཁྲིས་པའི་ཁ་དོག་ཏུ་འཁྲུལ་གཞི་སྐྱེ་བའི་ཆང་དང་། ཨ་རག སིངས་པོ་ལ་སོགས་པ་བཏུང་བའི་རིགས་དེ་རྣམས་ཀྱི་རྐྱེན་པས་ནད་མེད་ལ་ནད་ཅན་ལྟ་བུའི་དྲི་ཆུ་དང་། ནད་ཅན་ལའང་ནད་ཆུ་ཚུལ་བཞིན་མི་འབྱུང་བར་དྲི་ཆུ་ཡང་སྐོམ་གྱི་མདོག་དང་མཐུན་པར་འགྱུར་བའི་ཕྱིར་སྐོམ་ཧ་ཅང་མི་མང་བ་སྤང་དགོས་ཞེས་བཤད་པ་ཡིན་གྱི། འོན་ཀྱང་གཏན་ནས་མི་འཐུང་བ་བརྗོད་པ་མ་ཡིན་ཞིང་། སྐོམ་པར་མི་བསྡད་པར་ཁ་ངོམས་རན་ཙམ་འཐུང་བ་ལས་ཁ་སྐོམ་དུ་འཇུག་པ་མ་ཡིན། གལ་ཏེ་སྐོམ་པར་བསྡད་ན་མཁྲིས་པ་དང་རླུང་གཉིས་ཀ་འཁྲུག་ཅིང་སྙིང་ནད་ཀྱང་བསྐྱེད་པ་དང་། དྲི་ཆུ་ཉུང་ཞིང་ཆུ་འཁྲུགས་ནས་ཚད་པའི་དྲི་ཆུ་ལྟར་འགྱུར་བས་སོ། །ལུས་ཀྱི་སྤྱོད་ལམ་ཡང་ཉལ་པོ་སྤྱད་པ་དང་། གཞན་ཡང་དྭངས་མ་ཉམས་པར་འགྱུར་བའི་ལས་དང་བྱ་བ་ཐམས་ཅད་མ་སྤངས་ན་ནད་ཐམས་ཅད་འཁྲུག་ཅིང་། ཁྱད་པར་དྲི་ཆུར་དྭངས་མ་འཛག་ནས་ཟ་ཁུར་འཁྲུལ་པའང་ཡོད། བྱ་ལས་ཀྱིས་གཉིད་ཆག་པ་དང་། དྲག་ཤུལ་གྱིས་འགྲོ་ཆེས་པ། ཡང་ན་འདུག་དྲགས་པ། མྱ་ངན་དང་སེམས་ལས་ཆེ་བ་སོགས་མདོར་ན་དམིགས་བསལ་བྱེད་ལས་ཀྱི་རྐྱེན་པས་དཔེར་ན་ནད་ཚ་བ་ཡིན་ཡང་དོ་ནུབ་ནས་ཇ་དང་། དར་བ། སིངས་པོ་སོགས་མང་པོ་འཐུང་ཆེས་དྲགས་ན་ཚ་བའི་ནད་ཀྱི་ཆུ་མདོག་ཚུལ་བཞིན་མི་འབྱུང་བར་མདོག་སྐྱ་བོར་འགྱུར་བ་དང་། ནད་གྲང་བ་ཡིན་ཡང་དོ་ནུབ་ནས་ངལ་དུབ་དྲག་པོ་འབྱུང་བ་དང་། མེ་དང་ཉི་མར་བསྲོས་ཆེས་པ། ཁ་སྐོམ་ཡང་ཡུན་རིང་མ་འཐུང་བ་བཅས་ཀྱིས་གྲང་བའི་ནད་ཀྱི་ཆུ་མདོག་ཚུལ་བཞིན་མི་འབྱུང་བར་མདོག་དམར་སེར་དུ་འགྱུར་བ་སོགས་ཟས་སྤྱོད་ཀྱི་རྐྱེན་པས་དྲི་ཆུའི་ཁ་དོག་འཁྲུག་པར་འགྱུར་བས་སྤང་བར་བྱ་ཞིང་། དེ་ལྟར་སྔོན་འགྲོ་བྱས་ནས་ཀྱང་ད་དུང་ཉིན་མོ་ཟོས་པའི་ཟས་སྐོམ་དེ་ཉིད་ནམ་ཕྱེད་ཕན་ཆད་ལ་ཞུ་བས་དེ་ཕན་ཆད་ཀྱི་དྲི་ཆུ་ནི་ཁོང་དུ་ཡུན་རིང་མི་བསྡད་པས་ཟས་ཀྱི་དྲི་ཆུ་ཡིན་པར་བརྟེན་ནད་ཆུ་ཚུལ་བཞིན་རྟོགས་མི་ཐུབ་པས་དེ་བཏང་སྟེ་ཕྱིར་འཕོ་ལ། ནམ་སྨད་ཀྱི་དྲི་ཆུ་དེ་ཁོང་དུ་ཡུན་རིང་པོ་བསྡད་པས་ནད་གང་ཡོད་ཀྱི་རྣམ་པ་དྲི་ཆུར་གསལ་ཞིང་། དེར་བརྟེན་ནམ་སྨད་ཀྱི་དྲི་ཆུ་ནི་ནད་དང་རིགས་མཐུན་པའི་དྲི་ཆུ་ཡིན་པས་ཕྱི་རུ་མ་འཕོ་བར་སྣོད་དུ་བསགས་ཏེ་བལྟ་བར་བྱ་དགོས་པ་ཡིན་ནོ། །
དྲི་ཆུར་བལྟ་བའི་དུས།
དྲི་ཆུར་བལྟ་བའི་དུས་ནི་དྲི་ཆུའི་མདོག་དང་། རླངས་པ་ཆེ་ཆུང་། ཀུ་ཡ་སྲབ་མཐུག སྤྲིས་མ་བཅས་མིག་གི་ཡུལ་དུ་མཐོང་བའི་མངོན་སུམ་ལས་བརྟག་དགོས་པའི་ཕྱིར་ཞོགས་པ་ཉི་མ་ཤར་འཕྲལ་དྲི་ཆུའི་སྣོད་ལ་ཉི་མའི་མདངས་ཐོག་མར་ཕོག་པའི་དུས་སུ་བརྟག་དགོས་པ་ཡིན། དེ་ལྟར་མ་བྱུང་རུང་ཉི་འོད་དམ་དཀར་ཆ་ལེགས་སར་དྲི་ཆུར་བལྟ་དགོས་པ་ཡིན་ནོ། །
སྣོད་ཀྱི་ཁྱད་པར་བཤད་པ།
དྲི་ཆུ་བརྟག་པའི་བླུགས་སྣོད་རུང་མི་རུང་གི་ཁྱད་པར་ནི་དྲི་ཆུའི་རང་མདོག་གཞན་དུ་མི་འགྱུར་བའི་ཕྱིར་བཤད་པ་ཡིན་ཞིང་། དེ་ཡང་དཀར་ཡོལ་དང་། འཁར་གཞོང་། བཙས་མ་འཁྱེར་བའི་ལྕགས་དཀར། དངུལ་ཕོར་སོགས་མདོར་ན་སྣོད་གས་ཆག་མེད་པའི་ཁ་དོག་དཀར་པོའི་ནང་དུ་ཐལ་རྡུལ་སོགས་མེད་པ་དང་། རྫས་གཞན་གྱི་དྲི་མ་མ་འགོས་ཤིང་མདོག་སྔོ་དམར་དང་སྨུག་ནག་སོགས་ཀྱི་རི་མོ་མེད་པའི་སྣོད་གཙང་མའི་ནང་དུ་བརྟག་དགོས་ལ། སྣོད་དེ་དག་མ་ཡིན་པའི་རྫ་དང་། ཟངས་དམར། ར་གན་ལྟ་བུ་དང་། གཞན་ཡང་ཕོར་པ་རྩི་དམར་པོ་ཡོད་པ་སོགས་མདོར་ན་ཁ་དོག་དམར་སེར་སྔོ་ནག་བཅས་ཀྱི་ནང་དུ་དྲི་ཆུ་བལྟས་ན་དྲི་ཆུའི་མདོག་ཀྱང་འགྱུར་འགྲོ་བས་མི་རུང་བའི་སྣོད་ཡིན་པས་སྤང་བར་བྱ་ཞིང་། དེ་བཞིན་ཆུ་སྣོད་ལ་མདོག་དམར་སེར་སྔོ་ལྗང་སོགས་ཡོལ་བའི་མདངས་སམ་ཚོན་ཁྲ་ཅན་གྱི་འོད་མདངས་ཕོག་ཏུ་མི་འཇུག་པར་བལྟ་དགོས་པ་ཡིན། དེ་ནི་དྲི་ཆུའི་མདོག་འོད་མདངས་དེའི་ཕྱོགས་སུ་མི་འགྲོ་བའི་ཕྱིར་བཤད་པ་ཡིན་ཞིང་། འོན་ཀྱང་རུང་བའི་སྣོད་དེ་ལྟ་བུ་མི་འགྲུབ་པར་རྫ་ཟངས་སོགས་ཀྱི་ནང་དུ་བརྟག་དགོས་པ་བྱུང་ན་འཇག་མའམ་སོག་མ་དང་། རས་དཀར་པོའི་རིགས་ཤིག་སྣོད་ཀྱི་ཞབས་སུ་བཏིང་ནས་དེ་སྟེང་དྲི་ཆུ་བླུགས་ཏེ་བལྟས་ན་ཆུ་མདོག་མི་འགྱུར་བ་དང་ཚ་གྲང་གི་དབྱེ་བ་ཙམ་འབྱེད་ནུས་པས་བརྟག་རུང་ཞེས་བཤད། དྲི་ཆུའང་འཇག་སོག་དང་ཤིང་བུ་ལྟ་བུ་དཀར་པོ་དེ་དག་གིས་དཀྲུགས་དགོས་པ་ཡིན་ནོ།།
དྲི་ཆུའི་འགྱུར་ཚུལ།
ནད་ཅན་དང་ནད་མེད་གང་གི་སྐབས་སུའང་ཟས་སྐོམ་རྣམས་གཅིན་དུ་ཇི་ལྟར་གྱུར་པའི་ཚུལ་ནི། ཟས་དང་སྐོམ་གང་ཡིན་ཡང་དེ་ཉིད་ཕོ་བར་ཞུ་བའི་རྗེས་སུ་རླུང་མེ་མཉམ་གྱིས་དྭངས་སྙིགས་ཕྱེ་བ་ལས། སྙིགས་མ་རྣམས་རྒྱུ་མ་དཀར་པོའི་ནང་དུ་ཚུད་ནས་སླར་ཡང་རྒྱུ་མ་དཀར་ནག་གི་མཚམས་སུ་སྐ་སླ་གཉིས་སུ་ཕྱེ་བའི་སྐ་བ་རྣམས་བཤང་བར་གྱུར་པ་དང་། སླ་བ་རྣམས་རྒྱུ་གྲོག་གི་རྩ་སྦུབས་ཕྲ་མོ་རྣམས་ནས་རིམ་པར་རྒྱུ་ཞིང་འཁོར་བ་འཁོར་ཏེ་མཐར་མཁལ་མ་བརྒྱུད་ལྒང་པར་འདྲིལ་ནས་གཅིན་དུ་གྱུར་པ་ཡིན་ལ། ཟས་སྐོམ་གྱི་དྭངས་མ་ནི་ཕོ་བ་ནས་མཆིན་པའི་གནས་སུ་བརྒྱུད་དེ་ཁྲག་ཏུ་འགྱུར་བ་ཡིན། ཁྲག་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ཤ་དང་། ཁྲག་གི་སྙིགས་མ་དེ་ཉིད་སྣོད་ཀྱི་མཁྲིས་པའི་གནས་སུ་གསོག་པ་དང་། མཁྲིས་པ་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ནི་ལུས་ཀྱི་ཆུ་སེར་དུ་འགྱུར་བ་དང་། མཁྲིས་པའི་སྙིགས་མ་དེ་ཉིད་དྲི་ཆུའི་ཀུ་ཡར་འགྱུར་ཞིང་། དེ་ཡང་ཚ་བ་སྐྱེ་སྐབས་དེས་ཁྲག་མཁྲིས་བསྐོལ་བས་སྙིགས་མ་མང་ཞིང་དྭངས་མ་ཉུང་བར་འགྱུར་བ་བཅས་ཡིན་གྱི། འགྱུར་ཚུལ་དེ་ལྟར་ཡིན་པའི་དྲི་ཆུའི་ཁ་དོག་ནི་ཟས་སྐོམ་གྱིས་བསྒྱུར་འགྲོ་བ་ཞིག་ཡིན་མོད་དུ་ཟིན་ཀྱང་། དྲི་ཆུའི་ནང་དུ་བྱུང་བའི་ཀུ་ཡ་ཞེས་པ་དེ་ནི་མཆིན་པ་བརྒྱུད་ཁྲག་དང་མཁྲིས་པའི་གནས་ནས་ངེས་པར་འབྱུང་བ་དེའི་ཕྱིར་ནད་པ་དེའི་ལུས་ལ་ཁྲག་མཁྲིས་ཚ་བའི་ཁམས་འཕེལ་ཡོད་ན་ཀུ་ཡ་མཐུག་ཅིང་ཆེ་བ་དང་། གྲང་བའི་ནད་རིགས་ཡོད་ན་ཀུ་ཡ་སྲབ་ལ་ཆུང་བས་ན་ཚ་གྲང་གང་ཡོད་དྲི་ཆུའི་ནང་དུ་ཐོན་པའི་ཀུ་ཡ་མང་ཉུང་དེ་ལས་གསལ་བ་ཡིན་ཞིང་། དཔེར་ན་ཡུལ་ཕྱོགས་མང་པོར་ཕྱིན་པའི་ཚོང་པས་ཚོང་འདུས་འདི་ན་ཟོང་འདི་དང་འདི་འདུག་ཅེས་གཏམ་བརྗོད་པ་བཞིན་དུ་ཁྲག་མཁྲིས་ཀྱི་གནས་ནས་འབྱུང་བའི་ཀུ་ཡ་དེ་ལས་ཀྱང་ལུས་ཀྱི་འདུ་བ་འཕེལ་ཟད་འཁྲུགས་གསུམ་གྱི་གནས་ཚུལ་གསལབར་སྟོན་པ་ཡིན་ཏེ། འོ་ན་ཀུ་ཡ་ཆེ་བ་ཡོད་ཕྱིན་ཚ་བ་ཡོད་པས་ཁྱབ་སྙམ་ན་སྔ་སོར་ཚ་བའི་བཅོས་བྱས་པའི་རྗེས་སུ་ཀུ་ཡ་ཆུང་དུ་སོང་ན་ངེས་པར་ཚ་བ་ཡོད། བསིལ་བཅོས་ལན་མང་བྱས་པའི་རྗེས་སུ་ཀུ་ཡ་ཆེ་རུ་སོང་ན་རླུང་གིས་ལུས་ཟུངས་དཀྲུགས་པ་ཡང་སྲིད་པས་དེས་ན་ཚ་གྲང་གང་ཡིན་ཕན་གནོད་གོམས་པའི་སྒོ་ནས་བརྟག་དགོས་པ་ཡིན་ནོ། །

ནད་མེད་ཀྱི་དྲི་ཆུ།
རྣམ་པར་མ་གྱུར་པ་ཐ་མལ་ནད་མེད་བདེ་ཐང་དུ་གནས་པའི་དུས་ཀྱི་དྲི་ཆུ་བསྟན་པ་ནི། དྲི་ཆུ་བཏང་མ་ཐག་པ་ཚ་མོའི་དུས་སུ་ཁ་དོག་དཀར་སེར་འབྲི་མར་གསར་པ་བཞུས་པ་དང་འདྲ་བར་དྭངས་ཤིང་སླ་ཉམས་ཡོད་པ་ཞིག་ལ་ལུག་ཚང་གི་སྦྲེ་དྲི་འདྲ་བའི་དྲི་མནམ་པ་དང་། རླངས་པ་ཧ་ཅང་ཆེ་བ་དང་ཆུང་བ་མ་ཡིན་པར་ཆེ་ཆུང་སྙོམས་ཤིང་དེ་ཡང་ཡུན་རིང་ཐུང་རན་པར་གནས་པ། མེ་ཏོག་གམ་ལྦུ་བ་ཆེ་ཆུང་སྙོམས་པ། ངད་ཡལ་གྱི་དུས་སུ་ཀུ་ཡ་སྲབ་མཐུག་སྙོམས་ཤིང་དྲི་ཆུའི་སྟེང་འོག་ཐམས་ཅད་དུ་ཁྱབ་པར་གནས་པ། སྤྲིས་མ་ཡང་དབྱར་དུས་ཀྱི་ཀོ་མོ་རླུང་དྲག་པོའི་རྐྱེན་གྱིས་མ་བསླད་པའི་ཆུའི་སྤྲིས་མ་ཙམ་ཡོད་པ། དྲོད་དང་རླངས་པ་ཡལ་བའི་དུས་ཙམ་ན་སྣོད་ཀྱི་མཐའ་ནས་ཚུར་སྒོར་མོར་ལྡོག་ཅིང་། ལོག་ཚར་བའི་རྗེས་སུ་ཁ་དོག་ཀྱང་དཀར་སེར་ཤིན་ཏུ་དྭངས་པ་བཅས་འབྱུང་བ་རྣམས་ནི་ནད་མེད་ཀྱི་དྲི་ཆུ་ཡིན་ལ། གཞན་ཡང་བྱིས་པར་དྲི་ཆུ་དཀར་ཤས་ཆེ་བ་དང་། དར་མར་སེར་ཤས་ཆེ་བ། རྒས་པར་ཅུང་ཟད་སྔོ་ཉམས་ཤས་ཆེ་བ་སོགས་ཀྱི་དབྱེ་བ་ཡོད་པ་ཤེས་དགོས་པ་དང་། སྦྲུམ་ལྡན་གྱི་དྲི་ཆུ་ནི་མདོག་སྔོ་ལ་དྭངས་པས་མཚོ་འདྲ་ཞིང་གཞན་གོང་ལྟར་འབྱུང་བས་ན་རིག་པས་རྟོགས་པར་བྱ་དགོས་སོ། །
ནད་ཅན་གྱི་དྲི་ཆུ།
གོང་གི་ནད་མེད་ཀྱི་དྲི་ཆུ་དེ་ལས་གོ་ལྡོག་པ་ནད་ཅན་གྱི་དྲི་ཆུ་བརྟག་པ་ལ་སྤྱིར་ཐུན་མོང་གི་སྒོ་ནས་བརྟག་པ་དང་། བྱེ་བྲག་ཚ་གྲང་གི་སྒོ་ནས་བརྟག་པ་གཉིས་ཡོད་པའི་དང་པོ་སྤྱིར་ཐུན་མོང་གི་སྒོ་ནས་བརྟག་པ་དེ་ལ་ཡང་བརྟག་པའི་དུས་གསུམ་དང་། བརྟག་ཚུལ་རྣམ་པ་དགུ་ཡོད་ཅིང་། དེ་ཡང་དྲི་ཆུ་བཏང་མ་ཐག་པ་ཚན་མོའི་དུས་དང་། ངད་ཡལ་གྱི་དུས། གྲང་ཟིན་པའི་དུས་བཅས་ལ་བརྟག་པའི་དུས་གསུམ་ཞེས་བྱ་བ་དང་། དེ་ལྟར་བཤད་པའི་ཚན་མོ་དེའི་དུས་སུ་དྲི་ཆུའི་མདོག་དང་། རླངས་པ། དྲི་མ། མེ་ཏོག་བཅས་ལ་བལྟ་བ་དང་། ངད་ཡལ་གྱི་དུས་སུ་ཀུ་ཡ་དང་སྤྲིས་མར་བལྟ་བ། གྲང་ཟིན་པའི་དུས་སུ་ལྡོག་པའི་དུས་དང་། ཇི་ལྟར་ལྡོག་པའི་ཚུལ། ལོག་རྗེས་ཀྱི་ཁ་དོག་ལ་བལྟ་བ་བཅས་ལ་བརྟག་ཚུལ་རྣམ་པ་དགུ་ཞེས་བྱ་བ་ཡིན་ནོ། །
དང་པོ། ཚ་མོའི་དུས་སུ་དྲི་ཆུའི་མདོག་དང་། རླངས་པ། དྲི་མ། མེ་ཏོག་བཅས་ལ་བལྟ་བའི་བརྟག་ཐབས་རྣམ་པ་བཞིའི་སྒོ་ནས་བསྟན་པ་ཡིན་ནོ། །
ཁ་དོག་གིས་ནད་ངོས་བཟུང་བ་སྟེ། དྲི་ཆུ་བཏང་མ་ཐག་པ་ཚ་མོའི་དུས་སུ་དྲི་ཆུའི་མདོག་ན་གཤོངས་ཀྱི་ནང་ནས་སྐྱེས་པའི་ལུ་མའི་ཆུ་ལྟར་དྭངས་ཤིང་སྔོ་ལ་སླ་བ་ནི་རླུང་གི་ནད་དང་། སྐྱེར་པའམ་ཡང་ན་ཆུ་རྩའི་ཁུ་བའི་མདོག་ལྟར་སེར་ན་མཁྲིས་པའི་ནད། འོ་མའམ་ས་དཀར་གྱི་ཁུ་བའི་མདོག་ལྟར་ཉོག་ལ་དཀར་ན་བད་ཀན་སྐྱ་བོ་སོགས་མ་ཞུ་བའི་ནད། མཚལ་དང་བཙོད་ཀྱི་ཁུ་བའི་མདོག་ལྟར་དམར་ན་མཆིན་ཁྲག་རྒྱས་པ་སོགས་ཁྲག་གི་ནད། རྒྱ་ཚོས་ཀྱི་ཁུ་བ་བཤལ་བའི་མདོག་ལྟར་ཟིང་སྐྱར་འདུག་ན་ཆུ་སེར་གྱི་ནད། དྲི་ཆུའི་ཁ་དོག་སྨུག་པོ་ལ་དུ་བ་བཏབ་པ་ལྟར་སྨུག་དུགས་སུ་འདུག་ན་བད་ཀན་སྨུག་པོ་ཡིན་པར་བརྟག་ལ། ཅིའི་ཕྱིར་ཞེ་ན། ནད་ཀྱི་ངོ་བོ་ཁྲག་གིས་དམར། བད་ཀན་གྱིས་དཀར། མཁྲིས་པས་སེར། རླུང་གིས་སྔོ་བ་རྣམས་བསྡོངས་པས་སྨུག་པོར་འགྱུར་ལ་མཚན་ཉིད་ཀྱང་འདྲེས་པར་སྣང་ཞིང་། ཁྲག་དང་བད་ཀན་རུལ་བས་བཀྲག་མདངས་མེད་པ་དང་། དྲི་མ་ཤིན་ཏུ་ཆེ་བ་སོགས་ནད་དང་མཚུངས་པར་དྲི་ཆུ་ལའང་སྨུག་དུགས་འབྱུང་བས་སོ། །སྨུག་སྔོ་རླུང་ངམ་ཆུ་སེར། སྨུག་སེར་བད་མཁྲིས་འཐབ་པ། སྨུག་ནག་ཆུ་སེར་ནག་པོའམ་རིམས་དུག་གི་ཆུ་ཡིན་ནོ། །ཆུ་མདོག་གཉིས་འདྲེས་པའི་ལྡན་པ་ནི་སྔོ་སེར་འདྲེས་ན་རླུང་མཁྲིས་ལྡན་པའི་ནད་དང་། སྔོ་སྐྱ་འདྲེས་ན་བད་རླུང་ལྡན་པའི་ནད། སེར་སྐྱ་འདྲེས་ན་བད་མཁྲིས་ལྡན་པའི་ནད། སྔོ་དམར་འདྲེས་ན་རླུང་ཁྲག་ལྡན་པའི་ནད། དམར་སེར་འདྲེས་ན་ཁྲག་མཁྲིས་ལྡན་པའི་ནད། དཀར་དམར་འདྲེས་ན་བད་ཁྲག་ལྡན་པའི་ནད། ཁ་དོག་སྔོ་སེར་ལ་གཏིང་ན་སྐྱ་བའི་རྣམ་པ་ཡོད་པའམ་ཡང་ན་སྔོ་སེར་དཀར་དམར་བཞིའི་ཁ་དོག་གི་ཆ་ཤས་འདྲེས་ཡོད་ན་འདུས་པའི་ནད་ཀྱི་དྲི་ཆུ་ཡིན། མར་ནག་སྟེ་སྣུམ་གྱི་མདོག་ལྟར་སེར་ནག་གར་ཞིང་ཉོག་པ་དང་འདྲ་ན་རིམས་དང་མཁྲིས་པ་རྒྱས་པའི་ནད་ཆུ་ཡིན། ཁ་དོག་དམར་ཞིང་སེར་མདངས་ཀྱང་ཅུང་ཡོད་པར་སྐ་བ་སྟེ་གར་བ་དང་དྲི་མ་ངན་ཞིང་དུགས་རྔམས་ཆེ་བ་འདུག་ན་འགྲམས་སམ་འཁྲུགས་ཚད་ཀྱི་ནད་ཆུ་ཡིན། དེ་ཡང་དམར་ཤས་ཆེ་ན་འགྲམས་དང་། སེར་ཤས་ཆེ་ན་འཁྲུགས་ཆུར་ངོས་བཟུང་དགོས་པ་ཡིན། དྲི་ཆུའི་ཁ་དོག་སྣག་ཚ་འདྲེས་པ་ལྟར་ནག་གམ་འཇའ་ཚོན་འདྲ་བ་དུག་སྟེ། རྒྱུ་ལ་ལྟོས་ན་རིན་པོ་ཆེའི་གཡའ་དུག་སོགས་ཀྱི་གཡའ་ནི་ནག་གམ་འཇའ་ཚོན་རིས་སུ་འབྱུང་ལ། གཞན་ཡང་ས་འོག་ཏུ་འཁར་སྣོད་ཁ་སྦྱར་བའི་ནང་དུ་དྲི་ཆུ་བླུགས། རླངས་པ་ཕྱིར་མ་དོན་པར་བསུབ། ནངས་པར་བལྟས་པས་ས་རྡོ་རིན་ཆེན་སྔོའི་ཕྱེ་མ་སྦལ་སྒོང་ལྟ་བུ་ནག་སྙིགས་འཇའ་ཚོན་འདྲ་བ་དང་། ཡང་ན་དྭངས་སངས་སོགས་ཟངས་ལ་བྱུགས་པ་དང་། རྡོ་འཁར་གོང་ལ་བྱུགས་ན་ནག་པོར་གྱུར་པ་ནི་དུག་ནད་རིགས་གང་རུང་ཞིག་ཡིན། མདོག་ནག་ཅིང་ཆད་པ་ནི་བད་ཀན་སྨུག་པོའམ་ཆུ་སེར་ནག་པོ་རླུང་དང་བསྡོངས་པའི་ནད་ཡིན་ནོ། །
རླངས་པས་ནད་ངོས་བཟུང་བ་སྟེ། དྲི་ཆུ་བཏང་མ་ཐག་པ་ཚ་མོའི་དུས་སུ་རླངས་པ་ཆུ་ཚན་ལྟར་ཤིན་ཏུ་ཆེ་ཞིང་དྲི་ཆུའི་ཁ་དོག་ཀྱང་བསྒྲིབས་འགྲོ་བ་ལྟ་བུ་བྱུང་ན་ཚ་བ་ཤིན་ཏུ་རྒྱས་པའི་ཆུ་དང་། རླངས་པ་ཆུང་བ་བྱུང་ན་ཚ་བ་འབྲིང་། རླངས་པ་བུན་ལོང་བ་ཙམ་བྱུང་ན་ཚ་བ་ཆུང་ངུ་ཡིན་པ་བཅས་ཤེས་པར་བྱའོ། །ཡང་རླངས་པ་ཆུང་ངུ་ཡིན་པ་ལ་དུས་སུ་ཡལ་མི་འགྲོ་བར་ཡུན་རིང་དུ་གནས་ཤིང་སྡོད་ན་ཚ་བ་གབ་པའི་ནད་དམ་ཡང་ན་རྙིངས་པའི་ཚད་པ་ཡིན་པ་དང་། རླངས་པ་ཆུང་ངུ་ཙམ་ལས་མེད་པ་དང་དེ་ཡང་ཡུན་ཐུང་ངུ་ཞིག་ནས་ཡལ་འགྲོ་བ་ནི་བད་ཀན་གྲང་བའི་ནད་དམ་རླུང་ནད་ཡིན་པ་དང་། ཡང་ན་གྲང་བའི་དྲི་ཆུ་ཡིན་ལ། རླངས་པ་དེ་རེས་ཆེ་བར་གྱུར་པ་དང་། རེས་ཆུང་བར་གྱུར་པ་ལྟ་བུ་སྤེལ་ནས་མངོན་ན་ཚ་གྲང་འདྲེས་པའི་ནད་ཡིན་པ་བཅས་རིག་པས་བརྟག་པར་བྱའོ། །
དྲི་མས་ནད་ངོས་བཟུང་བ་སྟེ། དྲི་ཆུ་བཏང་མ་ཐག་པའི་དུས་སུ་དྲི་མ་ཆེ་ཆུང་གསལ་བར་ཤེས་ཤིང་། ཡུན་ལོན་ན་དྲི་མ་དང་ངད་པ་སངས་ནས་དྲི་ཆེ་ཆུང་གི་དབྱེ་བ་མི་ཤེས་པས་ཐོག་མར་དྲི་མར་བརྟག་པ་གལ་ཆེ། ཆུའི་དྲི་མ་ཤིན་ཏུ་དུགས་ལ་དཀུ་ན་ཞེས་དྲི་ངད་ཕོག་པ་ཙམ་གྱིས་ཞེན་པ་ལོག་ནས་སླར་དྲི་མྱང་བར་མི་འདོད་པ་ནི་ཚ་བ་ཆེ་བའི་ནད་རྟགས་ཡིན་པ་དང་། དྲི་ཆུར་དྲི་མ་གང་ཡང་ཁ་རྒྱུ་མེད་པའམ་ཡང་ན་ཆུང་ངུ་ཞིག་ལས་ཁ་རྒྱུ་མེད་ན་གྲང་བའི་ནད་ཡིན། དྲི་ཆུར་ཤའམ་རྩམ་པ་ལ་སོགས་པའི་ཁ་ཟས་གང་ཟོས་པའི་དྲི་མ་མནམ་ན་ཡང་ཟས་དེ་ཉིད་མ་ཞུ་བའི་རྟགས་ཡིན་ནོ། །གཞན་ཡང་རླུང་ལ་གཡའ་དྲི་དང་། མཁྲིས་པར་གསུར་དྲི། བད་ཀན་ལ་ཤིག་དྲི། འདུས་པར་ཚིལ་དྲི། ཁྲག་ལ་ཁྲག་དྲི། ལྷོག་པར་ཀླད་དྲི། དམུ་ཆུར་ལབ་ལོའི་དྲི་མ། རྣག་ལ་རྣག་དྲི་སོགས་ཁ་འོང་བའང་ཤེས་པར་བྱའོ། །
ལྦུ་བས་ནད་ངོས་བཟུང་བ་སྟེ། དྲི་ཆུ་བཏང་མ་ཐག་ཏུ་ནད་མ་བརྟགས་ན་ལྦུ་བ་ཡལ་འགྲོ་བས་ཐོག་མར་ལྦུ་བ་ལས་བརྟག་པར་བྱ་སྟེ། དྲི་ཆུ་དཀྲུག་པའི་སྐབས་སུ་ལྦུ་བ་མདོག་སྔོ་ཞིང་མཛོའི་མིག་ལྟར་འབུར་ལ་ཆེ་བ་ནི་རླུང་གི་ནད་ཡིན་པ་དང་། ལྦུ་བ་ཉ་མིག་ལྟར་ཕྲ་ཞིང་ཆུང་ལ་སིབ་སིབ་མང་བ་ཁ་དོག་སེར་པོ་ལམ་སེང་སངས་པ་སྐྱེན་ན་མཁྲིས་པའི་ནད་ཡིན། དེར་ཚེག་སྒྲ་དང་བཅས་ཡོད་ན་གཉན་ཁ་ཡོད་ཅེས་སོ། །ལྦུ་བ་མཆིལ་མ་ཆུ་ནང་དུ་བཏབ་པ་དང་འདྲ་བར་སྐྱ་ཚིལ་གྱིས་སྣ་རིང་དུ་འབྲེལ་ཞིང་ཡུན་རིང་པོར་ལྦུ་བ་སངས་མི་འགྲོ་ན་བད་ཀན་གྲང་བའི་ནད་ཡིན། ལྦུ་བའི་ཁ་དོག་དམར་པོ་བྱུང་ན་ཁྲག་ནད་དང་ཁྲག་འཁྲུགས་ཀྱི་ནད་ཡིན། འཇའ་ཚོན་ལྟར་ལྦུ་བའི་ཁ་དོག་སྣ་ཚོགས་པ་འདྲ་ན་སྦྱར་བ་སོགས་ཀྱི་དུག་ནད་ཡིན། ཕུག་རོན་གྱི་ཁྱུ་ཁྲས་ཕྱོགས་ངེས་མེད་དུ་གཏོར་བ་ལྟར་ལྦུ་བ་དྲི་ཆུའི་དཀྱིལ་དུ་སྡོད་ལོང་མེད་པར་སྣོད་ཀྱི་མཐར་མྱུར་དུ་འཐོར་འགྲོ་ན་ཚ་གྲང་གི་ནད་གང་ཡིན་ཀྱང་ལུས་ལ་བྱེར་སོང་བའི་རྟགས་ཡིན་ལ། གཞན་ཡང་འབམ་སོགས་འབེབས་རྒྱུ་ཡིན་ན་ཕྱོགས་གཅིག་ཕབ་ཐུབ་པའི་ཚེ་ལྦུ་བ་གཡུང་ཞིང་བརྟན་པར་འོང་བ་དང་། རྒོད་ན་འབེབས་དཀའ། ལྦུ་བ་གསོག་ཅིང་བརྟན་ན་རྣག་སོགས་དང་ཆུ་བསགས་པའམ་བད་ཀན་ཤས་ཆེ་བའི་རྟགས་ཡིན། དྲི་ཆུ་དཀྲུགས་པས་ལྦུ་བ་ཚེག་སྒྲ་དང་བཅས་ཞི་འགྲོ་ན་ཚ་ཆུ་ཡིན་པ་དང་། ཚེག་སྒྲ་མེད་པའམ་ཆུང་ན་གྲང་ཆུ་ཡིན་པས་བསླུ་བ་མེད་པའོ། །
གཉིས་པ། ངད་ཡལ་གྱི་དུས་སུ་ཀུ་ཡ་དང་། སྤྲིས་མར་བལྟ་བའི་བརྟག་ཐབས་རྣམ་པ་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ནོ། །
ཀུ་ཡས་ནད་ངོས་བཟུང་བ་སྟེ། ཀུ་ཡ་ཞེས་བྱ་བ་ནི་དྲི་ཆུའི་ནང་དུ་བལ་ལྟ་བུའམ། རྡུལ་ལམ་སྤུ་སོགས་ལྟ་བུ་ཤིན་ཏུ་ཕྲ་བ་མང་པོ་ཤོར་བ་ལྟར་འཇག་སོག་ལྟ་བུས་བླངས་ན་ཡོད་སྙམ་བྱེད་པར་ལེན་རྒྱུ་གང་ཡང་མེད་པའི་རྫས་གཞན་སྐྱ་ཞིབ་ཞིབ་མངོན་པ་ནམ་མཁའི་སྤྲིན་ལྟར་ལིང་ལིང་བ་དེ་ལ་ཀུ་ཡ་ཞེས་བྱ་ཞིང་། སྤྱིར་ན་ནད་ཅན་དང་ནད་མེད་ལ་མ་ལྟོས་པར་དྲི་ཆུ་ཚ་གྲང་གང་གི་དུས་སུའང་ཀུ་ཡ་ཡོད་ཅིང་། ལྷག་པར་ཚ་བ་ཡོད་པའི་དུས་སུ་དེ་བས་མང་བ་ཡོང་གི་ཡོད། དེ་ཡང་ཀུ་ཡའི་དབྱིབས་དྲི་ཆུའི་ནང་དུ་རའི་སྤུ་གཏོར་བ་དང་འདྲ་ན་རླུང་གི་ནད་ཡིན་པ་དང་། བལ་འདབ་འཇམ་པོ་ཆུའི་ནང་དུ་རའི་སྤུ་གཏོར་བ་དང་འདྲ་ན་རླུང་གི་ནད་ཡིན་པ་དང་། བལ་འདབ་འཇམ་པོ་ཆུའི་ནང་དུ་བསྐྱུར་བ་དང་འདྲ་བ་དྲི་ཆུའི་དཀྱིལ་ལ་ཡོད་ཅིང་མཐར་ཆེར་མེད་པ་ལིང་ལིང་དུ་སྡོད་པས་ཆུ་སྣོད་ཀྱི་གཏིང་ན་གཟུགས་དབྱིབས་གང་ཡོད་ཀྱང་ཀུ་ཡ་དེས་བསྒྲིབས་ནས་མི་ཤེས་པ་ནི་ཁྲག་མཁྲིས་ཚད་པའི་ནད་ཡིན་པ། ཀུ་ཡ་རྟ་དཀར་པོའི་སྤུའི་རྩེ་མོ་བཅད་པ་ལྟ་བུ་ཆུང་ལ་མིག་གིས་བལྟར་མི་བཟོད་པ་ཆུའི་ནང་དུ་གཏོར་བ་དང་འདྲ་བ་ནི་བད་ཀན་གྲང་བའི་ནད་ཡིན་པ། ཀུ་ཡ་སྤྲིན་པ་དང་འདྲ་བར་སྣེ་ནར་ཞིང་ལིང་ལིང་པོར་ཆགས་ན་གློ་བར་ཚད་པ་སོགས་ཞུགས་པའི་ནད་ཡིན་པ། ཀུ་ཡའི་མདོག་རྣག་དང་འདྲ་བ་བྱུང་ན་བྱང་ཁོག་སྟོད་སྨད་ཀྱི་ཆ་ཤས་ལ་རྣག་དེ་ཉིད་དུ་ཡོད་པའི་རྟགས་ཡིན་པ། ཀུ་ཡ་བྱེ་མ་འདྲ་བ་སིབ་སིབ་སྔོ་སྐྱ་ཞབས་སུ་ཉིལ་བ་ལྟ་བུ་བྱུང་ན་མཁལ་མར་ནད་ཡོད་པའི་རྟགས་ཡིན་ཞིང་། དེ་མིན་ཀུ་ཡ་ལྷང་ཚེར་དང་གསེར་བྱེ་འདྲ་ན་མཁལ་མའི་རྩ་སྦུབས་འགག་པས་ཉལ་པོ་མི་ནུས་པ་དང་། ཀུ་ཡ་གསེར་གྱི་བྱེ་མ་ལྟར་དྲི་ཆུའི་སྣོད་ཞབས་སུ་བྱུང་ན་ཚེ་རིང་པོ་འབྱུང་ཞེས་བཤད། ཇི་སྐད་བཤད་པའི་ནད་རིགས་སོ་སོའི་ཀུ་ཡ་རྣམས་དྲི་ཆུའི་སྟེང་དུ་གནས་ན་ནད་དེ་གློ་སྙིང་སོགས་ལུས་ཀྱི་སྟོད་ཆ་ལ་ཡོད་པ་དང་། ཀུ་ཡ་དེ་ཉིད་དྲི་ཆུའི་འོག་ཏུ་གནས་ན་ནད་དེ་མཁལ་མ་དང་། རྒྱུ་ལོང། ལྒང་ཕུག ཆུ་སོ་སོགས་ལུས་ཀྱི་སྨད་ཆ་ལ་ཡོད་པ། ཀུ་ཡ་དེ་ཉིད་དྲི་ཆུའི་བར་དུ་གནས་ན་ནད་དེ་མཆིན་མཆེར་མཁྲིས་པ་སོགས་ལུས་ཀྱི་བར་ན་ཡོད་པ་བཅས་ཀྱི་ནད་ཀྱང་དེ་བཞིན་དུ་བརྟག་པས་ཤེས་པར་ནུས་སོ། །ཀུ་ཡ་ཁ་ཞབས་ཀུན་ཏུ་ཁྱབ་ན་སྙོམས་པ་ནད་མེད་འདུས་པ་ཞེས་ཀྱང་བཤད་ཅིང་། ཀུ་ཡའི་དབྱིབས་ཞོ་ཤི་བ་དང་འདྲ་བའི་ཁ་དོག་དཀར་ལ་སིབ་བུ་དུམ་བུར་ཆད་པས་དྲི་ཆུའི་སྟེང་འོག་ཐམས་ཅད་དུ་ཁྱབ་ན་རླུང་གིས་ལུས་ཟུངས་དང་ཚ་གྲང་དཀྲུགས་པའི་རྟགས་ཡིན་པས་ནད་ཀྱི་ངོ་རླུང་གཙོ་བོ་ཡིན་པའང་ཤེས་དགོས། མདོར་ན་དྲི་ཆུའི་སྟེང་འོག་བར་གསུམ་གང་དུའང་ཀུ་ཡ་མཐུག་པོ་ལིང་གིས་བྱུང་ན་ཚ་བ་དང་། ཀུ་ཡ་སྲབ་ན་གྲང་བ་ཡིན་པ་ཤེས་དགོས་ཤིང་། འོན་ཀྱང་འདིར་གྲང་རླུང་གི་བཅོས་བྱས་པས་ཀུ་ཡ་མཐུག་ཏུ་སོང་ན་ངེས་པར་ཚད་པ་ཡོད་པ་དང་། སྔར་ཀུ་ཡ་མཐུག་པོ་ཡོད་པ་དེ་སླར་སྲབ་ཏུ་སོང་ན་ངོ་བོ་གྲང་རླུང་ཡིན་པ་ཁོང་དུ་ཆུད་པར་བྱ་དགོས་ལ། ཀུ་ཡའི་ཁ་དོག་ནི་དྲི་ཆུའི་མདོག་ལ་གང་བྱུང་བ་དེ་ལྟར་འབྱུང་བར་འགྱུར་རོ། །གཞན་ཡང་དྲི་ཆུའི་མདོག་དམར་ཞིང་ཀུ་ཡའང་དམར་པོ་སྟེང་དུ་བྱུང་ན་གློ་སྙིང་གི་ནད་དམ་ཡང་ན་རིམས་ཚད་ཀྱི་ནད་དང་། དེ་བར་དུ་བྱུང་ན་མཆིན་ཁྲག་རྒྱས་པ། ཞབས་སུ་བྱུང་ན་མཁལ་མའི་ནད་དམ་ཡང་ན་རིམས་རྨོངས་བུའི་ནད། དྲི་ཆུ་དང་ཀུ་ཡ་ཁྲག་རླངས་འདྲ་ན་མཆིན་འགྲམས་ཀྱི་ནད། དྲི་ཆུ་དང་ཀུ་ཡ་དཀར་པོ་བྱུང་ན་གྲང་བའི་ནད། ཀུ་ཡ་སེར་རྐྱང་བྱུང་ན་མཁྲིས་པ་ཀྵ་ཡའི་ནད། དྲི་ཆུ་དང་ཀུ་ཡ་སེར་སྐྱར་བྱུང་ན་ཤ་སེར་མིག་སེར་གྱི་ནད། དྲི་ཆུ་སྐྱ་བོར་ཀུ་ཡ་ཕག་ཟེ་འདྲ་བ་སྟེང་དུ་བྱུང་ན་བད་ཀན་སྐྱ་བོའི་ནད་དང་། དེ་བར་དུ་བྱུང་ན་ཕོ་མཆིན་དང་། ཞབས་སུ་བྱུང་ན་རྒྱུ་ལོང་གི་ནད།་དྲི་ཆུ་ལྗང་ནག་དང་ཀུ་ཡའང་ལྗང་ན་ཁོང་དུ་དུག་ཕོག་ཡོད་པའི་ནད། དྲི་ཆུ་དང་ཀུ་ཡ་སྔོ་ན་སྦྲུམ་ལྡན་གྱི་དྲི་ཆུ་བཅས་ཡིན་པའང་ཤེས་དགོས་སོ། །
སྤྲིས་མས་ནད་ངོས་བཟུང་བ་སྟེ། དྲི་ཆུའི་ངད་ཡལ་བ་ནས་སྤྲིས་མ་འབྱུང་བའི་འགོ་རྩོམ་པས་ན་དེའི་རྗེས་སུ་སྤྲིས་མ་ལས་ནད་གང་ཡིན་བརྟག་པར་བྱ་དགོས་ཤིང་། སྤྲིས་མ་ཞེས་པ་དེ་ལུས་ཟུངས་ཀྱི་ཞག་ཆུ་ལམ་ནས་ཐོན་པ་ཞིག་ཡིན། དེ་ནི་འོ་མའི་སྟེང་དུ་འོང་བའི་སྤྲིས་མ་ལྟར་དྲི་ཆུའི་སྟེང་དུ་ཡང་སྤྲིས་མ་འབྱུང་ཞིང་། དེ་ཡང་སྲབ་ན་གྲང་བའི་ནད་དང་མཐུག་ན་ཚ་བའི་ནད་ཡིན་ལ། སྤྲིས་མ་ཤིན་ཏུ་མཐུག་པོ་འཁོར་ནས་འཇག་སོག་དང་ཁབ་རྩེ་ལྟ་བུས་ཚུར་བླངས་ཏེ་སེན་མོ་དང་གྲི་ལྟ་བུའི་སྟེང་དུ་བཞག་བཏུབ་ན་ནི་སྤྲིས་མ་དེའི་མིང་ལ་ཞག་རྒོད་ཅེས་བྱ་སྟེ་ཚད་པ་ཆེན་པོ་ཁོ་ན་ཡོད་པའི་ངེས་པ་མེད་སྟབས་སྤྲིས་མ་དེ་ཉིད་མེར་བསྲེགས་པའི་ཚེ་གསུར་དྲི་ཆིལ་གྱིས་བྱུང་ན་མར་སོགས་ཞག་ཚིའི་རིགས་མ་ཞུ་བ་ཡིན་པས་བཅོས་མི་དགོས་པར་རང་བཞིན་གྱིས་འཚོ་བ་ཡིན་ལ། གསུར་དྲི་མ་བྱུང་ན་ཚད་པས་ལུས་ཟུངས་ཞུ་བའི་ཞག་ཡིན་པས་དེ་ལ་སླེ་ཏྲེས་དང་། ཀཎྜ་ཀ་རི། ཨ་རུ་ར། བྲག་ཞུན་རྣམས་ཀྱི་ཐང་དྲོ་འཇམ་བཏང་བས་ཕན། དྲི་ཆུ་དེར་འགུལ་བསྐྱོད་སོགས་ཀྱི་རྐྱེན་གང་ཡང་མེད་པར་སྤྲིས་མ་དུམ་བུར་ཆད་ན་ཕྱི་ནང་བར་སྐྲན་གང་རུང་གི་ནད་ཡོད་པའི་རྟགས་ཡིན་ནོ། །
གསུམ་པ། གྲང་བའི་དུས་སུ་ལྡོག་པའི་དུས་དང་། ཇི་ལྟར་ལྡོག་པའི་ཚུལ། ལོག་རྗེས་ཀྱི་ཁ་དོག་བཅས་ལ་བལྟ་བའི་བརྟག་ཐབས་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ནོ། །
ལྡོག་དུས་ཀྱིས་ནད་ངོས་བཟུང་བ་སྟེ། དྲི་ཆུ་གྲངས་ཟིན་ཏེ་ལྡོག་པའི་དུས་ལ་བརྟག་པ་ནི། འདིར་ལྡོག་པ་ཞེས་དྲི་ཆུ་བཏང་མ་ཐག་པ་ཚན་མོའི་དུས་སུ་དྭངས་པ་ཡིན་པ་ལ་དེ་རྗེས་གྲངས་ནས་གར་པོར་འགྱུར་བ་དང་། ཡང་ན་ཐོག་མར་གར་པོ་ཡིན་པ་ལ་དེ་རྗེས་དྭངས་པར་གྱུར་ནས་ངོ་བོ་ལོག་འགྲོ་བ་དེར་དྲི་ཆུ་ལྡོག་པ་ཞེས་བྱ་ཞིང་། དེ་ཡང་དྲི་ཆུ་ལྡོག་པའི་དུས་རླངས་པ་མ་ཡལ་བའི་གོང་དུ་ཚན་མོའི་དུས་ནས་ལྡོག་འགྲོ་བ་ནི་ཚ་བའི་རྟགས་ཡིན་ལ། རླངས་པ་དང་དྲོད་ཡལ་བའི་རྗེས་གྲངས་ནས་ལྡོག་འགྲོ་བ་ནི་གྲང་བའི་རྟགས་ཡིན། རླངས་པ་ཡལ་བ་དང་ལྡོག་པ་གཉིས་དུས་མཚུངས་ན་ཚ་གྲང་སྙོམས་པའི་རྟགས་སམ་སྤྱིར་བཏང་ནད་མེད་པའི་དུས་ཀྱི་དྲི་ཆུ་ཡིན་ནོ། །
ལྡོག་ཚུལ་གྱིས་ནད་ངོས་བཟུང་བ་སྟེ། སྤྱིར་དྲི་ཆུའི་ངོ་བོ་དེ་ལ་སྲབ་མཐུག་མེད་པ་ཡིན་མོད་ཀྱང་། སྣོད་ཀྱི་མཐའ་སོགས་གང་སྲབ་པའི་ངོས་དེ་ནས་རིམ་གྱིས་ལྡོག་ཡོང་བ་ནི་གྲང་བའི་རྟགས་ཡིན་ཏེ་གྲངས་ནས་ལྡོག་པ་དང་མཐུན་ལ། སྣོད་ཀྱི་གཏིང་ངམ་གང་མཐུག་པའི་ངོས་ནས་ཡར་གྱེན་ལ་ལོང་ལོང་པོར་ལྡོག་ཡོང་བ་ནི་ཚ་བ་གསར་པའི་རྟགས་ཡིན་ཏེ་ཚ་ལོག་དང་མཐུན་ནོ། །མཐའ་ནས་དབུས་སུ་མདུང་ཚུགས་པ་ལྟར་རྐང་ཤར་ཤར་དུ་ལྡོག་ཡོང་བ་ནི་ཚད་པ་རྙིངས་པའི་རྟགས་ཡིན་ཏེ་ཚ་བ་ཟུངས་ལ་ཞེན་པའོ། །དྲི་ཆུ་མ་ལྡོག་གོང་ནས་སྣའམ་སྔོན་ལ་ཀུ་ཡ་ལྡོག་ན་ཀུ་ཡ་ལོག་པ་ཞེས་བྱ་ཞིང་། དེ་རྗེས་དྲི་ཆུ་ལྡོག་ན་ཚ་གྲང་འཐབ་པའི་ནད་ཡིན། གཞན་ཡང་ལུས་ཀྱི་སྟོད་སྨད་ཕྱི་ནང་ཐམས་ཅད་དུ་ཚ་བ་བྱེར་བ་དང་། གྲང་བའི་ནད་རིགས་ཡུན་རིང་ཕྱིན་པའམ་ཡང་ན་གྲང་བས་འཁྲུ་ཞིང་འབྱམས་པ། གློ་བུར་གདོན་རྐྱེན་ཤས་ཆེ་བའི་དྲི་ཆུ་དེ་གསུམ་དང་། ཉལ་པོ་སྤྱད་དྲགས་པ་དང་། ཆུ་སེར་ནག་པོའི་དྲི་ཆུ་བཅས་ནི་ལྡོག་པར་མི་འགྱུར་བའང་ཤེས་དགོས་པ་ཡིན་ནོ།།
ལོག་རྗེས་ཁ་དོག་གིས་ནད་ངོས་བཟུང་བ་སྟེ། དྲི་ཆུ་དེ་ལོག་པའི་རྗེས་སུ་ཁ་དོག་གོང་དུ་ཚན་མོའི་དུས་ཇི་སྐད་བཤད་པའི་ནད་གཞི་གང་ཡིན་པ་དེའི་ཆུ་མདོག་འབྱུང་བས་ལེགས་པར་བལྟ་དགོས་ཤིང་། ལོག་རྗེས་ཀྱི་ཁ་དོག་དེ་ཙམ་དུ་མ་ཟད། ལོག་རྗེས་ཀྱི་དྲི་ཆུ་དེ་ཡང་སྔར་བས་སྐ་བ་སྟེ་གར་བ་འདུག་ན་ཚ་བ་ཤས་ཆེ་བ་དང་། ལོག་རྗེས་ཀྱི་དྲི་ཆུ་དེ་ཆུ་ལྟར་ཤིན་ཏུ་དྭངས་ལ་སླ་བ་འདུག་ན་གྲང་བ་ཤས་ཆེ་བའི་ནད་དམ་གྲང་རླུང་གི་དྲི་ཆུ་ཡིན། བྱིས་པ་མ་འོ་འཐུང་བའི་ཚེ་ན་དྲི་ཆུ་ལོག་རྗེས་སིབ་དཀར་ལ་ཉོག་པ་འོང་བ་དང་། མཁལ་ནད་ཡོད་པའི་དྲི་ཆུ་ནི་ལོག་རྗེས་ཤིན་ཏུ་རུལ་བ་ལྟར་སྙིགས་མ་སིབ་ཅན་མང་པོ་འོང་གི་ཡོད་པའང་ཤེས་དགོས་པ་ཡིན་ནོ། །
སྤྱིར་ནད་རིགས་སོ་སོའི་དྲི་ཆུའི་མཚན་ཉིད་བཤད་ཟིན་ཅིང་། གཉིས་པ་བྱེ་བྲག་ཚ་གྲང་གི་སྒོ་ནས་བརྟག་པ་ལ་མདོར་བསྡུས་ན་ནད་ཀྱང་ཚ་གྲང་གཉིས་སུ་མ་འདུས་པ་མེད་པ་བཞིན། དྲི་ཆུ་ཡང་ཚ་བའི་ཆུ་དང་གྲང་བའི་ཆུ་གཉིས་སུ་འདུས་པ་ཡིན་ནོ། །
ཚ་ཆུ།
ཚ་བའི་དྲི་ཆུ་ནི་ཚ་མོའི་དུས་སུ་ཁ་དོག་དམར་རམ་ཡང་ན་སེར་པོ་ཡིན་པ་ལ་ངོ་བོ་སྐ་བ་སྟེ་གར་ལ་དྲི་མ་དུགས་པ་དང་། རླངས་པ་ཆེ་ཞིང་ཡུན་རིང་པོའི་བར་ལ་རླངས་ཡལ་མི་འགྲོ་བ། ལྦུ་བ་ཉ་མིག་ལྟར་ཕྲ་ཞིང་ཆུང་ལ་ཁ་དོག་སེར་པོ་མང་དུ་འོང་ཞིང་། དེ་ཡང་འཕྲལ་ལ་སངས་འགྲོ་བ་སྐྱེན་པ་དང་། སྤྲིས་མ་མཐུག་ཅིང་ཀུ་ཡ་དེ་ཡང་དྲི་ཆུའི་དཀྱིལ་དུ་ལིང་གིས་འདྲིལ་ཞིང་དྲོད་དང་རླངས་པ་མ་ཡལ་བའི་གོང་ནས་དྲི་ཆུ་ཚ་མོའི་དུས་ཉིད་དུ་ངོ་བོ་ལོག་པར་བྱེད་ཅིང་། ངོ་བོ་ལོག་པའི་རྗེས་ཀྱི་ཁ་དོག་ཀྱང་སྨུག་ལ་གར་བ་དང་། དྲི་ཆུའི་གཏིང་དུ་མཚལ་འདྲ་བའི་དམར་ལོག་པ་འབྱུང་བའང་སྲིད་པས་དེ་དག་ནི་ཚ་བའི་ནད་ཀྱི་དྲི་ཆུ་འཁྲུལ་མེད་ཡིན་ནོ། །
གྲང་ཆུ།
གྲང་བའི་དྲི་ཆུ་ནི་ཁ་དོག་དཀར་རམ་ཡང་ན་སྔོ་ལ་ངོ་བོ་སླ་བ་དང་། རླངས་པ་དང་དྲི་མ་ཆུང་ལ་ལྦུ་བ་ཆེ་ཞིང་སངས་དཀའ་བ། སྤྲིས་མ་དང་ཀུ་ཡ་སྲབ་ཅིང་དྲི་ཆུ་དེ་གྲངས་པའི་རྗེས་སུ་ལྡོག་ཅིང་། ངོ་བོ་ལོག་པའི་རྗེས་ཀྱི་ཁ་དོག་ཀྱང་སྔོ་ལ་སླ་བ་འབྱུང་བ་དེ་དག་ནི་གྲང་བའི་ནད་ཀྱི་དྲི་ཆུ་འཁྲུལ་མེད་ཡིན་ནོ། །
དྲི་ཆུའི་འཁྲུལ་སོ་བསལ་བ།
དྲི་ཆུའི་འཁྲུལ་སོ་བསལ་བ་ལའང་ཁ་དོག་གི་འཁྲུལ་སོ་བསལ་བ་དང་། ལྡོག་དུས་ཀྱི་འཁྲུལ་སོ་བསལ་བ། མེ་ཏོག་གི་འཁྲུལ་སོ་བསལ་བ། སྤྲིས་མའི་འཁྲུལ་སོ་བསལ་བ། ནད་རིགས་ཀྱི་འཁྲུལ་སོ་བསལ་བ་བཅས་རྣམ་པ་ལྔའི་སྒོ་ནས་བསྟན་ཡོད།
ཁ་དོག་གི་འཁྲུལ་སོ་བསལ་བ་སྟེ། དྲི་ཆུའི་ཁ་དོག་དཀར་སྔོ་སོགས་གྲང་བའི་ཆུ་ལྟར་འདུག་ནའང་ཀུ་ཡ་མཐུག་པར་བྱུང་བའི་དྲི་ཆུ་དེ་ནི་ཁ་དོག་གི་ངོས་ནས་ལྟར་སྣང་དུ་གྲང་བ་ཡོད་པ་བཞིན་སྣང་ཡང་། ཀུ་ཡ་མཐུག་པས་བྱུང་བའི་དབང་གིས་གཏིང་ན་ཚ་བ་ངེས་པར་དུ་ཡོད་པའི་དྲི་ཆུ་ཡིན། ཁ་དོག་དམར་སེར་སོགས་ཚ་བའི་ཆུ་ལྟར་འདུག་ནའང་དྲི་མ་ཆུང་ཞིང་ཀུ་ཡ་མེད་པ་དེ་ནི་ཁ་དོག་གི་ངོས་ནས་ལྟར་སྣང་དུ་ཚ་བ་ཡོད་པ་བཞིན་སྣང་ཡང་། དྲི་མ་ཆུང་ཞིང་ཀུ་ཡ་མེད་པའི་དབང་གིས་ངོ་བོ་གྲང་བའི་དྲི་ཆུ་ཡིན་ནོ། །
ལྡོག་དུས་ཀྱི་འཁྲུལ་སོ་བསལ་བ་སྟེ། དྲི་ཆུའི་ཁ་དོག་དམར་སེར་སོགས་ཚ་ཆུའི་མཚན་ཉིད་གཞན་རྣམས་ཚང་བ་ལ་དྲོད་དང་རླངས་པ་ཡལ་ཏེ་གྲངས་ནས་ལྡོག་པས་བུལ་བ་དང་། ཡང་ན་ཁ་དོག་དཀར་སྔོ་སོགས་གྲང་ཆུའི་མཚན་ཉིད་གཞན་རྣམས་ཚང་བ་ལ་དྲོད་དང་རླངས་པ་མ་ཡལ་གོང་ནས་འཕྲལ་དུ་ལྡོག་པར་སྐྱེན་པ་ནི་ཚ་བ་གབ་པའི་ནད་ཀྱི་དྲི་ཆུ་ཡིན་པ་ཤེས་པར་བྱའོ། །
མེ་ཏོག་གི་འཁྲུལ་སོ་བསལ་བ་སྟེ། དྲི་ཆུའི་ཁ་དོག་དམར་སེར་སོགས་ཡོད་པའི་ཚ་ཆུའི་མཚན་ཉིད་ཕལ་ཆེར་ཚང་བ་ལ་ཇི་ལྟར་དཀྲུགས་ཀྱང་མེ་ཏོག་གམ་ལྦུ་བ་གཅིག་ཀྱང་ཆགས་རྒྱུ་མེད་ན་ཚ་བ་ཁོང་དུ་ཤོར་ཞིང་ནད་གཏིང་དུ་བྱིང་བ་ཡིན་ལ། ཁ་དོག་དཀར་སྔོ་སོགས་ཡོད་པའི་གྲང་ཆུའི་མཚན་ཉིད་ཕལ་ཆེར་ཚང་བ་ལ་མེ་ཏོག་མེད་ན་གྲང་བ་ཡུན་རིང་ལོན་པའམ་འཁྲུ་བ་འབྱམས་པའི་དྲི་ཆུ་ཡིན་ནོ། །
སྤྲིས་མའི་འཁྲུལ་སོ་བསལ་བ་སྟེ། ཁ་དོག་དམར་སེར་སོགས་ཚ་ཆུའི་མཚན་ཉིད་ཚང་བ་ལ་ལྷག་པར་དུ་སྤྲིས་མ་མཐུག་ན་ཚད་པས་ལུས་ཟུངས་ཞུ་བའི་ཞག་ཡིན་ཞིང་། དེ་བཞིན་དུ་ཁ་དོག་དཀར་སྔོ་སོགས་གྲང་ཆུའི་མཚན་ཉིད་ཚང་བ་ལ་སྤྲིས་མ་མཐུག་ན་ཡང་ཚ་བ་མ་ཡིན་པར་མར་མ་ཞུ་བས་གྲང་བའི་ནད་དུ་ངེས་སོ། །གཞན་ཡང་མ་ཞུ་བའི་དྲི་ཆུ་ནི་འོ་མའི་སྤྲིས་མ་དང་འདྲ་བར་ཞག་ཆད་ན་མར་མ་ཞུ་བ་དང་། སྦྲང་རྩིའི་ཞག་ཆད་པ་དང་འདྲ་ན་མར་དང་འོ་མ་མ་ཞུ་བ། སྤྲིས་མའི་ཁ་དོག་ཁམ་པར་འདུག་ན་ཤ་མ་ཞུ་བ། སྒོ་ངའི་སེར་ཞུན་འདྲ་ན་ཚིལ་དང་བཅུད་རིགས་མ་ཞུ་བ་བཅས་ཡིན་པས་ཤེས་པར་བྱའོ། །
ནད་རིགས་ཀྱི་འཁྲུལ་སོ་བསལ་བ་སྟེ། ལར་ན་སྟོངས་ཚད་དང་ཁྲག་ཚད་གཉིས་ཀར་སྤྱིར་དྲི་ཆུ་དམར་པོ་ཞིག་འབྱུང་བས་ཕན་ཚུན་འཁྲུལ་སྲིད་ཀྱང་། ལེགས་པར་བརྟགས་ན་ཚད་གཞུག་རླུང་གིས་བུས་པའི་སྟོངས་ཚད་ཀྱི་དྲི་ཆུ་ནི་མདོག་དམར་པོ་དྭངས་ཤིང་སླ་ལ་ལྦུ་བ་ཅུང་ཟད་ཆེ་བ་དང་། ཁྲག་ཚད་ཀྱི་དྲི་ཆུ་ནི་མདོག་དམར་ཞིང་ཉོག་ལ་གར་བ་ཀུ་ཡ་དང་རླངས་པ་ཆེ་ཞིང་ལྦུ་བ་ཆུང་བ་འོང་བས་མི་ནོར་བའི་དབྱེ་བ་དེ་ལྟར་ཡོད། བད་ཀན་སྨུག་པོ་དང་ཆུ་སེར་ནག་པོའི་ནད་གཉིས་ཀར་སྤྱིར་དྲི་ཆུ་སྨུག་པོ་ཞིག་འབྱུང་བས་ཕན་ཚུན་འཁྲུལ་སྲིད་ཀྱང་། ལེགས་པར་བརྟགས་ན་བད་ཀན་སྨུག་པོའི་དྲི་ཆུ་ནི་མདོག་སྨུག་ལ་གར་ཞིང་དྲི་དུགས་པ་འོང་བ་དང་། ཆུ་སེར་ནག་པོའི་དྲི་ཆུ་ནི་མདོག་སྨུག་ལ་དྭངས་ཤིང་ཟིང་སྐྱ་ཐོན་པར་དྲི་མ་ཆུང་བ་འོང་བ་བཅས་ཀྱིས་མི་ནོར་བའི་དབྱེ་བ་དེ་ལྟར་ཡོད། མཁལ་མ་དང་། མཆིན་པ། མཆེར་པ་བཅས་གསུམ་གར་སྤྱིར་དྲི་ཆུ་དམར་པོ་ཞིག་འབྱུང་བས་ཕན་ཚུན་འཁྲུལ་སྲིད་ཀྱང་། ལེགས་པར་བརྟགས་ན་མཁལ་མའི་དྲི་ཆུ་ནི་མདོག་དམར་ལ་ཉོག་ཅིང་ཀུ་ཡ་གཏིང་དུ་གནས་པ་ཞིག་དང་། མཆིན་པའི་དྲི་ཆུ་ནི་མདོག་དམར་ནག་གམ་ཡང་ན་དམར་སྐྱ་ཀུ་ཡས་ཁྱབ་ཅིང་དྭངས་པ་ཡོད། མཆེར་པའི་དྲི་ཆུ་ནི་མདོག་དམར་ལ་ལྗང་ཤས་ཅན་ནམ་ཡང་ན་དམར་ལ་དྭངས་པ་ཀུ་ཡ་བར་ན་ཡོད་པ་བཅས་ཀྱིས་མི་ནོར་བའི་དབྱེ་བ་དེ་ལྟར་ཡོད། གབ་ཚད་དང་། བད་རླུང་། གྲང་བའི་ནད་གསུམ་གར་སྤྱིར་དྲི་ཆུ་སྔོན་པོ་ཞིག་འབྱུང་བས་ཕན་ཚུན་འཁྲུལ་སྲིད་ཀྱང་། ལེགས་པར་བརྟགས་ན་གབ་ཚད་ཀྱི་དྲི་ཆུ་ནི་མདོག་སྔོ་ལ་ལྦུ་བ་ཕྲ་ཞིང་སངས་སྐྱེན་པ་ཀུ་ཡ་མཐུག་པོ་ཡོད་པ་དང་། བད་རླུང་གི་དྲི་ཆུ་ནི་མདོག་སྔོ་ལ་ལྦུ་བ་ཆེ་ཞིང་སངས་དལ་བ་ཀུ་ཡ་མེད་པའམ་ཡང་ན་ཀུ་ཡ་སྲབ་ལ་ལྦུ་བ་བརྟན་པར་འོང་། གྲང་བའི་དྲི་ཆུ་ནི་མདོག་སྔོ་སྐྱ་སླ་བ་འབྱུང་བ་བཅས་ཀྱིས་མི་ནོར་བའི་དབྱེ་བ་དེ་ལྟར་ཡོད་པས་དེ་དག་མ་འཁྲུལ་པར་ནད་ངོས་སོ་སོར་བཟུང་དགོས་ལ། འདིར་ཚད་པ་ཤས་ཆེ་བའི་ནད་པར་ཆུ་མདོག་དཀར་སྔོ་གང་བྱུང་ཡང་གྲང་བའི་ནད་ཡིན་པའི་ངེས་པ་མེད་ཅིང་གཉན་ཚད་གཏིང་དུ་གབ་པའང་སྲིད། གྲང་རླུང་ཤས་ཆེ་བའི་ནད་པར་ཆུ་མདོག་དམར་སེར་གང་བྱུང་ཡང་ཚ་བའི་ནད་ཡིན་པའི་ངེས་པ་མེད་ཅིང་སྨན་གྱི་སད་མདས་བརྟག་པར་གཅེས་སོ། །
འཆི་ཆུ།
འཆི་བར་ངེས་པའི་དྲི་ཆུ་ནི་ཁ་དོག་ཁྲག་དང་འདྲ་བ་ལ་དྲི་མ་ཀོ་བ་རུལ་པ་ལྟར་མནམ་པས་ནད་དེར་ཚ་བའི་སྨན་དཔྱད་ཟས་སྤྱོད་གང་གིས་བཅོས་ཀྱང་ཕན་སྐྱེད་མེད་ཅིང་། ཆུ་དེའི་དྲི་མདོག་སོགས་གང་ཡང་མི་འགྱུར་བ་དང་། ཀུ་ཡ་ཉུང་ངུར་གྱུར་རུང་དྲི་ཆུ་མ་ལྡོག་ན་ཚ་བའི་ནད་ཀྱི་འཆི་ཆུ་ཡིན་པ་དང་། དེ་བཞིན་དུ་ཚ་བའི་ནད་ཆུར་ཁ་དོག་དམར་སེར་སོགས་ཚད་རྟགས་ཀྱི་མཚད་ཉིད་ཚང་བ་ལ་ཚད་པའི་བཅོས་ཐབས་ཆུ་བཞི་བསྟེན་པ་སོགས་བྱས་ཀྱང་ཀུ་ཡ་སངས་ནས་ངོ་བོ་མ་ལྡོག་ན་ཚ་བའི་ནད་ཀྱི་འཆི་ཆུ་ཡིན་པ། ཁ་དོག་སྔོ་ཞིང་དྲི་མ་དང་། རླངས་པ། ཀུ་ཡ། ལྦུ་བ་བཅས་མེད་པ་དང་། དྲི་ཆུར་རོ་བྲོ་བ་གང་ཡང་མེད་པ་དེ་ལ་གྲང་བའི་བཅོས་ཐབས་མེ་བཞི་བསྟེན་པ་སོགས་བྱས་ཀྱང་དྲི་ཆུ་དེའི་ཁ་དོག་སོགས་གང་ཡང་མི་འགྱུར་ན་གྲང་བའི་ནད་ཀྱི་འཆི་ཆུ་ཡིན་པ། ཚོགས་པ་སྟེ་སྔོ་ཚོད་བཙོས་པའི་ཁུ་བ་ཆད་པ་དང་འདྲ་བས་དྲི་ཆུའི་མདོག་སྔོ་ནག་ལ་དྭངས་སྙིགས་ཕྱེ་བའི་རྣམ་པ་རྩི་འཐོར་བ་དང་ཆུ་རིས་ཤར་ཡོད་ན་རླུང་གི་ནད་ཀྱིས་འཆི་ཆུ་ཡིན་པ། ཆུ་རྩ་གདུས་པའི་ཁུ་བ་ཆད་པ་དང་འདྲ་བའི་དྭངས་སྙིགས་ཕྱེ་ཞིང་སེར་རུལ་བྱུང་ན་མཁྲིས་པའི་ནད་ཀྱིས་འཆི་ཆུ་ཡིན་པ། དྲི་ཆུའི་མདོག་དམར་པོ་མཚལ་ཆད་པ་དང་འདྲ་བའི་དྭངས་སྙིགས་ཕྱེ་ཞིང་དམར་རུལ་བྱུང་ན་ཁྲག་གི་ནད་ཀྱི་འཆི་ཆུ་ཡིན་པ། དྲི་ཆུའི་མདོག་འོ་མ་ཤི་བ་དང་འདྲ་བའི་དྭངས་སྙིགས་ཕྱེ་ན་བད་ཀན་ནད་ཀྱི་འཆི་ཆུ་ཡིན་པ། དྲི་ཆུའི་མདོག་ནག་པོ་སྣག་ཚ་ཆད་པ་དང་འདྲ་བའི་དྭངས་སྙིགས་ཕྱེ་ན་དུག་རིགས་ནད་ཀྱི་འཆི་ཆུ་ཡིན་པ། མཁལ་མ་ལ་ཚ་གྲང་གི་ནད་གཞི་ཡོད་ན་དྲི་ཆུ་ཁོང་ནས་ལོག་པ་རེ་རེ་ཙམ་སྲིད་པས་དེ་ནི་འཆི་ཆུ་མ་ཡིན་ལ། མཁལ་མར་ནད་གཞི་གང་ཡང་མེད་པར་ཚ་གྲང་རླུང་གསུམ་གྱིས་བསྡུས་པའི་ནད་རིགས་གང་ལའང་ཁོང་པའི་ནང་ནས་དྲི་ཆུ་ལོག་སྟེ་བཏང་མ་ཐག་ཏུ་རུལ་པ་ལྟ་བུ་བྱུང་ན་མིང་འདུ་བ་ཁོང་རུལ་ཞེས་བྱ་ཞིང་ཕལ་ཆེར་འཆི་བའི་ཆུ་ཡིན་ལ། འགའ་ཞིག་ལྡོག་པའང་སྲིད་པས་གསོ་ཐབས་ལ་འབད་པར་བྱའོ། །དྲི་ཆུར་ཀུ་ཡ་མེད་ཀྱང་ལྡོག་དུས་ལྡོག་ན་སྐྱོན་མེད། ཀུ་ཡ་མེད་ཅིང་མ་ལྡོག་ན་ཆུ་མདོག་ལ་མ་ལྟོས་པར་ཕལ་ཆེར་འཆི་ཞིང་དེ་དག་ལེགས་པར་བརྟག་པར་གཅེས་སོ། །
བསྐོར་ཕྱྭ་བརྟག་པ།
དྲི་ཆུ་ནམ་ཡང་ལྡོག་ཏུ་མི་འདོད་ན་བསྐོར་ཕྱྭ་བཏབ་སྟེ་བལྟ་ཞིང་བརྟག་པར་བྱ་བ་ཡིན་ལ། དེ་ཡང་ལག་ལེན་དུ་དྲི་ཆུའི་ཁ་དོག་སོགས་གྲང་ཆུ་ཡིན་པ་ལ་ལྡོག་ཏུ་མི་བཏུབ་ན་ཛཱ་ཏི་དང་། སུག་སྨེལ། དབྱི་མོང་དཀར་པོ་ཁ་འབུས་ཀྱི་ལོ་མ། ཕོ་བ་རིས། དྭ་ལིས་རྣམས་ཆ་མཉམ་གྱི་ཕྱེ་མ་དྲི་ཆུར་བཏབ་སྟེ་མེས་བུན་ལོང་ཙམ་བསྐོལ་བ་གྲངས་སུ་བཅུག་པའི་སྤྲིས་མར་བརྟག་ཅིང་། ལྡོག་ན་རླུང་ཉམས་རྩ་ལ་འབྲོས་པར་བཤད། ཚ་ཆུ་ཡིན་པ་ལ་མ་ལྡོག་ན་ག་བུར་དང་། ཙན་དན་དཀར་པོ། བ་ཤ་ཀ ཏིག་ཏ་བཅས་བཏབ་པ་གོང་བཞིན་བསྐོལ་བའི་སྤྲིས་མ་སོགས་ལ་བརྟག་པས་གསལ་བར་འགྱུར་ཞིང་། ལྡོག་ན་ཚ་བ་ཁོང་དུ་ཤོར་ཞེས་ཀྱང་བཤད་དོ། །
སྤྱིར་ན་དོན་ལྔའི་ནད་རྩ་ལ་གསལ་བ་ཤས་ཆེ་ཞིང་། སྣོད་དྲུག་གི་ནད་དྲི་ཆུར་གསལ་ཆེ་ལ། འཚོ་འཆིའི་ལ་ཤན་ནི་གཙོ་བོ་རྩ་ཡིས་འབྱེད་ནུས་པ་ཞིག་ཡིན་ཡང་། ཚ་བ་དང་གྲང་བ་གང་ཡིན་པའི་ལ་ཤན་ནི་རྩ་ལས་ཀྱང་དྲི་ཆུ་ལ་བལྟས་ཚེ་མཐོང་བས་གསལ་བར་འགྱུར་ཞིང་། རྒྱུ་མཚན་དེའི་ཕྱིར་བརྟག་ཐབས་མཁས་པའི་སྨན་པས་དྲི་ཆུ་ལ་ནན་ཏན་གྱིས་བརྟག་པར་བྱ་དགོས་པ་ཡིན་ནོ། །
སོར་མོས་རེག་པའི་སྒོ་ནས་ནད་ངོས་འཛིན་པ་ནི་སྨན་པའི་ལག་པས་རེག་པར་གྱུར་པའི་བརྟག་པ་ཐམས་ཅད་ལ་བྱ་སྟེ། དེ་ཡང་ནད་པའི་ལུས་ཀྱི་ཡུལ་ཏེ་རེག་བྱ་ཚ་གྲང་དང་། སྲ་སྙི། སྐྲངས་འབུར། འཇམ་རྩུབ་སོགས་ལ་བརྟག་པར་བྱ་ཞིང་། ཁྱད་པར་དུ་ནད་པ་དང་སྨན་པ་གཉིས་ཀྱི་བར་ཕན་ཚུན་བརྡ་སྦྱོར་འཕྲིན་བསྲིང་བ་པོ་ལྟ་བུའི་རྩ་ལ་བརྟག་པར་བྱེད་པའི་ཐབས་འདི་ནི་ཤེས་རབ་ཀྱི་དཔྱོད་པ་ཟབ་མོས་ལྐོག་གྱུར་གྱི་དོན་ནད་གཞི་རྟོགས་ཐབས་བྱེད་པ་ཞིག་ཡིན་པས་དེར་དཔྱོད་པ་དོན་གྱི་རིག་པའི་བརྟག་ཐབས་ཞེས་བྱའོ། །
རེག་པ་རྩ་ལ་བརྟག་པ།
སོར་མོས་རེག་པར་བརྟེན་ནས་འཕར་རྩའི་རྒྱུ་བར་བརྟག་པར་བྱ་བའི་ཚུལ་ནི་ནད་པ་དང་སྨན་པ་གཉིས་ཀྱི་བར་ན་དོན་མ་ནོར་བར་ཕན་ཚུན་གོ་བརྡ་སྤྲོད་པའི་འཕྲིན་པའམ་ཕོ་ཉ་བ་དང་འདྲ་བ་ཞིག་ཡིན་གཤིས། དེ་ལྟར་རླུང་ཁྲག་གི་རྒྱུ་བ་ཤས་ཆེར་ཡོད་པའི་སྙིང་དང་འབྲེལ་བའི་འཕར་རྩའི་རྒྱུ་བ་ལ་བརྟག་པར་བྱ་བའི་ཚུལ་འདིར་སྔོན་འགྲོ་ཟས་སྤྱོད་ཀྱི་སྤང་བླང་བསླབ་པ་དང་། མཁའ་ལ་ཉི་མ་ཤར་བ་སོགས་རྩ་བལྟ་བའི་དུས་བསྟན་པ། མཁྲིག་མའི་གཉེར་མ་དང་པོ་སོགས་རྩ་བལྟ་བའི་གནས་བསྟན་པ། ཚོན་གྱིས་པགས་པ་ནོན་ཙམ་སོགས་རྩ་མནན་པའི་ཚད་བསྟན་པ། སྨན་པའི་ལག་པའི་སོར་མོ་མ་གྲངས་པ་སོགས་རྩ་བལྟ་བའི་ཚུལ་ཤེས་པའི་སྒོ་ནས་བརྟག་པ། ཐ་མལ་པའི་རྩ་ལ་རྩ་རྒྱུད་རྣམ་པ་གསུམ་དུ་བརྟག་པ། ཕྱི་དུས་བཞི་དང་ནང་ཁམས་ལྔའི་རྩ་ལ་སྦྱར་ཏེ་འབྱུང་བ་བརྩི་བ། སྦྲུམ་མར་བུ་རྩ་བརྟག་པ། ནད་དང་ནད་མེད་ཀྱི་དབྱེ་བ་དེ་རྩ་འཕར་བའི་གྲངས་ལས་དཔགས་ཏེ་བལྟ་བ། སྤྱི་དང་བྱེ་བྲག་གི་རྩ་ཡིས་ནད་ཀྱི་ངོས་བཟུང་བ། འཆི་བའི་རྩ་རྒྱུད་འགྱུར་བ་དང་། མ་ཚང་བ། སྡོད་པ་གསུམ་གྱིས་འཚོ་འཆིའི་ཁ་དམར་གདགས་ཚུལ། གློ་བུར་གདོན་རྐྱེན་ལས་བྱུང་བའི་རྩ་ལ་བརྟག་པ། ཚེ་རིང་ཐུང་གི་རྟགས་གསལ་པོར་སྟོན་པ་བླ་ཡི་རྩ་ལ་བརྟག་པ་རྣམས་ནི་རེག་པ་རྩའི་དོན་ཐམས་ཅད་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །
སྔོན་འགྲོ།
སྔོན་འགྲོ་ནི་ཟས་སྤྱོད་ཀྱི་སྤང་བླང་བསླབ་པ་དང་། རྩ་བལྟ་བའི་དུས། རྩ་བལྟ་བའི་གནས། རྩ་མནན་ཚད། རྩ་བལྟ་ཚུལ་བཅས་ལ་བརྟག་དགོས་པས་ན་སྔོན་འགྲོ་ཞེས་བྱ་ཞིང་། འདིར་རྩ་མ་བལྟ་བའི་སྔོན་དུ་ཟས་སྤྱོད་ཀྱི་སྤང་བླང་ལ་བསླབ་དགོས་པ་ནི། དེ་ཡང་སང་ཞོགས་རྩ་བལྟ་བའི་དོ་ནུབ་ལྟ་བུ་ནས་ནད་ཅན་དང་ནད་མེད་གང་ཡིན་ཀྱང་ཤ་ཆང་སོགས་དྲོད་བཅུད་ཆེ་བའི་བཟའ་བཏུང་དང་། མེ་ཉི་ལྟ་བུར་བྱུག་པ་བྱེད་པའམ་ལུས་ཀྱི་བྱ་བ་དྲག་པོ་ཐལ་ཆེས་པ། རུལ་སྐྱུར་སྔོ་ངད་ལ་སོགས་པ་འཇུ་དཀའ་བའི་རིགས། ཇ་གར་པོའམ་ར་དང་ཕག་གི་ཤ་སོགས་བསིལ་ཆེས་པའི་བཟའ་བཏུང་རིགས་མདོར་ན་ནད་གཞི་གསར་དུ་འཁྲུགས་པར་འགྱུར་བའི་ཟས་སྤྱོད་རྣམས་སྤང་བར་བྱ་ཞིང་། བསིལ་དྲོད་སྙོམས་པའི་བཟའ་བཏུང་ཡིན་ཀྱང་ཧ་ཅང་འགྲངས་ཆེས་པ་དང་ལྟོགས་ཆེས་པ་མ་ཡིན་པ་དང་། ཉལ་པོ་སྤྱད་པ། བྱ་ལས་ཀྱིས་གཉིད་ཆག་པ། སྨྲ་བརྗོད་མང་བ། མྱ་ངན་དང་ཡིད་མི་བདེ་བ་སོགས་སེམས་ལས་ཆེས་པ། འགྲོ་ཆེ་བ་དང་འདུག་ཆེ་བ་སོགས་མཐའ་གཉིས་སུ་ལྷུངས་པའི་ཟས་སྤྱོད་རྣམས་སྤངས་ཏེ་ལེགས་པར་བརྟགས་ན་དེ་ཡིས་ནང་གི་འདུ་བ་རླུང་མཁྲིས་བད་ཀན་རྣམ་པ་གསུམ་མི་འཁྲུགས་པས་རྩ་གསལ་ཞིང་ཐིག་པ་འོང་ངོ་། །སྤྱིར་རྩ་བལྟ་བའི་སྔོན་དུ་ཟས་སྤྱོད་ཀྱི་སྤང་བླང་དེ་ལྟར་གྲུབ་དགོས་ཀྱང་། བྱེ་བྲག་དམིགས་བསལ་དུ་དེ་ལྟར་གྲུབ་ཁོམ་མེད་པའི་ནད་པ་གློ་བུར་དུ་བྱུང་བ་རྣམས་ལ་བལྟ་དགོས་པ་བྱུང་ན་རྟབ་རྟབ་པོར་རྩ་བལྟ་བར་མི་བྱ་བར་ནད་པ་དང་སྨན་པ་གཉིས་ཀས་བགྲོད་དང་རྩོལ་བས་དུབ་པ་ལས་དབུགས་ངལ་གསོ་དགོས་ཤིང་། རྩ་མལ་དུ་ཚུད་ནས་རང་སོར་གནས་པ་དང་། ལྷག་པར་དུ་ལུས་འཁྱགས་དྲགས་པ་དང་དྲོས་དྲགས་པ། ལག་པ་གཅུས་པ་དང་། མནན་པ། བསྡམས་པ་ལྟ་བུའི་གློ་བུར་བའི་རྐྱེན་སྣ་ཚོགས་ཀྱིས་མ་བཏེགས་པ་ཞིག་ཅི་ནས་ཀྱང་གཅེས་པར་བཟུང་ལ་བརྟག་དགོས་པ་ཡིན་ནོ། །
རྩ་བལྟ་བའི་དུས།
སྤྱིར་ན་རྩ་བལྟ་བའི་དུས་ནི་གློ་བུར་གྱི་རྐྱེན་གྱིས་མ་བསྐྱོད་པར་ཐ་མལ་དུ་གནས་པ་ཞིག་དགོས་ཤིང་། དེ་ལྟ་བུའི་དུས་སྐབས་ནམ་ཞིག་འབྱུང་ཞེ་ན། ཞོགས་པ་ནམ་མཁའ་ལ་ཉི་མ་ཤར་ཞིང་ཀླུངས་སུ་ཉི་ཟེར་མ་ཕེབས་པ་སྟེ། ནམ་ལངས་ལག་རིས་མཐོང་ཙམ་གྱི་དུས་དེར་ཤིན་ཏུ་གསལ་བའི་སྐབས་ཡིན་ཞིང་། ཅིའི་ཕྱིར་ཞེ་ན། དེ་ལས་འཕྱི་བའི་ཉི་མོ་ལྟ་བུར་བལྟས་ན་ཕྱི་རོལ་དུ་ཉི་མ་ཤར་ཞིང་དྲོད་ཕེབས་པས་ཁྲག་མཁྲིས་ཚ་བའི་རྩར་འཁྲུལ་ཉེན་ཡོད་པ་དང་། དེ་ལས་སྔ་བའི་མཚན་མོ་ལྟ་བུར་བལྟས་ན་ཕྱི་རོལ་དུ་ཟླ་བའི་བསིལ་ཤུགས་འཕེལ་བས་བད་རླུང་གི་རྩར་འཁྲུལ་ཉེན་ཡོད་པའི་ཕྱིར་རོ། །དུས་དེའི་སྐབས་སུའང་རྩ་ལྟ་ཡུལ་ནད་པ་དེས་ནང་དབུགས་དྲོན་མོ་རྣམས་སྨྲ་བརྗོད་སོགས་བརྒྱུད་ནས་ཕྱིར་ཡུན་རིང་དུ་མ་རྒྱུས་པ་དང་། རླུང་བསེར་བུ་དང་འགྲོགས་པའི་ཕྱིའི་དབུགས་གྲང་མོ་དེ་ནང་དུ་མ་ཤོར་བ། མལ་ས་ནས་ཤུགས་དྲག་པོས་མ་འགུལ་ཞིང་ཟོས་བདེར་གནས་པ། ཁ་ཟས་མ་ཟོས་པ། སྐོམ་མ་འཐུངས་པ་བཅས་མདོར་ན་གདགས་སྲིབས་སམ་ཚ་གྲང་དང་དབུགས་ཀྱི་རྒྱུ་བ་སྙོམས་ཤིང་། འཕར་རྩའི་རྒྱུ་བ་མལ་དུ་གནས་པའི་སྐབས་དེར་བལྟ་དགོས་པ་ཡིན་ནོ། །
རྩ་བལྟ་བའི་གནས།
རྩ་བལྟ་བའི་གནས་ངེས་པ་ནི་ལག་པའི་མཁྲིག་མའི་གཉེར་མ་དང་པོ་ནས་ནད་པ་རང་གི་ཚོན་གང་མར་ལ་བཅལ་བའི་རུས་པ་འབུར་པོའི་ཟད་མཚམས་ཀྱི་ལྡེབས་དེར་སྨན་པའི་མཛུབ་མོ་ལ་ཚོན། གུང་མོ་ལ་ཀན། སྲིན་ལག་ལ་ཆག་ཅེས་གྲགས་པ་དེ་གསུམ་མ་འདྲུས་ཏེ་བར་ཡང་དྲགས་པ་དང་དོག་དྲགས་པ་མ་ཡིན་པར་གཅིག་ལ་གཅིག་མ་འབྲེལ་ཙམ་སྙོམས་པར་བཞག་སྟེ་བལྟ་དགོས་ཤིང་། གནས་དེ་ཁོ་ནར་བརྟག་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འཕར་རྩ་ཙམ་ནི་མགོ་སྐེ་རྐང་པ་སོགས་ལུས་ཀྱི་སྟོད་སྨད་བར་གསུམ་ཀུན་ལ་ཡོད་མོད་ཀྱང་། དོན་སྙིང་དང་ཆེས་ཉེ་བའི་སྐེའི་གཉིད་ལོག་དང་མཆན་ཁུང་རྔུལ་འདུ་ལྟ་བུའི་འཕར་རྩར་བལྟས་ཚེ། དཔེར་ན་རི་གཟར་གྱི་ཕུ་ཆུ་དྲག་ཏུ་འབབ་པའི་སར་མི་གཉིས་ཕན་ཚུན་གཏམ་གླེང་བྱས་ཀྱང་ཆུ་སྒྲ་དེའི་དབང་གིས་བརྡ་གསལ་པོ་མི་ཐོས་པ་དང་མཚུངས་ཏེ། དོན་སྙིང་གི་ནད་ལས་གཞན་པའི་ནད་མི་རྟོགས་ལ། དེ་བཞིན་དུ་དོན་སྙིང་དང་བར་ཐག་རིང་བའི་མུར་གོང་འཕར་རྩ་དང་། རྐང་པའི་བོལ་གོང་འཕར་རྩ་ལྟ་བུར་བལྟས་ཚེ་རྩ་རྒྱུད་ཕྲ་ཞིང་ཁྲག་ཤུགས་ཆུང་བའི་ཕྱིར་ས་ཐག་རིང་པོ་ནས་འོངས་པའི་མགྲོན་པོའི་གཏམ་ལ་བདེན་རྫུན་སྣ་ཚོགས་འབྱུང་བ་དང་འདྲ་བར་འཆི་མི་འཆིའི་ཁྱད་པར་ཙམ་ལས་ནད་རྟགས་རྣམས་ཇི་ལྟ་བ་བཞིན་རྟོགས་པར་མི་ནུས་ཤིང་། དེས་ན་མཁྲིག་མའི་བལྟ་གནས་འདི་ཉིད་ལུས་ཀྱི་སྟོད་སྨད་དོན་སྣོད་ཐམས་ཅད་དུ་ཉེ་རིང་འཚམ་པས་ན། དཔེར་ན་གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་སུ་བརྩིས་པའི་(རྒྱང་གྲགས་ཞེས་པ་དུང་གི་སྒྲ་དང། དབྱར་སྐད་ཅེས་པ་འབྲུག་སྒྲར་བཞེད་པའང་ཡོད།) ས་ནས་མི་གཉིས་ཕན་ཚུན་སྐད་བརྡ་བྱས་པའི་ཚེ། ཐལ་རྡུལ་འཇགས་པའི་དབྱར་དུས་སུ་སྐད་གདངས་ཇི་བཞིན་འཕྲོད་པ་བཞིན་དུ་ནད་རྟགས་རྣམས་ཀྱང་གསལ་ནུས་པ་མ་ཟད། དེས་དོན་སྣོད་སོགས་ཀྱི་ནད་ཐམས་ཅད་རྟོགས་ནུས་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། ལུས་ཁམས་ཀྱི་སྟོད་སྨད་དོན་སྣོད་ཕྱི་ནང་ཚང་མའི་རླུང་ཁྲག་རྣམས་སྙིང་གར་འདུས་རྗེས་སྙིང་གི་འཕར་ཤུགས་དེས་རླུང་ཁྲག་རྣམས་འཕར་རྩའི་ནང་དུ་དེད་ནས་རྒྱུ་གི་ཡོད་སྟབས། དེ་ལྟར་བཤད་པའི་བལྟ་རྩ་འདི་ནི་ཚོང་འདུས་ཆེན་པོའི་སྤྱིའི་རྒྱ་སྲང་ཚད་མར་གནས་པ་ཇི་བཞིན་རླུང་ཁྲག་ཐམས་ཅད་དེར་རྒྱུ་བའི་ཕྱིར་རོ། །འོ་ན་རླུང་ཁྲག་རྣམས་དེར་རྒྱུ་བ་ཙམ་ལས་ལུས་ཀྱི་སྟོད་སྨད་དོན་སྣོད་དང་བཅས་པའི་ནད་རྣམས་དེར་མི་རྒྱུ་བའི་ཕྱིར་དེས་ནད་རྣམས་རྟོགས་ཐུབ་པའི་རིག་པ་དེ་འགལ་ལོ་ཞེ་ན་དེ་ཡང་མི་འགལ་ཏེ། ཅིའི་ཕྱིར་ཞེ་ན། ཇི་སྐད་བཤད་པའི་རླུང་ཁྲག་གཉིས་ནི་ཡུལ་ཕྱོགས་སྟོད་སྨད་ཀུན་ཏུ་རྒྱུ་མྱོང་བའི་ཚོང་དཔོན་གང་དག་གིས་ཡུལ་འདི་དང་འདིར་དངོས་པོ་འདི་དང་འདི་ཞེས་སྟོན་ནུས་པ་ཇི་བཞིན་དུ་ནད་རྟགས་རྣམས་རླུང་ཁྲག་གི་རྒྱུ་བ་དང་འདོམས་ཏེ་སོར་མོའི་ཡར་ཟུར་རྣམས་ཀྱི་འོག་ཏུ་དོན་ལྔའི་རྩ་དྲུག་དང་། མར་ཟུར་རྣམས་སུ་སྣོད་དྲུག་གི་རྩ་དྲུག་སྟེ་རྩ་བཅུ་གཉིས་པོས་མཚོན་རླུང་མཁྲིས་བད་ཀན་དང་བཅས་པའི་ནད་རྟགས་རྣམས་ཕན་ཚུན་མ་འདྲེས་པར་ཕ་ཙེའི་རེ་སོའམ་མཚོ་མོའི་རྦ་རླབས་ཀྱི་ཕྲེང་བའི་ཚུལ་ལྟར་གསལ་བར་སྟོན་ནུས་པ་ཡིན་ནོ། །གཞན་ཡང་བླ་རྩ་ནི་མཁྲིག་མའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་ཏུ་བརྟག་དགོས་ལ། འཆི་མི་འཆི་ཐེ་ཚོམ་དུ་གྱུར་པའི་ཚེ་ན་འབྱུང་བ་རྣམས་མཐའ་ནས་རིམ་གྱིས་སྡུད་པའི་ཕྱིར་འཆི་རྩ་ནི་རྐང་པའི་བོལ་གོང་ལ་བརྟག་དགོས་པ་ཡིན་ནོ། །
རྩ་མནན་ཚད།
མཁྲིག་མའི་རུས་པ་འབུར་པོའི་ལྡེབས་སུ་བལྟ་བའི་རྩ་དེའི་མནན་པའི་ཚད་ནི་ཚོན་གྱིས་པགས་པ་ནོན་ཙམ་དང་། ཀན་གྱིས་ཤ་ནོན་ཙམ། ཆག་གིས་རུས་པ་ནོན་ཙམ་བཅས་བྱས་ཏེ་རྩ་སོ་སོའི་འཕར་ཚུལ་གསལ་པོར་མངོན་པའི་བར་མནན་དགོས་ཤིང་། དེ་ལྟར་ཤེད་ཆེ་ཆུང་དབྱེ་བས་གནོན་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ལག་པའི་ཉྭ་སུལ་གྱི་སྲུབས་ནས་ཐོན་པའི་འཕར་རྩའི་དབྱིབས་དེ་ས་འོག་ནས་རིམ་གྱིས་ཐོན་པའི་ལ་ཕུག་དང་འདྲ་བར་གནས་ཤིང་། དེ་ནི་ལག་ངར་ངོས་ཀྱི་ཤའི་རྔམས་ཟབ་ཅིང་མཐུག་པ་དང་། མཁྲིག་མའི་ངོས་ཀྱི་ཤའི་རྔམས་མི་ཟབ་ཅིང་སྲབ་པའི་ཁྱད་པར་ལས་བྱུང་བ་ཡིན་གྱི། དེས་ན་ཤ་འབྱོར་པོར་ཡོད་པའི་མི་གང་དག་ཤེད་ཆེར་བསྐྱེད་ནས་གནོན་པའང་རིགས་སོ། །
རྩ་བལྟ་ཚུལ།
རྩར་བལྟ་བའི་ཚུལ་ནི་སྨན་པའི་ལག་པའི་སོར་མོ་རྣམས་མ་གྲངས་པའི་ངོས་སག་རི་དང་སེར་ག་སོགས་ཀྱི་རྩུབ་པོ་མ་ཡིན་པར་འཇམ་ཞིང་མཉེན་ལ་ནད་པའི་རང་དྲོད་དང་རྗེས་སུ་མཐུན་པ་དེ་ཡིས་ཕོ་ལ་རྩ་བལྟ་བའི་ཚེ་སྔོན་དུ་ལག་པ་གཡོན་པ་དང་། མོ་ལ་རྩ་བལྟ་བའི་ཚེ་སྔོན་དུ་ལག་པ་གཡས་སུ་བརྟག་པར་བྱ་དགོས་ཤིང་། དེའང་དང་པོ་ནད་པ་སྐྱེས་པའི་དབང་དུ་བྱས་ནས་ལག་པ་གཡོན་པར་སྨན་པའི་ལག་པ་གཡས་པས་བལྟ་སྟེ། ཇི་ལྟར་ཞེ་ན། ཚོན་གྱི་ཡར་ཟུར་གྱི་འོག་ཏུ་དོན་སྙིང་དང་། མར་ཟུར་གྱི་འོག་ཏུ་སྣོད་རྒྱུ་མའི་རྩ་དང་། ཀན་གྱི་ཡར་ཟུར་གྱི་འོག་ཏུ་དོན་མཆེར་པ་དང་། མར་ཟུར་གྱི་འོག་ཏུ་སྣོད་རྒྱུ་མའི་རྩ་དང་། ཆག་གི་ཡར་ཟུར་གྱི་འོག་ཏུ་དོན་མཁལ་མ་གཡོན་དང་། མར་ཟུར་གྱི་འོག་ཏུ་སྣོད་བསམ་སེའུ་བཅས་སོ་སོར་འབྱུང་བས་དེ་ལྟར་བརྟག་པར་བྱའོ། །ནད་པའི་ལག་པ་གཡས་པར་སྨན་པའི་གཡོན་པས་བལྟ་སྟེ། ཚོན་འོག་གི་ཡར་ཟུར་དུ་དོན་གློ་བ་དང་། མར་ཟུར་དུ་སྣོད་ལོང་གི་རྩ་དང་། ཀན་འོག་གི་ཡར་ཟུར་དུ་དོན་མཆིན་པ་དང་། མར་ཟུར་དུ་སྣོད་མཁྲིས་པའི་རྩ། ཆག་འོག་གི་ཡར་ཟུར་དུ་དོན་མཁལ་མ་གཡས་དང་། མར་ཟུར་དུ་སྣོད་ལྒང་པའི་རྩ་བཅས་སོ་སོར་འབྱུང་བ་ཡིན་པས་དེ་ལྟར་བློ་ཡུལ་དུ་བྱས་ཏེ་སོ་སོའི་གནས་མ་འདྲེས་པར་བརྟག་པར་བྱ་དགོས་པ་ཡིན། མོ་ལ་ནི་ཚོན་འོག་གི་སྙིང་རྩ་དང་གློ་རྩ་གཉིས་པོ་སྐྱེས་པའི་དེ་ལས་གཡས་གཡོན་ཕན་ཚུན་གོ་ལྡོག་སྟེ་བརྟག་དགོས་ཤིང་། ཅིའི་ཕྱིར་ཞེ་ན། གློ་བ་དང་སྙིང་གཉིས་སྐྱེས་པ་དང་བུད་མེད་ལ་གཡས་གཡོན་སྡོད་ཕྱོགས་ལ་ཉེ་རིང་གི་ཁྱད་པར་མེད་ཀྱང་སྐྱེས་པར་སྙིང་གི་རྩེ་མོའི་ཡིད་འཇུག་པའི་བུ་ག་གཡོན་ཕྱོགས་སུ་ཉེ་བ་དང་། བུད་མེད་ལ་སྙིང་རྩེའི་ཡིད་འཇུག་གི་བུ་ག་གཡས་ཕྱོགས་སུ་ཉེ་བ་ཡོད་པར་བསྟན་པའི་ཕྱིར་བརྟག་ལུགས་དེ་ལྟར་བསྟན་པ་ཡིན་གྱི། དེས་ན་ཚོན་རྩ་གཉིས་པོ་མ་གཏོགས་གཞན་མ་ཀན་གཉིས་དང་ཆག་གཉིས་རྣམས་གནས་ཀྱིས་ངེས་པ་ནི་གོང་དུ་སྐྱེས་པའི་སྐབས་སུ་བཤད་པའི་རང་རང་གི་སྐལ་བ་སོ་སོ་ལས་མི་འགྱུར་བའི་ཕྱིར་གོང་ལྟར་ཡིད་ལ་ངེས་དགོས་པ་ཡིན་ནོ། །
ཐ་མལ་རྟེན་གྱི་རྩ།
རྣམ་པར་མ་གྱུར་པར་ཐ་མལ་ནད་མེད་དུ་བདེ་བར་གནས་པའི་ལུས་རྟེན་ལ་ཁམས་ཀྱི་རང་བཞིན་གྱི་དབང་གིས་བྱུང་བའི་རྩ་རྒྱུད་མི་འདྲ་བ་རྣམ་པ་གསུམ་ཡོད་པ་ནི་ཕོ་ཡི་རྩ་དང་། མོ་ཡི་རྩ། བྱང་ཆུབ་སེམས་རྩའམ་མ་ནིང་གི་རྩ་བཅས་ཡིན་ཞིང་། དེ་ཡང་ཕོ་ཡི་རྩ་ཞེས་རླུང་གི་རང་བཞིན་ཅན་ཤས་ཆེ་བ་ལས་གྱུར་པའི་སྐྱེ་བོ་གང་དག་གི་རྩ་རྒྱུད་ནི་སྦོམ་ལ་རགས་པར་རླུང་ནད་ཀྱི་རྩ་དང་ཆོ་འདྲ་བར་འཕར་བ་དང་། མོ་ཡི་རྩ་ཞེས་མཁྲིས་པའི་རང་བཞིན་ཅན་ཤས་ཆེ་བ་ལས་གྱུར་པའི་སྐྱེ་བོ་གང་དག་གི་རྩ་རྒྱུད་ནི་ཕྲ་ལ་གྲངས་མྱུར་བར་མཁྲིས་ནད་ཀྱི་རྩ་དང་ཆོ་འདྲ་བར་འཕར་བ། བྱང་ཆུབ་སེམས་རྩ་ཞེས་བད་ཀན་གྱི་རང་བཞིན་ཅན་ཤས་ཆེ་བ་ལས་གྱུར་པའི་སྐྱེ་བོ་གང་དག་གི་རྩ་རྒྱུད་ནི་རིང་ཞིང་འཇམ་ལ་མཉེན་པ་གྲངས་དལ་བར་བད་ནད་ཅན་གྱི་རྩ་དང་ཆོ་འདྲ་བར་འཕར་བ་བཅས་ཡིན་ལ། དེ་ཡང་ཐབས་གཙོ་ཆེ་བ་ལ་ཕོ་རྩ་དང་། ཤེས་རབ་གཙོ་ཆེ་བ་ལ་མོ་རྩ། དེ་གཉིས་མཉམ་པའམ་གཉིས་སུ་མེད་པ་ཞིག་ལ་བྱང་ཆུབ་སེམས་རྩ་ཞེས་བརྡར་བཏགས་པའང་ཤེས་པར་བྱའོ། །ཇི་སྐད་བཤད་པའི་རྩ་དེ་རྣམས་ཀྱི་ནང་ན་ཕོ་ལ་མོ་རྩ་ཕྲ་ལ་མྱུར་བ་དེ་ཆགས་ན་དེ་ཉིད་ཚེ་རིང་བ་དང་། མོ་ལ་ཕོ་རྩ་སྦོམ་ལ་རགས་པ་དེ་ཆགས་ན་བུ་ཚའི་རིགས་དཔལ་ཆེ་ཞིང་ཕུན་སུམ་ཚོགས་པ། བཟའ་མིའི་དབང་དུ་བྱས་པའི་བཟའ་ཚང་གཉིས་ཀ་ལ་མ་ནིང་ངམ་བྱང་ཆུབ་སེམས་རྩ་བྱུང་ན་དེ་གཉིས་ཀ་ཚེ་རིང་ཞིང་ནད་དཀོན་པ་དང་། རང་ལས་མཐོ་བ་རྣམས་ཀྱིས་ཡས་ནས་བྱམས་པ་དང་། དམའ་བ་རྣམས་ཀྱིས་མས་ནས་སྡང་བ་འབྱུང་སྟེ། ཁུ་བོ། ཚ་བོ། ཞང་པོ་ལ་སོགས་པའི་རང་ལས་ཉེ་བ་དྲུང་གསུམ་དགྲར་ལྡང་བའི་ཁར། མ་ནིང་གི་རྩའི་དབང་གིས་བུ་མི་འབྱུང་བས་མཐའ་ཕུགས་སུ་དེའི་མི་རབས་ཀྱང་ཆད་པར་འགྱུར་བ་དང་། བཟའ་མི་གཉིས་ཀར་ཕོ་རྩ་ཁོ་ན་ནང་ཕྲད་པར་གྱུར་ན་ཕལ་ཆེར་བུ་མང་བ་སྐྱེ་ལ། མོ་རྩ་ཁོ་ན་ནང་ཕྲད་པར་གྱུར་ན་བུ་མོ་ཕལ་ཆེར་མང་བ་སྐྱེ་བ་དང་། བཟའ་མི་གཅིག་བྱང་ཆུབ་སེམས་རྩ་ཡིན་པ་དེ་ཕོ་རྩ་དང་ཕྲད་ན་བུ་གཅིག མོ་རྩ་དང་ཕྲད་ན་བུ་མོ་གཅིག་འབྱུང་ལ། དེ་ནས་བྱང་ཆུབ་སེམས་རྩའི་དབང་གིས་འབྱུང་བ་མིན་ནོ། །
དུས་བཞིའི་རྩ།
ཕྱི་ནམ་ཟླ་དུས་བཞི་དང་། ནང་དོན་སྣོད། ཁམས་ལྔའི་འབྱུང་བ་བཅས་རྩ་ལ་སྦྱར་ཏེ་བརྩི་བ་ནི་དཔྱིད་དང་། དབྱར། སྟོན། དགུན་ཏེ་དུས་བཞི་དང་། དེ་དག་གི་མཚམས་བཞི་པོ་གཅིག་ཏུ་བྱས་པའི་ལྔ་པོ་རྣམས་སྙིང་སོགས་ནང་གི་དོན་ལྔའི་རྩ་དང་སྦྱར་ནས་བརྩི་བར་བྱ་བ་ཡིན་གྱི། དེ་བས་ན་སྤྱིར་དཔྱིད་ཀྱིས་མཚོན་པའི་དུས་བཞི་པོ་ནི་རྒྱལ་ཁམས་སོ་སོའི་ས་བབས་སོགས་ཀྱི་ཁྱད་ཆོས་དངོས་ལ་བརྟེན་ནས་སོ་སོར་བརྩི་ཚུལ་རེ་ཡོད་པ་ཇི་བཞིན་འཁྲུལ་མེད་དུ་ངོས་ཟིན་པ་གལ་ཆེ་ཞིང་། ཅིའི་ཕྱིར་ཞེ་ན། ནམ་དུས་ངོས་མ་ཟིན་པ་ན་དུས་རྩ་ངོས་མི་ཟིན། དུས་རྩ་ངོས་མ་ཟིན་པ་ན་ནད་ཅན་དང་ནད་མེད་ཀྱི་རྩ་གང་ཡིན་མི་ཤེས། ནད་མེད་ཀྱི་རྩ་མ་ཤེས་པ་ན་ནད་ཅན་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །
དཔྱིད་ཤིང་ཁམས་མཆིན་རྩའི་མཚན་ཉིད་དེ། དེ་ཡང་བོད་ཀྱི་གསོ་བ་རིག་པའི་རང་ལུགས་སུ་ཧོར་ཟླ་དང་པོ་དེ་དཔྱིད་ར་སྟག་གི་ཟླ་བ་ཡིན་(ཞིབ་པ་སྐར་རྩིས་དང་བསྟུན་)པར་ངོས་འཛིན་པ་དེ་ནས་འགོ་བཟུང་བའི་དཔྱིད་ཟླ་གསུམ་གྱི་ནང་ནས་ར་འབྲིང་གི་ཟླ་བ་གཉིས་པོའི་བདག་པོ་ནི་སྟག་དང་ཡོས་ཡིན་པ་དང་། དེ་གཉིས་ཀྱི་སྲོག་གཙོ་བའི་ཁམས་ཤིང་ཡིན་པའི་དབང་གིས་ཕྱི་རོལ་དུ་ཤིང་ཁམས་འཕེལ་བའི་དོན་གྱིས་ས་གཞི་ལ་མི་འགྱུར་བའི་རྟགས་སུ་རྩི་ཤིང་ཀུན་ཁ་འབུས་པའི་དུས་ཡིན་པ་དང་། ནམ་མཁའ་ལ་མི་འགྱུར་བའི་རྟགས་སུ་དཔྱིད་ཟླ་ར་བའམ་ཟླ་བ་དང་པོར་སྐར་མ་རྟ་པའམ་མཆུ་དང་། དཔྱིད་ཟླ་འབྲིང་པོའམ་ཟླ་བ་གཉིས་པར་སྐར་མ་དབོའམ་ཁྲ། དཔྱིད་ཟླ་ཐ་ཆུང་ངམ་ཟླ་བ་གསུམ་པར་སྐར་མ་ནག་པའམ་བྱའུ་གསུམ་གྱིས་ཚེས་བཅོ་ལྔའི་ཟླ་བ་དང་འགྲོགས་ནས་ནམ་ཚོད་འཛིན་པའམ་སྐྱེལ་བ་ཡིན་ལ། བར་སྣང་དུ་མི་འགྱུར་བའི་རྟགས་སུ་བྱེའུ་ཅོ་ག་རྣམས་མཁའ་ལ་ལྡིང་ཞིང་རང་སྐད་འབྱིན་པའི་དུས་བཅས་ཡིན་ནོ། །དུས་དེའི་ཐ་ཆུང་གི་ཟླ་བ་ལས་ར་འབྲིང་གི་ཟླ་བ་གཉིས་གཙོ་ཆེ་བའི་དབང་གིས་ནང་དུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་ཤིང་ཁམས་མཆིན་པ་དང་མཁྲིས་པའི་རྩ་དར་ཞིང་རྒྱུ་བ་ཡིན་པས། རྩའི་འཕར་ཚུལ་དེ་བྱེའུ་ཅོ་གའི་སྐད་དམ་པི་ཝང་གི་རྒྱུད་པ་ལྟར་ཕྲ་ལ་གྲིམས་པར་འཕར་བ་དང་། ཐ་ཆུང་འབྲུག་ཟླ་སྟེ་ཕྱི་རོལ་དུ་འབྲུག་གི་སྒྲ་འབྱིན་ཞིང་དེའི་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་བདུན་ཅུ་རྩ་གཉིས་ཕུད། ལྷག་མའི་ཞག་བཅོ་བརྒྱད་རིང་ས་ཁམས་མཆེར་པ་དང་ཕོ་བའི་རྩ་དར་ཞིང་རྒྱུ་བ་ཡིན་ནོ། །
དབྱར་མེ་ཁམས་སྙིང་རྩའི་མཚན་ཉིད་དེ། དབྱར་ཟླ་གསུམ་གྱི་ནང་ནས་ར་འབྲིང་གི་ཟླ་བ་གཉིས་པོའི་བདག་པོ་ནི་རྟ་དང་སྦྲུལ་ཡིན་པ་དང་། དེ་གཉིས་ཀྱི་སྲོག་གཙོ་བའི་ཁམས་མེ་ཡིན་པའི་དབང་གིས་ཕྱི་རོལ་དུ་མེ་ཁམས་འཕེལ་བའི་དོན་གྱིས་ས་གཞི་ལ་མི་འགྱུར་བའི་རྟགས་སུ་རི་ཀླུང་ཀུན་དྲོ་ཞིང་ལྗོན་ཤིང་ནགས་ཚལ་སོགས་ཀྱི་ལོ་འདབ་རྒྱས་ཤིང་ཆར་འབབ་པའི་དུས་ཡིན་པ་དང་། ནམ་མཁའ་ལ་མི་འགྱུར་བའི་རྟགས་སུ་དབྱར་ཟླ་ར་བའམ་ཟླ་བ་བཞི་པར་སྐར་མ་ས་ག་དང་། དབྱར་ཟླ་འབྲིང་པོའམ་ཟླ་བ་ལྔ་པར་སྐར་མ་སྣྲོན། དབྱར་ཟླ་ཐ་ཆུང་ངམ་ཟླ་བ་དྲུག་པར་སྐར་མ་ཆུ་སྟོད་གསུམ་གྱིས་ཚེས་བཅོ་ལྔའི་ཟླ་བ་དང་འགྲོགས་ནས་ནམ་ཚོད་འཛིན་ཞིང་ནམ་སྐྱེལ་བ་དང་། བར་སྣང་དུ་མི་འགྱུར་བའི་རྟགས་སུ་བྱ་ཡི་རྒྱལ་པོ་ཁྱུ་བྱུག་གིས་རང་སྐད་འབྱིན་པའི་དུས་བཅས་ཡིན་ནོ། །དུས་དེའི་ཐ་ཆུང་གི་ཟླ་བ་ལས་ར་འབྲིང་གི་ཟླ་བ་གཉིས་གཙོ་ཆེ་བའི་དབང་གིས་ནང་དུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་མེ་ཁམས་སྙིང་དང་རྒྱུ་མའི་རྩ་དར་ཞིང་རྒྱུ་བ་ཡིན་པས། རྩའི་འཕར་ཚུལ་དེ་ཁྱུ་བྱུག་གི་སྐད་དམ་བལ་སྐུད་ལྟར་སྦོམ་ལ་རིང་བར་འཕར་བ་དང་། ཐ་ཆུང་ལུག་ཟླ་སྟེ་ཕྱི་རོལ་དུ་ལུག་བལ་འབྲེག་ཅིང་དེའི་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་བདུན་ཅུ་རྩ་གཉིས་ཕུད། ལྷག་མའི་ཞག་བཅོ་བརྒྱད་རིང་ས་ཁམས་མཆེར་པ་དང་ཕོ་བའི་རྩ་དར་ཞིང་རྒྱུ་བ་ཡིན་ནོ། །
སྟོན་ལྕགས་ཁམས་གློ་རྩའི་མཚན་ཉིད་དེ། སྟོན་ཟླ་གསུམ་གྱི་ནང་ནས་ར་འབྲིང་གི་ཟླ་བ་གཉིས་པོའི་བདག་པོ་ནི་བྱ་དང་སྤྲེལ་ཡིན་པ་དང་། དེ་གཉིས་ཀྱི་སྲོག་གཙོ་བའི་ཁམས་ལྕགས་ཡིན་པའི་དབང་གིས་ཕྱི་རོལ་དུ་ལྕགས་ཁམས་འཕེལ་བའི་དོན་གྱིས་ས་གཞི་ལ་མི་འགྱུར་བའི་རྟགས་སུ་འབྲུ་རིགས་དང་རྩི་ཐོག་རྣམས་སྨིན་པའི་དུས་ཡིན་པ་དང་། ནམ་མཁའ་མི་འགྱུར་བའི་རྟགས་སུ་སྟོན་ཟླ་ར་བའམ་ཟླ་བ་བདུན་པར་སྐར་མ་གྲོ་ཞུན་དང་། སྟོན་ཟླ་འབྲིང་པོའམ་ཟླ་བ་བརྒྱད་པར་སྐར་མ་ཁྲུམས་སྟོད། སྟོན་ཟླ་ཐ་ཆུང་ངམ་ཟླ་བ་དགུ་པར་སྐར་མ་དབྱུག་པའམ་ཐ་སྐར་གསུམ་གྱིས་ཚེས་བཅོ་ལྔའི་ཟླ་བ་དང་འགྲོགས་ནས་ནམ་ཚོད་འཛིན་ཞིང་ནམ་སྐྱེལ་བ་དང་། བར་སྣང་དུ་མི་འགྱུར་བའི་རྟགས་སུ་བྱེའུ་འུར་པ་གཤོག་སྒྲ་འབྱིན་པའི་དུས་བཅས་ཡིན་ནོ། །དུས་དེའི་ཐ་ཆུང་གི་ཟླ་བ་ལས་ར་འབྲིང་གི་ཟླ་བ་གཉིས་གཙོ་ཆེ་བའི་དབང་གིས་ནང་དུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་ལྕགས་ཁམས་གློ་ལོང་གི་རྩ་དར་ཞིང་རྒྱུ་བ་ཡིན་པས། རྩའི་འཕར་ཚུལ་དེ་བྱིད་པོ་སྟེ་རྒྱ་མཆིལ་མགོ་དམར་གྱི་སྐད་ལྟར་ཐུང་ལ་རྩུབ་པར་འཕར་བ་དང་། ཐ་ཆུང་ཁྱི་ཟླ་སྟེ་ཕྱི་རོལ་དུ་ཁྱི་འཇུག་ཅིང་དེའི་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་བདུན་ཅུ་རྩ་གཉིས་ཕུད། ལྷག་མའི་ཞག་བཅོ་བརྒྱད་རིང་ས་ཁམས་མཆེར་པ་དང་ཕོ་བའི་རྩ་དར་ཞིང་རྒྱུ་བ་ཡིན་ནོ། །
དགུན་ཆུ་ཁམས་མཁལ་རྩའི་མཚན་ཉིད་དེ། དགུན་ཟླ་གསུམ་གྱི་ནང་ནས་ར་འབྲིང་གི་ཟླ་བ་གཉིས་པོའི་བདག་པོ་ནི་བྱི་བ་དང་ཕག་ཡིན་པ་དང་། དེ་གཉིས་ཀྱི་སྲོག་གཙོ་བའི་ཁམས་ཆུ་ཡིན་པའི་དབང་གིས་ཕྱི་རོལ་དུ་ཆུ་ཁམས་འཕེལ་བའི་དོན་གྱིས་ས་གཞི་ལ་མི་འགྱུར་བའི་རྟགས་སུ་ས་ཆུ་ཐམས་ཅད་འཁྱགས་པའི་སྒང་ངམ་བསིལ་བའི་དུས་ཡིན་པ་དང་། ནམ་མཁའ་ལ་མི་འགྱུར་བའི་རྟགས་སུ་དགུན་ཟླ་ར་བའམ་ཟླ་བ་བཅུ་པར་སྐར་མ་སྨིན་དྲུག་དང་། དགུན་ཟླ་འབྲིང་པོའམ་ཟླ་བ་བཅུ་གཅིག་པར་སྐར་མ་མགོ། དགུན་ཟླ་ཐ་ཆུང་ངམ་ཟླ་བ་བཅུ་གཉིས་པར་སྐར་མ་རྒྱལ་གསུམ་གྱིས་ཚེ་བཅོ་ལྔའི་ཟླ་བ་དང་འགྲོགས་ནས་ནམ་ཚོད་འཛིན་ཞིང་ནམ་སྐྱེལ་བ་དང་། རྣམ་པ་ཕུའམ་བར་དུ་ཤ་བ་ནག་པོ་ངུ་སྐད་འདོན་པའི་དུས་བཅས་ཡིན་ནོ། །དུས་དེའི་ཐ་ཆུང་གི་ཟླ་བ་ལས་ར་འབྲིང་གི་ཟླ་བ་གཉིས་གཙོ་ཆེ་བའི་དབང་གིས་ནང་དུ་ཞག་བདུན་ཅུ་རྩ་གཉིས་ཀྱི་བར་དུ་ཆུ་ཁམས་མཁལ་མ་གཉིས་དང་། ལྒང་པ། བསམ་སེའུ་རྣམས་ཀྱི་རྩ་དར་ཞིང་རྒྱུ་བ་ཡིན་པས། རྩའི་འཕར་ཚུལ་དེ་ཆུ་བྱ་དཀར་ཆུང་ཕུག་རོན་ཙམ་མཆུ་དང་རྐང་པ་དམར་པོ་ཡོད་པ་མཐིང་རིལ་ཞེས་གྲགས་པའི་སྐད་ལྟར་འཇམ་ལ་དལ་བར་འཕར་བ་དང་། ཐ་ཆུང་གླང་ཟླ་སྟེ་ཕྱི་རོལ་དུ་ས་གླང་བརྟག་ཅིང་དེའི་སྲོག་གཙོ་བའི་ཁམས་ས་ཡིན་པའི་དབང་གིས་ཞག་བདུན་ཅུ་རྩ་གཉིས་ཕུད། ལྷག་མའི་ཞག་བཅོ་བརྒྱད་རིང་ས་ཁམས་མཆེར་པ་དང་ཕོ་བའི་རྩ་དར་ཞིང་རྒྱུ་བ་ཡིན་ནོ། །
མདོར་ན་མི་འགྱུར་བའི་གཟེར་དེ་རྣམས་ལ་ཡུལ་གྱི་དབང་ལས་མཐའ་གཅིག་ཏུ་ངེས་པ་མི་འབྱུང་བ་དང་། ཟླ་བཤོལ་འབྱུང་བའི་འགྲོས་ལ་བརྟེན་ནས་ཉ་སྐར་ཇི་ལྟ་བ་མ་འགྲིག་ཀྱང་། ཉི་མ་གང་ལྡོག་དབྱར་དགུན་འབྲིང་པོར་བརྩིས་པས་མི་འགྱུར་བའི་གཟེར་བཏབ་པ་ཡིན་ཅིང་། དེ་ཡང་རགས་པ་དབྱར་ཉི་གང་དུ་ལྡོག་པའི་ཟླ་བ་དེ་དབྱར་འབྲིང་རྟ་ཟླ་བའི་ཚེས་བཅོ་ལྔ་དང་། དགུན་ཉི་གང་དུ་ལྡོག་པའི་ཟླ་བ་དེ་དགུན་འབྲིང་བྱི་བ་ཟླ་བའི་ཚེས་བཅོ་ལྔ། དཔྱིད་ཉིན་མཚན་མཉམ་པའི་ཟླ་བ་དེ་དཔྱིད་འབྲིང་ཡོས་ཟླ་བའི་ཚེས་བཅོ་ལྔ། སྟོན་ཉིན་མཚན་མཉམ་པའི་ཟླ་བ་དེ་སྟོན་འབྲིང་བྱ་ཟླ་བའི་ཚེས་བཅོ་ལྔ་བཅས་སོ་སོར་ངོས་བཟུང་ན་ལག་ལེན་ལ་འཁྲུལ་པ་མི་འབྱུང་བ་ཡིན་ནོ། །
མཚམས་བཞིའི་ས་ཁམས་མཆེར་རྩའི་མཚན་ཉིད་དེ། ཐ་ཆུང་བཞི་པོའི་སྐལ་བའི་དུས་བཞིའི་མཚམས་ཀྱི་ཞག་ལྷག་མ་བཅོ་བརྒྱད་པོའི་ཕྲག་བཞི་གཅིག་ཏུ་བྱས་པའི་ཞག་བདུན་ཅུ་རྩ་གཉིས་རིང་ས་ཁམས་མཆེར་པ་དང་ཕོ་བའི་རྩ་དར་ཞིང་རྒྱུ་བ་ཡིན་པས། རྩའི་འཕར་ཚུལ་དེ་བྱེའུ་བོད་མཆིལ་ནས་ཟན་གྱི་སྐད་ལྟར་ཐུང་ལ་འཇམ་པར་འཕར་བའི་དུས་ཡིན་ནོ། །
སྦྲུམ་མར་བུ་རྩ་བརྟག་པ།
སྦྲུམ་མར་ཕོ་མོ་གང་སྐྱེ་བརྟག་པ་ལ་མངལ་དུ་བུ་ཆགས་པའི་དུས་སུ་སྦྲུམ་མའི་རྩ་ནི་སྤྱིར་འབུར་ལ་འདྲིལ་བར་འཕར་བ་ཡིན་མོད་ཀྱི། དེའི་ཁར་ཁྱད་པར་དུ་བུད་མེད་དེའི་མཁལ་རྩ་གཡས་པ་དྲག་ཅིང་རྒྱས་ན་བུ་ཕོ་སྐྱེ་བ་དང་། གཡོན་པ་དྲག་ཅིང་རྒྱས་ན་བུ་མོ་སྐྱེ་བར་འགྱུར་རོ། །
ནད་དང་ནད་མེད་ཀྱི་རྩའི་དབྱེ་བ།
ནད་ཅན་དང་ནད་མེད་ཀྱི་རྩའི་དབྱེ་བ་སོ་སོར་ངོས་ཟིན་པའི་ཆེད་དུ་རྩ་འཕར་བའི་གྲངས་ཀྱི་སྒོ་ནས་སྤྱིར་བསྟན་པ་ལ་རྣམ་པ་གཉིས་སུ་ཡོད།
ནད་མེད་ཀྱི་རྩའི་འཕར་གྲངས་ཏེ། ནད་གང་གིས་ཀྱང་མ་གཙེས་པར་ཐ་མལ་དུ་གནས་པའི་རྒྱུན་ལྡན་གྱི་འཕར་རྩ་ནི་སྨན་པ་ཉིད་ཀྱི་དབུགས་འབྱིན་རྔུབ་ཀྱི་རྒྱུན་གཅིག་ལ་ལན་གྲངས་ལྔ་རེ་འཕར་བར་འདོད་ཅིང་། དེ་ཡང་ལན་གྲངས་བཅུའམ་བཅོ་ལྔ་ལྟ་བུ་ཉུང་ངུ་ཙམ་ལ་བརྟག་པས་རྟོགས་དཀའ་བས་ན་འཕར་བའི་ལན་གྲངས་བརྒྱ་ལས་མི་ཉུང་བའི་བར་དག་ཏུ་ལེགས་པར་བརྟག་པས་ལན་གྲངས་ལྔ་ཁོ་ནར་འཕར་བ་ཙམ་མ་ཟད། འཕར་ཚུལ་དེར་ཡང་སྐབས་རེ་འཕར་ཤུགས་ཆེ་བ་དང་ཆུང་བ་དང་། དེ་བཞིན་རྩ་རྒྱུད་ཀྱི་སྟོད་སྨད་ལ་ཕྲ་བ་དང་སྦོམ་པ། དྲག་པ་དང་དལ་བ། སྐབས་རེ་གཏིང་དུ་བྱིང་བ། སྐབས་རེ་ཁར་རྒྱས་པ། སྐབས་སུ་སྡོད་པའམ་འཐེན་པ། སྐབས་རེ་ཐང་ཞིང་། སྐབས་རེ་ལྷོད་པ་སོགས་ཀྱི་སྐྱོན་གང་ཡང་མེད་པར་རྒྱུན་སྙོམས་པ་ཁོ་ནར་འཕར་བ་དེ་ནི་ནད་མེད་ཀྱི་རྩར་འདོད་དོ། །
ནད་ཅན་གྱི་རྩའི་འཕར་གྲངས་ཏེ། ཇི་སྐད་བཤད་པའི་ནད་མེད་ཀྱི་རྩའི་འཕར་ཚུལ་དེ་ལས་གོ་ལྡོག་པ་བྱུང་བ་རྣམས་ནི་ནད་ཅན་གྱི་རྩ་ཞེས་བྱ་སྟེ། དེའང་གྲངས་ལྔ་ལས་མང་བ་དྲུག་གམ་བདུན། བརྒྱད་དམ་དགུ་བར་འཕར་ན་རིམ་པ་བཞིན་དུ་ཚ་བ་དང་། རབ་ཏུ་ཚ་བ། མཆོག་ཏུ་ཚ་བ། ཚ་བ་ལར་འདས་པའི་ནད་ཡིན་ལ། གྲངས་ལྔ་ལས་ཉུང་བ་བཞིའམ་གསུམ། གཉིས་སམ་གཅིག་ལས་མ་འཕར་ན་རིམ་པ་བཞིན་དུ་གྲང་བ་དང་། རབ་ཏུ་གྲང་བ། མཆོག་ཏུ་གྲང་བ། གྲང་བ་གཏིང་དུ་འཁར་བའི་ནད་བཅས་ཡིན་ཞིང་། གྲངས་མང་ཉུང་ཇི་ལྟར་ཡང་རིམ་གྱིས་ཤེད་ཇེ་ཆེར་མནན་པས་མཁྲང་བ་དང་གྲིམས་པའི་ཆ་འདུག་ན་ཚ་བ་དང་། གྲངས་མང་ཡང་སྟོང་པ་དང་ལྷོད་པའི་ཆ་འདུག་ན་གྲང་བ། གྲངས་མང་བར་འཕར་ཡང་རྩ་སྦུབས་སྟོང་ན་རྟགས་ཚ་ལ་ངོ་བོ་གྲང་བ་དང་། གྲངས་ཉུང་རུང་གཏིང་མཁྲང་ན་རྟགས་གྲང་ལ་ངོ་བོ་ཚ་བ་ཡིན་པ་བཅས་ནད་ཅན་དང་ནད་མེད་ཀྱི་དབྱེ་བ་དེ་ལྟར་བསྟན་མོད་ཀྱི། འོན་ཀྱང་ད་དུང་མི་ནད་མེད་འགའ་ཤས་ལ་ཐོག་མ་ཉིད་ནས་རྩའི་རྒྱུ་ཚུལ་མི་འདྲ་བ་ཡོད་པའི་ཁྱད་པར་ལ་བརྟེན་ནས་ལ་ལར་རྩ་རྒྱུད་མི་སྙོམས་པ་མུ་ཏིག་གི་ཕྲེང་བ་ལྟར་ཡོད་པའམ། ཡང་ན་གོང་དུ་བསྟན་པའི་རུས་པ་འབུར་པོའི་ལྡེབས་སུ་མི་འཕར་བར་མཁྲིག་མའི་རྒྱབ་ངོས་སུ་བརྒལ་བ་དང་། ཚོན་ཀན་ཆག་གསུམ་པོ་གང་རུང་གི་འོག་ཏུ་རྩ་རྒྱུད་མ་ཚང་བ་དང་། འཕར་འཕྲོར་སྡོད་པ། སྡོད་ལ་ཁད་ཀྱིས་འཐེན་པ། འཕར་རྩའི་རྒྱུན་གཉིས་གཤིབས་པ་ལྟ་བུའི་ལྕམ་དྲལ་ལ་སོགས་པ་རྣམས་ཀྱང་གཞི་རྩར་ཡོད་པའང་ངེས་མེད་དུ་འབྱུང་སྲིད་པའི་ཕྱིར་ན་ཁ་དམར་མ་གདགས་གོང་དུ་གཞི་རྩ་ལ་གནས་ཚུལ་དེ་རིགས་ཡོད་མེད་དྲིས་ནས་ཤེས་པའི་རྗེས་དེ་དང་དེའི་ཁ་དམར་གང་ལ་གང་འཚམ་པས་གདགས་ཤིང་གཏན་ལ་དབབ་པར་བྱའོ། །དེ་ལྟར་མ་བྱས་པར་གཞི་རྩ་ལ་ཡོད་མེད་སོགས་གང་ཡང་མ་རྟོགས་པར་སྨྲས་ན་ཁ་དམར་ལོག་པར་འགྲོ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕོ་རྩ་དང་། མོ་རྩ། བུད་མེད་སྦྲུམ་མའི་རྩ་སོགས་མ་ཤེས་ན་ཚ་བའི་རྩ་དང་འཁྲུལ་པ་དང་། བྱང་ཆུབ་སེམས་རྩའམ་བད་ཀན་རང་བཞིན་གྱི་རྩ་མ་ཤེས་ན་གྲང་བའི་རྩ་དང་འཁྲུལ། དོན་སྣོད་གང་རུང་གི་རྩ་མ་ཚང་བ་དང་། འཕར་མཚམས་གཅོད་པའམ་སྡོད་པ་རྣམས་འཆི་རྩར་འཁྲུལ་པ་དག་ཡོད་པས་དེའི་ཕྱིར་སྔོན་ཆད་རང་གིས་གཞི་རྩ་བལྟ་མ་མྱོང་བའི་ནད་པ་རྒྱུས་མེད་རྣམས་ལ་ཕོ་རྩ་ཡོད་དམ་མོ་རྩ་ཡོད་ལ་སོགས་པ་རྩ་བལྟ་བའི་ཐོག་མར་དྲི་བ་གཅེས་ཏེ། དེས་མི་འཁྲུལ་ཞིང་བྱེ་བྲག་ཕྱེད་པར་འགྱུར་བའི་ཕྱིར་རོ། །
ནད་ངོས་བཟུང་བ།
ནད་ངོས་བཟུང་བ་ལ་སྤྱིའི་སྒོ་ནས་ནད་ངོས་བཟུང་བ་དང་། བྱེ་བྲག་གི་སྒོ་ནས་ནད་ངོས་བཟུང་བ་གཉིས་སུ་ཡོད་ཅིང་། སྤྱིའི་སྒོ་ནས་ནད་ངོས་བཟུང་བ་ལ་ལའང་ཚ་བའི་སྤྱི་རྩ་དྲུག་དང་། གྲང་བའི་སྤྱི་རྩ་དྲུག་གིས་ནད་ཚ་གྲང་གཉིས་པོའི་ལ་ཤན་གྱི་དབྱེ་བ་བསྟན་ཡོད།
ཚ་བའི་སྤྱི་རྩ་དྲུག་སྟེ། སྤྱིར་འཕར་རྩའི་རྒྱུ་བ་དྲག་པ་དང་། རྒྱས་པ། འདྲིལ་བ། མགྱོགས་པ། གྲིམས་པ། མཁྲང་བ་བཅས་དྲུག་པོ་ནི་ཚ་བའི་ནད་རིགས་ལས་བྱུང་བའི་རྩ་ཡིན་ཞིང་། དེ་ཡང་དྲག་པ་ཞེས་རྩ་ཤུགས་ཆེ་བ་རྒྱས་འཁྲུགས་ཤས་ཆེར་ནད་ལ་འབྱུང་བ་དང་། རྒྱས་པ་ཞེས་དཔངས་མཐོ་ཞིང་སྦོམ་པ་རླུང་ཁྲག་འཁྲུགས་པ་སྨུག་པོ་ཚ་རྐྱེན་ཅན་ལ་འབྱུང་བ། འདྲིལ་བ་ཞེས་རྩ་འདྲིལ་བ་ལྟ་བུ་ཁྲག་འཁྲུགས་དང་ཁྲག་སྐྲན་ནད་ལ་འབྱུང་བ། མགྱོགས་པ་ཞེས་འཕར་གྲངས་མྱུར་བ་རིམས་རྒྱས་པ་དང་ཤ་དུག་གི་ནད་སོགས་ལ་འབྱུང་བ། གྲིམས་པ་ཞེས་ཤེད་ཧྲིལ་སྒྲིལ་སྲད་བུ་གྲིམས་པ་ལྟ་བུ་མཁྲིས་ཚད་དང་རྙིངས་ཚད་ཀྱི་ནད་སོགས་ལ་འབྱུང་བ། མཁྲང་བ་ཞེས་སྲ་ལ་མཁྲེགས་པ་སྟེ་རྨ་ཚད་ནད་ལ་ཕལ་ཆེར་འབྱུང་བ་བཅས་ཡིན་ལ། དེ་དག་དྲག་རྒྱས་སོགས་གང་ཡང་རུང་བ་གཅིག་གཉིས་ཙམ་ཚང་ན་ཚ་བ་དང་། གསུམ་བཞི་ཙམ་ཚང་ན་རབ་ཏུ་ཚ་བ། ལྔ་དྲུག་ཙམ་ཚང་ན་མཆོག་ཏུ་ཚ་བ་ཞེས་བྱའོ། །དེ་ཡང་རྩ་དཔངས་མཐོ་པོའི་སྒོ་ནས་འཕར་བ་ཚ་བར་ངོས་འཛིན་པ་དང་། རྩ་གྲངས་མང་བའི་སྒོ་ནས་འཕར་བ་ཚ་བར་ངོས་འཛིན་པ། སྙུགས་ཞེས་རྩ་གཏིང་དུ་ཞན་ཞིང་ཐུང་ལ་སྤུན་པའི་སྒོ་ནས་འཕར་བ་ཚ་བར་ངོས་འཛིན་པ་བཅས་གསུམ་ནི་རྩའི་འཕར་ཚུལ་ལས་བརྡ་དེ་སྐད་བྱས་ཀྱི། དོན་ལ་དཔངས་ཞེས་ཁ་ཡི་ཚ་བ་དང་། གྲངས་ཞེས་བར་གྱི་ཚ་བ། སྙིགས་ཞེས་གཏིང་གི་ཚ་བའི་བརྡ་ཡིན་པར་བཤད། དཔེར་ན། དྲག་རྒྱས་ལྟ་བུ་རྩ་དཔངས་མཐོ་བ་བྱུང་ན་ཚ་བ་གསར་པར་ངོས་འཛིན་པ་དང་། འདྲིལ་མགྱོགས་ལྟ་བུ་གྲངས་མང་བ་བྱུང་ན་འཁྲུགས་རིམས་གསར་པར་ངོས་འཛིན་པ། གྲིམས་མཁྲང་ལྟ་བུ་སྙུགས་ཏེ་གཏིང་དུ་སྤུན་པ་བྱུང་ན་ཚ་བ་རྙིངས་པར་ངོས་འཛིན་པ་བཅས་ཡིན་ནོ། །
གྲང་བའི་སྤྱི་རྩ་དྲུག་སྟེ། སྤྱིར་འཕར་རྩའི་རྒྱུ་བ་ཞན་པ་དང་། བྱིང་པ། གུད་པ། བུལ་བ། ལྷོད་པ། སྟོང་པ་བཅས་དྲུག་པོ་ནི་གྲང་བའི་ནད་རིགས་ལས་བྱུང་བའི་རྩ་ཡིན་ཞིང་། དེ་ཡང་ཞན་པ་ཞེས་རྩ་ཤེད་ཆུང་བ་གྲང་སྐྲན་ནད་ལ་ཕལ་ཆེར་འབྱུང་བ་དང་། བྱིང་བ་ཞེས་མི་མངོན་པ་ཕལ་ཆེར་དམུ་འོར་གྱི་ནད་སོགས་ལ་འབྱུང་བ། གུད་པ་ཞེས་མི་གསལ་བ་ཕལ་ཆེར་སྐྱ་རྦབ་ཀྱི་ནད་སོགས་ལ་འབྱུང་བ། བུལ་བ་ཞེས་དལ་བ་ཕལ་ཆེར་གྲང་བའི་ཆུ་སེར་དང་སྐྱ་བོའི་ནད་སོགས་ལ་འབྱུང་བ། ལྷོད་པ་ཞེས་རྩ་ཤེད་གཅིག་ཏུ་མ་འདྲིལ་བ་རྣམ་པ་འབོལ་པོ་ཤས་ཆེར་གྲང་བའི་སྐྲན་ནད་ལ་འབྱུང་བ། སྟོང་པ་ཞེས་མནན་པས་མི་འཕར་བ་ནི་རྐྱང་པའི་རླུང་སོགས་ལ་འབྱུང་བ་བཅས་ཡིན་ལ། དེ་ཡང་སྙུགས་ཞེས་རྩ་གཏིང་དུ་ཞན་པ་བྱུང་ན་གྲང་བ་གསར་པའི་ནད་ལ་ངོས་འཛིན་པ་དང་། འཕར་གྲངས་ཉུང་ཞིང་རྩ་དཔངས་མཐོ་བ་བྱུང་ན་གྲང་བ་རྙིང་པའི་ནད་ལ་ངོས་འཛིན་པར་འདོད་པ་བཅས་ཡིན་ནོ། །
བྱེ་བྲག་གི་སྒོ་ནས་ནད་ངོས་བཟུང་བ་ལའང་རྣམ་པ་གཉིས་ཡོད་པ་ཡིན་ཏེ། དེ་གང་ཞེ་ན། རྩ་རྒྱུད་སོ་སོས་ནད་རིགས་ཀྱི་དབྱེ་བ་མ་འདྲེས་པ་སོ་སོར་བརྟག་པ་དང་། ཚོན་ཀན་ཆག་གསུམ་པོའི་འོག་ཏུ་རྩའི་རྒྱུ་བ་བཅུ་གཉིས་ཀྱིས་ལུས་ཀྱི་སྟོད་སྨད་དོན་སྣོད་བྱེ་བྲག་གར་བབས་བརྟག་པ་དེ་གཉིས་ཡིན།
རྩ་རྒྱུད་སོ་སོར་མ་འདྲེས་པར་བརྟག་པ་སྟེ། རྩ་རྒྱུད་སོ་སོར་མ་འདྲེས་པར་བརྟག་པ་དེ་ལ་ཡང་ནད་རིགས་ཐུན་མོང་བའི་རྩ་བཅུ་གཅིག་སྟེ། རླུང་རྐྱང་པའི་རྩ་ནི་རྐྱལ་པ་དབུགས་ཀྱིས་བརྒྱངས་པ་ལྟར་སྦོམ་ཞིང་སྟེང་དུ་ཐོན་པ་མནན་མི་བཟོད་པའི་སྟོང་པར་གྲངས་ངེས་མེད་ཀྱི་སྐབས་སུ་སྡོད་ནས་འཕར་བ་དང་། མཁྲིས་པ་རྐྱང་པའི་རྩ་ནི་རྩ་རྒྱུད་ཕྲ་ལ་ཁོང་གྲིམས་པར་འཕར་བ། བད་ཀན་སྐྱ་བོའམ་རྐྱང་པ་རང་རྒྱུད་པའི་རྩ་ནི་མི་གསལ་ཞིང་གཏིང་དུ་བྱིང་ལ་གུད་པས་རྒྱུ་བ་དཀའ་བ། རླུང་དང་ཚད་པ་ལྡན་པའི་རྩ་ནི་རླུང་གི་ཆ་ནས་སྟོང་པ་ཡིན་ཞིང་། ཚད་པའི་སྒོ་ནས་གྲངས་མགྱོགས་ལ་གཏིང་དུ་རྒྱུག་པར་འཕར་བ། བད་མཁྲིས་ལྡན་པའི་རྩ་ནི་བད་ཀན་གྱི་དབང་ལས་ཁ་བྱིང་བ་ཡིན་ཞིང་། མཁྲིས་པའི་དབང་གིས་གཏིང་ན་གྲིམས་པར་འཕར་བ། བད་རླུང་ལྡན་པའི་རྩ་ནི་རླུང་གི་དབང་ལས་སྟོང་པ་ཡིན་ཞིང་། བད་ཀན་གྱི་དབང་གིས་གྲངས་དལ་བར་འཕར་བ། འདུས་པ་བད་ཀན་སྨུག་པོའི་རྩ་ནི་རླུང་གི་ཆ་ནས་སྦོམ་ལ། ཁྲག་གི་ཆ་ནས་ཁེངས་པ། མཆིན་མཆེར་གཉིས་ལ་བད་ཀན་ཞུགས་པའི་དབང་གིས་ཀན་རྩ་གཡས་གཡོན་གཉིས་ཀ་ཞར་ཞིང་ལེབ་ཆགས་སུ་འཕར་བ། ཁྲག་གི་རྩ་ནི་ངོ་བོ་འབུར་ལ་འདྲིལ་བར་འཕར་ཡང་སྦྲུམ་མའི་རྩ་ལས་ཅུང་ཟད་དལ་བར་འཕར་བ། ཆུ་སེར་ནད་ཅན་གྱི་རྩ་ནི་རྩ་རྒྱུད་འདར་ལ་རྒྱུ་བར་དཀའ་བ། སྲིན་གྱི་རྩ་ནི་འཁྱིག་ཅིང་འཕར་འཕྲོར་བཙིར་བ་ལྟར་ཞེང་དུ་ལེབ་མོར་འཕར་བ། རྩ་རྒྱུད་མི་ཁེངས་པར་ཞར་ཅིང་འདར་ལ་འཕྲིག་པ་སྟེ་ཤ་འཕྲིག་པ་ལྟར་འཕར་བ་ནི་མཛེ་ནད་ཀྱི་རྩ་བཅས་བཅུ་གཅིག་ཡོད་པ་ཡིན་ནོ། །
རིམས་ཀྱི་ཚ་བའི་རྩ་བདུན་ཏེ། ཚ་བ་འཁྲུགས་ཚད་ཀྱི་རྩ་ནི་སྦོམ་ལ་རྒྱས་ཤིང་འབུར་ལ་འདྲིལ་བར་འཕར་བ་དང་། ཚ་བ་འགྲམས་ཚད་ཀྱི་རྩ་ནི་ཕྲ་ཞིང་མཁྲང་ལ་ཁོང་གྲིམས་པར་འཕར་བ། རིམས་ཚད་ཀྱི་རྩ་ནི་རྩ་རྒྱུད་ཕྲ་མོ་ཡིན་པ་ལ་གྲངས་མགྱོགས་པར་འཕར་བ། གཉན་ཚད་ཀྱི་རྩ་ནི་འཁྱིག་ཅིང་འཕར་འཕྲོར་བཙིར་བ་ལྟར་ཞེང་དུ་ལེབ་མོར་འཕར་ཞིང་། གཉིས་གཤིབས་པ་ལྟ་བུའི་ལྕམ་དྲལ་བྱེད་པའོ། །གློ་ཚད་དང་། སྟོད་གཟེར། སྙིང་གཟེར་སོགས་གཟེར་ཐུང་ནད་ཀྱི་རྩ་ནི་ཁྱི་ཉི་མས་འཚིག་པའི་དབུགས་ཁ་ལྟར་ཐུང་ཐུང་ལ་སྦུད་སྦུད་དུ་འཕར་བ། སྦྱར་དུག་གི་རྩ་ནི་རྩུབ་ཅིང་སྤུན་ལ་འཆོལ་པར་རྒྱུ་ཞིང་གཏིང་དུ་སོང་བས་མངོན་ཐུབ་པ་བརྟག་དཀའ་ཞིང་དྲག་རྒྱས་ཞན་བྱིང་སོགས་ཀྱི་རྟགས་སྣ་ཚོགས་སུ་སྟོན་པར་འཕར་བ། ཤ་དུག་གི་རྩ་ནི་རྩ་རྒྱུད་ཕྲ་ལ་གྲངས་མགྱོགས་པ་ཡིན་པ་ལ་སྐབས་འགར་ལེབ་ཆགས་ཏེ་ཞར་བ་དང་བྱིང་བར་རྒྱུ་ཞིང་། ཁྱད་པར་དུ་དུག་དེ་ཞུགས་པའི་ཕོ་བའི་རྩ་ལྟ་བུ་ཞར་བའང་འབྱུང་བའི་རྩ་བཅས་བདུན་ཡོད་པ་ཡིན་ནོ། །
གནས་སྐབས་ཀྱི་ཚ་བའི་རྩ་དྲུག་སྟེ། མ་སྨིན་པའི་ཚ་བའི་རྩ་ནི་རྩ་རྒྱུད་ཕྲ་ལ་མགྱོགས་པ་རྩ་གནས་གཅིག་ཏུ་གཏད་མི་ཚུགས་པར་རླུང་ལྟར་གཡོ་ཞིང་འཕར་བ་དང་། ཚ་བ་རྒྱས་ཚད་ཀྱི་རྩ་ནི་དྲག་ལ་གྲིམས་པས་མནན་ན་འདྲིལ་བར་འཕར་བ། སྟོངས་ཚད་ཀྱི་རྩ་ནི་སྟོང་སྟེ་མནན་མི་བཟོད་ཅིང་གྲངས་མྱུར་བར་རྒྱུག་པ། ཚ་བ་གབ་ཚད་ཀྱི་རྩ་ནི་རྩ་དཔངས་དམའ་ལ་གཏིང་དུ་གྲིམས་པར་འཕར་བ། ཚད་པ་རྙིངས་པའི་རྩ་ནི་ཕྲ་ཞིང་གཏིང་ན་གྲིམས་པར་འཕར་བ། རྙོགས་ཚད་ཀྱི་རྩ་ནི་རྩ་རྒྱུད་ཕྲ་མོ་ཡིན་པར་གཏིང་ན་གྲངས་མགྱོགས་པར་རྒྱུག་པ་བཅས་དྲུག་ཡོད་པ་ཡིན་ནོ། །
གནས་ཀྱི་ཚ་བའི་རྩ་བདུན་ཏེ། རྨ་ལ་ཚད་པ་ཞུགས་པའི་རྩ་ནི་རྩ་རྒྱུད་སྦོམ་ལ་མཁྲང་ཞིང་གྲངས་མགྱོགས་པར་འཕར་བ་དང་། ལུས་ལ་མདེའུ་སོགས་ཕོག་པའི་ཟུག་རྔུའི་རྩ་ནི་གཡས་གཡོན་གང་ན་ཡོད་པའི་རྩ་རྒྱུད་དེ་ཞར་ཞིང་ལེབ་ཆགས་སུ་འཕར་ནས་ལྕམ་དྲལ་བྱེད་པའོ། །མགོ་བོ་ཆག་པའི་ཚེ་ན་ཤ་དང་རུས་པ་ཀླད་པ་རྣམ་པ་གསུམ་པོ་གང་ལ་སྐྱོན་ཡོད་མེད་བརྟག་པ་ནི་ཚོན་ཀན་ཆག་གསུམ་གྱི་རྩ་ལ་རིམ་པ་བཞིན་དུ་ཤ་ལ་སྐྱོན་ཡོད་ན་ཚོན་རྩ་དྲག་པར་འཕར་ཞིང་། རུས་པར་སྐྱོན་ཡོད་ན་ཀན་རྩ་གྲིམས་པར་འཕར་བ། ཀླད་པར་སྐྱོན་ཡོད་ན་ཆག་རྩ་མགྱོགས་པར་འཕར་བ། ལུས་ཀྱི་ཕྱི་དང་གློ་རྣག་སོགས་ཁོང་པའི་ནང་ན་ཡོད་པའི་རྣག་ཚད་ཀྱི་རྩ་ནི་རྩ་རྒྱུད་འདར་འཕྲིག་འཕྲིག་པའི་རྣམ་པར་འཕར་བའམ། ཡང་ན་རེག་བྱ་ཚ་ལ་སྤུན་པ་སྟེ་འཕར་ཐག་ཐུང་བར་འབྱུང་བའི་རྩ་བཅས་བདུན་ཡོད་པ་ཡིན་ནོ། །
གྲང་བའི་རྩ་དྲུག་སྟེ། གྲང་བའི་ནད་རྣམས་ཀྱི་ནང་ནས་མ་ཞུ་བ་གསར་པའི་རྩ་འཕར་བ་ནི་སྦོམ་ལ་མཁྲང་བར་འཕར་བ་དང་། མ་ཞུ་ཡུན་ལོན་ཏེ་རྙིང་པའི་རྩ་ནི་ཤེད་ཆུང་ཞིང་རྩ་རྒྱུད་ཕྲ་བར་འཕར་བ། རྙིངས་ནས་སྐྲན་དུ་གྱུར་པའི་རྩ་ནི་འཕར་སྟངས་ཞན་ཅིང་གནས་གང་དུ་ཡོད་པ་དེའི་རྩ་མི་གསལ་བར་ཞར་བ་སྟེ་ལེབ་ཆགས་སུ་འཕར་བ། དམུ་ཆུ་དང་། འོར། སྐྱ་རྦབ་རྣམ་པ་གསུམ་གྱི་རྩ་ནི་ཕྲ་བ་དང་བྱིང་བ། གཏིང་ན་དམ་པ་བཅས་འཕར་ཞིང་། དེ་ཡང་དམ་པ་ནི་གཙོ་བོ་དམུ་ཆུ་དང་། བྱིང་བ་ནི་གཙོ་བོ་འོར། ཕྲ་བ་ནི་གཙོ་བོ་སྐྱ་རྦབ་བཅས་སོ་སོའི་རྩར་ངོས་བཟུང་བར་བྱའོ། །དེ་དག་ནི་རྒྱུ་མ་ཞུ་བ་གསར་རྙིང་གཉིས་དང་། འབྲས་བུ་གཅོང་ནད་རྙིང་པ་བཞི་བཅས་དྲུག་ཡོད་པ་ཡིན་ནོ། །
བླ་གཉན་གྱི་རྩ་བཞི་སྟེ། གྲང་བའི་ནད་ཀྱིས་ཟས་སྐོམ་སོགས་སྐྱུག་ན་ཚོན་རྩ་སོགས་རྩ་སྟོད་རྣམས་ཞན་པ་དང་། འཁྲུ་ན་ཆག་རྩ་སོགས་རྩ་སྨད་རྣམས་ཞན་པ། ཚ་བའི་ནད་ཀྱིས་སྐྱུག་ན་ཆག་རྩ་སོགས་རྩ་སྨད་ཞན་པ་དང་། འཁྲུ་ན་ཚོན་རྩ་སོགས་རྩ་སྟོད་ཞན་པ་འབྱུང་བ་བཅས་བཞི་ཡོད་པ་ཡིན་ནོ། །
རྩ་ཕན་ཚུན་ནོར་བའི་འཕྲང་དྲུག་ཡོད་དེ། ནད་སྤྱི་དང་བྱེ་བྲག་སོ་སོའི་རྩའི་འཕར་ཚུལ་རྣམས་གོང་དུ་ཇི་སྐད་བཤད་པ་ལྟར་ཡིན་མོད་དེ། འོན་ཀྱང་རྩ་ལ་ཕན་ཚུན་ནོར་འགྲོ་བའི་འགག་འཕྲང་ལྟ་བུ་དྲུག་ཡོད་ཅིང་། གང་ཞེ་ན། ཁྲག་ནད་གསར་པའི་རྩ་དང་རླུང་རྩ་གཉིས་སྟེང་དུ་ཐོན་པའི་རྐྱལ་བྱེད་ཀྱི་སྒོ་ནས་ཕན་ཚུན་ནོར་ར་རེ་ཡོད་ཀྱང་། ཞིབ་ཏུ་བརྟགས་ན་ཁྲག་རྩ་རྐྱལ་ཡང་གྲིམས་ཤིང་མནན་ན་བཟོད་པ་དང་། རླུང་རྩ་རྐྱལ་ཞིང་སྟོང་པས་མནན་ན་མི་བཟོད་པའི་ཁྱད་པར་ཡོད། རྒྱས་ཚད་དང་སྟོངས་ཚད་ཀྱི་རྩ་གཉིས་གྲངས་མྱུར་དུ་རྒྱུག་པར་བྱེད་པའི་སྒོ་ནས་ཕན་ཚུན་ནོར་ར་རེ་ཡོད་ཀྱང་། ཞིབ་ཏུ་བརྟགས་ན་རྒྱས་ཚད་ཀྱི་རྩ་དྲག་ལ་གྲིམས་པ་མནན་ན་བཟོད་པ་ཡིན་ལ། སྟོངས་ཚད་ལ་མནན་མི་བཟོད་པ་སྟོང་པའི་ཆ་ཡོད་པས་ཁྱད་པར་ཆེ། བད་ཀན་དང་ཁྲག་རྒན་གྱི་རྩ་གཉིས་གཏིང་དུ་བྱིང་བར་བྱེད་པའི་སྒོ་ནས་ཕན་ཚུན་ནོར་ར་རེ་ཡོད་ཀྱང་། ཞིབ་ཏུ་བརྟགས་ན་བད་ཀན་ལ་རྩ་རྒྱུད་བྱིང་ཞིང་གུད་པ་ཡོད་པ་དང་། ཁྲག་རྒན་ལ་རྩ་ཤེད་ཆེ་བའི་ཁྱད་པར་ཡོད་པས་མི་ནོར་བ་བཅས་ནོར་འཕྲང་དྲུག་པོའི་འཁྲུལ་སོ་རྣམས་དེ་ལྟར་བསལ་བར་བྱ་དགོས་པ་ཡིན་ནོ། །
སྟོད་སྨད་དོན་སྣོད་ཀྱི་ནད་བརྟག་ཚུལ་ཏེ། གོང་དུ་བཤད་པའི་ཐུན་མོང་བཅུ་གཅིག་དང་། རིམས་ཀྱི་ཚ་བ་བདུན་སོགས་ནད་རིགས་བཞི་བཅུ་རྩ་བདུན་པོ་དེ་དག་མདོར་ན་ལུས་ཀྱི་སྟོད་སྨད་དོན་སྣོད་དང་བཅས་པའི་གནས་གང་དུ་བབས་པ་སོ་སོར་བརྟག་པར་བྱ་བ་ལས། སྨན་པའི་ཚོན་རྩ་གཡས་གཡོན་གཉིས་ཀྱིས་གློ་སྙིང་སོགས་ལུས་སྟོད་ཀྱི་ནད་རྣམས་བརྟག་པར་བྱ་བ་དང་། ཀན་རྩ་གཡས་གཡོན་གཉིས་ཀྱིས་ཕོ་མཆིན་སོགས་བར་གྱི་ནད་རྣམས་བརྟག་ལ། ཆག་རྩ་གཡས་གཡོན་གཉིས་ཀྱིས་མཁལ་རྐེད་སོགས་ལུས་སྨད་ཀྱི་ནད་རྣམས་བརྟག་དགོས་ཤིང་། སོར་མོ་དྲུག་གི་ཡར་ཟུར་རྣམས་གདགས་ཏེ་ཚ་བ་དང་། མར་ཟུར་རྣམས་སྲིབས་ཞེས་གྲང་བ་སྟེ་ཚ་གྲང་གི་རྩའི་འཕར་ཚུལ་གྱིས་དོན་ལྔ་དང་སྣོད་དྲུག་གི་ནད་རྣམས་བརྟག་དགོས་ལ། དེའང་སོར་མོའི་ཡར་ཟུར་རྣམས་སུ་དོན་ལྔའི་ནད་བརྟག འཕར་ཚུལ་ཕྱིར་རྒྱུ་བ་གདགས་ཀྱི་རྣམ་པའི་རྩ་དང་། མར་ཟུར་རྣམས་སུ་སྣོད་དྲུག་གི་ནད་བརྟག འཕར་ཚུལ་ནང་དུ་རྒྱུ་བ་སྲིབས་ཀྱི་རྣམ་པའི་རྩར་བརྟག་དགོས་ཏེ། ཅིའི་ཕྱིར་ཞེ་ན། དོན་སྣོད་སོ་སོའི་ནད་རྟགས་ཕལ་ཆེར་འདྲེས་པ་ཆོ་རོལ་དུ་མི་འབྱུང་ཞིང་། ཡར་ཟུར་དོན་གྱི་རྩ་ལ་ཚ་བའི་རྟགས་དང་། མར་ཟུར་སྣོད་ཀྱི་རྩ་ལ་གྲང་བའི་རྟགས་མཉམ་དུ་འབྱུང་བ་སྲིད་ཀྱི། མར་ཟུར་སྣོད་ཀྱི་རྩ་ལ་ཚ་བའི་རྟགས་དང་། ཡར་ཟུར་དོན་གྱི་རྩ་ལ་གྲང་བའི་རྟགས་མཉམ་དུ་འབྱུང་མི་སྲིད་ཅིང་། མི་གཅིག་ལ་སྟོད་དུ་ཚ་བའི་ནད་དང་། སྨད་ན་གྲང་བའི་ནད་དུས་གཅིག་ལ་ཡོད་པ་འབྱུང་མོད། སྨད་ན་ཚ་བའི་ནད་དང་། སྟོད་ལ་གྲང་བའི་ནད་དུས་གཅིག་ཏུ་མི་འབྱུང་ཞིང་། ལུས་ཀྱི་སྟོད་སྨད་ཀྱི་ཚ་གྲང་འབྱུང་ཚུལ་ཡང་དེ་བཞིན་དུ་ཤེས་པར་བགྱིའོ། །དེ་ལྟར་གང་ཡིན་ནད་བརྟག་ཚུལ་སྤྱི་དང་བྱེ་བྲག་སོ་སོར་བཤད་པ་དེ་དག་མ་འདྲེས་པར་ཕྲ་ཞིང་ཞིབ་མོའི་སྒོ་ནས་དབྱེ་བ་ཕྱེད་ཅིང་ལེགས་པར་རྟོགས་དགོས་སོ། །གཞན་ཡང་ནད་བཅོས་ངོ་བླངས་མི་བླངས་ཀྱི་རྩའི་རྟགས་ནི། ཕྲ་བ་སྦོམ་དུ་སོང་བ་དང་། ཐུང་བ་རིང་དུ་སོང་བ། བྱིང་བ་སྟེང་དུ་ཐོན་པ། གྲིམས་པ་ལྷོད་དུ་སོང་བ་རྣམས་ནི་བཅོས་སྐྱེད་ངོ་བླངས་པའི་རྟགས་དང་། དེ་ལས་ལྡོག་སྟེ་ཕྲ་བ་དེ་སྔར་བཞིན་ཕྲ་བར་གྱུར་པ་དང་། ཐུང་བ་ཐུང་དུ་སོང་བ། བྱིང་བ་བྱིང་དུ་སོང་བ། གྲིམས་པ་གྲིམས་སུ་སོང་བ་རྣམས་ནི་བཅོས་ངོ་མི་བླངས་པའི་རྟགས་ཡིན་པའང་ཤེས་དགོས་སོ། །

འཆི་རྩ།
འཆི་རྩའི་དབྱེ་བ་དེར་རྩའི་རྒྱུད་འགྱུར་བ་དང་། མ་ཚང་བ། སྡོད་པ་བཅས་རྣམ་པ་གསུམ་ཡོད་པ་ཡིན།
རྩའི་རྒྱུད་འགྱུར་བ་སྟེ། དེ་ཡང་རླུང་ནད་ཀྱི་འཆི་རྩ་ནི་དར་ལྕེ་རླུང་གིས་བསྐྱོད་པ་དང་འདྲ་བར་སྟོང་ཞིང་སྦོམ་ལ་འཕར་འཕྲོར་འདར་ཡོང་བ་དང་། མཁྲིས་པའི་འཆི་རྩ་ནི་ཁྲའི་མཇུག་རྩེ་ལྟར་མྱུར་ལ་འདར་བར་སྲིལ་སྲིལ་དུ་འཕར་ཞིང་སྡོད་པ་ཡིན། བད་ཀན་གྱི་འཆི་རྩ་ནི་ཐིགས་ཟགས་ཀྱི་ཆུ་གཞུག་དང་འདྲ་བར་སྔ་ཕྱི་མི་སྙོམས་པ་བུལ་བར་འཕར་ཞིང་འཕར་འཕྲོར་འདར་ཡོང་བ། རླུང་མཁྲིས་ལྡན་པའི་འཆི་རྩ་ནི་ཉ་མོ་ཆུ་ནས་ཕྱུངས་པ་ལག་པས་མནན་པའི་ཚེ་རྔམས་པ་དང་འདྲ་བར་འཕར་དུས་འདར་ཞིང་རྒྱུག་ལ། ཤེད་ཆེར་མནན་ན་མི་འཕར་ཞིང་ཆུང་ངུར་མནན་ན་སྐྱུར་སྐྱུར་བྱེད་པ། བད་རླུང་ལྡན་པའི་འཆི་རྩ་ནི་བྱེའུ་མཆིལ་པ་སྒུམ་བུ་འཐུ་བ་དང་འདྲ་བར་བཞི་ཙམ་ཐུང་ཞིང་མགྱོགས་ལ་འཇམ་པར་འཕར་ནས་འདར་ཞིང་འཕར་ཉམས་ངོས་སྡོད་པ་ཡིན། བད་མཁྲིས་ལྡན་པའི་འཆི་རྩ་ནི་སྦལ་པ་མཆོངས་པ་དང་འདྲ་བར་རྒྱས་ཤིང་དལ་བར་གཉིས་གསུམ་འཕར་ནས་དེ་རྗེས་འཕར་ཉམས་བྱེད་ཅིང་འདར་བ་དང་། འདུས་པའི་འཆི་རྩ་ནི་གླང་རྒན་ཁ་ཆུ་དང་འདྲ་བར་སྟོང་ཞིང་དལ་ལ་གཡོ་ཞིང་འདར་བའོ། །དེར་མ་ཟད་ལུས་སྟོབས་ཆེན་གྱི་མི་ལ་གློ་བུར་གྱི་ནད་གག་ལྷོག་གླང་ཐབས་སོགས་ཀྱིས་བཏབ་པ་ལ་རྩ་སྟོབས་ཤིན་ཏུ་ཕྲ་ཞིང་ཤེད་ཀྱང་ཆུང་བར་འཕར་བ་དང་། ནད་ཡུན་རིང་ཟུངས་ཟད་པའི་ནད་པར་རྩ་རྒྱས་ཤིང་དྲག་པར་འཕར་བ། གྲང་བའི་ནད་ཀྱིས་མནར་བ་ལ་དྲག་རྒྱས་སོགས་ཚ་བའི་རྩ་འབྱུང་བ། ཚ་བའི་ནད་ཀྱིས་མནར་བ་ལ་ཞན་བྱིང་སོགས་གྲང་བའི་རྩ་འབྱུང་བ། གློ་ཚད་གཟེར་ཐུང་གི་ནད་དང་། ཤ་དུག་གི་ནད། བད་ཀན་ཕོ་བར་འདྲིལ་བའི་གླང་ཐབས་དང་། མཁྲིས་པ་ཕོ་བར་འདྲིལ་བའི་གླང་ཐབས་བཅས་ནད་དྲག་པོ་བཞིས་བཏབ་པའི་མི་ལ་ནད་མེད་ཀྱི་རྩ་ལྟར་བྱུང་བ་དེ་རྣམས་ཀྱང་རྩ་རྒྱུད་འགྱུར་བ་ཞེས་ནད་དང་མི་མཚུངས་པའི་རྩ་ཡིན་པས་འཆི་རྩར་བཤད་པ་ཡིན།
རྩ་རྒྱུད་མ་ཚང་བ་སྟེ། དོན་རྣམས་ཀྱི་རྩ་རྒྱུད་མ་ཚང་བས་འཆི་རྩར་འགྱུར་བ་དག་ཡོད་མོད་ཀྱི། འོན་ཀྱང་དེ་དག་ངེས་པར་འཆི་བའི་རྩ་ཡིན་མིན་དེ་གཙོ་བོ་རྩ་རྒྱུད་མ་ཚང་བ་དེ་དང་འབྲེལ་ཞིང་འབྱོར་པའི་ཕྱིའི་དབང་པོའི་རྟགས་ལའང་དཔག་དགོས་ཤིང་། དེ་ཡང་སྙིང་དང་ལྕེ་འབྲེལ་རྒྱུ་མ་དང་འབྱོར་པ་དང་། གློ་བ་དང་སྣ་འབྲེལ་ལོང་དང་འབྱོར་པ། མཆིན་པ་དང་མིག་འབྲེལ་མཁྲིས་པ་དང་འབྱོར་པ། མཆེར་པ་དང་མཆུ་འབྲེལ་ཕོ་བ་དང་འབྱོར་པ། མཁལ་མ་དང་རྣ་བ་འབྲེལ་གཡས་ལྒང་པ་དང་གཡོན་བསམ་སེར་འབྱོར་པ་བཅས་ཡིན་པས། དེ་ལྟར་སྙིང་རྩ་མ་ཚང་བའི་ཁར་དེ་དང་འབྲེལ་བའི་ལྕེ་ཡང་མདོག་ནག་པོར་འགྱུར་ཞིང་མིག་ཀྱང་འབུར་ཚུགས་སུ་བལྟ་བ་བཅས་བྱུང་ན་སྙིང་རྩ་མ་ཚང་བའི་འཆི་རྩ་ཡིན་པ་དང་། དེ་བཞིན་དུ་གློ་རྩ་མ་ཚང་བའི་ཁར་དེ་དང་འབྲེལ་བའི་སྣ་གཤོག་གཉིས་ཞོམ་ལ་ནང་སྤུ་ཡང་གྱེན་དུ་ལོག་པ་བཅས་བྱུང་ན་གློ་རྩ་མ་ཚང་བའི་ཁར་དེ་དང་འབྲེལ་བའི་སྣ་གཤོག་གཉིས་ཞོམ་ལ་ནང་སྤུ་ཡང་གྱེན་དུ་ལོག་པ་བཅས་བྱུང་ན་གློ་རྩ་མ་ཚང་བའི་འཆི་རྩ་ཡིན་པ། མཆིན་རྩ་མ་ཚང་བའི་ཁར་དེ་དང་འབྲེལ་བའི་མིག་འབྲས་གྱེན་དུ་ལྡོག་ཅིང་སྨིན་མའི་སྤུ་ཡང་ཚོམ་བུར་འཁྱིལ་བ་བཅས་བྱུང་ན་མཆིན་རྩ་མ་ཚང་བའི་འཆི་རྩ་ཡིན་པ། མཆེར་རྩ་མ་ཚང་བའི་ཁར་དེ་དང་འབྲེལ་བའི་མ་མཆུ་ཡང་ཐུར་དུ་འཕྱངས་ཤིང་བྲང་གི་ལྷེན་སྣའི་རུས་པ་ནང་དུ་རྡིབ་པ་བཅས་བྱུང་ན་མཆེར་རྩ་མ་ཚང་བའི་འཆི་རྩ་ཡིན་པ། མཁལ་རྩ་མ་ཚང་བའི་ཁར་དེ་དང་འབྲེལ་བའི་རྣ་བའི་བུ་ག་བཀག་པས་འུར་ཞེས་པའི་སྒྲ་ཆད་ཅིང་རྒྱབ་ཏུ་འབྱར་ནས་མདོག་ཀྱང་ཉམས་པ་བཅས་བྱུང་ན་མཁལ་རྩ་མ་ཚང་བའི་འཆི་རྩ་བཅས་ཡིན་ལ། དེ་དག་གི་ནང་ནས་ཀྱང་སྙིང་རྩ་མ་ཚང་ན་ཞག་གཅིག་དང་། གློ་རྩ་མ་ཚང་ན་ཞག་གཉིས། མཆིན་རྩ་མ་ཚང་ན་ཞག་གསུམ། མཆེར་རྩ་མ་ཚང་ན་ཞག་ལྔ། མཁལ་རྩ་མ་ཚང་ན་ཞག་བརྒྱད་བཅས་ནས་འཆི་བ་ཡིན།
སྡོད་པའི་འཆི་རྩ་དང་དེའི་དབྱེ་བ་སྟེ། སྡོད་པའི་འཆི་རྩ་ལ་ཡང་ན་སྡོད་དང་། འདྲེ་སྡོད། འཆི་སྡོད་བཅས་རྣམ་པ་གསུམ་ཡོད།
ན་སྡོད་དེ། ན་སྡོད་ཅེས་པ་དེ་ནི་ནང་དུ་དོན་སྣོད་གང་ན་བའི་རྐྱེན་གྱིས་གནས་དེའི་རྩ་སྡོད་པ་དེར་བྱ་བ་ཡིན་གྱི། དཔེར་ན་གློ་བ་ན་བའི་ཚེ་གློ་རྩ་སྡོད་པ་དང་། མཆིན་པ་ན་བའི་ཚེ་མཆིན་རྩ་སྡོད་པ་ལྟ་བུ་ནི་ན་སྡོད་ཡིན་གཤིས། ནད་དྲག་པའི་རྗེས་སྡོད་ཀྱང་མེད་པར་འགྱུར་བས་འཆི་རྩ་མ་ཡིན།
འདྲེ་སྡོད་དེ། གློ་བུར་བའི་རྐྱེན་པས་སྡོད་པ་ཞིག་ཡིན་ཚེ་དེའི་རྟགས་སུ་རྩའི་འཕར་གྲངས་མང་ཉུང་ངེས་མེད་ཀྱི་སྐབས་སུ་སྡོད་ཅིང་། དེ་ཡང་རེས་དྲག་པར་འཕར་རྗེས་སྡོད་པ་དང་། རེས་ཞན་པར་འཕར་རྗེས་སྡོད་པ། རེས་མགྱོགས་པར་འཕར་རྗེས་སྡོད་པ། རེས་དལ་བར་འཕར་རྗེས་སྡོད་པ། རེས་གྲངས་མང་བར་འཕར་རྗེས་སྡོད་པ། རེས་གྲངས་གཉིས་གསུམ་འཕར་རྗེས་སྡོད་པ་སོགས་མདོར་ན་རྩའི་འཕར་ཚུལ་འདི་ལྟ་བུ་ཞེས་ཁ་ཚོན་མི་ཆོད་པ་འབྱུང་བ་རྣམས་འདྲེ་སྡོད་ཡིན་པ་ལས་འཆི་རྩ་མིན།
འཆི་སྡོད་དེ། རྩའི་འཕར་གྲངས་གང་གི་མཚམས་སུ་སྡོད་ཀྱང་དེ་གའི་དུས་ཀྱི་གྲངས་ངེས་པ་ཅན་ཁོ་ནར་སྡོད་པ་ནི་འཆི་སྡོད་དངོས་ཡིན་ཞིང་། དེ་ཡང་གྲངས་མང་བའི་མཚམས་སུ་སྡོད་ན་རིང་ཞིག་ནས་འཆི་བ་དང་། གྲངས་ཉུང་བའི་མཚམས་སུ་སྡོད་ན་མྱུར་དུ་འཆི་བའི་རྟགས་སུ་བཞེད་ཀྱང་མི་བཤོལ་བར་འབད་པས་ཐབས་གང་ཡོད་ཀྱིས་གསོ་བར་བྱའོ། །ན་སྡོད་ལྟར་འདུག་ན་ནད་དེའི་གཉེན་པོའི་སྨན་དཔྱད་ཀྱིས་བཅོས་པར་བྱ་དགོས་ཤིང་། དེ་ལྟར་བཅོས་པར་བྱས་ཀྱང་ད་དུང་བདེ་སྐྱེད་མེད་ན་དེ་ནི་འཆི་བར་འགྱུར་བའི་ལྟས་ཡིན་གྱི། འོན་ཀྱང་གྲང་བའི་ནད་སྟོབས་ཆེན་ལྟ་བུས་འཕར་རྩ་གཏིང་དུ་བྱིང་ནས་མི་གསལ་བ་དང་། གཡང་དུ་ལྷུང་བའམ་འཇིགས་སྐྲག་ཆེན་པོ་བྱུང་བ་སོགས་གློ་བུར་གྱི་རྐྱེན་འགའ་ཞིག་གིས་འཕར་རྩ་གབ་སྟེ་རེ་ཞིག་མི་མངོན་པས་འཕར་རྩ་མེད་པར་གྱུར་ཀྱང་དེ་ནི་འཆི་བའི་ངེས་པ་མེད་པས་ཕལ་ཆེར་འཚོ་ཞེས་ཁ་དམར་གདགས་པར་བྱའོ། །
གདོན་རྩ་བརྟག་པ།
གློ་བུར་གདོན་རྐྱེན་ལས་བྱུང་བའི་རྩའི་འཕར་ཚུལ་ནི་རྩའི་རྒྱུ་བ་མི་སྙོམས་ཤིང་འགྱུར་ལྡོག་མང་བ་དང་། སྐབས་སུ་གྲངས་ངེས་མེད་དུ་སྡོད་ཅིང་ཡང་ན་འཐེན་པ། གཉིས་གཤིབས་པ་ལྟ་བུའི་ལྕམ་དྲལ་བྱེད་པ་སོགས་འབྱུང་བ་ཡིན་ཞིང་། དེ་རྣམས་སྙིང་དང་། གློ་བ། མཆིན་པ། མཆེར་པ། མཁལ་མ་སོགས་གང་གི་རྩར་བྱུང་ནའང་དེའི་ནད་དུ་ངོས་བཟུང་དགོས་པ་ཡིན་ནོ། །
བླ་རྩ་བརྟག་པ།
ཚེ་རིང་ཐུང་གི་རྟགས་གསལ་པོར་སྟོན་པ་བླ་ཡི་རྩ་ལ་བརྟག་པ་སྟེ། སྤྱིར་འཕར་རྩ་ཡིན་ནོ་ཅོག་སྙིང་ཁོ་ན་དང་འབྲེལ་བ་ལས་སྙིང་འཕར་བ་དང་མཐུན་པར་རྩ་ཡང་འཕར་བ་ཡིན། ཁྱད་པར་དུ་བླ་རྩ་འདི་གྲུ་མོའི་ཨ་སོ་ནས་གྱེས་ཏེ་མཁྲིག་མའི་མར་ཟུར་ཆུ་རྒྱུས་ཀྱི་གསེབ་བརྒྱུད་ནས་འབྲེལ་ཞིང་སྲིན་ལག་ཏུ་འཕར་བའི་རྩ་འདི་ཉིད་ཡིན་ལ། དེ་ཡང་མི་རྣམས་ཀྱི་ཚེ་སྲོག་གི་རྟེན་དུ་རླུང་ཁྲག་གི་དྭངས་མའི་རྒྱུ་བ་ཤས་ཆེར་ཡོད་པའི་དབང་གིས་བླ་ཞེས་གྲགས་ཏེ། དེས་ན་བླ་དེ་རྒྱུ་བའི་ལམ་ལ་བླ་ཚེའམ་བླ་གནས་རྒྱུ་བའི་བླ་རྩ་འཁྱམས་པོ་ཞེས་པ་དེ་བྱུང་བ་ཡིན་གྱི། དེའི་ཕྱིར་བླ་རྩ་ཞེས་པ་དེ་ཐ་མལ་དུ་གནས་ན་བླ་ཚེ་དེ་རིང་གི་མལ་དུ་གནས་ཞེས་བྱ་སྟེ་ཚེ་ལ་བར་ཆད་མི་འབྱུང་ཞིང་། གལ་ཏེ་བླ་རྩ་དེ་རང་གི་མལ་དུ་མ་གནས་པར་རེས་རྒྱས་པ་དང་། རེས་བྱིང་བ། དལ་བྲེལ་མི་སྙོམས་ཤིང་སྡོད་འཐེན་རྒྱུ་བའི་གནས་འཕོ་བ་སོགས་འགྱུར་ལྡོག་བྱེད་ན་བླ་ཚེ་དེ་ལའང་སྐྱོན་བྱུང་བའི་རྟགས་ཡིན་པས་ཚེ་མི་བརྟན་པ་དང་། བླ་རྩ་དེ་གཞན་དུ་བྲོས་ནས་རང་གི་གནས་སུ་མི་འཕར་ན་རྩ་དེ་ལ་རྒྱུ་བའི་བླ་ཚེ་དེ་ཡང་གཞན་དུ་ཡར་བའི་རྟགས་ཡིན་པས་འཆི་བའི་རྩའོ། །བླ་རྩ་དེ་རང་གི་གནས་སུ་སྐྱོན་གང་ཡང་མེད་པར་དལ་བྲེལ་ཕྲ་སྦོམ་སྙོམས་པར་ལན་བརྒྱའི་བར་དུ་འཕར་བ་ནི་ལོ་བརྒྱའི་བར་ཞེས་ཚེ་ལོ་མཐར་འཁྱོལ་དུ་ཐུབ་སྟེ། འཕར་གྲངས་ལྔ་བཅུ་ཙམ་ནས་སྐྱོན་དང་བཅས་པ་འདུག་ན་ལོ་ལྔ་བཅུ་ཐུབ་པར་བཤད་ལ། དེ་བཞིན་དུ་བཞི་བཅུ་སོགས་དང་མདོར་ན་སྐྱོན་མེད་དུ་འཕར་ཐེངས་རེས་ལོ་རེ་རེ་ཐུབ་པར་བཤད་པ་ཡིན། འདི་ནི་སྤྱིར་བཏང་རགས་པའི་དབང་དུ་བྱས་པ་ཡིན་གྱི། དོན་དུ་ལྔ་བཅུ་ཡན་ལ་མཐའ་གཅིག་ཏུ་ངེས་པ་མེད་དོ། །
དེ་ལྟར་གོང་དུ་རྩ་བལྟ་བའི་སྔོན་འགྲོ་ནས་བཟུང་སྟེ་སྤྱི་བྱེ་བྲག་རྣམས་ཀྱི་རྣམ་དབྱེ་མ་འདྲེས་པར་སོ་སོར་རྟོག་པ་ཞིབ་མོའི་སྒོ་ནས་ལེགས་པར་བརྟགས་ཤིང་དཔྱོད་པའི་སྨན་པ་དེ་ཉིད་གསང་གཏམ་གལ་ཆེ་བ་སྐད་གདངས་ཆུང་ངུས་ཤུབ་བུར་སྨྲ་བ་ལ་བསྒྲིམས་ཏེ་ཉན་པ་དང་འདྲ་བ་ཤེས་པ་གཞན་དུ་མ་གཡེངས་པར་རྩའི་འཕར་ཚུལ་སོགས་དོན་དེ་ཉིད་ལ་ཡིད་རྩེ་གཅིག་ཏུ་བསྡུས་ནས་ནད་མེད་དང་ནད་ཅན་སོགས་ཀྱི་རྣམ་དབྱེ་མ་འདྲེས་པར་སོ་སོར་འབྱེད་པ་ལ་སྤྲོ་ཞིང་བརྟག་པར་བྱ་དགོས་པ་ཡིན་ནོ། །
དྲི་བའི་སྒོ་ནས་བརྟག་པ།
དྲི་བས་བརྟག་པ་ཞེས་པ་དེ་ནི་རྣ་བའི་ཡུལ་དུ་གྱུར་པའི་ཚིག་ཀུན་ཡིན་ཏེ། དེ་ཡང་ཇི་ལྟར་ཡིན་ཞེ་ན། རྐྱེན་གང་གིས་བསླངས། ན་ལུགས་གང་ལྟར་ན། ལུས་ཀྱི་གནས་གང་དུ་ན། སྔ་ཕྱི་གང་གི་ཚེ་ན་ན་ཞེས་འདྲི་ཞིང་། ཁྱད་པར་དུ་ནད་སློང་བའི་རྒྱུ་རྐྱེན་དང་། ན་བའི་གནས། ནད་ཀྱི་མཚན་ཉིད་བཅས་ཞིབ་ཏུ་དྲིས་ལ་བརྟག་དགོས་ཤིང་། དེ་ཇི་ལྟར་ཡིན་ཞེ་ན། ནད་དེ་རྒྱུ་རྐྱེན་གང་གིས་བསླང་ཡོད་མེད་དྲིས་པ་ལས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་པོ་གང་ཡིན་ཤེས་ཐུབ་པ་དང་། དེ་བཞིན་དུ་ལུས་ཀྱི་སྟོད་སྨད་ཕྱི་ནང་སོགས་གནས་གང་དུ་ན་ཞེས་དྲིས་པ་ལས་ཤ་པགས་རྩ་རུས་སོགས་འཇུག་པའི་སྒོ་དྲུག་པོ་གང་ཡིན་ཤེས་ཐུབ་པ། རྩུབ་ཅིང་ཡང་བ་སོགས་ནད་ཀྱི་མཚན་ཉིད་ཀྱི་སྒོ་ནས་དྲིས་པ་ལས་ནད་རིགས་བྱེ་བྲག་ཕྲ་མོ་དང་བཅས་པ་མ་འདྲེས་ཤིང་དབྱེ་བ་ཕྱེད་པར་འགྱུར་བ་དེའི་ཕྱིར་ན་བརྟག་པ་ཀུན་ལ་དྲི་བ་ཉིད་གཅེས་ཤིང་མཆོག་ཏུ་གྱུར་པ་ཡིན་ལ། འདི་ནི་དྲི་བ་དྲིས་ལན་བྱེད་པའི་ཐབས་ལ་བརྟེན་ནས་བརྟག་པ་ཞིག་ཡིན་གཤིས་དེར་ཐོས་པ་སྒྲ་རིག་པའི་བརྟག་ཐབས་ཞེས་སུ་བཤད་པ་ཡིན་ནོ། །
ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ།
ནད་གང་ལ་ཕན་པ་དང་གནོད་པ་བསྟེན་པའི་སྒོ་ནས་བརྟག་པ་སྟེ། ཟས་དང་། སྤྱོད་ལམ། སྨན། དཔྱད་བཅས་རྣམ་པ་བཞིའི་སྒོ་ནས་ངེས་པ་ཡིན་ཞིང་། དེ་བཞི་པོའི་ནང་ནས་ནད་དེ་དག་སློང་བར་བྱེད་པའི་རྒྱུ་རྐྱེན་དུ་གྱུར་པ་དེའི་རོ་ནུས་དང་། ལྡང་བའི་ནད་ཀྱི་ངོ་བོ་གཉིས་པོའི་མཚན་ཉིད་ཕན་ཚུན་མཐུན་གྱི་ཡོད་དམ་མེད། ཟས་སྨན་དེ་རིགས་ད་ལྟའི་ནད་དེར་འཕྲོད་ཀྱི་ཡོད་དམ་མེད་བཅས་ལ་ཞིབ་ཏུ་བརྟགས་ཤིང་དཔྱད་པ་ལས་ཀྱང་ནད་ཀུན་འཁྲུལ་མེད་དུ་ཤེས་པར་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་དེ་དག་གནས་སྐབས་ཙམ་དང་ཕྱོགས་རེ་བའི་ལྟར་སྣང་ཙམ་དུ་མ་སོང་བར་ལན་མང་པོ་དང་། ངེས་ཤེས་མ་འདྲོངས་ཀྱི་བར་དུ་ཡུན་བསྲིངས་པས་རྟོགས་པར་འགྱུར་བ་ཡིན་ཏེ། དེའི་ཚེ་སྨན་པས་ནད་ཀྱི་ཉམས་ཡོངས་སུ་རྙེད་དེ་ནད་པ་གསོ་བའི་དོན་མཐའ་དག་བདེ་བླག་ཏུ་ཤེས་པར་འགྱུར་བ་ཡིན་ནོ། །
སྤང་བླང་མུ་བཞི།
ནད་པ་གང་ཞིག་སྤང་བར་བྱ་བ་དང་བླང་བར་བྱ་བའི་ཡུལ་ངོས་བཟུང་བ་སོགས་བརྟག་པར་བྱ་བའི་ཐབས་ལ་སྤང་བླང་མུ་བཞི་ཞེས་བྱ་ཞིང་། དེ་ལ་ནི་ནད་པ་གང་ཞིག་བཅོས་ཐུབ་པ་ལ་གསོ་སླ་བའི་ཡུལ་དང་། གང་ཞིག་གསོ་དཀའ་བའི་ཡུལ། གང་ཞིག་གསོ་ཙམ་པའི་ཡུལ། བཅོས་མི་ཐུབ་པ་ལ་གང་ཞིག་སྤང་བར་བྱ་བའི་ཡུལ་བཅས་རྣམ་པ་བཞིའི་སྒོ་ནས་བསྟན་པ་ཡིན་ནོ། །
གསོ་སླ་བ།
གསོ་སླ་བ་དེ་ལ་ཡང་ཡན་ལག་གི་སྒོ་ནས་གསོ་སླ་བ་དང་། གང་ཟག་གི་སྒོ་ནས་གསོ་སླ་བ། ནད་ཀྱི་སྒོ་ནས་གསོ་སླ་བ་བཅས་ཀྱི་དང་པོ་ཡན་ལག་གི་སྒོ་ནས་གསོ་བར་སླ་བ་ལའང་སྨན་པའི་ཡན་ལག་དང་། སྨན་གྱི་ཡན་ལག ནད་གཡོག་གི་ཡན་ལག་བཅས་རྣམ་པ་གསུམ་ཡོད་པ་ཡིན།
སྨན་པའི་ཡན་ལག་སྟེ། སྨན་པ་གང་ཞིག་བློ་གྲོས་ཆེ་བ་དང་། སྦྱངས་པ་དཔྱིས་ཕྱིན་པ། སྙན་གྲགས་དང་ལྡན་པ། ཀུན་གྱིས་བཀུར་བར་འོས་པ་བཅས་མཁས་པའི་སྟེགས་བུ་ལྟ་བུར་འཛེགས་པས་རིག་པའི་གནས་ལྔ་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་དང་བཅས་པ་མཁས་པ་དུ་མའི་གམ་དུ་ཐོས་བསམ་རྒྱ་ཆེ་མཆིས་པས་མངོན་པར་མཐོ་བ་དང་། རྒྱུད་དང་། བསྟན་བཅོས། ལུང་དང་མན་ངག་གི་སྒོ་ནས་གཞུང་གི་དོན་མཐའ་དག་ཤེས་པ་དང་། བརྟག་པ་དང་། སྨན། དཔྱད། ཟས་སྤྱོད་བཅས་བསླབ་པའི་ལས་རྣམས་མ་ལུས་པ་སློབ་དཔོན་གྱིས་ཉམས་སུ་ལེན་པ་མཐོང་བ་དེ་ཇི་ལྟ་བ་བཞིན་དུ་རང་གིས་གོམས་པ་དང་། ནད་པའི་ནོར་ལ་བརྣབ་སེམས་ཀྱི་བློ་དང་། ཕྱོགས་རིས་ཅན་གྱི་སྙིང་རྗེ། སྨན་དཔྱད་ལ་སླ་ཐབས་ཀྱི་ཆོ་ག་ཡིད་དུ་མི་འོང་བར་བྱེད་པའི་སྐྱོན་རྣམས་བྲལ་བས་གཙང་བ་སྟེ། དེ་ལྟར་སྨན་པའི་ཡན་ལག་བཞི་དང་ལྡན་ན་ནད་གང་ཡང་གསོ་སླ་བ་ཡིན་ཏེ། སྨན་པ་ནི་གསོ་བར་བྱེད་པའི་གཙོ་བོ་ཡིན་པས་སོ། །
སྨན་གྱི་ཡན་ལག་སྟེ། ནད་གང་དག་ལ་གཏོང་བར་འོས་པའི་སྨན་ནི་ཐང་དང་། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་སོགས་གཙོ་བོར་བྱེད་པ་སྦྱར་བར་རུང་བ་དང་། གཞན་ཡང་ནད་གང་ལ་གང་འོས་ཀྱིས་ཁ་བསྒྱུར་སོགས་མང་དུ་ཤེས་པའི་སྨན་གྱི་ཆོ་ག་ལྡན་པ་ཞིག་དགོས་པ་དང་། ལྕི་སྣུམ་ལ་སོགས་སྨན་གྱི་ཡོན་ཏན་མང་དུ་ལྡན་པ། སྐྱེ་སར་སྐྱེས་པ་སོགས་གཅེས་པའི་ཡན་ལག་བདུན་ལྡན་ཚང་ཞིང་སྨན་བཟང་པོ་རྣམ་གྲངས་མང་དུ་གསོག་པའི་སྨན་གྱི་རང་བཞིན་ཕུན་སུམ་ཚོགས་པ། རོ་ནུས་ཞུ་རྗེས་སོགས་ཁམས་དང་འཕྲོད་པར་སྦྱར་བ་བཅས་དེ་ལྟར་སྨན་ཉིད་ལའང་ཡན་ལག་བཞི་དང་ལྡན་ན་ནད་གསོ་སླ་བའི་རྒྱུ་ཡིན་ནོ། །
ནད་གཡོག་གི་ཡན་ལག་སྟེ། ནད་པ་དང་འབྲེལ་བའི་ནད་གཡོག་དེ་ཡང་ནད་པའི་བྱ་བ་འབའ་ཞིག་ལས་གཞན་གང་དུའང་ལུས་སེམས་མ་ཡེངས་པར་ནད་པའི་བཟའ་བཏུང་སོགས་དུས་ལས་མི་ཡོལ་བར་སྟེར་བ་ལ་སྒྲིན་ཞིང་བརྩོན་པ་དང་། ནད་པ་དེ་ཉིད་ལ་སྐྱོ་དུབ་མེད་པར་བུ་གཅིག་པའི་མ་ལྟ་བུར་གཅེས་ཤིང་ནད་པ་སོགས་ཉམ་ཐག་པར་ལྷག་པར་བརྩེ་བ། ཟས་སྤྱོད་སོགས་བྱ་བ་ཀུན་ལ་ལུས་ངག་ཡིད་གསུམ་གཙང་སྦྲ་ཆེ་བ། སྨན་པས་གང་བསླབས་པ་ཀུན་ཤེས་པའི་བློ་གྲོས་ཆེན་པོ་དང་ལྡན་པ་བཅས་དགོས་པ་ཡིན་ནོ། །དེ་ལྟར་སྨན་པ་དང་། སྨན། ནད་གཡོག་སྟེ་ཡན་ལག་བཅུ་གཉིས་དང་ལྡན་ན་གསོ་བར་སླ་བ་ཡིན་ནོ།།
གང་ཟག་གི་སྒོ་ནས་གསོ་སླ་བ་སྟེ། གང་ཟག་ནད་པ་དེ་ཡང་སྐྱེས་བུ་གཞོན་ཞིང་དར་མ་ཡིན་པ་དང་། རང་བཞིན་བཟང་ཞིང་དུལ་བ། ནད་ཡུན་སོགས་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྡན་ཞིང་དཔའ་བ། ཞི་སྦྱང་དང་འཇམ་རྩུབ་སོགས་ཀྱི་སྨན་དཔྱད་ཀུན་བཟོད་པར་ནུས་པའི་ལུས་དང་ལྡན་པ། ནོར་རྫས་ཕྱུག་ཅིང་གཏོང་ཕོད་ཆེ་བ། སྨན་པ་སོགས་ཀྱིས་ཕན་པའི་གྲོས་ཇི་ལྟར་བསྒོ་བ་བཞིན་ཉན་ལ་གཅེས་པར་འཛིན་ཅིང་ཕན་གནོད་འཕྲལ་དུ་ཤེས་པར་ནུས་པ། སྨན་པས་ཇི་ལྟར་དྲིས་པའི་ལན་དུ་ནད་རྟགས་སློང་རྐྱེན་སོགས་ཟློས་པ་སྟེ་སྨྲ་བ་ལ་མཁས་པའང་གསོ་སླ་བའི་ཡུལ་ཡིན་ནོ། །
ནད་ཀྱི་སྒོ་ནས་གསོ་སླ་བ་སྟེ། ནད་ཀྱི་རྒྱུའམ་ནད་གཞི་དང་། ནད་དེ་སྔར་ཇི་ལྟར་ལྡང་བའི་ཚུལ་དང་། ནད་གང་ཡིན་ཀྱང་མཚན་ཉིད་དམ་ནད་རྟགས་རྣམས་ཆུང་བ་དང་། དྭངས་མ་ལ་སོགས་པའི་གནོད་བྱ་དང་། ངད་ཅན་གྲང་བ་ལ་སོགས་པའི་ཡུལ་དང་། དབྱར་ལ་སོགས་པའི་དུས་དང་། རླུང་གི་མི་ལ་སོགས་པའི་རང་བཞིན་རྣམས་མི་མཚུངས་པ་སྟེ། དཔེར་ན་རུས་པའི་གནས་སུ་མཁྲིས་པ་བབས་པ་དང་། ངད་ཅན་གྲང་བའི་ཡུལ་དུ་མཁྲིས་པ་སྐྱེས་པ་དང་། དབྱར་དང་། དགོང་། ཐོ་རངས་མཁྲིས་པ་ལྡང་བ་དང་། རླུང་གི་རང་བཞིན་ཅན་གྱི་མི་ལ་མཁྲིས་པའི་ནད་ཀྱིས་བཏབ་པ་ལྟ་བུ་ཐམས་ཅད་འཛོམས་པའམ་གཅིག་གཉིས་ཙམ་ཚོགས་ནའང་གསོ་སླ་བ་ཡིན་ལ། ནད་གང་དང་གང་གིས་བཏབ་པ་དེའི་སྟེང་དུ་བླ་གཉན་གྱི་ནད་གཞན་གྱི་གནོད་པ་མེད་པ་དང་། ཕྱི་དང་། ནང་། བར་ཏེ་ལམ་གསུམ་པོ་གང་ཡང་རུང་བ་གཅིག་ལས་སྐྱེས་པ་དང་། ནད་གཞི་གསུམ་པོ་ཕན་ཚུན་ལྡན་འདུས་སུ་མ་གྱུར་པའི་རྐྱང་པ་དང་། ནད་མ་རྙིངས་པའི་གསར་པ་སྟེ། དེ་དག་རྣམས་དང་ལྡན་པའི་ནད་རྣམས་གསོ་བར་སླ་བ་ཡིན། འོན་ཀྱང་ནད་འགའ་ཞིག་ལ་ཡུལ་དུས་དང་མཚུངས་ཤིང་གནོད་བྱ་མཉམ་པ་དང་། རྙིང་པ་གསོ་སླ་བ་དག་ཀྱང་ཡོད་མོད་ཅིང་། དེ་གང་ཞེ་ན། རིམས་ནད་ལྟ་བུ་ལ་ཡུལ་སྐམ་ས་ཚ་གདུང་ཆེ་སར་སྐྱེས་པ་དང་། དུས་སྟོན་ཀ་དང་ཉིན་དགུང་མཚན་དགུང་ལྡང་བ་དག་གཅིག་ཏུ་ཚོགས་ཤིང་མཚུངས་པ་དང་། ཆུ་འགགས་ཀྱི་ནད་ལ་གནོད་བྱ་བཤང་གཅིན་གཉིས་མཉམ་པ་སྟེ་རྩའམ་བཤང་བ་ཐོན་ན་དྲི་ཆུའང་ཐོན་པར་འགྱུར་བ་དང་། ཁྲག་གི་སྐྲན་ཡུན་རིང་རྙིངས་པར་གྱུར་པ་ཉིད་གསོ་བར་སླ་ཞེས་བྱ་ཞིང་། གསར་པའི་དུས་བཤིག་མི་འདོད་ལ་རྙིངས་ནས་བཤིག་པས་ཉེས་པ་མེད་པའི་ཕྱིར་རོ། །
གསོ་དཀའ་བ།
གསོ་དཀའ་བའི་ནད་ནི་ཇི་སྐད་སྨོས་པའི་ཡན་ལག་དང་། གང་ཟག ནད་ཀྱི་སྒོ་ནས་གསོ་སླ་བའི་ཆ་ཤས་དེ་དག་གི་འགའ་ཞིག་ཡོད་ཀྱང་ཕལ་ཆེར་མེད་པའམ། ལ་ལ་འཛོམ་ཡང་ལ་ལ་མ་འཛོམ་པས་ཕན་ཚུན་འདྲེས་པ་སྟེ། དཔེར་ན་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བའི་མཚན་ཉིད་ཡོད་དུ་ཟིན་ཀྱང་སྨན་པའི་ཡན་ལག་མ་ཚང་བ་དང་། སྨན་པ་མཁས་སུ་ཟིན་ཀྱང་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བ་ལས་ལྡོག་པ་ལྟ་བུ་དང་ལྡན་པས་སྨན་དཔྱད་ལ་སོགས་པ་ཐབས་མང་པོའི་སྒོ་ནས་ཡུན་རིང་ལོ་ཤས་འབྲེལ་བ་དང་། འབྲིང་ལ་ལོ་རེའི་བར་དང་། ཡུན་ཐུང་བ་ལའང་ཟླ་བ་དྲུག་བདུན་གྱི་བར་དུ་རང་གིས་གསོ་དགོས་པ་དེ་ལྟ་བུ་ནི་གསོ་དཀའ་བ་ཡིན་ནོ། །
གསོ་ཙམ་པ།
གསོ་ཙམ་པ་ནི་གསོ་སླ་བ་དང་དཀའ་བ་དེ་ལས་གོ་ལྡོག་པར་གྱུར་ནས་གསོ་བར་མི་ནུས་པ་དེ་ལྟ་བུ་ལ་སྔར་ནས་མང་དུ་གོམས་པའི་བཟའ་བཏུང་དང་སྤྱོད་ལམ་གྱིས་ཕན་པར་བྱ་བ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་ནད་དེ་ཉིད་ཀྱིས་གཏོང་བར་བྱེད་པ་མ་ཡིན་ཡང་ལས་ཀྱིས་འཕངས་པའི་ཚེའི་ལྷག་མ་ཙམ་ལུས་ནས་རེ་ཞིག་མི་འཆི་བ་ཡིན་སྲིད་པའི་ཕྱིར། འདི་ལྟ་བུ་ལ་ནི་གསོ་བ་ཙམ་ཞེས་བྱ་སྟེ་སྲིད་མཐའ་མ་བཀག་པར་གསོ་བའི་ཚུལ་ལྟར་བྱེད་དགོས་པ་ཡིན་ནོ། །
གསོ་སྤང་བ།
ནད་པ་གང་ཞིག་སྨན་པས་གསོ་བའི་ཐབས་མེད་པས་སྤང་བར་བྱ་བ་ནི་གསོ་ཐབས་ཅི་བྱས་ཀྱང་ཕན་པའི་ནུས་པ་མེད་པས་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། ལུས་ཀྱི་འཇིག་ལྟས་ཀྱི་སྐབས་སུ་ཇི་སྐད་བཤད་པའི་ཉེ་བ་དང་། ཤིན་ཏུ་ཉེ་བ། ངེས་པའི་འཆི་ལྟས་རྣམས་རིམ་པར་སྣང་བ། འཚོ་བ་གསུམ་ཟད་པ་དང་འདུ་བ་གཤེད་དུ་བབས་པ་སོགས་སྲོག་གཅོད་ཀྱི་ནད་དགུ་པོ་གང་ཡང་རུང་བས་ནད་པ་དེའི་ལུས་ལ་དམ་དུ་བཟུང་བ་རྣམས་འཚོ་བའི་ཐབས་སུ་འགྱུར་བ་མ་ཡིན་པས་སྤང་བར་བྱའོ། །
ཚ་གྲང་གལ་མདོ།
རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ་བའི་ནད་རིགས་དེ་དག་ངོ་བོའི་ཐོག་ནས་མདོར་བསྡུས་ན་ཚ་བ་དང་གྲང་བ་གཉིས་སུ་མ་འདུས་པའི་ནད་གཞན་མེད་མོད་ཀྱང་། དེ་གཉིས་པོ་ལེགས་པར་བརྟག་མི་ཐུབ་པར་ཚ་བ་གྲང་བར་བཟུང་ནས་དྲོད་ཀྱིས་བཅོས་པ་དང་། གྲང་བ་ཚ་བར་བཟུང་ནས་བསིལ་གྱིས་བཅོས་པ་ལྟ་བུ་ཕན་ཚུན་ནོར་ནས་བཅོས་པར་འགྱུར་ན་དེས་གཞན་ནད་པའི་འཚོ་བའི་རྟེན་སྲོག་དང་བཅས་པ་འདོར་བར་འགྱུར་བ་ཡིན་གྱི། དེ་བས་ན་ཚ་གྲང་གཉིས་པོ་དེའི་ངོ་བོ་དང་ངེས་པ་ངོས་བཟུང་བ་དང་། དེ་གཉིས་ཀྱི་འཁྲུལ་སོ་ཅི་འདྲ་བྱས་ནས་བསལ་བར་བྱ་དགོས་སམ་ཞེ་ན། དེ་ཡང་སྤྱིར་འདས་པའི་རྟགས་སློང་བ་རྒྱུ་ལ་བརྟག་པ་དང་། ད་ལྟའི་རྟགས་མཚན་ཉིད་རྟགས་ལ་བརྟག་པ། མ་འོངས་པའི་རྟགས་ཕན་གནོད་གོམས་པར་བརྟག་པ་བཅས་ཀྱི་སྒོ་ནས་ནད་ངོས་བཟུང་བ་ཡིན་མོད་ཀྱང་། དེ་དག་ལ་ཡང་འཁྲུལ་གཞི་སྲིད་ཅིང་། དཔེར་ན་ངོ་བོ་ལ་འཁྲུལ་པ་སྟེ་ཐོ་ཡོར་མིར་འཁྲུལ་པ་དང་། རྟགས་ལ་འཁྲུལ་པ་སྟེ་དུ་བ་རླངས་པར་འཁྲུལ་པ། འདྲ་སྣང་ལ་འཁྲུལ་པ་སྟེ་ཐག་པ་སྦྲུལ་དུ་འཁྲུལ་པ་ལྟར་རྒྱུ་རྐྱེན་མི་འདྲ་བའི་དབང་གིས་འདྲ་མིན་སྣ་ཚོགས་ལ་འཁྲུལ་པར་འགྱུར་ཏེ་ཚ་བ་ཡིན་ཡང་གྲང་བ་ལྟར་དུ་སྣང་བ་དང་། གྲང་བ་ཡིན་ཡང་ཚ་བ་ལྟར་དུ་སྣང་བ་འདི་ལ་འདྲ་སྣང་བློ་བྲིད་ཀྱི་འཕྲང་ཞེས་བྱ་ཞིང་། དེ་ལྟ་བུའི་ཚ་གྲང་གི་གནད་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་འཁྲུལ་གཞི་བསལ་བའི་ཐབས་ལ་འདི་ཉིད་གལ་ཤིན་ཏུ་ཆེ་བའི་དོན་གྱིས་འདིར་ཚ་གྲང་གལ་མདོ་ཞེས་བྱ་བ་ཡིན་ནོ། །
གལ་འགག་བཞི།
སྤྱིར་འགྲོ་བའི་ལུས་དང་དེའི་ཁམས་ནད་དང་རླུང་སེམས་གཉིས་མེད་རྣམས་འབྱུང་བ་ལྔས་བསྐྱེད་ཅིང་། ཁམས་གཅིག་ལའང་ལྔ་གས་ཁྱབ་ཀྱང་ཤས་ཆེ་ཆུང་གིས་ནམ་མཁའ་སྤྱི་ཁྱབ་ཏུ་བྱས་ནས་མེ་ཁམས་ལ་ཚ་བ་དང་། ས་ཆུ་རླུང་གི་ཁམས་ལ་གྲང་བ་ཞེས་ཐ་སྙད་བྱས་པའི་ལུས་ནད་ཚ་གྲང་གཉིས་ཀྱིས་འཁྲུལ་པའི་གཞི་དོ་གལ་ཆེ་བའི་གནད་འགག་ལ་རྣམ་པ་བཞི་ཡིན་ཏེ། དེ་ཡང་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་ཚ་བ་ཡིན་པ་དང་། ཕྱི་རྟགས་གྲང་ཡང་ནད་ཀྱི་ངོ་བོ་ཚ་བ་ཡིན་པ། རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་གྲང་བ་ཡིན་པ། ཕྱི་རྟགས་ཚ་ཡང་ནད་ཀྱི་ངོ་བོ་གྲང་བར་སྟོན་པ་འབྱུང་བ་བཅས་རྣམ་པ་བཞི་ཡོད་པ་ཡིན་ནོ། །
རྟགས་དང་ངོ་བོ་གཉིས་ཀ་ཚ་བ།
དེ་ཡང་ནད་དེ་ཉིད་སློང་བའི་རྒྱུ་རྐྱེན་དང་། ནད་པའི་གནས་ཡུལ། ནམ་ཟླའི་དུས་ཚོད། ལུས་ཁམས་ཀྱི་རང་བཞིན། ན་ཚོད། ནད་གཞིའི་གནས། ཉིན་ཞག་གི་ལྡང་དུས། ཟས་ཀྱི་ཞུ་དུས། ཟས་སྐོམ་གྱི་གོམས་འདྲིས། དྲི་ཆུའི་ནད་རྟགས་བཅས་ཚད་གཞི་འདི་བཅུ་པོའི་སྒོ་ནས་ཚ་གྲང་སོ་སོ་འཁྲུལ་པ་མེད་པར་ངོས་བཟུང་དགོས་ཤིང་། དཔེར་ན་རྣོ་ཚ་སྣུམ་པ་སོགས་མཁྲིས་པ་སྐྱེད་པའི་སློང་རྐྱེན་གྱི་ཟས་སྤྱོད་རིགས་བསྟེན་ནས་ན་བ་དང་གཅིག སྐམ་ས་ཚ་གདུང་ཆེ་བ་མཁྲིས་ཚད་བསྐྱེད་པའི་ཡུལ་དུ་ཡུན་རིང་གནས་པ་དང་གཉིས། སྟོན་ཁྲུམས་སྟོད་དང་ཐ་སྐར་གྱི་ཟླ་བ་ལྟ་བུ་ཚ་དུས་སམ་ཁྲག་མཁྲིས་སྐྱེ་བའི་དུས་སུ་ན་བ་དང་གསུམ། སྐོམ་དད་དང་བཀྲེས་ཤས་ཆེ་བ་སོགས་མཁྲིས་པ་ཤས་ཆེ་བའི་རང་བཞིན་ཅན་ཡིན་པ་དང་བཞི། དར་མ་ཁྲག་མཁྲིས་ཤས་ཆེ་བའི་མི་ཡིན་པ་དང་ལྔ། ནད་ཀྱི་གནས་སྙིང་ག་མན་དང་ལྟེ་འོག་ཡན་གྱི་བར་གྱི་གནས་སུ་བྱུང་བ་དང་དྲུག ཉིན་དགུང་དང་མཚན་དགུང་གི་དུས་གཉིས་སུ་ནད་གཞི་ལྷག་པར་ལྡང་བ་དང་བདུན། བར་དུ་མཁྲིས་པ་སྐྱེ་བའི་སྐབས་ཏེ་ཟས་ཞུ་དུས་སུ་ན་བ་དང་བརྒྱད། ཤ་མར་བུ་རམ་ཆང་རྙིང་སོགས་དྲོད་བཅུད་ཆེ་བའི་ཟས་སྐོམ་རིགས་ལན་གཅིག་མ་ཡིན་པར་ཡུན་རིང་དུ་བསྲིངས་ནས་བསྟེན་པ་དང་དགུ། དྲི་ཆུའི་མདོག་དམར་ཞིང་སྐ་ལ་དྲི་དུགས་ཆེ་བ་དང་། ལྷག་པར་དུ་ཀུ་ཡ་མཐུག་ཅིང་དྲི་ཆུའི་དཀྱིལ་དུ་ལིང་གིས་འདྲིལ་བ་དང་བཅུ་བཅས་ཚོགས་པ་དེ་དག་གི་སྟེང་དུ་ད་དུང་བཤང་གཅིན་པགས་མིག་སེར་བ་སོགས་མཁྲིས་པ་འཕེལ་བའི་སྤྱི་རྟགས་དང་། རྩ་རྒྱས་ཕྲ་གྲིམས་མགྱོགས་པ་སོགས་མཁྲིས་པ་འཁྲུགས་པའི་སྤྱི་རྟགས་དེ་རྣམས་བྱུང་ན་ཕྱི་རུ་སྣང་བའི་རྟགས་དང་། རྟགས་ཅན་དེ་ནད་རང་གི་ངོ་བོ་གཉིས་ཀ་ཚ་བ་ཡིན་ནོ། །
ཕྱི་རྟགས་གྲང་ཡང་ངོ་བོ་ཚ་བ།
གལ་ཏེ་ཇི་སྐད་བཤད་པའི་རྟགས་བཅུ་པོ་དེ་རྣམས་ཚ་བ་ཡིན་ཡང་ལུས་དྲོད་ཉམས་ཤིང་འཇུ་སྟོབས་ཆུང་བ་སོགས་སམ། ཡང་ན་ལུས་སྐེམ་ཞིང་མདོག་ནག་པ་དང་དྲོད་ལ་བག་ཙམ་དགའ་བ་སོགས་བད་རླུང་འཕེལ་བའི་སྤྱི་རྟགས་དང་། རྩ་རྒྱུད་བྱིང་གུད་དལ་བ་སོགས་སམ། ཡང་ན་རྩ་རྒྱུད་སྟོང་ལ་རྐྱལ་བ་དང་། དྲི་ཆུ་ཡང་ཆུ་འདྲ་ཞིང་དྭངས་ལ་ལོག་རྗེས་སླ་བ་སོགས་མདོར་ན་བད་རླུང་འཕེལ་བའམ་འཁྲུགས་པའི་རྟགས་རྣམས་འབྱུང་བའི་སྤྱི་རྟགས་ཡོད་ན་དེ་ནི་ཕྱི་རྟགས་བད་རླུང་འཕེལ་བ་ལྟར་གྲང་བར་སྣང་ཡང་ནད་ཀྱི་ངོ་བོ་ཚ་བར་གནས་པ་ཡིན་ནོ། །
རྟགས་དང་ངོ་བོ་གཉིས་ཀ་གྲང་བ།
དེ་ཡང་དཔེར་ན་ཁ་མངར་ལྕི་བསིལ་སྣུམ་ལྡན་རིགས་བསྟེན་པ་སོགས་བད་ཀན་སྐྱེད་པའི་སློང་རྒྱུའམ། ཡང་ན་རོ་ཁ་བ་དང་ནུས་པ་ཡང་རྩུབ་རིགས་བསྟེན་དྲགས་པ་སོགས་རླུང་གི་སློང་རྐྱེན་གྱི་ཟས་སྤྱོད་དེ་ལྟར་བསྟེན་ནས་བད་རླུང་སྐྱེད་ཅིང་ན་བ་དང་གཅིག གྲང་ངད་དང་རླུང་བསེར་བུ་ཅན་རླུང་སློང་བའི་ས་ཡུལ་གཡའ་དང་གངས་ལ་སོགས་པའམ། ཡང་ན་བད་ཀན་སློང་བའི་ཡུལ་ན་ཁ་རླན་ཅན་གྱི་སྟེང་ལྟ་བུར་བསྡད་པ་སོགས་བད་རླུང་སྐྱེད་པའི་ཡུལ་དུ་ན་བ་དང་གཉིས། དབྱར་ཆུ་སྟོད་དང་གྲོ་བཞིན་གྱི་ཟླ་བ་རླུང་གི་ལྡང་དུས་དང་། དཔྱིད་《བཻ་སྔོན།》ལས། དགུན་སྨིན་དྲུག་མགོ་རྒྱལ་མཆུའི་ཟླ་བ་ཞེས་གསལ། དབོ་དང་ནག་པ་ཟླ་བ་བད་ཀན་གསོག་པའི་དུས་སུ་ན་བ་དང་གསུམ། དབྱིབས་སྒུར་ཤ་སྐེམ་མདོག་སྔོ་སྨྲ་བ་མང་བ་སོགས་རླུང་གི་རང་བཞིན་ཅན་ནམ། ཡང་ན་ལུས་བསིལ་ཞིང་རུས་ཚིགས་མི་མངོན་པ་སོགས་བད་ཀན་གྱི་རང་བཞིན་སྟེ་བད་རླུང་ཤས་ཆེ་བའི་རང་བཞིན་ཡིན་པ་དང་བཞི། ལྔ་བཅུ་ཡན་རྒས་ཤིང་ལུས་ཟུངས་ཟད་པ་རླུང་གི་མིའམ། བཅུ་དྲུག་མན་བྱིས་པ་བད་ཀན་ཏེ་བད་རླུང་ཤས་ཆེ་བའི་མི་ཡིན་པ་དང་ལྔ། ནད་ཀྱི་གནས་སྙིང་ག་ཡན་ལུས་ཀྱི་སྟོད་བད་ཀན་གྱི་གནས་སུ་བྱུང་བའམ། ལྟེ་འོག་མན་ལུས་ཀྱི་སྨད་རླུང་གི་གནས་སུ་བྱུང་བ་དང་དྲུག་སྲོད་དང་སྔ་དྲོའམ་ཉིན་ཞག་གི་ཐོག་མ་བད་ཀན་ལྡང་བའི་དུས་སམ། དགོང་དང་ཐོ་རངས་ཏེ་ཉིན་ཞག་གི་མཐར་རླུང་ལྡང་བའི་དུས་སུ་ན་བ་དང་བདུན། ཟས་ཟོས་མ་ཐག་པ་བད་ཀན་མྱག་བྱེད་ཀྱི་དུས་སམ། ཟས་ཞུ་བའི་རྗེས་རླུང་མེ་མཉམ་གྱི་དུས་དེ་གཉིས་ལ་ན་བ་དང་བརྒྱད། སྔོ་ངད་བྲ་བོ་གཡེར་མ་སོགས་བད་རླུང་ལ་གནོད་པའི་ཟས་སྐོམ་བཅུད་མེད་བསིལ་ཟས་རིགས་རྒྱུན་དུ་གོམས་པ་བསྟེན་དྲགས་པ་སོགས་ཀྱིས་ན་བ་དང་དགུ། དྲི་ཆུའི་མདོག་སྔོ་ལ་སླ་ཞིང་དྲི་དང་རླངས་པ་ཆུང་ལ་ལྦུ་བ་ཆེ་བ་སོགས་གྲང་རླུང་གི་མཚན་ཉིད་ཤས་ཆེར་ཚང་བ་དང་། ལྷག་པར་དུ་ཀུ་ཡ་ཤིན་ཏུ་སྲབ་པའམ་ཡེ་ནས་མེད་པ་དང་བཅས་བཅུ་ཚོགས་པ་དེ་ལ་ད་དུང་མཆིལ་མ་འབྱར་བག་མང་བ་སོགས་བད་ཀན་འཕེལ་བའི་སྤྱི་རྟགས་དང་། རྩ་རྒྱུད་བྱིང་ལ་གུད་པའམ་ཡང་ན་རྩ་སྟོང་ལ་རྐྱལ་བ་སོགས་མདོར་ན་བད་རླུང་འཕེལ་བ་དང་འཁྲུགས་པའི་སྤྱི་རྟགས་དེ་རྣམས་བྱུང་ན་ཕྱི་ནང་གི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་གྲང་བ་ཡིན་ནོ། །
ཕྱི་རྟགས་ཚ་ཡང་ནད་ཀྱི་ངོ་བོ་གྲང་བ།
ཇི་སྐད་བཤད་པའི་རྟགས་བཅུ་པོ་དེ་རྣམས་གྲང་རླུང་དང་མཚུངས་པ་ཡིན་པ་ལ་དེར་མཁྲིས་པ་འཕེལ་བ་དང་འཁྲུགས་པའི་ཚད་རྟགས་རྣམས་ཡོད་ན་དེ་ནི་ཕྱི་རྟགས་ཚ་བ་ལྟར་སྣང་ཡང་ནད་ཀྱི་ངོ་བོ་གྲང་བར་གནས་པ་ཡིན་ནོ། །
འཁྲུལ་སོ་བསལ་བ།
འཁྲུལ་སོ་ཞེས་པ་ནི་དགྲ་ཉེན་ཆེ་ས་ལ་སོ་པ་དང་དགྲ་སོ་ཞེས་པ་ལྟར་འདི་རྣམས་ལ་ལྟར་སྣང་འཁྲུལ་པའི་ཉེན་ཆེ་བས་ན་འཁྲུལ་སོ་ཞེས་བྱ་ཞིང་། དེ་ཡང་སྤྱིར་རྟགས་དང་ནད་ཀྱི་ངོ་བོའི་རྣམ་དབྱེ་གོང་དུ་བསྟན་པ་ལྟར་བྱུང་བ་ཤས་ཆེ་ཡང་། གལ་ཏེ་རྒྱུ་མཚན་སོགས་གོང་གི་བརྟག་པ་བཅུ་པོ་དེ་དག་མཚུངས་པ་མ་བྱུང་བར་ཕན་ཚུན་འཁྲུགས་པ་དང་འདྲེས་པ་ལྟ་བུར་གྱུར་ན་རྒྱུ་དང་འབྲས་བུའི་ཚུལ་དུ་ཚ་བ་དང་གྲང་བ་འདྲེས་པས་ཡིན་པ་ལ་མིན་པ་དང་། མ་ཡིན་པ་ལ་ཡིན་པ་ལྟར་དུ་སྣང་བའི་ནད་སྣ་ཚོགས་འབྱུང་སྟེ། དེ་ཡང་ལུས་ཁམས་འདི་ལ་ཉེས་པ་རང་གི་འཕེལ་ཟད་འཁྲུགས་པ་དང་། གནས་ཀྱི་དབང་གིས་བསྒྱུར་ནས་ངོ་བོའི་འཕེལ་འགྲིབ་དང་དེའི་རྟགས་སོགས་དུ་མར་འགྱུར་ཞིང་། དཔེར་ན་ཆུ་ལ་གཟུགས་མདོག་དུ་མར་བསྒྱུར་བ་དང་། འཁྱགས་པ་གོང་བུར་འདྲིལ་བ། གཞན་བསིལ་བར་བྱེད་པ། དྲོས་ན་གཞན་འཚོས་པར་གྱུར་པ། རླངས་པ་གཡོ་བ་སོགས་དུ་མར་སྣ་ཚོགས་བྱེད་པ་ལྟར་རོ། །ངོ་བོ་ཚ་བ་ཡིན་པ་ལ་རྟགས་གྲང་བ་ལྟ་བུར་སྣང་བ་དང་། ངོ་བོ་གྲང་བ་ཡིན་པ་ལ་རྟགས་ཚ་བ་ལྟ་བུར་སྣང་བ་གང་ཡང་རུང་སྟེ། འཁྲུལ་སོ་ནད་ཀྱི་གཞི་ལ་མིང་གི་ལྟར་སྣང་འཁྲུལ་སོ་དང་། རྟགས་ཀྱི་ལྟར་སྣང་འཁྲུལ་སོ། བཅོས་ཐབས་ཀྱི་ལྟར་སྣང་འཁྲུལ་སོ། གོམས་པའི་ལྟར་སྣང་འཁྲུལ་སོ། བཅོས་པའི་སྐྱེད་བྱུང་མིན་གྱི་ལྟར་སྣང་འཁྲུལ་སོ་བཅས་ལྔ་ཡིས་རིམ་པར་འཁྲུལ་འགྲོ་བའི་རྒྱུ་མཚན་དང་། མི་འཁྲུལ་པར་བྱ་བའི་ཕྱིར་ཐུན་མོང་མ་ཡིན་པའི་འཁྲུལ་མེད་ཀྱི་མན་ངག་ཕུགས་འཚོལ་གྱི་གནད་བསྟན་པ་འདིས་འཁྲུལ་སོའི་སོ་མཚམས་བསལ་བར་བྱ་བ་ཡིན་ནོ། །
ནད་གཞི་མིང་གི་ལྟར་སྣང་འཁྲུལ་སོ་སྟེ། ནད་གཞི་མིང་གི་ལྟར་སྣང་འཁྲུལ་སོ་དེ་ལ་ཡང་ཚ་བ་གྲང་བའི་མིང་ལྟར་དུ་སྣང་བ་ལ་དྲོད་ཀྱིས་བཅོས་པའི་སྐྱོན་དང་། གྲང་བ་ཚ་བའི་མིང་ལྟར་དུ་སྣང་བ་ལ་བསིལ་གྱིས་བཅོས་པའི་སྐྱོན། མིང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བ་བཅས་རྣམ་པ་གསུམ་གྱིས་བསྟན་པའི་དང་པོ་ཚ་བ་གྲང་བའི་མིང་ལྟར་དུ་སྣང་བ་ལ་དྲོད་ཀྱིས་བཅོས་པའི་སྐྱོན་ནི། སྤྱིར་མ་ཞུ་བ་ཞེས་སྨོས་པས་གྲང་བ་ཤས་ཆེ་བ་འདྲ་ནའང་། དྭངས་མ་མ་ཞུ་བ་སྟེ་རླུང་མེ་མཉམ་གྱིས་ཟས་སྐོམ་དྭངས་སྙིགས་ཕྱེ་བའི་དྭངས་མ་དེ་མཆིན་པའི་གནས་སུ་འགྲོ་ཞིང་། དྭངས་མ་དེ་ཉིད་མ་ཞུ་ན་མཆིན་པ་ཚ་བའི་གནས་ཡིན་པས་མ་ཞུ་བ་ཡིན་ཀྱང་མཁྲིས་ལྡན་གྱི་ཚ་བ་ཤས་ཆེ་བ་དང་། དེ་བཞིན་ཚ་བའི་གླང་ཐབས་འདུས་པ་ཡིན་ཡང་ཁྲག་ཚད་རྒྱས་དུས་ཀྱི་བད་ཀན་སྨུག་པོ་དང་། ཚ་སྐྲན་དང་། ཚ་ཆུ། ཚ་བའི་ཆུ་འགགས་པ་དེ་རྣམས་ལ་མཚན་ཉིད་མ་ཕྱེད་པར་མིང་གི་ལྟར་སྣང་སྟེ་དྭངས་མ་མ་ཞུ་བ་ལའང་དྭངས་སྙིགས་མ་ཕྱེད་པར་མ་ཞུ་བ་ཡིན། ཚ་གླང་ལའང་ཚ་གྲང་མ་ཕྱེད་པར་གླང་ཐབས་ཡིན། བད་ཀན་སྐྱ་སྨུག་མ་ཕྱེད་པར་བད་ཀན་ཡིན། ཆུ་ཚ་གྲང་མ་ཕྱེད་པར་དམུ་ཆུ་ཡིན། སྐྲན་ཚ་གྲང་མ་ཕྱེད་པར་སྐྲན་ཡིན། ཆུ་འགགས་ཚ་གྲང་མ་ཕྱེད་པར་ཆུ་འགགས་ཡིན་ཞེས་བྱ་བ་བཅས་ཀྱི་མིང་གི་ལྟར་སྣང་ཙམ་ལ་བསྟེན་བྱས་ནས་དྲོད་ཀྱིས་བཅོས་པས་ཚ་བ་ལ་ཚ་བ་བསྣན་པ་ལྟར་སོང་བས་དྲོད་ཀྱི་རྟེན་གནོད་བྱ་འདྲུལ་ནས་ཚ་བས་ནད་པ་དེའི་རྟེན་པ་སྲོག་འདོར་ལ་ཐུག་པའམ་འདོར་བར་བྱེད་དོ། །
གཉིས་པ་གྲང་བ་ཚ་བའི་མིང་ལྟར་དུ་སྣང་བ་ལ་བསིལ་གྱིས་བཅོས་པའི་སྐྱོན་ནི། དུག་རིགས་རྣམས་ཀྱི་ནང་ནས་དབྱིག་དུག་དང་། རྡོ་དུག རིན་ཆེན་རྡོ་ལས་སྦྱར་བ་གྲང་བར་འགྱུར་བ་ཡིན་ནའང་། དུག་ཡིན་ཞེས་མིང་ཙམ་ལ་བརྟེན་ཏེ་ཚ་བར་བཟུང་ནས་བསིལ་གྱིས་བཅོས་པས་བསིལ་ལ་བསིལ་བསྣན་པས་གནོད་བྱ་ལ་དྲོད་རྒྱས་འགྱུར་ཙམ་ཡང་མེད་པར་བྱས་ཏེ་གྲང་བས་སྲོག་འདོར་ལ་ཐུག་པའམ་འདོར་བར་བྱེད་དོ། །
གསུམ་པ་མིང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བ་ནི། དེ་ཡང་རླུང་བརླ་རེངས་ལྟ་བུའི་མིང་རླུང་དུ་བཏགས་ཀྱང་ནད་ཀྱི་ངོ་བོ་བལ་ཚིལ་གཉིས་རྒྱས་པ་ཡིན་པས་རླུང་བཅོས་སྣུམ་བཅུད་སྤངས་ཤིང་། བད་ཀན་གྱི་བཅོས་རྩུབ་བཅོས་བྱ་དགོས་ཏེ། དེ་ལྟ་བུ་ལའང་ལྟར་སྣང་གི་མིང་ལ་བརྟེན་པར་མི་བྱ་ཞིང་། དེ་བཞིན་དུ་གྲང་མཁྲིས་ཞེས་བྱ་བའང་མཁྲིས་པའི་མིང་དུ་བཏགས་ཀྱང་ནད་ཀྱི་ངོ་བོ་མཁྲིས་ཚད་མ་ཡིན་ཞིང་། ཚ་བ་མེད་པས་གྲང་བའི་བཅོས་མ་བྱས་པར་ཚ་མཁྲིས་སུ་བཟུང་ནས་ཚད་པའི་ཟས་སྤྱོད་སྨན་དཔྱད་བཅས་བསྟེན་ན་གྲང་བས་སྲོག་ཕྲོགས་པས་དེའི་ཕྱིར་མཁྲིས་པ་ཞེས་བྱ་བའི་ལྟར་སྣང་གི་མིང་ལ་བརྟེན་ནས་བསིལ་བཅོས་མི་བྱའོ། །དེ་བཞིན་དུ་བད་ཀན་སྨུག་པོ་ཞེས་སྨོས་པས་བད་ཀན་གྱི་མིང་བྱུང་ཕྱིན་ས་ཆུ་རྐྱང་པའི་རང་བཞིན་གྲང་བ་ཡིན་སྙམ་ནས་གྲང་བའི་བཅོས་དྲོད་ཁོ་ན་བྱས་ཚེ་ཁྲག་མཁྲིས་རྒྱས་ཏེ་སྲོག་འདོར་བར་བྱེད་ཅིང་། བད་ཀན་སྨུག་པོ་ལའང་ལྟར་སྣང་གི་མིང་བད་ཀན་ཞེས་པའི་མིང་ཡོད་པ་ལ་མི་བརྟེན་པར་བད་ཀན་སྨུག་པོ་ལ་གསར་དུས་བསིལ་བཅོས་གཙོ་བོར་བྱ། བར་དུ་ཚ་གྲང་འཐབ་པས་གཉིས་ཀའི་བཅོས། ཐ་མ་གྲང་བཅོས་ཤས་ཅུང་ཆེ་ཙམ་དང་། དུས་ཐམས་ཅད་དུ་ཕོ་བའི་མེ་དྲོད་མ་ཉམས་པར་བསྲུང་བ་གལ་ཆེ། འོ་ན་བད་ཀན་སྨུག་པོ་ཞེས་སྨོས་པ་ལ་དགོས་པ་མེད་པར་འགྱུར་སྙམ་ན། སྨུག་པོ་ལ་ཚ་རྐྱེན་ཅན་དང་གྲང་རྐྱེན་ཅན་གཉིས་སུ་ཡོད་ནའང་། གཉིས་ཀ་ལའང་མཆིན་ཁྲག་མཆིན་པའི་མེ་དྲོད་ཀྱིས་བཞུ་བཏུལ་ལེགས་པར་མ་ཐུབ་པར་ཕོ་བའི་ནང་དུ་ལྷུང་། ཕོ་བའི་མེ་དྲོད་སྐྱོན་ཅན་དུ་སོང་ནས་ཕོ་བའི་མེ་དྲོད་ཀྱིས་ཀྱང་ཟས་སྐོམ་དྭངས་སྙིགས་འབྱེད་པ་དང་། བཞུ་བཏུལ་ཇི་ལྟ་བར་མ་ཐུབ་པས་ཕོ་བའི་སུལ་དུ་བད་ཀན་གྱི་བེ་སྣབས་ལྗན་ལྗིན་མང་པོ་ཆགས། དེ་དང་མཆིན་པའི་ནང་དུ་ཡོད་པའི་ཁྲག་ངན་འདྲེས་ནས་མདོག་སྨུག་པོར་འབྱུང་བས་ཕོ་བའི་མེ་དྲོད་ཉམས་པ་དང་། བེ་སྣབས་གཙོ་ཆེ་བས་ན་བད་ཀན་ཞེས་སྨོས་ཤིང་། ཁྲག་རུལ་མཆིན་པ་ནས་ལུད་པའི་ཁ་དོག་སྨུག་པོར་ཡོད་པས་སྨུག་པོ་ཞེས་བྱ་ལ། ཕོ་མཆིན་གཉིས་ཀ་རུ་ཁྲག་ངན་ཤས་ཆེ་ཞིང་མཁྲིས་པ་དང་འདྲེས་པས་ཐོག་མར་ཚད་པ་ཤས་ཆེ་བའང་འབྱུང་བའི་རྒྱུ་མཚན་དེའི་ཕྱིར་ཡིན་ནོ། །དེས་ན་ནད་གང་ལའང་ལྟར་སྣང་སྲིད་པས་མིང་ཙམ་གྱི་གཏན་ཚིགས་ལ་བརྟེན་པར་མི་བྱ་བར་ཚ་གྲང་གང་ཡིན་རང་རང་གི་རྟགས་དང་ན་ལུགས་ལ་བརྟགས་ནས་ཚ་གྲང་གི་འཁྲུལ་སོ་རྟགས་ཀྱིས་བསལ་བར་བྱ་དགོས་པ་སྟེ། དུ་བའི་རྟགས་ཀྱིས་མེ་རྗེས་སུ་དཔོག་པ་ལྟར་རྟགས་ལ་བརྟེན་ནས་རྟོགས་པར་འགྱུར་བས་སོ། །
རྟགས་ཀྱི་ལྟར་སྣང་འཁྲུལ་སོ་སྟེ། མིང་གི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ་དགོས་ཤིང་། དེ་ཡང་རྟགས་རང་ལ་ངོ་བོ་དང་འགལ་བའི་ལྟར་སྣང་གི་འཁྲུལ་སོ་འབྱུང་སྲིད་དེ། གང་ཞེ་ན། ངོ་བོ་གྲང་བ་ཡིན་ཡང་རྟགས་ཚ་བ་ལྟར་དུ་སྣང་བའི་འཁྲུལ་སོ་དང་། ངོ་བོ་ཚ་བ་ཡིན་ཡང་རྟགས་གྲང་བ་ལྟར་དུ་སྣང་བའི་འཁྲུལ་སོ་གཉིས་སུ་ཡོད་པའི་དང་པོ་ངོ་བོ་གྲང་བ་ཡིན་ཡང་རྟགས་ཚ་བ་ལྟར་དུ་སྣང་བའི་འཁྲུལ་སོ་ནི། ཁ་ལྕེ་སྐམ་པ་དང་གཟེར་ཟུག་བྱུང་བ་ཚད་པའི་རྟགས་འདྲ་ནའང་། རླུང་གི་མཚན་ཉིད་ཡང་གཡོས་ཁྲག་ཚད་སྐྱེ་བས་ཁ་དང་ལྕེ་སྐམ་པ་དང་། རྩུབ་གཡོས་རླུང་གསང་དུ་གཟེར་འཕོ་བ་ཡིན་ཞིང་། དེས་ན་ཁ་ལྕེ་སྐམ་པ་དང་གཟེར་ཡོད་པ་ཙམ་ཁོ་ན་ཚད་པར་ངོས་བཟུང་མི་རུང་། དེ་བཞིན་ཁྲག་གཟེར་མི་འཕོ་ཞིང་རླུང་གཟེར་འཕོ་བ་དང་། གཟེར་མི་འཕོ་བ་ཚད་པ་ཡིན་སྙམ་ན་དེ་ཡང་མ་ངེས་ཏེ། བད་ཀན་སྐྱ་བོ་རླུང་གིས་བུས་པས་མི་འགྱུར་མི་འཕོ་བའི་སྟོད་གཟེར་ཏེ་བད་ཀན་ལྷེན་གཟེར་རམ་སྟོད་གཟེར་ཆེན་པོ་རྒྱག་པ་ཡང་འབྱུང་བ་ཡིན་ཞིང་། གཞན་ཡང་མགོ་བོ་ན་ཕྱིན་རིམས་སམ་མཁྲིས་ཚད་ཅིག་ཡིན་ནམ་སྙམ་ན་དེ་ཡང་ངེས་པ་མེད་དེ་ལ་དུག་དང་། ཀོ་དུག ཆང་ནད་སོགས་མཁྲིས་པའི་ཚད་པ་མེ་ལྟ་བུའམ་ཆུ་ཚན་ལྟ་བུ་དེ་ཉིད་རླུང་གིས་བུས་པའི་དྲོད་རླངས་ཀྱིས་མགོ་བོ་ན་ཞིང་མཁྲིས་པ་སྐྱུག་པ་སོགས་མཁྲིས་ཚད་འདྲ་ནའང་ངོ་བོ་རླུང་ཤས་ཆེ་བའི་མགོ་ནད་འབྱུང་བ་ཡིན། མིག་སྤྲིན་སེར་པོ་བྱུང་ཕྱིན་མཁྲིས་ཚད་ཅིག་ངེས་པར་ཡོད་བསམ་ནའང་མ་ངེས་ཏེ། ཟས་སྐོམ་མ་ཞུ་བ་དྭངས་སྙིགས་འདྲེས་པས་རྩ་ལམ་བཀག་ཅིང་མཁྲིས་པ་འཇུ་བྱེད་ཀྱི་ཡུལ་ཕྲོགས་ཏེ་འཇུ་བྱེད་རང་གནས་ནས་གཞན་དུ་འཕྱུགས་པས་ན་མིག་སེར་པོར་འབྱུང་ནའང་ནད་ཀྱི་ངོ་བོ་ཕོ་བའི་མེ་དྲོད་མེད་པའི་གྲང་བ་ཡིན་པའང་འབྱུང་ཞིང་། དེས་ན་མིག་སེར་ཚད་མཁྲིས་སུ་མ་ངེས་ཏེ། གྲང་མཁྲིས་སོགས་ལའང་འབྱུང་བ་བཞིན་ཡིན། དེ་བཞིན་ཚད་གཞུག་རླུང་གིས་བུས་པའི་སྟོངས་ཚད་རྣམས་ལ་མགོ་བོ་ན་ཞིང་། རྩ་རྒྱུག དྲི་ཆུའི་མདོག་དམར་བ་སོགས་འཕྲལ་དུ་ཚད་པའི་རྟགས་འདྲ་བ་ཡོད་ནའང་། རླུང་གིས་ཚད་གཞུག་བུས་པས་ནད་ཀྱི་ངོ་བོ་ཚ་བ་མ་ཡིན་པར་རླུང་ཉིད་ཡིན་སྟབས་དེར་ཚ་བ་སྟོངས་པ་ཞེས་བྱ་ཞིང་། དེ་དག་ནི་ངོ་བོ་རླུང་དང་བད་ཀན་ཡིན་པས་གྲང་ཡང་ཕྱི་སོགས་རྟགས་ཚ་བར་འཁྲུལ་པར་བྱེད་དོ། །དེ་ཡང་ངོ་བོ་བད་རླུང་དུ་མ་རྟོགས་པར་ལྟར་སྣང་གི་རྟགས་ཁ་ལྕེ་སྐམ་པ་དང་། གཟེར་བ། མགོ་བོ་ན་བ། མིག་སེར་བ། དྲོད་ཆེ་བ་སོགས་ཀྱི་རྗེས་སུ་འབྲངས་ནས་ཚད་པར་ངོས་བཟུང་ན་དེའི་གསོ་བའང་ལོག་པར་འགྲོ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཉེན་པོ་བསིལ་གྱིས་བཅོས་པས་བད་རླུང་ཆེར་བསྐྱེད་ནས་གྲང་བས་སྲོག་འདོར་བར་བྱེད་པའམ་འདོར་དུ་ཉེ་བ་ཙམ་འབྱུང་ཞིང་། དེས་ན་གསོ་བ་ལོག་པ་དེ་སྲོག་གི་རྟེན་དུ་གྱུར་པའི་ནད་དང་ལུས་ཟུངས་དྲི་མ་དང་བཅས་པ་ཉེ་བར་བཅོམ་ནས་བརྟེན་པ་སྲོག་དེ་རྩ་བ་ཆད་པའི་ཤིང་དང་། ཤིང་འཚིག་པའི་སོལ་བ། སྣུམ་ཟད་པའི་མར་མེ་ལྟ་བུར་གྱུར་ནས་འདོར་བར་བྱེད་དོ། །
ངོ་བོ་ཚ་བ་ཡིན་ཡང་རྟགས་གྲང་བ་ལྟར་དུ་སྣང་བའི་འཁྲུལ་སོ་ལའང་གནས་ངེས་པ་ཅན་ཕོ་བ་དང་། མཁལ་མ། སྙིང་རྣམས་ལ་ཚ་བ་གབ་པའི་གནས་སུ་བསྟན་པ་ཡིན་ཞིང་། དེ་ཡང་ཕོ་བར་ཚ་བ་གབ་པའི་འཁྲུལ་གཞི་ནི། མིད་པའི་མར་སྣ་དང་ཟངས་ཚགས་ལུ་གུ་མགོའི་བར་གྱི་ཕོ་བའི་ཡུལ་དེ་ནི་ཟས་འཇུ་ཞིང་སྨིན་པར་བྱེད་པའི་གཞི་རྟེན་ཡིན་པས་རྒྱུ་མཚན་དེའི་ཕྱིར་ཕོ་བའི་གནས་དེར་ཚ་བའི་ནད་ཀྱི་རིགས་ཞུགས་པར་གྱུར་ན་འཇུ་བྱེད་ཀྱི་ཕོ་བའི་མེ་དྲོད་དེས་མཐུན་པའི་ལས་མི་བྱེད་པར་དེ་ལས་ལྡོག་པའི་མི་འཇུ་བ་སོགས་ཕྱིན་ཅི་ལོག་པའི་ལས་བྱེད་ཅིང་། དེའི་ཤུགས་ཀྱིས་རླུང་མེ་ཉམས་དང་བད་ཀན་མྱག་བྱེད་ཀྱང་ལོག་པའི་ལས་བྱེད་པས་གཟེར་བ་དང་། རྫིང་བ། མི་འཇུ་བ། སྒྲེག་པ། སྦོས་པ། སྐྱུག་པ། འགྱིངས་པ། བཤལ་བ་སོགས་གྲང་བའི་རྟགས་འབྱུང་སྟེ། ཕོ་བའི་མེ་དྲོད་རྣམ་པ་གསུམ་པོ་ནི་རང་གི་ཚད་ལས་ལྷག་ནའང་མི་འཇུ་ཞིང་ཆད་ནའང་མི་འཇུ་བའི་དོན་ནོ། །
མཁལ་མར་ཚ་བ་གབ་པའི་འཁྲུལ་གཞི་ནི། ཚ་གྲང་སོགས་ནི་ལུས་ཁམས་སྤྱི་ལ་ཁྱབ་ཀྱང་གང་ཤས་ཆེ་བའི་གནས་དེར་དེ་མཐུན་རོ་ནུས་ཀྱི་མཚན་ཉིད་ལྷན་དུ་གནས་པ་ལས་མཁལ་མ་ས་ཆུའི་རང་བཞིན་ཅན་རོ་མངར་བ་དེ་མཐུན་གྱི་ནུས་པ་སྣུམ་ལྕི་འཇམ་བརྟན་སོགས་ཀྱི་རང་བཞིན་ལས་བད་ཀན་ལྷན་ཅིག་བརྟན་པ་ས་ཆུ་དེ་གྲང་བའི་གཞིའི་ཡུལ་ལམ་གནས་ཡིན་པས། དེར་ཚད་པའི་ནད་ཞུགས་ཀྱང་གནས་ཀྱི་དབང་གིས་དྲོས་པའི་ཚེ་ན་ཕན་སྙམ་བྱེད་པ་དང་། ཆུ་སྲི་བ། གྲང་ཚེ་ན་བར་མངོན་པ་སོགས་གྲང་བའི་རྟགས་སྟོན་པ་ཡིན་ནོ། །
སྙིང་ལ་ཚ་བགབ་པའི་འཁྲུལ་གཞི་སྟེ། སྙིང་ནི་རླུང་དང་བད་ཀན་གྲང་བའི་གཞི་ཡིན་པས་སྤྱིར་རོ་ནུས་མཚན་ཉིད་ལྷན་ཅིག་ཏུ་གནས་པ་ཡིན་ཞིང་། དམིགས་བསལ་དུ་བད་ཀན་མྱོང་བྱེད་ལྕེ་ལ་གནས་ཤིང་སྙིང་དང་འབྲེལ། རླུང་ཁྱབ་བྱེད་སྙིང་ཁོ་ན་ལ་གནས་སོ། །དེའི་ཕྱིར་སྙིང་ལ་ཚད་ནད་ཞུགས་ཀྱང་སེམས་མི་བརྟན་པར་འཕྱོ་བ་དང་། བརྗེད་ངས་ཆེ་བ། གཉིད་མེད་ཅིང་དྲན་ཤེས་མེད་པར་སྨྱོ་བ། དབང་པོ་ཉམས་པས་བརྒྱལ་ལམ་འབོག་པ། འདར་བ་ལ་སོགས་པའི་རླུང་རྟགས་དུ་མ་འབྱུང་བས་དེ་ནའོ། །ཕོ་བར་བད་མཁྲིས་རླུང་གསུམ་ག་བརྟེན་ཅིང་འཇུ་བའི་གཞི་ཡིན་པ་དང་། མཁལ་མ་བད་ཀན་གྱི་གནས་དང་སྙིང་རླུང་གི་གནས་ཡིན་པས་དེའི་ཚ་བའང་གྲང་རླུང་འདྲ་བ་སྟོན་ཏེ། དེ་ནི་ངོ་བོ་ཚ་ཡང་ཕྱི་ནང་གི་རྟགས་དེ་གྲང་བར་སྟོན་པས་གྲང་བར་འཁྲུལ་དུ་འཇུག་པ་ཡིན་ནོ། །གབ་ཚད་གསུམ་དུ་མ་ཟད་འཁྲུལ་སོ་མེད་དམ་སྙམ་ན་གཞན་ཡང་ཡོད་དེ། གཉིད་ཡེར་བ་ལ་སོགས་པ་རྣམས་འཕྲལ་དུ་རླུང་ཡིན་པ་འདྲ་ནའང་ངེས་པ་མེད་དེ། ཚ་བས་གཉིད་ཡེར་བ་དང་། ཁྲག་མཁྲིས་ཀྱིས་སྐྱུགས་པ། ཚད་པ་རུས་ལ་ཞེན་ནས་རུས་ཚིགས་ན་བ། ཚད་པ་རྩ་ལ་ཞུགས་པས་གཡལ་མང་ཞིང་འདར་བ། ཚ་བ་སྙིང་སྲོག་ལ་ཞུགས་པས་སྨྱོ་ཞིང་ཅལ་ཅོལ་ལབ་པ། མཆིན་ཚད་ཀྱི་སྐྱིགས་བུས་བཏབ་པ་རྣམས་ངོ་བོ་ཚ་བ་ཡིན་ཡང་གྲང་བའི་རྟགས་ལྟར་སྣང་བ་བཅས་ཀྱི་རྟགས་དེ་རྣམས་ལ་བརྟེན་ནས་གྲང་བ་ཡིན་པར་ངོས་བཟུང་ན་གསོ་བ་དྲོད་ཀྱིས་བཅོས་པས་ལོག་པར་འགྲོ་སྟེ། དེ་ལ་ཚད་པ་དྲོད་ཀྱིས་བཅོས་ན་ཐམས་ཅད་དེའི་སྟོབས་སུ་གྱུར་ནས་ཚ་བས་སྲོག་འདོར་བར་བྱེད་ཅིང་། ཕྱི་ནང་གི་ལྟར་སྣང་ཁོ་ནའི་རྗེས་སུ་འབྲངས་ན་སྲོག་འདོར་བས་དེའི་ཕྱིར་ལྟར་སྣང་གི་རྟགས་དེ་ལ་མི་བརྟེན་པར་བཅོས་ཐབས་འཕྲོད་དང་མི་འཕྲོད་ཀྱིས་བརྟག་ནས་འཁྲུལ་སོ་བསལ་དགོས་ཏེ། ནད་དེ་འདི་ཡིན་པ་འདྲ་སྙམ་པའི་ཚ་གྲང་གང་ཤས་ཆེ་བའི་རྟགས་དང་ལྡན་པ་དེའི་བཅོས་ཐབས་བྱས་པས་འཕྲོད་པའམ་ཕན་པའི་རྣམ་པ་འདུག་ན་ངོས་བཟུང་བའི་ནད་གཞི་དེ་ཡིན་ཞིང་། མི་འཕྲོད་པའི་རྣམ་པས་མ་བདེར་འགྲོ་ན་སྔར་འདི་ཡིན་པ་འདྲ་སྙམ་དུ་ངོས་བཟུང་བའི་ནད་དེ་མ་ཡིན་ནོ། །
བཅོས་ཐབས་ཀྱི་ལྟར་སྣང་འཁྲུལ་སོ་སྟེ། རྟགས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཀྱིས་བསལ་བ་དེ་ལ་ཡང་དང་པོར་འཕྲོད་འཕྲོད་འདྲ་བ་ལ་རྗེས་སུ་མི་འཕྲོད་པ་དང་། དང་པོར་མི་འཕྲོད་འདྲ་ལ་རྗེས་སུ་འཕྲོད་པར་བསལ་བའི་བཅོས་འཕྲོད་པ་མི་འཕྲོད་པ་ལྟར་དུ་སྣང་བ་དང་། མི་འཕྲོད་པ་འཕྲོད་པ་ལྟར་དུ་སྐྱེད་སྣང་བའི་བཅོས་པའི་བློ་བྲིད་ལྟར་སྣང་ཞེས་བྱ་བ་འབྱུང་སྲིད་དེ། དེར་ཚ་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་དང་། གྲང་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་གཉིས་སུ་ཡོད་པའི་དང་པོ་ཚ་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ནི། གབ་ཚད་སོགས་ངོ་བོ་ཚ་བ་ཡིན་ཡང་ཕྱི་རྟགས་གྲང་བའི་རྟགས་ལྟར་དུ་སྣང་བ་ལ་ཟས་སྤྱོད་དང་སྨན་བསིལ་གྱི་སྦྱོར་བས་ངོ་བོ་གཏིང་ཚད་ལ་འཕྲོད་ཀྱང་འཕྲལ་དུ་གྲང་བ་ལ་ཕོག་པས་མི་འཕྲོད་པ་འདྲ་བ་དང་། དེ་ལ་དྲོད་སྦྱོར་གྱིས་ཕུགས་སུ་གཏིང་ཚད་བསྐྱེད་པས་གནོད་ཀྱང་འཕྲལ་དུ་གྲང་བ་དེ་སེལ་བས་འཕྲོད་པ་ལྟར་དུ་སྣང་བ་ཡོད་དོ། །
གྲང་བའི་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ནི། རླུང་གིས་ཁ་དང་ལྕེ་སྐམ་གཟེར་བ་སོགས་ངོ་བོ་གྲང་བ་ཡིན་ཡང་ཕྱི་རྟགས་ཚ་བའི་རྟགས་ཅན་རྣམས་ནི་སྔ་མ་དེ་ལས་གོ་ལྡོག་ཅིང་། དྲོད་སྦྱོར་འཕྲོད་ཀྱང་འཕྲལ་དུ་མི་འཕྲོད་པ་འདྲ་བ་དང། བསིལ་སྦྱོར་གནོད་ཀྱང་འཕྲལ་དུ་འཕྲོད་པ་ལྟར་སྣང་བ་ཡོད་པས་འཕྲོད་མི་འཕྲོད་ཀྱི་ལྟར་སྣང་འབྱུང་བ་དེ་ཡང་སྨན་གྱི་ནུས་སྟོབས་ཡོན་ཏན་དང་ནད་ཀྱི་མཚན་ཉིད་འཐབ་པས་འབྱུང་བ་རེ་ཞིག་འཁྲུགས་པ་ལྟར་སོང་བས་མི་འཕྲོད་པ་འདྲ་ལ་ཡུན་བསྲིངས་ན་སྨན་རྒྱལ་ཏེ་འཕྲོད་པ་དང་། ཡང་ངོ་བོ་ཚ་གྲང་གང་ཡིན་གྱི་མཚན་ཉིད་ཅན་ཡིན་ཡང་བསྡོངས་ཟླ་དང་གནས་ཀྱི་དབང་གིས་མཚན་ཉིད་འདྲེས་པ་ལྟར་རྟགས་ཀྱང་འདྲེས་པར་སྟོན་པས་དངོས་པོ་བསྡོངས་ཟླའི་སྟོབས་སུ་གྱུར་ནས་མི་འཕྲོད་པ་འདྲ་སྟེ། དཔེར་ན་གབ་ཚད་ལ་བསིལ་བསྟེན་པས་དང་པོ་བད་རླུང་ལ་ཕོག་ནས་མི་འཕྲོད་པ་འདྲ་བ་དང་། བར་དུ་གྲང་བ་ཐལ་ནས་གནོད་པ་མེད་པ། ཐ་མ་གཏིང་ཚད་སླེབས་ནས་ཕན་པ་ཚོར་བ་ལྟ་བུའོ། །ངོ་བོ་དེ་མ་ཡིན་པ་ལྟར་དུ་སྣང་བའི་ཕྱི་རྟགས་ཀྱིས་མགོ་མནན་ནས་འཕྲོད་པ་འདྲ་སྟེ། །གབ་ཚད་གྲང་བའི་མགོ་ཕུར་དྲོད་ཀྱིས་བཤུ་བ་ལྟར་རོ། །དེས་ན་ཅིས་ཀྱང་སྔོན་ལ་ལྟར་སྣང་བསལ་རྗེས་སུ་ངོ་བོ་ལ་སླེབས་པར་བྱ་དགོས་ཤིང་། ལྟར་སྣང་ཁོ་ནའི་བཅོས་མི་བྱའོ། །ལྟར་སྣང་བློ་བྲིད་ཀྱི་རྗེས་སུ་འབྲངས་ན་ངོ་བོ་འཕེལ་ཏེ་སྲོག་ལ་རྒོལ་བར་བྱེད་པས་བཅོས་པའི་ལྟར་སྣང་དེ་ལྟར་འབྱུང་བའི་རྒྱུ་མཚན་དེའི་ཕྱིར་ལྟར་སྣང་གི་བཅོས་ལ་མི་བརྟེན་ཞིང་ཡིད་མི་བརྟེན་པར་གོམས་པ་གང་ཡིན་ཡུན་དུ་བསྲིངས་པས་རྟོགས་པར་འགྱུར་ཏེ། ཉིན་རེ་ཞག་རེ་ཙམ་གྱི་བདེ་ཐུའི་འཕྲོད་མི་འཕྲོད་ལ་ངེས་པ་མེད་པས་ཞག་གཉིས་གསུམ་བར་དུ་གཉེན་པོ་དེ་ཉིད་ཅུང་ཟད་བསྲིངས་ནས་བཏང་བས་ཕན་པ་གོམས་པ་དང་། གནོད་པ་གོམས་པ་གང་ཡིན་གང་ཕན་གང་གནོད་ཀྱི་ངེས་པ་རྙེད་པར་འགྱུར་རོ། །
གོམས་པའི་ལྟར་སྣང་འཁྲུལ་སོ་སྟེ། བཅོས་ཐབས་ཀྱི་ལྟར་སྣང་འཁྲུལ་སོ་གོམས་པས་བསལ་བར་བྱ་དགོས་ཤིང་། དེ་ཡང་ནད་པའི་སེམས་ཀྱི་རྟོགས་པའི་ཞེན་ཕྱོགས་ཀྱིས་གནོད་པ་ལ་ཡང་ཕན་ནམ་སྙམ་དུ་རྟོགས་པ་དང་། ཕན་ཀྱང་གནོད་དོ་སྙམ་པ་ལྟར་དུ་སྣང་བ་འབྱུང་བ་ཡང་སྲིད་པས་སོ། །སྲིད་ཅེས་པ་ཐམས་ཅད་ཕལ་ཆེར་རྟགས་དང་ངོ་བོ་མཐུན་པར་འབྱུང་ལ། འདིར་བཤད་པ་ལྟར་ངོ་བོ་དང་རྟགས་མི་མཐུན་པ་སྲིད་པས་དེའི་ཕྱིར་འཁྲུལ་སོ་བསལ་བ་འདི་གལ་ཆེ་བའི་མདོ་འགག་གོ་ཞེས་འདོམས་པར་བྱས་ཏེ་ནད་པའི་ལྟར་སྣང་ཡིད་རྟོག་མ་ཡིན་པར་དོན་ལ་བཅོས་འཕྲོད་པ་དང་མི་འཕྲོད་སྨན་པས་རེག་པ་རྩ་དང་། མཐོང་བ་དྲི་ཆུ་སོགས་ལ་བརྟགས་ནས་བཅོས་པའི་སྐྱེད་བྱུང་ངམ་མ་བྱུང་དག་གིས་འཁྲུལ་སོ་བསལ་བར་བྱ་དགོས་པ་ཡིན་ནོ། །
བཅོས་སྐྱེད་བྱུང་མིན་གྱི་ལྟར་སྣང་འཁྲུལ་སོ་སྟེ། གོམས་པའི་ལྟར་སྣང་འཁྲུལ་སོ་བཅོས་སྐྱེད་ཀྱིས་བསལ་བ་དེ་ལའང་བཞི་ཡོད་དེ། གང་ཞེ་ན། ཕྱིའི་རྟགས་ལོག་པ་ལ་ནད་ཀྱི་ངོ་བོ་མ་ལོག་པ་དང་། ནད་ཀྱི་ངོ་བོ་ལོག་པ་ལ་ཕྱིའི་རྟགས་མ་ལོག་པ། ཕྱིའི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་ལོག་པའོ། །
ཕྱིའི་རྟགས་ལོག་ལ་ནད་ཀྱི་ངོ་བོ་མ་ལོག་པ་སྟེ། ཕྱིའི་རྟགས་ལོག་ལ་ནད་ཀྱི་ངོ་བོ་མ་ལོག་པ་དེ་ལའང་ཚ་བ་དང་གྲང་བ་གཉིས་སུ་ཡོད་པའི་དང་པོ་ཚ་བའི་དབྱེ་བ་ནི། ཡུལ་དུས་དང་། ན་ཚོད། རང་བཞིན་སོགས་བད་ཀན་ཅན་གྱི་མི་ཚ་བས་མནར་བ་ལ་བཅུད་མེད་ཁ་ཟས་ཡེན་ལ་གཏད་པ་དང་། སྤྱོད་ལམ་བསིལ་སར་སྡོད་པ། སྨན་ག་བུར་སོགས་བསྟེན་པ། དཔྱད་གཏར་བཤལ་སོགས་གཉེན་པོ་བསིལ་བའི་སྦྱོར་བ་བསྟེན་ཞིང་ཡུན་དུ་གཏུགས་པས་གྲོགས་བད་རླུང་འཕེལ་ནས་ནད་ཀྱི་ངོ་བོ་མ་ལོག་པས་གཏིང་ཚད་མ་ཐོན་ཀྱང་བསིལ་སྦྱོར་གྱིས་ཕོ་བའི་མེ་དྲོད་ཤི་ནས་རྩ་རྒྱུད་དལ་བར་འཕར་བ་དང་། དྲི་ཆུའི་མདོག་སྔོ་ཞིང་། ཟས་མི་འཇུ་བ་སོགས་ཚ་བའི་རྟགས་ལོག་ནས་གྲང་བ་ལྟར་དུ་སྣང་བའི་རྟགས་སྟོན་པར་བྱེད་པ་ཡིན་ནོ། །
གྲང་བའི་དབྱེ་བ་ནི། གྲང་བ་ཡུན་དུ་ལོན་པའི་རྒན་པོ་གཏིང་ནས་འཁར་ཞིང་ཞེན་པ་ལ་དྲོ་ཞིང་བཅུད་པ་ཟས་ཀྱི་མེ། གནས་གོས་དྲོ་བ་སྤྱོད་ལམ་གྱི་མེ། དྲོད་དགུ་སྦྱོར་བ་སྨན་གྱི་མེ། མེ་བཙའ་དཔྱད་ཀྱི་མེ་སྟེ་མེ་བཞི་པོ་ལུས་ལ་ཡུན་དུ་བསྟེན་པར་བྱས་པས་དྲོད་ཀྱི་རླངས་པས་རྩའི་སྦུབས་ཀུན་ཏུ་ཁྱབ་སྟེ་ཕྱི་རྟགས་སུ་མགོ་བོ་ན་བ་དང་། རྩ་རྒྱུད་མྱུར་དུ་རྒྱུག་པ། དྲི་ཆུའི་མདོག་དམར་བ་ལ་སོགས་པའི་ཚད་རྟགས་ཐམས་ཅད་སྟོན་པ་དེ་ནི་ནད་ཀྱི་ངོ་བོ་མ་ལོག་པ་གྲང་བར་བསྡད་ན་ཡང་། ཕྱིའི་རྟགས་ཀུན་ལོག་སྟེ་ཚ་བ་ལྟར་དུ་སྟོན་པར་བྱེད་པ་དེ་ནི་ཕྱིའི་རྟགས་ལོག་པ་ལ་ནད་ཀྱི་ངོ་བོ་མ་ལོག་པའི་གྲང་བ་ཡིན་ཞིང་། དེ་ལ་ཡང་གྲང་བ་ཡུལ་དང་གཙོ་བོ་དུས་འདས་ཀྱི་རྒན་པོར་དྲོད་བསྲིངས་པས་ཚ་བ་འདྲ་བ་དང་། ཚ་བ་ཡུན་དུ་ལོན་པའི་རྒན་པོར་བསིལ་བསྲིངས་ཏེ་བསྟེན་པ་ནི་གྲང་བ་འདྲ་བས་ན་ལྟར་སྣང་གི་འདྲ་འདྲ་གཉིས་པོ་དེ་ནོར་ནས་ཚ་གྲང་ནོར་ཉེན་ཡོད་ཅིང་། དེའི་ཕྱིར་ལྟར་སྣང་གི་ཕྱི་རྟགས་གང་བྱུང་བ་དེ་ཉིད་ཀྱི་ངོ་གླན་ཙམ་གྱིས་འཕྲལ་ལ་བཅོས་བྱ་ཞིང་གཏིང་གི་ནད་ངོ་བོ་དེ་ཉིད་གདོན་པར་བྱ་དགོས་པ་སྟེ། ཚ་བ་གྲང་བའི་ལྟར་སྣང་ཅན་ལ་སེ་འབྲུ་ལྔ་པ་བསྐུ་མཉེ་གསུར་དུད་ཙམ་གྱིས་རྟགས་གྲང་བའི་ངོ་གླན་ནས་གཏིང་ཚད་ལ་བསིལ་འཇམ་བསྟེན། གྲང་བ་ཚ་བའི་ལྟར་སྣང་ཅན་ལ་སྨན་ཆུ་གང་བདེ་བྱེད་དང་། ཟས་འབྲས་དང་ཆག་ཚེ་བསྟེན་པ། སྤྱོད་ལམ་བསིལ་སར་དལ་བར་སྡོད་པ་ཙམ་གྱིས་རྟགས་ཚ་བའི་ངོ་གླན་ཏེ་གཏིང་གི་གྲང་བ་དྲོད་ཀྱིས་ནད་དངོས་འདོན་པ་ཡིན་ཞིང་། གཞན་ཡང་སྟོབས་ཆུང་ན་བྲིད་དེ་བཅོས་དགོས་པ་དང། སྟོབས་མཉམ་ན་ལྟག་པ་སྤྲད་དེ་བཅོས་དགོས་པ་ཡིན་ནོ། །
ནད་ཀྱི་ངོ་བོ་ལོག་ལ་ཕྱིའི་རྟགས་མ་ལོག་པ་སྟེ། དེ་ཡང་མ་ཚོར་འོག་ཏུ་འགྲིམས་པ་རྐུན་བུ་ལྟ་བུའི་ནད་གྲང་བ་དང་། ཚ་བ། རླུང་བཅས་གསུམ་ཡོད་པ་ཡིན་ནོ། །
གྲང་བའི་ནད་ནི། བད་ཀན་གྲང་བའི་ནད་སྟོབས་ཤིན་ཏུ་ཆེ་བ་ཁོ་ན་མ་ཡིན་པར་གཉེན་པོ་མེ་བཞི་སོགས་དྲོད་ཀྱི་སྦྱོར་བ་ཡུན་རིང་པོར་བསྟུད་དེ་ཧ་ཅང་བསྟེན་དྲགས་ན། དེའི་སྟེང་དུ་ཕྱི་ནང་གི་གནས་སྐམ་ས་ཚ་གདུང་ཅན་དང་། དུས་ཀྱང་སྟོན་དཔྱིད་ཚ་གདུང་ཅན། རང་བཞིན་ཁྲག་མཁྲིས་ཤས་ཆེ་བ་སོགས་ཚ་བའི་རྐྱེན་རྣམས་ཕྲད་པར་ཁྲག་མཁྲིས་ཀྱི་ཚ་བ་འཕེལ་བའི་རྐྱེན་བྱས་ཏེ་ངོ་བོ་གྲང་བ་ཚ་བར་ལོག་པ་ཡིན་ཀྱང་། ཕྱི་རྟགས་ཚ་བ་དེ་གྲང་བའི་འོག་ཏུ་འགྲིམས་ནས་ཚ་བ་ཡིན་པ་མ་ཚོར་བར་འཇབ་བུའམ་རྐུན་བུའི་ཚུལ་དུ་སྐྱེས་ཤིང་། ངོ་བོ་ཚ་བ་དེ་ཕྱི་རྟགས་གྲང་བའི་འོག་ཏུ་འགྲིམས་པ་མ་ཚོར་བར་ལྟར་སྣང་ལ་འཁྲུལ་ནས་གྲང་བར་ཡོད་བསམ་ཚ་བ་སྐྱེ་དོགས་ཀྱིས་བག་ཟོན་གང་ཡང་མ་བྱས་པར་ད་དུང་དྲོད་ཀྱི་སྦྱོར་བ་སྟོབས་ཆེན་པོ་འབའ་ཞིག་བསྟུད་ནས་ཡུན་རིང་བསྟེན་དྲགས་པ་ཡིས་དཔེར་ན། མེ་འབར་བ་ལ་ཤིང་བསྣན་ན་ཆེར་འབར་བ་བཞིན་དུ་ཚ་བ་ལ་དྲོད་སྦྱོར་བསྣན་པས་ལུས་ཟུངས་བདུན་དང་དྲི་མ་གསུམ་གྱིས་བསྡུས་པའི་གནོད་བྱ་ཐམས་ཅད་བསྲེག་ཅིང་། དེ་ལ་ཐོག་མར་ཚ་བ་འོག་འགྲིམས་སུ་སྐྱེ་དོགས་ཀྱིས་ཟོན་བཟུང་ཞིང་རྩ་ཆུ་སོགས་ལ་ཚ་བ་སྐྱེས་སམ་མ་སྐྱེས་ཀྱི་བྱ་ར་བྱ། གལ་ཏེ་ཚ་བ་ཅུང་ཟད་སྐྱེ་འགོ་བརྩམས་པ་ན་རེ་ཞིག་དྲོད་གཏོང་འཕྲོ་བཅད། དེས་ཀྱང་མ་ཕན་བསིལ་སྦྱོར་ཅུང་ཟད་ཙམ་བསྟེན་པར་བྱའོ། །དེ་ལྟར་མ་ཡིན་པར་སྔོན་དུ་ཚ་བ་སྐྱེས་མ་སྐྱེས་རྟོག་པ་འཇུག་པ་མ་བྱུང་བའམ། བཅུག་ཀྱང་སྔ་སོར་ཚ་བར་མངོན་པ་གང་ཡང་མ་བྱུང་བར་འཕྲལ་མ་ཉིད་དུ་ཚད་རྟགས་ཆེན་པོ་སྣང་བའི་ཚ་བ་འུར་སྐྱེས་ཀྱི་རྣམ་པ་བྱུང་ན་བྱ་རས་ནམ་ཚོར་བའི་དུས་སུ། དེ་ལ་གཉེན་པོ་ཆུ་བཞི་བསྟེན་པ་སོགས་ཟས་སྤྱོད་སྨན་དཔྱད་བཞི་གའི་ཚུལ་ལ་འབད་པས་བརྩོན་པར་བྱས་ནས་ཚ་བ་དེ་ཉིད་ཁ་མ་ཐལ་བར་མྱུར་དུ་ཟློག་དགོས་པ་ཡིན་ནོ། །
ཚ་བའི་ནད་ནི། ཁྲག་མཁྲིས་ཚ་བའི་ནད་ལ་གཉེན་པོའི་བཅོས་བསིལ་སྦྱོར་ཡུན་རིང་པོར་ཧ་ཅང་བསྟེན་དྲགས་ན། དེའི་སྟེང་དུ་ཕྱི་ནང་གི་གནས་རླན་ཅན་གྲང་བར་ཡུན་རིང་བསྡད་པ་དང་། དུས་དབྱར་དང་དཔྱིད། རང་བཞིན་གྲང་རླུང་ཤས་ཆེ་བ་སོགས་གྲང་བའི་རྐྱེན་རྣམས་འདོམས་ཏེ་ཕྲད་པས་བད་རླུང་གྲང་བ་འཕེལ་བའི་རྐྱེན་བྱས་ཏེ་ངོ་བོ་ཚ་བ་གྲང་བར་ལོག་པ་ཡིན་ཀྱང་། ནད་ཀྱི་ངོ་བོ་གྲང་བ་དེ་ཕྱི་རྟགས་ཚ་བའི་འོག་ཏུ་འགྲིམས་ནས་རྐུན་བུར་སྐྱེས་ཏེ་ཕྱི་རྟགས་ཚ་བ་ལྟར་དུ་སྣང་བའི་འོག་ཏུ་གྲང་བ་འགྲིམས་པ་མ་ཚོར་བར་ཚ་བ་འདུག་བསམས། ད་དུང་བསིལ་སྦྱོར་ཁོ་ན་མུ་མཐུད་བསྟེན་དྲགས་པ་ཡིས་ཕོ་བའི་མེ་དྲོད་ཤི་ནས་ཁ་ཟས་ཀྱང་མི་འཇུ་ཞིང་མི་ལེན་པ་དང་། དེའི་དབང་གིས་གྲང་སྐྲན་དང་དམུ་ཆུར་འགྱུར་བ་སོགས་གཏིང་ཐོན་དཀའ་བའི་གཅོང་ནད་ཆེོཾན་པོར་འགྱུར་ཉེན་ཡོད་པས་བྱ་རས་ནམ་ཚོར་བའི་དུས་སུ། དེ་ལ་གཉེན་པོ་མེ་བཞི་བསྟེན་པ་སོགས་ཟས་སྤྱོད་སྨན་དཔྱད་བཞི་གའི་ཚུལ་ལ་འབད་པས་བརྩོན་པར་བྱས་ནས་གྲང་བ་དེ་ཉིད་ཁ་མ་ཐལ་བར་མྱུར་དུ་ཟློག་དགོས་པ་ཡིན་ནོ། །
རླུང་གི་ནད་ནི། གཞན་ཡང་ཚ་གྲང་དུ་མ་ཟད་རླུང་རྐུན་བུར་འོག་འགྲིམས་སྐྱེས་ནས་རྟགས་དང་ངོ་བོ་འགལ་བའང་ཡོད་ཅིང་། དེ་ཡང་ཚ་བའི་ནད་ལ་བསིལ་གཏུགས་དྲགས་པས་དེའི་སྟེང་དུ་གནས་ངད་ཅན་གྲང་བ་དང་། དུས་དབྱར་དགོང་དང་ཐོ་རེངས། རང་བཞིན་རླུང་ཤས་ཆེ་བར་བསིལ་རྩུབ་ཡང་བ་སོགས་རླུང་གི་རྐྱེན་ཕྲད་དེ་ཐོར་བུའི་རླུང་སྐྱེས་ཤིང་ཚ་བའི་ལྷག་མ་དེ་བུས་ནས་ཕྱིར་ཐོན་དུ་མ་བཅུག་པས་ལུས་ལ་འབར་བའི་མེ་བཏང་བ་དང་འདྲ་ཞིང་། དེའི་རྟགས་སུ་རྐང་ལག་རུས་ཚིགས་ཟུག་གཟེར་ཆེ་བ་དང་། ཁ་དང་ལྕེ་སྐམ་པ། དབུགས་ཐུང་ལ་རྩ་རྒྱུད་རྒོད་ཅིང་གཟེར་འབྱུང་བ། ཁ་སྐོམ་དད་ཆེ་བ་འབྱུང་བ་བཅས་ནི་རླུང་ཚ་བའི་འོག་ཏུ་འགྲིམས་པའི་རྟགས་ཡིན་ཏེ། འོག་འགྲིམས་དེ་མ་ཚོར་བར་ལྟར་སྣང་གི་རྟགས་ལ་འཁྲུལ་ནས་དེ་ཚ་བར་ངོས་བཟུང་སྟེ་གཏར་ག་བྱེད་པ་དང་བསིལ་སྦྱོར་བསྟེན་པ་ཡིས་མེ་ལ་རླུང་གིས་བསྐྱོད་པ་བཞིན་དུ་འབར་ཏེ་དེས་ལུས་ཟུངས་རྣམས་བུད་ཤིང་སྲེག་པ་ལྟར་བྱེད་པས་རྒྱུ་མཚན་དེའི་ཕྱིར་བཅོས་ཐབས་ལ་འབད་པར་བྱ་དགོས་པ་སྟེ། དེ་ནི་དཔེར་ན་གཅིག་གིས་གཅིག་ལ་གནོད་སྐྱེལ་བའི་ཚེ་དེའི་གྲོགས་ཤིག་གིས་ངོ་བླངས་ན་ཅུང་ཟད་ཅིག་དེའི་ངོ་ལ་བདེ་བར་འཇོག གཞན་ཐབས་དུ་མས་གནོད་པ་བྱེད་པ་ལྟར་ཐོག་མར་ཐོར་བུའི་རླུང་ལ་དྲོད་བཅུད་བག་ཙམ་གྱིས་ངོ་གླན་ནས་ཐབས་དུ་མས་ཚད་ལྷག་འདོན་པར་བྱ་དགོས་པ་ཡིན་ནོ། །
རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་མ་ལོག་པ་སྟེ། བཅོས་ཡུན་དུ་བསྲིངས་ཀྱང་ཕྱིའི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་དང་པོ་ཚ་གྲང་གང་ཡིན་དེ་ལས་གཞན་དུ་མ་ལོག་པར་སྔ་བཞིན་དུ་བསྡད་འདུག་ན་གཉེན་པོའི་སྦྱོར་བ་དམན་པའམ་ཚ་གྲང་ལོག་པ་ཡིན་པས་དམན་ནས་ནད་མ་ཞི་བར་འདུག་ན་གཉེན་པོ་ཆེར་བསྐྱེད་ཅིང། ལོག་ནས་ནད་སྟོབས་བསྐྱེད་ཅིང་འདུག་ན་དེ་ལ་སྔ་མའི་བཅོས་ཚུལ་དེའི་ཚ་གྲང་གོ་བསྒྱུར་བ་སྟེ་སྔ་མ་དྲོད་ཡིན་ན་རྗེས་མ་བསིལ་ལ་བསྒྱུར་བ་ལྟ་བུ་བཅོས་བྱ་དགོས་པ་ཡིན་ནོ། །
རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་ལོག་པ་སྟེ། བཅོས་གོམས་པ་ལས་ཕྱིའི་རྟགས་དང་ནད་ཀྱི་ངོ་བོ་གཉིས་ཀ་དང་པོ་ཚ་གྲང་རླུང་སོགས་གང་རིགས་འཕེལ་བའི་ནད་དེ་ལ་ལོག་ནས་བསིལ་བསྟེན་པས་ཚད་པའི་ངོ་བོ་དང་ཚ་རྟགས་བྲི། དྲོད་བསྟེན་པས་གྲང་བའི་ངོ་བོ་དང་གྲང་རྟགས་བྲི། བཅུད་བསྟེན་པས་རླུང་དང་རླུང་རྟགས་བྲི་སྟེ་ལོག་ན་བཅོས་སྐྱེད་བྱུང་བ་ཡིན་པས་དེ་ལ་འཁྲུལ་སོ་མེད་དེ་རྟགས་དང་ངོ་བོ་གཉིས་ཀ་ཕྱོགས་གཅིག་ཏུ་སོང་བས་སོ། །མདོར་ན་དེ་དག་གི་དོན་ཧྲིལ་གྱིས་དྲིལ་ན་སྔ་མའི་འཁྲུལ་སོ་ཕྱི་མས་བསལ་དགོས་ཏེ། དེ་ཡང་ནད་གཞིའི་མིང་གི་ལྟར་སྣང་གི་འཁྲུལ་སོ་གང་བྱུང་རྣམས་རྟགས་ཀྱིས་བསལ་དགོས་ཤིང་། དཔེར་ན་ནད་གཞིའི་མིང་དྭངས་མ་མ་ཞུ་བ་སོགས་ལ་མ་ཞུ་ཞེས་བྱ་བའི་མིང་ཙམ་ལ་བརྟེན་ནས་གྲང་བར་འཁྲུལ་པ་དང་། རྡོ་དུག་སོགས་དུག་གི་མིང་ཙམ་ལས་ཚད་པར་འཁྲུལ་གཞི་ཆེན་པོར་འགྱུར་བས་ན་ཚ་ན་ཚ་བའི་རྟགས་དང་། གྲང་ན་གྲང་བའི་རྟགས་ཡོད་དགོས་པས་རང་རང་གི་སྐབས་སུ་བཤད་པའི་རྟགས་དེ་ཉིད་ཀྱིས་བསལ་བར་བྱའོ། །
རྟགས་ཀྱི་ལྟར་སྣང་གི་འཁྲུལ་སོ་རྣམས་བཅོས་གང་བྱེད་ཀྱིས་བསལ་དགོས་ཏེ། རྟགས་སྤྱི་འགྲོ་ཧོལ་པ་ཙམ་ལ་བརྟེན་ནས་ནད་ཚ་གྲང་ཐུན་མོང་མ་ཡིན་པ་དེ་དང་དེར་ངོས་བཟུང་ནའང་འཁྲུལ་གཞི་ཆེན་པོར་འགྱུར་བས་ཁ་ལྕེ་སྐམ་པ་དང་། གཟེར་འཕོ་བ། མགོ་བོ་ན་བ། མིག་སེར་པོ་སོགས་ཡོད་པ་ཙམ་གྱིས་ཚ་བ་ཡིན་པའི་ངེས་པ་མེད། དེ་བཞིན་དུ་ཕོ་བ་གཟེར་ཞིང་འཚིང་སྒྲེག་མི་འཇུ་བ་སོགས་དང་། ཆུ་སྲི་བ་ཙམ་དང་། གྲང་ནད་འོང་བ། སེམས་འཕྱོ་བ། གཉིད་ཡེར་བ། ལྐུགས་པ། རུས་ཚིགས་ན་བ། གླལ་བ། མངར་བ། སྐྱིགས་བུ་སོགས་ཡོད་པ་ཙམ་གྱིས་གྲང་རླུང་ཡིན་པའི་ངེས་པ་མེད་དེ་གནས་དང་ནད་གཞིའི་དབང་གིས་ཚ་བ་ཡིན་ཀྱང་གྲང་རྟགས་སྟོན་པ་དང་། གྲང་རླུང་ཡིན་ཀྱང་ཚད་རྟགས་སྟོན་པ་འབྱུང་ཞིང་། ཚད་རྟགས་ཕལ་ཆེར་ཚང་ན་ཚ་བའི་བཅོས་ཐབས་དང་། གྲང་རླུང་གི་རྟགས་ཕལ་ཆེར་ཚང་ན་གྲང་རླུང་གང་ཤས་ཆེ་བ་དེའི་བཅོས་ཐབས་བྱས་པས་དེ་དག་གིས་ཕན་ན་ཚ་གྲང་རླུང་གསུམ་དེ་དང་དེ་ཡིན་ལ། དེ་ཡང་བཅོས་པའི་ཚེ་བསིལ་བཅོས་ཀྱིས་མི་ཕན་ན་ཚ་བ་མ་ཡིན་ཏེ་གྲང་རླུང་ཡིན་པ་དང་། དྲོད་ཀྱིས་མི་ཕན་ན་གྲང་བ་མ་ཡིན་ཏེ་ཚ་བར་ངེས་ཤིང་། དེས་ན་རྟགས་ཀྱི་ལྟར་སྣང་འདྲ་འདྲའི་འཁྲུལ་སོ་ནི་བཅོས་ཐབས་བྱས་ཏེ་འཕྲོད་མི་འཕྲོད་ལས་བསལ་བར་བྱའོ། །
བཅོས་ཀྱི་ལྟར་སྣང་འཁྲུལ་སོ་ཡུན་དུ་གོམས་པས་བསལ་དགོས་ཏེ། དེ་ཡང་བཅོས་ཀ་སྨན་ཐུན་རེ་རེ་གཉིས་གཉིས་ཀྱིས་ཕན་པར་མངོན་ཀྱང་ཕུགས་སུ་ཕན་པའི་ངེས་པ་མེད་དེ། ལྟར་སྣང་རྟགས་ཀྱིས་ངོ་བླངས་འཕྲོད་འཕྲོད་འདྲ་བའི་མི་འཕྲོད་པ་ཡང་སྲིད་ཅིང་། དེ་བཞིན་དུ་ཐུན་རེ་རེ་གཉིས་གཉིས་ཀྱིས་གནོད་པ་ལྟ་བུར་འཕྲལ་མངོན་ཀྱང་ཕུགས་སུ་མི་འཕྲོད་པའི་ངེས་པ་མེད་དེ། གནོད་པ་ལྟར་སྣང་བ་དེ་སྨན་ནད་འཐབ་པ་ཡང་སྲིད་ལ། དེས་ན་བཅོས་ཐབས་དྲག་དལ་ཅན་རང་མ་ཡིན་པའི་འཇམ་པོ་གང་ལ་གང་འོས་ཀྱིས་ཅུང་ཟད་མུ་མཐུད་ནས་བཅོས་དགོས། དེ་ལྟར་གོམས་པ་ཡུན་དུ་བསྲིངས་པས་དེས་ཕུགས་ཕན་ན་ནད་དེ་ཡིན་ཞིང་། བཅོས་ཐབས་གོམས་པ་ཡུན་དུ་བསྲིངས་ཀྱང་ནད་དེ་ལ་མ་ཕན་ཞིང་གནོད་པ་མཐོང་ན་སྔར་ངོས་བཟུང་བ་དེ་མ་ཡིན་པའི་རྟགས་ཡིན། དེའི་ཕྱིར་གོམས་པ་ཡུན་དུ་བསྲིངས་པའི་བདེ་ཐུ་ལས་བཅོས་ཀྱི་ལྟར་སྣང་འཁྲུལ་སོ་བསལ་བར་བྱའོ། །
གོམས་པའི་ལྟར་སྣང་གི་འཁྲུལ་སོ་བཅོས་སྐྱེད་ཀྱིས་བསལ་དགོས་ཏེ། གོམས་པ་དེ་ཡང་ནད་པའི་ཡིད་རྟོག་དང་བློ་འགྲོ་ཕྱོགས་ལྟ་བུ་ལ་ངེས་པ་འགའ་ཡང་མེད་པས་སྨན་པ་རང་གིས་རྩ་རྒྱུད་ཕྲ་བ་སྦོམ་དུ་སོང་བ་དང་། སྟོང་པ་མཁྲང་དུ་སོང་བ། གྲིམས་པ་ལྷོད་དུ་སོང་བ། དྲག་པ་ཞན་དུ་སོང་བ། བྱིང་བ་ཁ་རུ་ཐོན་པ་སོགས་རྩ་ཡི་སྐྱེད་དང་། ཁྱད་པར་དྲི་ཆུ་སྔོ་བ་དམར་དུ་སོང་བ་དང་། སེར་བ་སྔོ་རུ་སོང་བ། དཀར་བ་དམར་དུ་སོང་བ། སྔར་མི་ལྡོག་པ་ད་ལྟ་ལྡོག་པ་སོགས་ལ་ལེགས་པར་བརྟགས་ནས་གོམས་པའི་ལྟར་སྣང་འཁྲུལ་སོ་དེ་བཅོས་སྐྱེད་ཀྱིས་བསལ་བར་བྱའོ། །
བཅོས་སྐྱེད་ཀྱི་ལྟར་སྣང་འཁྲུལ་སོ་དེ་ཡང་ཆུ་ཡིས་བསལ་དགོས་ཏེ། སྤྱིར་དྲི་ཆུར་ལྟར་སྣང་གི་འཁྲུལ་སོ་འབྱུང་སྲིད་རུང་ཚ་གྲང་གང་ཡིན་ཆུའི་ཁ་དོག་གིས་བསལ་བར་བྱའོ།།
ཆུ་མདོག་གི་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ་དགོས་ཏེ། དེ་ཡང་ལུས་ལ་ཚ་གྲང་གི་ནད་གང་ཡོད་དྲི་ཆུའི་ཀུ་ཡ་ཆེ་ཆུང་དེས་གསལ་བར་སྟོན་ནུས་པ་ཡིན། དེ་ལྟ་བུའི་ལེགས་པར་དཔྱད་པས་ཞིབ་ཏུ་རྟོགས་པར་བྱས་ཤིང་ངེས་ཤེས་རྙེད་ན་དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད་དོ། །ཇི་སྐད་བཤད་པ་དེ་དག་ལ་ལྟར་སྣང་ལྔ་ནད་པ་གཅིག་གི་ཐོག་ཏུ་གང་ལ་གང་དགོས་སྤྲུག་པའམ་ཕྲུགས་པའི་ཐབས་ཞེས་བྱ་སྟེ་འཁྲུལ་བ་མེད་པར་ཚ་གྲང་ངེས་པར་བྱེད་པའི་གནད་རྣམས་ཀྱི་གལ་ཆེ་བའི་མདོ་འགག་ཡིན་ཞེས་གདམས་པའོ། །དེ་ལྟར་ཉེ་བར་གདམས་པའི་མན་ངག་ལྡན་པའི་སློབ་དཔོན་མཁས་པ་རྣམས་ཀྱིས་ཇི་སྐད་བཤད་པའི་ཚ་གྲང་གནད་ཀྱི་འཁྲུལ་སོ་བསལ་ཐབས་རྣམས་ལེགས་པར་རྟོགས་པར་འགྱུར་གྱི། སྤྱིར་བཏང་དཀྱུས་མ་ཙམ་འཛིན་པའི་འཚོ་བྱེད་རྣམས་ཀྱིས་འོལ་སྤྱི་ཙམ་ལས་ངེས་གསང་འདི་ལྟ་བུ་ཤེས་པར་མི་འགྱུར་བས་སློབ་དཔོན་མཁས་པའི་གསུང་གི་མན་ངག་དང་ལྡན་པར་བྱའོ།། །།

མཐའ་མའི་འདོན་ཐེངས་།: 25.11.2013 ཉིན། 3:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།