སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

གསོ་བྱེད་ཐབས་ཀྱི་རྣམ་བཞག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011
བོད་ཀྱི་སྨན་བཅོས་རིག་པ། >>

 

 

གསོ་བྱེད་ཐབས་ཀྱི་རྣམ་བཞག །


ཐུབ་བསྟན་ཚེ་རིང་།

ཇི་སྐད་བཤད་པའི་བརྟག་དཔྱད་ངོས་འཛིན་བྱེད་པའི་ཚུལ་དེ་རྣམས་ཀྱིས་ནད་རིགས་སྤྱི་བྱེ་བྲག་དང་བཅས་པ་མ་འདྲེས་ཤིང་སོ་སོར་རྟོགས་པའི་རྗེས་ད་ནི་ནད་དེ་རྣམས་ཇི་ལྟར་གསོ་ཞིང་བཅོས་པའི་ཐབས་ཚུལ་ཤེས་པར་བྱ་བའི་ཕྱིར་དུ་གསོ་བར་བྱེད་པའི་ཐབས་ཀྱི་གནས་འདི་ཉིད་བསྟན་པར་བྱ་བ་ཡིན་ཅིང་། དེ་ལ་ཡང་ནང་ཚེགས་ཀྱི་དབྱེ་བས་གསོ་བའི་ཚུལ་ཇི་ལྟར་བྱ་བ་དང་། གཉེན་པོ་གང་གིས་གསོ་བའི་ཐབས་དངོས་བཤད་པ་སྟེ་རྣམ་པ་གཉིས་སུ་ངེས་པ་ཡིན་ནོ།།
གསོ་ཚུལ།
ནད་འཇོམས་ཤིང་ཟུངས་གསོ་བའི་ཐབས་ཀྱི་རྣམ་གྲངས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་དཔག་ཏུ་མེད་པ་ཞིག་ཡོད་མོད་དུ་ཟིན་ཀྱང་། དེ་དག་ལ་གསོ་ཚུལ་ཇི་ལྟ་བ་ཞིག་མེད་ན་མུན་ཁུང་གི་གནས་སུ་མདའ་འཕེན་པ་དང་འདྲ་བར་གར་རྡེག་ཆ་མེད་པས་གཉེན་པོ་ནད་ཐོག་ཏུ་མི་འཁེལ་བའམ་ཕན་ཚུན་འཛོལ་བར་འགྱུར་འགྲོ་བ་ཡིན་གྱི། དེ་བས་ན་འཆད་འགྱུར་གྱི་གསོ་ཚུལ་འདི་ནི་ཆེས་གལ་ཆེ་ཞིང་གཅེས་པར་གདམས་པ་ཡིན་ལ། དེ་ལྟ་བུའི་གསོ་ཚུལ་འདིར་ཡང་ནད་སྤྱིའི་གསོ་ཚུལ་དང་། བྱེ་བྲག་གི་གསོ་ཚུལ། ཁྱད་པར་གྱི་གསོ་ཚུལ་བཅས་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ནོ། །
སྤྱིའི་གསོ་ཚུལ།
སྤྱིའི་གསོ་ཚུལ་དེར་ཡང་ཇི་ལྟར་གསོ་བའི་ཚུལ་དང་། གང་གིས་གསོ་བའི་ཚུལ། སོས་པའི་ཚད་བཅས་རྣམ་པ་གསུམ་གྱི་སྒོ་ནས་བསྟན་ཞིང་།
དེ་ཡང་དང་པོ་ཇི་ལྟར་གསོ་བའི་ཚུལ་ཏེ། ནད་རླུང་དང་མཁྲིས་པ་བད་ཀན་གསུམ་པོ་སོ་སོའི་ནང་ཚེགས་ཀྱི་དབྱེ་བ་བྱེ་བྲག་པ་དང་བཅས་ནད་ཇི་སྙེད་པོ་གང་ཡང་རང་རང་སོ་སོའི་གནས་སུ་གསོག་པའི་དུས་དེ་རང་ལ་བསལ་བར་བྱ་དགོས་ཤིང་། དེ་ཡང་རླུང་ནད་ལྟ་བུར་ཆ་མཚོན་ན་སོས་ཀ་གསོག་པའི་དུས་སུ་བསལ་བར་བྱ་དགོས་ཏེ། གང་ལགས་ཤེ་ན། ནད་རྣམས་གསོག་པའི་སྐབས་ནས་རང་གནས་སུ་བསལ་བར་མ་ནུས་ཚེ་མཐར་ནད་དེ་ཉིད་དངོས་སུ་ལངས་ཤིང་སྟོབས་ཆེས་ཆེར་རྒྱས་པར་གྱུར་ནས་ནད་རིགས་གཞན་དག་ཀྱང་འཁྲུགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ནད་གང་ཡང་གསོག་དུས་སུ་ཞི་བར་མ་ནུས་པས་དངོས་སུ་ལྡང་བར་གྱུར་ན་དེའི་ཚེ་ནད་དང་ཟུངས་སོགས་གཞན་ལ་གནོད་པར་མི་འགྱུར་བའི་སྦྱོར་བ་ཞི་སྦྱང་གི་སྒོ་ནས་ནད་དེ་ཉིད་རང་གསོ་བར་བྱ་དགོས་ལ། གལ་ཏེ་དེས་འཁྲུགས་པར་གྱུར་ནས་བླ་གཉན་གྱི་ནད་གཞན་སྐྱེས་ན་ཡང་ནད་སྟོབས་གང་ཆེ་བ་དེ་ཉིད་སྔོན་ལ་བཅོས་ཐོག་དེ་ནས་རིམ་བཞིན་གཞན་རྣམས་ཀྱང་བཅོས་པ་བཅས་ཀྱི་ཐབས་ཚུལ་དག་ཤེས་ཤིང་བཟུང་བར་བྱ་དགོས་པ་ཡིན་ནོ། །
གཉེན་པོ་གང་གིས་གསོ་བ་སྟེ། སྤྱིར་ནད་རིགས་རྣམས་གསོ་བར་བྱེད་པའི་གཉེན་པོར་ཞི་བྱེད་དང་སྦྱོང་བྱེད་ཅེས་རིགས་ཆེན་པོ་གཉིས་སུ་ཡོད་ཅིང་། དེ་ཡང་རླུང་ལ་སོགས་པའི་ནད་རིགས་རྣམས་རང་གནས་སུ་གསོག་པའི་ཚེ་ན་ཐང་དང་ཕྱེ་མའི་སྦྱོར་བ་སོགས་ཞི་བྱེད་ཀྱི་སྦྱོར་བ་རྣམས་ཀྱིས་ཞི་བར་བྱ་དགོས་ལ། རང་གནས་ནས་དངོས་སུ་ལངས་ཟིན་ཏེ་རྒྱས་པར་གྱུར་པའི་སྐབས་སུ་བཤལ་སྐྱུགས་སོགས་སྦྱོང་བྱེད་ཀྱི་སྦྱོར་བ་རྣམས་ཀྱིས་ཕྱིར་སྦྱང་བའི་སྒོ་ནས་བཅོས་དགོས་པ་དང་། དེ་ལྟར་བཅོས་ནས་ནད་ཞི་ཞིང་འཇོམ་པར་གྱུར་པའི་ཚེ་ན་ཟས་སྐོམ་དང་སྤྱོད་ལམ་གང་དག་གཟབ་ཅིང་ནད་གཞན་དང་ཟུངས་ལ་གནོད་པར་མི་འགྱུར་བའི་སྦྱོར་བ་འཇམ་པོའི་རིགས་ཀྱིས་ནད་མཇུག་འདོན་ཞིང་ལུས་ཟུངས་གསོ་བར་བྱ་དགོས་པ་ཡིན་ནོ། །ལར་ན་ཐབས་ཚུལ་དེ་དག་ནི་གསོག་ལྡང་ཞི་གསུམ་གྱི་དུས་ངེས་ཅན་ལ་ལྟོས་ནས་བསྟན་པ་ཞིག་ཡིན་མོད། འོན་ཀྱང་འཕྲལ་གློ་བུར་བའི་རྐྱེན་འགའ་ཞིག་ལ་བརྟེན་ནས་རང་རང་གི་དུས་མ་ཡིན་པར་ཡང་གསོག་ལྡང་བྱེད་པའི་ནད་དག་འབྱུང་བ་ཡོད་གཤིས། །དེའི་ཚེ་ལེ་ལོ་གཏན་ནས་བྱ་མི་རུང་སྟེ། ཅི་ཕྱིར་ཞེ་ན། ནད་གང་གསོ་བའི་དུས་ལས་འདས་ཚེ་དེས་སྲོག་འཕྲོག་པའམ་ཡང་ན་ལྡན་འདུས་ལྟ་བུ་སྟོབས་ཆེའི་ནད་དུ་གྱུར་ཏེ་གསོ་དཀའ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ནད་གང་ཡང་འབྱུང་ཞིང་ཐོན་མ་ཐག་པ་དེའི་ཚེ་འཕྲལ་མ་ཉིད་དུ་གསོ་བཅོས་ཀྱིས་བསལ་བར་བྱ་དགོས་པ་ཡིན་ནོ། །ནད་རིགས་ཞི་ཞིང་བསལ་བར་འགྱུར་བའི་གཉེན་པོའི་སྨན་དེ་དག་ཀྱང་ཉིན་ཞག་གི་དབྱེ་བ་དང་། ཟས་ཟ་བའི་ཆོས་ཉིད། ནད་ལྡང་བའི་དུས་ཚོད་བཅས་ལ་ལྟོས་པའི་རིག་པ་དེས་ནད་གཞི་སོ་སོའི་གནས་སོགས་ཀྱི་ཁྱད་ཆོས་དང་སྦྱར་ནས་གང་ལ་དེ་འཚམ་གྱི་གཏོང་ཚུལ་མི་འདྲ་བ་བཅུ་རུ་བཤད་པ་ཡིན་ཅིང་། དེ་ཡང་བད་ཀན་གྱི་ནད་ལྡང་ཞིང་སྟོབས་རྒྱས་པ་དང་། འདུས་པའི་ནད་སྟོབས་དང་ལྡན་པའི་རིགས་ལ་ཕན་པའི་སྨན་རྣམས་ནི་ཟས་མ་ཟོས་པའི་གོང་སྟེ་ཁྱེའུ་སུས་སམ་སྔ་དྲོ་སྐྱ་རེངས་འཆར་བའི་དུས་སུ་གཏོང་བ་དང་། ཐུར་སེལ་རླུང་ལས་གྱུར་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཉིན་གཞུང་གི་ཟས་ཀྱི་སྔོན་དུ་བཏང་ནས་དེ་འཕྲལ་ཟས་ཟ་བ་དང་། མེ་མཉམ་རླུང་ལས་གྱུར་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཉིན་གཞུང་གི་ཁ་ཟས་ཕྱེད་ཟོས་ཤིང་ཕྱེད་མ་ཟོས་པའི་དབུས་སུ་བཏང་ནས་སླར་ཁ་ཟས་ཕྱེད་དེ་ཟ་བ་དང་། རླུང་ཁྱབ་བྱེད་ལས་གྱུར་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཉིན་གཞུང་དང་དགོང་དྲོའི་ཁ་ཟས་ཟོས་མ་ཐག་པའི་རྗེས་སམ་མཐར་གཏོང་བ་དང་། རླུང་སྲོག་འཛིན་ལས་གྱུར་པའི་ནད་རྣམས་ལ་ཕན་པའི་སྨན་ནི་ཟས་ཁམ་རེ་དང་སྨན་ཐུན་རེ་སྤེལ་མར་གཏོང་བ། རླུང་གྱེན་རྒྱུ་སོགས་ནད་རིགས་ཕལ་མོ་ཆེར་ཕན་པའི་སྨན་ནི་ཟས་ཀྱི་བར་མཚམས་ཏེ་ཟས་ཞུ་བའི་མཚམས་སུ་སྨན་གཏོང་བ་དང་། སྨན་ཞུ་བའི་མཚམས་སུ་ཟས་གཏོང་བར་བྱ་བ་ཡིན་ལ། དབུགས་མི་བདེ་བ་དང་། ལུད་པ་འཕེལ་བ་སོགས་ཀྱི་ནད་ལ་ཕན་པའི་སྨན་ནི་ཁ་ཟས་སོགས་ལ་ལྟོས་མ་དགོས་པར་དུས་ངེས་མེད་དུ་ཙེ་གུར་རམ་ཐུན་ཆུང་ཡང་ཡང་གཏོང་བ། ཡི་ག་འཆུས་པ་སོགས་ཀྱི་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ནད་དེ་རང་ལ་ཕན་པའི་ཁ་ཟས་དང་མཉམ་བསྲེས་ཀྱིས་གཏོང་བ། སྐྱིགས་བུ་སོགས་ནད་འགའ་ཞིག་ལ་ཕན་པའི་སྨན་ནི་ཁ་ཟས་ཀྱི་སྔོན་རྗེས་གཉིས་ཀར་བཏང་སྟེ་ཁ་ཟས་སྨན་གྱི་དབུས་སུ་མནན་པའི་ཚུལ་གྱིས་གཏོང་བ། ནམ་ཚོང་ཡན་ཆད་ཀྱི་ནད་རིགས་ལ་ཕན་པའི་སྨན་རྣམས་ནི་མཚན་མོ་ཉལ་ཁའི་དུས་སུ་གཏོང་བ་བཅས་དེ་ལྟར་སྨན་གྱི་གཏོང་ཚུལ་མི་འདྲ་བ་ཡོད་པ་རྣམས་ཤེས་དགོས་པ་ལས་དེ་ལྟར་མ་ཡིན་པ་སྟེ། ནད་གཞིའི་གནས་དང་ལྡང་དུས་སོགས་གང་ལ་ཡང་མི་སྦྱོར་བར་ནད་ཡིན་ནོ་ཅོག་ཀུན་ལ་ཞུ་དུས་ཁོ་ན་སྟེ་ཟས་ཞུ་བའི་རྗེས་སྨན་དང་། སྨན་ཞུ་བའི་རྗེས་ཟས་གཏོང་བའི་ཐབས་ཚུལ་གཅིག་པོ་དེ་རང་སྤྱོད་པ་དེ་ནི་གནས་ལུགས་རྒྱུ་མཚན་གང་ཡང་མི་ཤེས་པའི་རྨོངས་པ་རྣམས་ཀྱི་ལུགས་ཡིན་ཏེ། དེས་ནད་དང་སྨན་གཉིས་ཕན་ཚུན་འཛོལ་བར་གྱུར་པས་གཉེན་པོ་རྣམས་ནད་ཐོག་ཏུ་ཇི་བཞིན་མི་འབབ་ཅིང་ཕན་པར་དཀའ་བའི་ཕྱིར་རོ། །དེ་བས་ན་ཇི་སྐད་བཤད་པའི་བཏང་ཚུལ་བཅུ་པོ་དེ་དག་ཕན་ཚུན་མ་འདྲེས་ཤིང་རང་རང་གི་དུས་ལས་ཀྱང་མ་འདས་པར་སྤྱད་གྱུར་ན་དེས་རྡེའུ་མང་པོའི་དཀྱིལ་ནས་བཟུང་དགོས་པའི་རྡེའུ་ཉིད་ངོས་འཛིན་ཐུབ་པ་དང་འདྲ་བར་གང་ལ་དམིགས་པ་དེ་རང་གི་ཐོག་ཏུ་གཉེན་པོ་རྣམས་འབབ་པར་འགྱུར་བ་ཡིན་ནོ།།
ནད་སོས་སྨིན་གྱི་ཚད་དེ། རླུང་སོགས་ནད་རིགས་གང་དག་ལ་གསོ་དཔྱད་འབད་པས་སྦྱར་ཡང་ད་དུང་མཆིན་སྣབས་མང་ཞིང་ལུས་ཁམས་ལྕི་བ་དང་། དྭང་ག་མི་བདེ་ཞིང་ཟས་མི་འཇུ་བ། བཤང་གཅིན་གཉིས་ཀྱི་རྒྱུན་སྐམ་ནས་དུས་སུ་མི་འབྱུང་བའམ་ཡང་ན་ཁོང་པ་འདྲུལ་ཏེ་དུས་མིན་དུ་འབྱུང་བ། ཤེད་སྟོབས་ཆུང་ཞིང་སྐད་གདངས་དམའ་བ་སོགས་མདོར་ན་རྒྱུན་གཏན་མིན་པའི་སྣང་ཚུལ་གང་དག་བྱུང་ན་དེ་ནི་ནད་ཀྱི་རྩེ་མ་ཞི་ཞིང་ཁོང་དུ་མ་འདུས་པའི་རྟགས་ཡིན་ཏེ། ཅི་ཕྱིར་ཞེ་ན། ནད་རིགས་གང་ཡང་ཞི་ཞིང་འཇོམས་པའི་དུས་སུ་གོང་ལས་ལྡོག་པ་སྟེ་རྒྱུན་གཏན་གྱི་རྟགས་རྣམས་འབྱུང་བའི་ཕྱིར་རོ། །དེ་བས་ན་ནད་གང་དག་མ་ཞི་ཞིང་མ་འཇོམས་པ་ན་མུ་མཐུད་བཅོས་པར་བྱ་དགོས་ལ། ཞི་ཞིང་འཇོམས་པའི་རྟགས་ཐོན་པའི་རྗེས་ད་དུང་སྨན་དཔྱད་ལྷག་པོར་སྦྱར་ཚེ་དེས་ནད་གཞན་སྐྱེ་བའི་ཕྱིར་ཅི་ནས་ཀྱང་སྦྱར་བར་མི་བྱའོ།།
བྱེ་བྲག་གི་གསོ་ཚུལ།
བྱེ་བྲག་གི་གསོ་ཚུལ་དེར་ཡང་མ་ཞུ་བ་དང་བཅས་པའི་གསོ་ཚུལ་དང་། རྐྱང་པ་རང་རྒྱུད་ཅན་གྱི་གསོ་ཚུལ། འདྲེས་པ་གཞན་དབང་ཅན་གྱི་གསོ་ཚུལ་བཅས་རྣམ་པ་གསུམ་དུ་ཡོད་ཅིང་། དེ་ཡང་དང་པོ་མ་ཞུ་བ་དང་བཅས་པ་ཞེས་པ་དེ་ནི། ཕོ་བའི་མེ་དྲོད་ཆུང་བའི་རྐྱེན་གྱིས་ཟས་སྐོམ་མ་ཞུ་བ་དེ་ཉིད་རླུང་སོགས་གནོད་བྱེད་རྣམས་དང་འདོམས་པའམ་དྭངས་མ་སོགས་གནོད་བྱ་བཅུ་དང་འདྲེས་པའི་ནད་གང་ཡིན་པ་དེར་བྱ་བ་ཡིན་ཞིང་། དེ་བས་ན་ལུས་ཁམས་ཀྱི་རྩ་རྒྱུད་ཕྲ་མོ་ཡན་ཆད་དང་བཅས་པ་ཀུན་ལ་ཁྱབ་ཅིང་ཞེན་པའི་ནད་དེ་རིགས་ནི་ཁོང་དུ་བསྡུ་བ་དང་། སྨིན་ཅིང་དྭངས་སྙིགས་འབྱེད་པ། ལྟོ་བ་སྙི་ཞིང་དྲོད་སྐྱེད་པར་བྱེད་པ་བཅས་ཀྱི་སྨན་སྦྱོར་གང་དག་གིས་ནད་དེའི་གཉའ་འམ་རྩེ་ལེགས་པར་བཅིལ་ཐོག་དེས་ནད་དེ་ཉིད་ཁོང་དུ་འདུས་ཤིང་སྨིན་པ་སོགས་ཀྱི་རྟགས་ངེས་པ་ཅན་ཐོན་པ་ན་སྐྱུགས་བཤལ་འཇམ་རྩི་སྟེ་སྟེང་འོག་གཉིས་ཀྱི་ལམ་གང་དང་ཉེ་བའི་གནས་ནས་འབད་པས་ཕྱིར་སྦྱང་བ་བཅས་ཀྱི་གསོ་ཚུལ་འཛིན་དགོས་པ་ཡིན་ནོ། །གལ་ཏེ་ཕྱིར་སྦྱང་པའི་ཆོ་ག་མ་བྱས་ཀྱང་སྟེང་འོག་གཉིས་པོའི་ལམ་གང་རུང་ནས་རང་བཞིན་གྱི་ཚུལ་དུ་ལྷུག་པར་བྱུང་ན་གཅོད་པའི་སྨན་སྦྱོར་རིགས་ཀྱིས་དེ་ཉིད་བཀག་པར་བྱ་མི་རུང་ལ་སྨིན་ཅིང་འདུས་པ་སོགས་ཀྱི་རྟགས་དང་མི་ལྡན་པའི་སྔ་རོལ་དུའང་སྦྱང་བར་མི་བྱ་སྟེ། ཅི་ཕྱིར་ཞེ་ན། དེའི་ཚེ་ནད་དེ་ཉིད་ལུས་ཟུངས་རྣམས་ལ་རྩི་ལྟར་ཞེན་ནས་གནས་པའི་ཕྱིར་ན་ནད་མི་ཐོན་པའི་ཁར་ལུས་ཟུངས་ཀྱང་འཇོམས་པར་བྱེད་ཅིང་། དཔེར་ན་མ་ལངས་པའི་ཆང་ལ་ཆུ་བླུགས་ཏེ་བསིངས་ན་ཆང་མི་འབྱུང་ལ་འབྲུ་ཆན་ཉིད་ཀྱང་ཉམས་པར་བྱེད་པ་དང་མཚུངས་པས་དེ་ལྟར་བསམ་ཞིང་ཤེས་པར་བྱའོ།།
རྐྱང་པ་རང་རྒྱུད་ཅན་གྱི་གསོ་ཚུལ་ཏེ། རྐྱང་པ་རང་རྒྱུད་པའི་ནད་ཅེས་པ་ནི་མ་ཞུ་བ་སོགས་དང་མི་ལྡན་པར་རང་རྒྱུད་རྐྱང་པ་ཡིན་པར་རང་རང་སོ་སོའི་གནས་སུའང་གནས་པ་གང་ཡིན་པ་དེར་བྱ་ཞིང་། དེ་ཡང་ནད་རིགས་གང་དང་གང་ཀུན་ཀྱང་དེ་ཉིད་སྐྱེད་ཅིང་འཕེལ་བར་བྱེད་པའི་རྒྱུ་ཟས་སྤྱོད་མི་མཐུན་པ་དག་བསྟེན་ཞིང་ལོངས་སྤྱད་པར་བྱས་པ་དེ་ཡིས་ཐོག་མར་རླུང་གི་ནད་དག་འཇུག་པར་བྱེད་པ་དང་། དེ་ནས་རིམ་བཞིན་ནད་རིགས་གཞན་གང་ཡང་རུང་བ་དེ་ཉིད་འཇུག་པ་ཡིན་ལ་དེ་ལྟར་འཇུག་ཅིང་བསྐྱེད་པའི་རྐྱང་པའི་ནད་དེར་གལ་ཏེ་སླར་སློང་བར་བྱེད་པའི་ཟས་སྤྱོད་རིགས་ཀྱི་རྐྱེན་ནམ་དུས་མ་འཛོམས་ཚེ་རང་རང་གི་གནས་དེ་དང་དེར་གསོག་ཅིང་ཡུན་རིང་དུ་སྡོད་པ་ལས་མངོན་སུམ་དུ་ལྡང་བར་བྱེད་པའི་ཤུགས་མཐར་མི་ཕྱིན་ཞིང་། དཔེར་ན་འཁྲུག་པ་བྱེད་པའི་ནང་ཕམ་ཁ་འཁེལ་བའི་ཤི་བོའི་ཕྱོགས་ཀྱི་འཐབ་ཚུལ་ཇི་ལྟ་བ་བཞིན་རེ་ཞིག་ཕམ་པས་བཙིར་གནོན་འཁེལ་ཡང་རང་ཉིད་ཤུགས་ཞན་པའི་གནས་བབས་དེ་ལས་མི་ལྡོག་བར་དུ་ཁ་གཏད་ཕྱོགས་ལ་ལྡང་བར་མི་བྱེད་པར་བསྡོང་ཟླ་གཞན་ཞིག་རྙེད་པའི་རྗེས་སླར་འཁྲུག་པ་བྱེད་པ་ལྟར་རང་གནས་སུ་གསོག་ཅིང་འཕེལ་བའི་རྐྱང་པའི་ནད་དེ་ཉིད་སླར་སྟོབས་སྐྱེད་པར་བྱེད་པའི་རྐྱེན་དང་ཕྲད་པ་ན་དེས་ནུབ་སྟོབས་བརྙེད་དེ་རང་གནས་ལས་མངོན་སུམ་དུ་ལྡང་ཞིང་ཕན་ཚུན་འཁྲུག་པར་གྱུར་ནས་རང་རང་སོ་སོའི་ནད་རྟགས་དང་བཅས་པ་བསྟན་པར་འགྱུར་བ་ཡིན་གྱི། དེས་ན་སྤྱིར་ནད་དེ་དག་ནི་ཐོག་མར་རླུང་ཞུགས་པ་བརྒྱུད་དེ་ནས་ནད་གཞན་འཁྲུགས་ཤིང་བྱེར་བར་བྱེད་པ་དེའི་ཕྱིར། སྔ་སོར་རླུང་འཇིག་ཅིང་མཁྲིས་པ་འཇུ་བྱེད་ཀྱི་སྟོབས་སྐྱེད་པར་བྱེད་པའི་ཟས་སྐོམ་རིགས་ཀྱིས་ནད་གང་ཡིན་པ་དེ་ཉིད་སྨིན་པར་བྱེད་དགོས་ཅིང་། དེས་ནད་འཐོར་བར་བྱེད་པའི་རླུང་དེ་ཉིད་ཚར་གཅོད་པ་དང་། ནད་བྱེར་བ་རྣམས་ཀྱང་ཁོང་པར་བསྡུ་བ་ཡིན་ཏེ། དཔེར་ན་སྤྲིན་བསྡུ་ཞིང་ཆར་འབེབ་པར་བྱེད་པར་སྔ་སོར་རླུང་གནོན་བྱེད་དགོས་པ་དང་འདྲའོ། །དེ་ལྟར་ནད་ཁོང་དུ་བསྡུས་ཤིང་སྨིན་པར་བྱས་ཟིན་པ་དེ་ནས་སྟོད་སྨད་གང་དང་ཉེ་བའི་ལམ་ནས་བཤལ་སྐྱུགས་སོགས་ཀྱིས་སྦྱོང་བ་དང་། ཡང་ན་ཤ་པགས་སོགས་ཕྱི་ངོས་སུ་གནས་པའི་ནད་རྣམས་སྡུད་སྨན་རིགས་ཀྱིས་ཁོང་དུ་བསྡུ་མ་ཐུབ་པའི་ཚེ་ན་རྩ་སྒོའི་ཕྱི་ནས་ཁྲག་དབྱུང་བ་དང་། ནང་ནས་རྩ་སྦྱོང་གཏོང་བ་ལྟ་བུའི་ཐབས་ཚུལ་ལ་བརྟེན་ནས་སྦྱང་ཞིང་འདོན་པར་བྱའོ། །
འདྲེས་པ་གཞན་དབང་གི་གསོ་ཚུལ་ཏེ། འདྲེས་པ་གཞན་དབང་ཅན་ཞེས་པ་དེ་ནི་སྔར་ཡོད་བཞིན་པའི་ནད་གཅིག་གི་སྟེང་དུ་སླར་བླ་གཉན་གྱི་ནད་གཞན་དང་བཅས་པ་དེར་བྱ་བ་ཡིན་ཏེ། དེ་ཡང་དཔེར་ན། སྔར་ཡོད་ཀྱི་ནད་མཁྲིས་པ་ལྟ་བུའི་སྟེང་དུ་སླར་བླ་གཉན་གྱི་ནད་རླུང་བབ་པའི་ཚེ། རླུང་ནད་དེས་མཁྲིས་པའི་ཡུལ་འཕྲོག་པར་གྱུར་པས་མཁྲིས་ནད་དེ་རང་གི་གནས་ནས་ལངས་ཏེ་གཞན་གནས་སམ་རླུང་གི་གནས་སུ་ཕྱིན་པ་དང་། དེ་ལྟར་ཕྱིན་པའི་གནས་དེ་ནས་རང་གི་སྔ་མའི་གནས་སུ་ཡོད་པའི་རླུང་ནད་ལ་ཚུར་གནོད་ཅིང་འཁྲུགས་པར་བྱེད་པ་ཡིན་ཅིང་། དེའི་ཚེ་བླ་གཉན་གྱི་ནད་རླུང་དེ་སྟོབས་ཆུང་བར་གྱུར་ན་རང་གནས་སུ་ཡོད་པའི་སྔ་མའི་ནད་མཁྲིས་པ་དེ་ཉིད་གསོ་ཞིང་བཅོས་དགོས་ལ། ཕྱི་མ་བླ་གཉན་གྱི་ནད་རླུང་རང་ཉིད་སྟོབས་ཆེ་བར་གྱུར་ན་དེ་ཉིད་རང་བཅོས་པར་བྱ་དགོས་ཤིང་། དེ་ལྟར་སྟོབས་གང་ཆེ་བ་དེ་ཉིད་བཅོས་ཤིང་འཇོམས་པར་གྱུར་པ་ན་སྟོབས་ཞན་པ་དེ་ཉིད་སླར་རང་གནས་སུ་གནས་པར་འགྱུར་བས་བཅོས་མི་དགོས་པར་རང་བཞིན་གྱིས་འཚོ་བ་ཡིན་ཏེ། དཔེར་ན་རྐུན་པོ་བསྟེན་རྫི་བྱེད་མཁན་གྱི་རྗེ་བོ་ཉིད་ལྷག་མེད་དུ་བཅོམ་པར་གྱུར་པ་ན་དེར་བརྟེན་པའི་རྐུན་པོ་ཉིད་སླར་ཡང་ལྡང་བར་མི་ནུས་པ་དང་མཚུངས་པ་ཡིན་ནོ། །
ཁྱད་པར་གྱི་གསོ་ཚུལ།
བྱེ་བྲག་ཁྱད་པར་གྱི་གསོ་ཚུལ་ཞེས་པ་དེ་ནི་ནད་རིགས་བྱེ་བྲག་པ་སོ་སོའི་ཁྱད་ཆོས་དངོས་དང་བསྟུན་ནས་གང་ལ་དེ་འཚམ་གྱི་གསོ་བཅོས་བྱེད་པའི་ཐབས་ཚུལ་འཛིན་པ་ཞིག་ཡིན་གཤིས། དེར་ཁྱད་པར་གྱི་གསོ་ཚུལ་ཞེས་བྱ་ཞིང། དེ་ལྟ་བུའི་གསོ་ཚུལ་དེར་ཐབས་མི་འདྲ་བ་རྣམ་པ་དགུ་ཡི་སྒོ་ནས་བསྟན་པ་ཡིན་ནོ།།
བྱི་ལ་འཇབ་པའི་གསོ་ཚུལ།
ནད་གང་དག་གི་ཐོག་མའི་སློང་རྐྱེན་གྱིས་མཚོན་ནད་རྟགས་མངོན་ཚུལ་དང་བཅས་པར་བརྟག་ཅིང་དཔྱད་པར་བྱས་ཀྱང་ད་དུང་ནད་འདི་ཡིན་ཞེས་གདེངས་ཚོད་དང་ལྡན་པའི་སྒོ་ནས་ངོས་ཟིན་མི་ཐུབ་པར་ཐེ་ཚོམ་དུ་འགྱུར་བའི་ཚེ་ན་དེར་བྱི་ལས་འཇབ་ནས་བྱི་བ་བཟུང་བ་ལྟར་སྨན་རིགས་ཀྱི་སད་མདའ་བཏང་སྟེ་རྟོགས་ཞིབ་བྱེད་པའི་ཐབས་ཚུལ་བརྒྱུད་ནས་གསོ་བཅོས་བྱེད་དགོས་ཤིང་། དེ་ཡང་རླུང་གི་ནད་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་སྲེ་ལོང་གི་ཐང་བཏང་སྟེ་བརྟག་པའི་ཚེ་རླུང་ནད་ཡིན་ན་དེས་ཕན་པ་དང་མིན་ན་མི་ཕན་པས་རྟོགས་ཐུབ་པ་ཇི་བཞིན་དུ་མཁྲིས་པའི་ནད་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་ཏིག་ཏའི་ཐང་གཏོང་བ་དང་། བད་ཀན་གྱི་ནད་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་རྒྱམ་ཚྭ་གསུམ་པའི་ཐང་གཏོང་བ། ཕོ་ལོང་གི་གཉན་སྲིན་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་བྱ་ཁྱུང་ལྔ་པ་གཏོང་བ་དང་། ཁྲག་འཁྲུགས་རླུང་གཟེར་གྱི་ནད་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་མ་ནུ་བཞི་ཐང་གཏོང་བ། སྦྱར་བའི་དུག་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་སྡུད་སྨན་ཐང་ཆེན་ཉེར་ལྔ་སོགས་སྡུད་སྨན་རིགས་བཏང་བས་སྦྱར་དུག་ཡིན་ན་དེས་འདུས་རྟགས་བྱུང་བ་དང་མིན་ན་ཕན་གནོད་མི་འབྱུང་ངོ་། །ནད་ཚ་གྲང་གཉིས་ཀ་འདྲེས་པ་ཡིན་མིན་ཐད་ཐེ་ཚོམ་དུ་གྱུར་པ་ན་དེར་སད་མདའ་བསིལ་དྲོད་གང་འོས་ཀྱི་ཕྱོགས་གཅིག་ཡུན་བསྲིངས་ཏེ་གོམས་པར་བསྟེན་པ་དང་། དེ་བཞིན་བཤལ་གཏོང་ཁར་ལྟོ་བ་སྲ་སྙི་བརྟག་པའི་སད་མདར་སྣ་སེལ་གྱི་འཁྲོག་ཐང་བཏང་བས་ཤེས་པ་དང་། མེ་བཙའ་འཕྲོད་མིན་གྱི་སད་མདར་སྣུམ་ལྡན་༼གོ་སྙོད་ཐུམ་པོ་ཞུན་མར་ནང་བཙོས་པ་༽གྱིས་དྲོད་དུགས་བྱས་པས་རྟོགས་པ། གཏར་ག་འཕྲོད་མིན་གྱི་སད་མདར་ཆུ་རྡོ་གྲང་མོ་སྦྱར་བའམ་སྐར་ཆུས་༼སྐར་འོད་ལ་བཏང་བའི་ཆུ་གྲང་༽བཅག་པས་རྟོགས་པ། སྐྲངས་པ་རྣག་ཏུ་སྨིན་ཡོད་མེད་ཀྱི་སད་མདར་མེ་ལ་བསྲེག་པའི་ཐུར་མ་མིག་ཅན་ནམ་སྐར་ཁུང་ཅན་བརྡེག་པས་རྟོགས་པ་བཅས་དང་། གཞན་ཡང་ནད་གང་དག་དེ་འདི་ལྟ་བུ་ཞིག་མིན་ནམ་སྙམ་པ་གང་བྱུང་བ་དེ་དང་དེའི་གཉེན་པོའི་སྦྱོར་བ་ཆུང་ངུའི་རིགས་ཀྱི་སད་མདའ་བསྟེན་པར་བརྟེན་ནས་ཡིད་ཁུ་འཕྲིག་གམ་དོགས་ཆར་དང་ལྡན་པའི་ལྟར་སྣང་ཀུན་ཕན་ཚུན་བསྡུར་ལ་བརྟག་པ་ཐོབ་པའི་རྗེས་གཉེན་པོ་གང་ལེན་པ་དེ་ཉིད་ཀྱི་སྦྱོར་བས་གཙོ་བོར་བཅོས་དགོས་པ་བཅས་ནི་གལ་ཆེ་ཞིང་གཅེས་པར་གདམས་པ་ཡིན་ལ། ཇི་སྐད་བཤད་པའི་དོན་རྣམས་གང་གི་སྐབས་སུ་ཡང་འདིར་བརྟེན་འདི་ཡིན་དང་། དེ་བྱས་འདི་འབྱུང་སོགས་ཁ་དམར་གསལ་བར་སྨྲ་མི་རུང་སྟེ། ཅི་ཕྱིར་ཞེ་ན། གང་བཤད་དེ་ཐོག་ཏུ་མ་ཁེལ་ཚེ་ཁ་ཅོལ་ཆུང་བའམ་ཡིད་རྟོན་མི་རུང་བར་འགྱུར་འགྲོ་བའི་དོན་གྱིས་སྐབས་འདི་དུས་གསལ་བར་མི་སྒྲོག་པར་ཁ་བྱིང་པོར་སྨྲ་བ་ཁོ་ན་གལ་ཆེ་ཞིང་གཅེས་པ་ཡིན་ནོ། །
སྤོ་ལ་དར་འཕྱར་གྱི་གསོ་ཚུལ།
ནད་གང་དག་སད་མདའི་རིགས་ཀྱིས་བརྟག་མི་དགོས་པར་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་ངོས་ཇི་བཞིན་ཟིན་ཏེ་ངེས་པ་བརྙེད་ཐོག་གདེངས་ཐོབ་པར་གྱུར་ན་ནད་གཞི་དེ་འདི་དང་འདི་ལྟ་བུ་ཡིན་པ་དང་། རྒྱུ་རྐྱེན་འདི་དང་འདི་འདྲ་ཞིག་གིས་སྐྱེས་པ། ད་ལྟའི་ན་སྟངས་འདི་དང་འདི་ལྟ་བུ་ཡོད་པ། མཐའ་གཞུག་ནད་འདི་དང་འདི་ལྟ་བུར་གྱུར་བ། བཅོས་ཀ་འདི་དང་འདི་འདྲ་བྱེད་དགོས་པ། དུས་ཚོད་འདི་དང་འདི་ནས་སོས་ཐུབ་པའམ་ཡང་ན་རྒྱུ་རྐྱེན་འདི་དང་འདིས་རྐྱེན་པས་གསོ་མི་ནུས་པར་འཆི་བར་འགྱུར་བ་དང་། འཆི་བའི་དུས་ཚིགས། གསོ་ཐབས་བོར་དགོས་ཚུལ་སོགས་མདོར་ན་ནད་གཞིའི་དོན་གང་ཡིན་པ་ཐམས་ཅད་རི་བོའི་སྤོའམ་རྩེར་དར་འཕྱར་བ་དང་འདྲ་བར་ནད་གཡོག་གཉེན་འཁོར་དང་བཅས་པ་ཀུན་གྱིས་གོ་བར་སྨྲ་བའི་སྒོ་ནས་གསོ་དགོས་པ་ཡིན་ནོ། །
རྟ་རྒོད་དཀྱུས་འཛུད་ཀྱི་གསོ་ཚུལ།
ནད་གཞི་གང་དག་ངོས་ཟིན་ཅིང་ངེས་པ་བརྙེད་པར་གྱུར་ཀྱང་གསོ་བཅོས་བྱེད་སྐབས་ནད་དེ་དང་སྡོངས་པའི་གྲོགས་ཀྱི་སྟོབས་ཤུགས་དེས་ཁ་བསླངས་ནས་གཉེན་པོའི་སྨན་དེ་དག་ནད་དེ་རང་གི་ཐོག་ཏུ་མི་འབབ་ཅིང་གསོ་བཅོས་ཀྱི་ལམ་དུ་གཞུག་པར་དཀའ་བ་རྣམས་རྟ་རྒོད་དཀྱུས་སུ་འཛུད་པ་ལྟར་བཅོས་དགོས་ཤིང་། དཔེར་ན་མ་སྨིན་པའི་ཚ་བའི་གཉེན་པོར་བསིལ་སྨན་བཏང་བ་ན་དེ་ཉིད་ཚ་བའི་སྡོངས་གྲོགས་བད་རླུང་གཉིས་ཀྱི་ཐོག་ཏུ་འབབ་སྟེ་དེ་གཉིས་ཀྱི་སྟོབས་འཕེལ་བར་འགྱུར་བ་དང་། སྡོང་གྲོགས་ཀྱི་སྟོབས་འཕེལ་བས་ན་དེས་ཚ་བ་ཉིད་ཀྱི་སྟོབས་ཀྱང་འཕེལ་བར་བྱེད་པ་ཡིན་ཅིང་། དེའི་ཕྱིར་ན་མ་སྨིན་པའི་ཚ་བའི་རིགས་ལ་ཐོག་མར་དེ་ཉིད་དང་སྡོངས་པའི་བད་རླུང་གི་གྲོགས་དེ་དག་མ་ནུ་བཞི་ཐང་ལྟ་བུ་བཏང་ནས་དབྱེ་ཞིང་སྨིན་པར་བྱས་རྗེས་གཞི་ནས་བསིལ་སྨན་རིགས་ཀྱིས་ཚ་བ་ཉིད་གསོད་དགོས་པ་དང་། དེ་བཞིན་ཁྲག་ནད་གཏར་དགོས་ཀྱི་རིགས་ནད་ཁྲག་དང་ཟུངས་ཁྲག་གཉིས་འོ་ཆུ་འདྲེས་པ་བཞིན་ཕན་ཚུན་དབྱེར་མེད་དུ་འདྲེས་པ་ན་དེར་འབྲས་བུ་གསུམ་གྱི་ཐང་བཏང་ཐོག་དེས་བཟང་ངན་གྱི་དབྱེ་བ་སོ་སོར་ཕྱེ་རྗེས་སུ་གཏར་དགོས་ཤིང་། དེ་ལྟར་དབྱེ་བ་མ་ཕྱེད་པར་གཏར་ཚེ་ནད་རོ་ལུས་ཤིང་ཟུངས་སྟོབས་ལ་ཡང་གནོད་པའི་ཕྱིར་རོ། །དེ་བཞིན་བད་ཀན་སྨུག་པོ་དང་། དུག་ཚད་ལྟ་བུ་ནད་བྱེར་བའི་རིགས་རྣམས་སྔ་སོར་ཐང་ཆེན་ཉེར་ལྔ་སོགས་སྡུད་སྨན་རིགས་བཏང་ནས་བསྡུས་པར་བྱས་རྗེས་དངོས་གཞིའི་གཉེན་པོས་གསོད་དགོས་ཏེ། ཅི་ཕྱིར་ཞེ་ན། མ་འདུས་པའི་གོང་དུ་དངོས་གཞིའི་གཉེན་པོ་བཏང་ཚེ་དེས་གསོད་མི་ནུས་པའི་ཁར་སླར་བྱེར་ཞིང་འགྲམ་པར་འགྱུར་བས་སོ། །གབ་ཚད་དེ་ཚད་ནད་གྲང་ནད་ཀྱི་འོག་ཏུ་མགོ་ཕུར་རམ་བཀབ་པའི་ནད་དེ་རིགས་སྔ་སོར་དྲོད་སྨན་རིགས་བཏང་ནས་གྲང་བ་བཤུས་རྗེས་གཞི་ནས་དངོས་གཞིའི་གཉེན་པོ་བསིལ་སྨན་རིགས་གཏོང་དགོས་ཏེ། ཅི་ཕྱིར་ཞེ་ན། གྲང་བས་མགོ་ཕུར་བའམ་བཀབ་པའི་རྐྱེན་གྱིས་ཚད་ནད་དེས་གཉེན་པོ་ལེན་པར་མི་འགྱུར་བའི་དོན་གྱིས་སོ། །མ་ཞུ་བའི་ནད་རིགས་ཀུན་ལ་སྔ་སོར་དེ་ཉིད་སྨིན་པ་དང་དྲོད་སྐྱེད་པར་བྱེད་པའི་སྨན་སྦྱོར་རིགས་བཏང་ཏེ་ནད་ཀྱི་རྩེ་བཅིལ་ཞིང་གཞོམ་པར་བྱས་ནས་ནད་རྩེ་ཞི་བའི་རྟགས་ཐོབ་པའི་རྗེས་སྟོད་སྨད་གང་དང་ཉེ་བའི་ལམ་ནས་བཤལ་སྐྱུགས་སོགས་ཀྱིས་སྦྱང་བར་བྱའོ། །བཤལ་གཏོང་བའི་སྔ་རོལ་དུ་སྔོན་འགྲོའི་སྐབས་སུ་བསྟན་པའི་སྨན་སྦྱོར་༼ཟྭ་ཚོད་ལྟ་བུ་༽རྣམས་བཏང་ནས་ནད་ཀུན་སློང་བར་བྱས་རྗེས་གཞི་ནས་དངོས་གཞིའི་སྦྱོང་སྨན་རྣམས་ཀྱིས་སྦྱང་བར་བྱ་དགོས་ཤིང་། ཅི་ཕྱིར་ཞེ་ན། ནད་མ་བསླང་པའམ་མ་ལྷོངས་པར་སྦྱོང་སྨན་བཏང་ཚེ་འཁྱག་ཐོག་ཏུ་ཆུ་འབེབས་པ་དང་འདྲ་བར་ནད་རོ་དག་པར་མི་འགྱུར་བའི་དོན་གྱིས་སོ། །དེ་བས་ན་ཇི་སྐད་བཤད་པའི་ནད་གཞི་ལམ་དུ་འཇུག་ཚུལ་གྱི་ཐབས་དེ་དག་ཀུན་ཤིན་ཏུ་གཅེས་པར་གདམས་པ་ཡིན་ནོ། །
སྐྱར་མོ་ཉ་ལེན་གྱི་གསོ་ཚུལ།
སྨན་པ་གཞན་དག་གིས་སྔར་གསོ་བཅོས་བགྱིས་རུང་བཅོས་སྐྱེད་མ་བྱུང་བའི་ནད་གང་ཡང་སྔ་སོར་དམན་ལྷག་ལོག་གསུམ་གྱི་སྐྱོན་གང་བྱུང་བ་དག་ལེགས་པར་བརྟག་པའི་རྗེས་བྱ་སྐྱར་མོས་ཉ་ལེན་པ་ལྟར་བཅོས་དགོས་ཤིང་། དེ་ཡང་སྔར་སྤྱད་པའི་གཉེན་པོའི་ནུས་སྟོབས་ཆུང་སྟེ་ནད་སྟོབས་མ་ཞི་བ་ཡིན་ཚེ་སྔར་གཉེན་པོའི་སྟོབས་བསྐྱེད་དེ་གཏོང་བ་དང་། ནད་དང་གཉེན་པོ་ལོག་པས་སླར་ནད་སྟོབས་སྐྱེས་པར་གྱུར་པ་ཡིན་ན་སྦྱོར་བ་བསྒྱུར་ནས་ནད་དེ་རང་གི་གཉེན་པོས་བཅོས་པ། གཉེན་པོ་ལྷག་པའམ་ཐལ་དྲགས་ནས་ནད་གཞན་སྐྱེས་པའམ་ལངས་པར་གྱུར་པ་ཡིན་ན་གང་ལངས་པ་དེ་ཉིད་མནན་པ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་པ་ཡིན་ནོ། །
མི་ཤ་འཕྲང་ཕྲད་ཀྱི་གསོ་ཚུལ།
ཚ་བ་རྒྱས་ཤིང་སྟོབས་ཆེ་བའི་ནད་ལ་ཆུ་བཞི་དབབ་དགོས་ཤིང་། དེ་ཡང་ག་བུར་གྱི་སྦྱོར་བའི་རིགས་ལྟ་བུ་སྨན་གྱི་ཆུ་དང་། རྩེ་ཆུང་གཏར་བ་ལྟ་བུ་དཔྱད་ཀྱི་ཆུ། ཁ་ཟས་མི་ཟ་བའམ་ཡེན་ལ་གཏད་པ་ལྟ་བུ་ཟས་ཀྱི་ཆུ། བསིལ་གྲིབ་ཆུ་འགྲམ་དུ་སྡོད་པ་ལྟ་བུ་སྤྱོད་ལམ་གྱི་ཆུ་བཅས་དེ་ལྟར་ཆུ་བཞིས་བཅོས་དགོས་པ་དང་། དེ་བཞིན་གྲང་བ་སྟོབས་ཆེན་གྱི་ནད་ལ་ཡང་མེ་བཞི་སྤོར་དགོས་ཤིང་། དེ་ཡང་དྲོད་སྨན་གྱི་ཁོངས་སུ་གཏོགས་པའི་སྨན་རྫས་ཡོད་དགུའམ་ཡོད་དོ་ཅོག་ཀུན་བསྡུས་ཤིང་སྦྱར་བ་ལྟ་བུ་སྨན་གྱི་མེ་དང་། ཕོ་གསང་དུ་མེ་བཙའ་འཇོག་པ་ལྟ་བུ་དཔྱད་ཀྱི་མེ། ཟས་སྐོམ་དྲོད་བཅུད་རིགས་བསྟེན་པ་ལྟ་བུ་ཟས་ཀྱི་མེ། གནས་གོས་དྲོ་པོའི་རིགས་བསྟེན་པ་ལྟ་བུ་སྤྱོད་ལམ་གྱི་མེ་བཅས་དེ་ལྟར་མེ་བཞིས་བཅོས་དགོས་ཤིང་། མདོར་ན་ནད་སྟོབས་ཆེན་གྱི་རིགས་གང་ཡང་མི་ཤ་འཕྲང་ཕྲད་ལྟར་ཟས་སྤྱོད་སྨན་དཔྱད་བཞི་ཀའི་དཔུང་བསྐྱེད་དེ་འཕྲལ་མ་ཉིད་དུ་བཅོས་པར་བྱ་དགོས་ཏེ། དེ་ལྟར་མ་བཅོས་ཚེ་ནད་སྟོབས་རྒྱས་ནས་སྲོག་ལའང་གཏོད་པར་བྱེད་པའི་ཕྱིར་རོ། །
སྐས་གདང་མས་འཛེག་གི་གསོ་ཚུལ།
ནད་གཞི་སྟོབས་ཆུང་རིགས་གང་ལ་ཡང་སྐས་གདང་མས་འཛེག་གི་རིམ་པ་ལྟར་བཅོས་དགོས་ཤིང་། དེ་ཡང་དང་པོ་སྤྱོད་ལམ་རིགས་གཟབ་པར་བརྟེན་ནས་བཅོས་ཐབས་བྱེད་པ་དང་། གལ་ཏེ་དེས་མ་ཞི་ན་གནོད་ཟས་སྤངས་ཤིང་ཕན་ཟས་བསྟེན་པར་བརྟེན་ནས་བཅོས་ཐབས་བྱེད་དགོས་པ། དེས་ཀྱང་མ་ཞི་ན་བསིལ་དྲོད་ཀྱི་སྨན་སྦྱོར་ལ་བརྟེན་ནས་བཅོས་ཐབས་བྱེད་དགོས་པ། དེ་དག་གསུམ་གས་ཀྱང་མ་ཞི་ན་འཇམ་རྩུབ་ཀྱི་དཔྱད་ལ་བརྟེན་ནས་ནད་ཀྱི་ཡུལ་ལས་ཕྱིར་དབྱུང་བར་བྱ་དགོས་པ་བཅས་ལས་ནད་སྟོབས་ཆེན་གྱི་རིགས་ལ་གཉེན་པོ་ཆུང་ངུའི་རིགས་བསྟེན་པ་དང་། ནད་སྟོབས་ཆུང་གི་རིགས་ལ་གཉེན་པོ་སྟོབས་ཆེན་གྱི་རིགས་བསྟེན་པའི་གསོ་ཚུལ་གང་དག་ནི་དམན་ལྷག་གི་ཉེས་སྐྱོན་དུ་འགྱུར་པའི་རྩ་བ་ཡིན་གཤིས་མི་རུང་བ་ཡིན་ནོ། །
དཔའ་བོས་དགྲ་འདུལ་གྱི་གསོ་ཚུལ།
རླུང་དང་མཁྲིས་པ་བད་ཀན་གསུམ་གྱིས་མཚོན་པའི་རྐྱང་པ་རང་རྒྱུད་པའི་ནད་གང་ཡང་དཔའ་བོས་དགྲ་འདུལ་བ་བཞིན་དུ་ནད་གང་ལངས་པ་དེ་ཉིད་ཁོ་ན་ཞི་ཞིང་འཇོམས་པར་བྱེད་པ་ལས་ནད་གཞན་ལངས་པར་མི་འགྱུར་བའི་སྨན་སྦྱོར་རིགས་ཀྱིས་བཅོས་དགོས་པ་ཡིན་གྱི། གལ་ཏེ་དེ་ལྟ་བུའི་གསོ་ཚུལ་དག་མ་ཤེས་ན་ལྡོག་པའི་རྒྱུ་བཅུ་གཉིས་སུ་འགྱུར་ཞིང་། ལྷག་པར་སྦྱོར་བ་ལོག་པར་གྱུར་པ་ན་དེས་ནད་རང་ཉིད་མ་ཞི་བའི་ཁར་སླར་ནད་གཞན་བསྐྱེད་པར་འགྱུར་བ་ཡིན་ཏེ་དཔེར་ན། རླུང་ནད་རྐྱང་པའི་རིགས་ལ་རོ་ཁ་བ་དང་ཚ་བ་ལས་གྱུར་པའི་ཟས་སྨན་རིགས་བསྟེན་ཚེ་དེས་རླུང་ཉིད་མ་ཞི་བའི་ཁར་རོ་ཁ་བ་དེའི་དབང་གིས་བད་ནད་དང་། ཚ་བ་དེའི་དབང་གིས་མཁྲིས་ནད་གཉིས་སོ་སོར་ལྡོག་པར་འགྱུར་བ་དང་། དེ་བཞིན་མཁྲིས་ནད་རྐྱང་པའི་རིགས་ལ་རོ་ལན་ཚ་བ་དང་། ཚ་བ་ལས་གྱུར་པའི་ཟས་སྨན་རིགས་བསྟེན་ཚེ་དེས་མཁྲིས་པ་ཉིད་མ་ཞི་བའི་ཁར་རོ་ལན་ཚ་བ་དེའི་དབང་གིས་བད་ནད་དང་། ཚ་བ་དེའི་དབང་གིས་རླུང་ནད་གཉིས་སོ་སོར་ལྡོག་པར་འགྱུར་བ། བད་ནད་རྐྱང་པའི་རིགས་ལ་རོ་ཁ་བ་དང་། ལན་ཚྭ་བ་ལས་གྱུར་པའི་ཟས་སྨན་རིགས་བསྟེན་ཚེ་དེས་བད་ཀན་ཉིད་མ་ཞི་བའི་ཁར། རོ་ཁ་བ་དེའི་དབང་གིས་རླུང་ནད་དང་། རོ་ལན་ཚྭ་བ་དེའི་དབང་གིས་མཁྲིས་ནད་གཉིས་སུ་སོ་སོར་ལྡོག་པ་ཇི་བཞིན་དུ་ཟས་སྨན་མི་འཕྲོད་པའི་རྐྱེན་དེ་རིགས་སྟོབས་ཆེ་བའི་སྐབས་སུ་དེས་འདུས་པའི་ནད་དུ་ལྡོག་པ་ཇི་བཞིན་དུ་ཟས་སྨན་མི་འཕྲོད་པའི་རྐྱེན་དེ་རིགས་སྟོབས་ཆེ་བའི་སྐབས་སུ་དེས་འདུས་པའི་ནད་དུ་ལྡོག་པར་འགྱུར་བའང་ཡོད་པ་བཅས་ཀྱི་ཕྱིར་དང་། དེ་བཞིན་འཕྲོད་པའི་གཉེན་པོ་ཡིན་ཡང་ཚོད་མ་ཟིན་པར་ལྷག་པར་འགྱུར་བའང་ཡོད་པ་བཅས་ཀྱི་ཕྱིར་དང་། དེ་བཞིན་འཕྲོད་པའི་གཉེན་པོ་ཡིན་ཡང་ཚོད་མ་ཟིན་པར་ལྷག་པར་གྱུར་པས་ཀྱང་ནད་དེ་ཞི་ནས་གཞན་སློང་བར་བྱེད་པ་ཡོད་དེ་དཔེར་ན། རོ་མངར་བ་དང་ལན་ཚ་བ་ལས་གྱུར་པའི་ཟས་སྨན་རིགས་ཀྱིས་རླུང་ནད་ཞི་བར་འགྱུར་ཀྱང་དེ་གཉིས་བསྟེན་དྲགས་ཏེ་ལྷག་པར་འགྱུར་ན་རོ་མངར་བའི་དབང་གིས་བད་ནད་དང་། རོ་ལན་ཚའི་དབང་གིས་མཁྲིས་ནད་གཉིས་སོ་སོར་སྐྱེད་པར་བྱེད་པ་དང་། རོ་ཚ་བ་དང་། སྐྱུར་བ་ལས་གྱུར་པའི་ཟས་སྨན་རིགས་ཀྱིས་བད་ཀན་ཞི་བར་གྱུར་ཀྱང་དེ་གཉིས་བསྟེན་དྲགས་ཏེ་ལྷག་པར་འགྱུར་ན་རོ་ཚ་བ་དེའི་དབང་གིས་རླུང་ནད་དང་། རོ་སྐྱུར་བ་དེའི་དབང་གིས་མཁྲིས་ནད་གཉིས་སོ་སོར་སྐྱེད་པར་བྱེད་པ། རོ་མངར་བ་དང་ཁ་བ་ལས་གྱུར་པའི་ཟས་སྨན་རིགས་ཀྱིས་མཁྲིས་ནད་ཞི་བར་འགྱུར་ཀྱང་དེ་གཉིས་བསྟེན་དྲགས་ཏེ་ལྷག་པར་འགྱུར་ན་རོ་མངར་བ་དེའི་དབང་གིས་བད་ནད་དང་། རོ་ཁ་བ་དེའི་དབང་གིས་རླུང་ནད་གཉིས་སོ་སོར་སྐྱེད་པར་བྱེད་པ་བཅས་ཀྱི་ཕྱིར་རོ། །
དམེ་ཤོར་འཁྲུག་འདུམ་གྱི་གསོ་ཚུལ།
རླུང་མཁྲིས་བད་ཀན་གསུམ་གྱིས་མཚོན་པའི་ནད་སྣེ་གཉིས་སམ་གསུམ་དུ་ལྡན་པའམ་འདུས་པའི་ནད་རིགས་གང་དག་ནི་ཡུལ་གྱི་གཙོ་བོས་དམེ་ཤོར་གྱི་འཁྲུག་པ་འདུམ་པ་ལྟར་ཕྱོགས་ལྷུང་མེད་ཅིང་ཆ་མཉམ་པའི་སྒོ་ནས་བཅོས་དགོས་ཤིང་། དེ་ཡང་ཨ་རུ་ར་དང་བྲག་ཞུན་གཉིས་ནི་རྣམ་པ་ཐམས་ཅད་དུ་འདུ་བ་རྣམས་སྤྱི་རུ་སྙོམས་པར་བྱེད་པའི་སྨན་གྱི་མཆོག་གཉིས་ཡིན་གཤིས། དེ་གཉིས་གཞིར་བྱས་པའི་སྟེང་དུ་གནས་དང་ནད་གཞི་མི་འདྲ་བར་གཞིགས་ནས་སོ་སོའི་ཁ་འཛིན་ནི་འདི་ལྟར་ཏེ། སྙིང་གི་ནད་ལ་ཛཱ་ཏི་དང་། གློ་བར་ཅུ་གང་། མཆིན་པར་གུར་གུམ། སྲོག་རྩར་ལི་ཤི། མཁལ་མར་སུག་སྨེལ། མཆེར་པར་ཀ་ཀོ་ལ་རྣམས་སོ་སོར་སྣོན་པ་དང་། དེ་བཞིན་ཕོ་བའི་ཁ་འཛིན་ནི་སེ་འབྲུ་དང་པི་པི་ལིང་གཉིས་དང་། མཁྲིས་པའི་ཁ་འཛིན་ནི་ཏིག་ཏ་དང་གསེར་གྱི་མེ་ཏོག་གཉིས་སོ་སོར་བསྣན་ལ། རླུང་ནད་ལ་ཛཱ་ཏི་དང་། སླེ་ཏྲེས། རུས་བཅུད་གསུམ་༼སྲེ་ལོང་། གཞུག་ཏོ། སོག་ཡུ།༽ བད་ཀན་གྱི་ནད་ལ་མ་ནུ་དང་། འུ་སུ། བསེ་ཡབ། ཁྲག་ནད་ལ་བ་ཤ་ཀ་དང་། ཧོང་ལེན། ཆུ་སེར་གྱི་ནད་ལ་སྤོས་དཀར་དང་། ཐལ་དཀར་རྡོ་རྗེ། སོ་མ་རཱ་ཛ། གཉན་ནམ་གདོན་ནད་ལ་གླ་རྩི་དང་། གུ་གུལ་ནག་པོ་ལྟ་བུ་བཅས་ཡིན་གཤིས། དེ་དག་རྣམས་གང་ལ་གང་དགོས་མིན་དེ་ནད་གཞི་སོ་སོའི་ནད་རྟགས་སམ་གནས་ཚུལ་དངོས་དང་སྦྱར་ནས་བསྣན་དགོས་ལ་ཇི་སྐད་བཤད་པའི་ནད་སྣ་ཐམས་ཅད་མཉམ་དུ་འདུས་ན་ཡང་དེ་དག་ཀུན་ལ་སོ་སོའི་ཁ་གནོན་བཏང་བར་བྱ་དགོས་ཏེ། དེས་ན་ལྡན་འདུས་ཀྱི་ནད་གང་ཡིན་ཡང་ཕན་ཚུན་སྟོབས་མཚུངས་པར་འདུག་ན་དེར་གཉེན་པོའི་ནུས་སྟོབས་ཀྱང་ཆ་མཉམ་པའི་སྒོ་ནས་བཅོས་དགོས་པ་དང་། སྟོབས་མི་མཚུངས་པར་གང་དག་ཅིག་ཤོས་ཆེ་ཞིང་གཅིག་ཤོས་ཆུང་བར་འདུག་ན་གཉེན་པོའང་ཚུལ་དེ་དང་བསྟུན་ནས་གཙོ་བོ་ནད་མགོ་གང་མཐོ་བ་དེ་ཉིད་མནན་ལ་ཡང་ན་ནད་སྟོབས་ཆེ་ཆུང་ལ་གཞིགས་ཏེ་སྔ་ཕྱིར་རེ་མོས་ཀྱི་སྒོ་ནས་སོ་སོར་བཅོས་པའམ་ཡང་ན་སྔ་དགོང་ལྟ་བུར་གཉེན་པོས་ལྟག་པ་སྤྲད་དེ་ནད་གཞི་དེ་དག་དུས་གཅིག་ཏུ་འཇོམས་པར་བྱེད་དགོས་པ་ཡིན་ཞིང་། དེ་ཡང་ཉིན་དགུང་དང་མཚན་དགུང་གི་དུས་སུ་མཁྲིས་པའི་ཚ་བ་བསད་པའི་ཕྱིར་བསིལ་སྨན་དང་བསིལ་ཟས་ཀྱི་རིགས་རྣམས་ཚད་པ་ལྡང་བའི་དུས་དེ་གཉིས་ཀྱི་སྐབས་སུ་བསྟེན་དགོས་པ་དང་། སྲོད་དང་སྔ་དྲོའི་དུས་སུ་ཕོ་བའི་མེ་དྲོད་གསོ་བའི་དྲོད་སྨན་དང་དྲོད་ཟས་ཀྱི་རིགས་བད་ཀན་ལྡང་བའི་དུས་དེ་གཉིས་ཀྱི་སྐབས་སུ་བསྟེན་ནས་གྲང་བའི་རང་བཞིན་གྱི་ནད་རིགས་རྣམས་གཞིལ་བར་བྱ་བ་ཡིན་ལ། དགོང་མོ་དང་ཐོ་རངས་ཀྱི་དུས་སུ་རླུང་ནད་ལ་རྔན་པ་སྦྱིན་པའི་དྲོད་བཅུད་ཀྱི་ནུས་པ་ལྡན་པའི་ཟས་སྨན་རིགས་རླུང་ནད་ལྡང་བའི་དུས་དེ་གཉིས་ཀྱི་སྐབས་སུ་བསྟེན་ནས་ཐོར་བུའི་རླུང་སྣ་བསླན་པ་བཅས་ཀྱི་ཐབས་ཚུལ་འཛིན་དགོས་པ་ཡིན་གྱི་གལ་ཏེ་དེ་ལྟར་མི་ལྡན་པས་ཉེས་པ་གསུམ་པོ་གང་རུང་ཞིག་ལྷག་པར་གྱུར་ན་དེ་ཉིད་གཞན་གཉིས་པོའི་དགྲར་ལྡང་སྟེ། དཔེར་ན་ཕ་སྤུན་བར་མགོ་མཐོ་དམའ་ཞུགས་ཚེ་མཉམ་གནས་མི་ཐུབ་པར་དགྲ་གཤེད་དུ་འགྱུར་འགྲོ་བ་ལྟ་བུ་དང་། ཉེས་པ་གསུམ་པོ་གང་རུང་ཞིག་ཆད་པར་གྱུར་ན་ཡང་དེ་ཉིད་ཀྱིས་གཞན་གཉིས་པོའི་རམ་འདེགས་མི་ཐུབ་སྟབས་སྐྱོང་དགོས་པའི་མོ་ངན་ལྟར་འགྱུར་འགྲོ་བ་བཅས་ཡིན་ཞིང་། དེས་ན་འདུ་བ་གང་ལ་ཡང་ལྷག་ཆད་མེད་ཅིང་མགོ་མཉམ་པའི་སྒོ་ནས་གསོ་དགོས་ལ། གཞན་ཡང་ལུས་ཟུངས་རྣམས་ནི་གནས་སྐབས་གང་དུ་ཡང་བཟོ་སྐྲུན་གྱི་གཞི་རྩའི་རྒྱུ་ཆ་དང་འདྲ་བས་ན་སྨན་དཔྱད་ཟས་སྤྱོད་རིགས་ཀྱིས་ཆུད་མི་གསན་པ་ཅི་ནས་ཀྱང་གལ་ཆེ་ལ། དེ་བཞིན་ཕོ་བ་ཡང་ལུས་ཟུངས་ཀྱི་ལོ་ཏོག་རྣམས་འབྱུང་བའི་ཞིང་ས་དང་འདྲ་བ་ཡིན་གཤིས་དུས་རྟག་ཏུ་དེའི་མེ་དྲོད་དམ་འཇུ་བྱེད་ཀྱི་ནུས་པ་སྲུང་བ་དང་གསོ་རྒྱུར་དོ་སྣང་བྱེད་དགོས་པ་བཅས་ཇི་སྐད་བསྟན་པའི་གསོ་ཚུལ་བྱེ་བྲག་པ་རྣམས་དེ་ལྟར་ཤེས་ཤིང་། གང་ལ་དེ་འཚམ་གྱི་སྒོ་ནས་སྤྱད་པར་བྱ་བ་གང་དག་ནི་འགྲོ་བ་ནད་པའི་སྲོག་འཚོ་བར་བྱེད་པའི་སྨན་པ་ཞེས་པའི་གྲས་སུ་འགྱུར་བ་ཡིན་ནོ། །
མཛོ་ཁལ་ལུག་ཁལ་གྱི་གསོ་ཚུལ།
མདོར་ན་ནད་པ་གང་དག་ལ་ལུས་ཟུངས་དྲི་མ་དང་བཅས་པའི་གནོད་བྱ་རྣམས་དང་། ངད་ཅན་གྲང་བ་སོགས་གནས་པའི་ཡུལ། དབྱར་དགུན་སོགས་ནམ་དུས། རླུང་ལས་གྱུར་པ་སོགས་ལུས་ཁམས་ཀྱི་རང་བཞིན། རྒས་པོ་སོགས་ན་ཚོད། རླུང་ནད་སོགས་ནད་གཞིའི་ཁམས། སྙིང་ཁམས་སོགས་བབས་སའི་གནས། འཇུ་སྟོབས་སོགས་ཕོ་བའི་མེ་དྲོད། ལུས་ཁམས་ཀྱི་ཉམས་སྟོབས། ཟས་སྤྱོད་ཀྱི་གོམས་འདྲིས་བཅས་ཆོས་བཅུ་པོའི་ཐད་ནས་དཔྱད་བསྡུར་གོ་བསྟུན་གྱིས་ནད་རྟགས་ཕྲ་མོ་ཡན་ཆད་བར་ཞིབ་ཏུ་བརྟག་པས་དེ་དག་ཐམས་ཅད་ཀུན་མཚུངས་པར་གྱུར་པའི་ནད་གང་དག་ནི་སྟོབས་དང་ལྡན་པ་ཞིག་ཡིན་གཤིས་དེར་གཉེན་པོའི་སྟོབས་ཀྱང་ནོན་ངེས་རིགས་ཀྱིས་བཅོས་དགོས་པ་དང་། གལ་ཏེ་དེ་རྣམས་འགའ་ཞིག་མཚུངས་ལ་འགའ་ཞིག་གི་མཚུངས་པ་ཡིན་ཚེ་དེ་ནི་ནད་སྟོབས་ཆེ་ཆུང་མི་མཚུངས་པ་ཡིན་ཅིང་། དེས་ན་ཆོས་བཅུ་པོའི་བསྡུར་ཚད་ཆེ་ཆུང་ལ་གཞིགས་ཏེ་ནད་སྟོབས་གཏན་འཁེལ་གྱིས་གཉེན་པོའི་སྟོབས་ཀྱང་དེ་དང་མཚུངས་པར་བསྟེན་ནས་བཅོས་པ་གལ་ཆེ་ཞིང་། དེ་ནི་མཛོ་ཁལ་མཛོ་དང། ལུག་ཁལ་ལུག་ལ་འགེལ་བ་ལྟར་གྱི་གསོ་ཚུལ་སྤྱད་དེ་དམན་ལྷག་ལོག་པའི་ཉེས་པ་མི་འབྱུང་བའི་ཐབས་དམ་པ་ཡིན་གཤིས་ཀུན་ནས་ཀྱང་གཅེས་པར་གདམས་པ་ཡིན་ནོ། །
གང་གིས་གསོ་བའི་ཐབས།
ནད་གང་ཡང་གཉེན་པོ་གང་དག་གིས་གསོ་བའི་ཚེ་ན་གསོ་བའི་ཐབས་ཚུལ་མི་འདྲ་བ་མང་དག་ཅིག་ཡོད་མོད་དུ་ཟིན་ཀྱང་དེ་དག་མདོར་ཧྲིལ་གྱིས་བསྒྲིལ་ན་ནད་དང་ཟུངས་གཉིས་ཐུན་མོང་གི་སྒོ་ནས་གསོ་བ་དང་། བྱེ་བྲག་ནད་རིགས་སོ་སོ་ཁྱད་པར་གྱི་སྒོ་ནས་གསོ་བ་སྟེ་རྣམ་པ་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ནོ། །
ཐུན་མོང་གསོ་བ།
ནད་ཟུངས་ཐུན་མོང་དུ་གསོ་བའི་ཐབས་དེས་གསོ་བར་བྱ་བའི་ཡུལ་ནི་ཉམས་ཚག་ཅིང་སྦོམ་པ་དང་། ཉམ་ཆུང་ཞིང་རིད་པ་གཉིས་སུ་ངེས་པའི་ཕྱིར་གསོ་ཐབས་ཀྱང་སྟོབས་སྐྱེད་པའི་ཕྱིར་བརྟ་བར་བྱ་བ་དང་། ཉམས་དམད་པའི་ཕྱིར་སྨྱུང་བར་བྱ་བའི་ཐབས་རྣམ་པ་གཉིས་སུ་ངེས་པ་ཡིན་ནོ། །
བརྟ་བར་བྱ་བ།
སྟོབས་སྐྱེད་ཅིང་བརྟ་བར་བྱ་བའི་ཐབས་དེར་ཡང་བརྟ་བར་བྱ་བའི་ཡུལ་དང་། གང་གིས་བརྟ་བ། བརྟས་པའི་ཕན་ཡོན། བརྟས་པ་ཐལ་དྲགས་པའི་སྐྱོན། དེའི་བཅོས་ཐབས་བཅས་རྣམ་པ་ལྔ་ཡི་སྒོ་ནས་ངེས་དགོས་ཤིང་། དེ་ཡང་དང་པོ་སྟོབས་སྐྱེད་ཅིང་བརྟ་བར་བྱེད་དགོས་པའི་ཡུལ་ནི། རླུང་ནད་ཀྱི་ཁམས་ཤས་ཆེ་ཞིང་ལུས་ཟུངས་ཟད་པ་དང་། ཁྱིམ་གསར་ལྟ་བུ་ཆགས་པས་དུབ་པ། བུད་མེད་སྦྲུམ་བཙས་ཀྱི་རྗེས། ལུས་ཁམས་ནས་ཁྲག་མང་དུ་ཟགས་པ། གློ་རྡོལ་ལམ་གཅོང་ནད་ཅན། རྒས་ཤིང་འཁོག་པ། གཉིད་ཡུན་དུ་ཡེར་ཞིང་མེད་པ། མྱ་ངན་གྱིས་ཡུན་དུ་ནོན་པ། དཀའ་ཐུབ་དང་རྩོལ་བ་སོགས་ཀྱིས་དུབ་པ་བཅས་ཀྱི་རིགས་དང་། དེ་མིན་སོས་ཀའི་དུས་བཅས་ཕལ་ཆེ་བ་བརྟ་བར་བྱ་བའི་ཐབས་ལ་བརྟེན་ནས་གསོ་དགོས་པའི་ཡུལ་ཡིན་ནོ། །
གཉིས་པ་ཐབས་གང་གིས་བརྟ་བར་བྱ་དགོས་སམ་ཞེ་ན། ཟས་སྤྱོད་སྨན་དཔྱད་བཞི་གའི་ཐོག་ནས་བརྟ་བར་བྱ་དགོས་ཤིང་། དེ་ཡང་ཟས་ནི་ལུག་ཤ་དང་། བུ་རམ། ཀ་ར། མར། འོ་མ། ཞོ། ཆང་སོགས་ཟས་སྐོམ་བཅུད་ཆེན་པོའི་རིགས་ཀྱིས་བརྟ་བ་དང་། སྨན་སྦྱོར་ནི་ནད་ཁམས་དང་གང་འཕྲོད་པའི་སྨན་མར་རིགས་སམ་ཡང་ན་འབའ་སམ་སྨན་མར་ལྟ་བུ་བསྟེན་པ། དཔྱད་དུ་ནི་འཇམ་རྩི་དང་། ཁྲུས། བསྐུ་མཉེ་བཅས་བྱ་བ། སྤྱོད་ལམ་ནི་གཉིད་ལོག་པ་དང་། དལ་པོར་འདུག་པ། སེམས་དགའ་ཞིང་བག་ཕེབས་པ་བཅས་ཀྱིས་བརྟ་བར་བྱ་བ་ཡིན་ནོ།།
གསུམ་པ་བརྟས་པའི་ཕན་ཡོན་ཏེ། ཇི་སྐད་བསྟན་པའི་བརྟ་བའི་ཆོ་ག་དེ་རྣམས་ཀྱིས་ལུས་ཁམས་ཀྱི་སྟོབས་རབ་ཏུ་འཕེལ་ཞིང་རླུང་སོགས་ལས་གྱུར་པའི་ནད་ཀུན་ཟིལ་གྱིས་གནོན་པར་ནུས་པ་ཡིན་ཏེ། དཔེར་ན་མི་ཁ་ཉེན་ནམ་གཉོད་ཆུང་ནུས་མེད་དག་རེ་ཞིག་གཞན་གྱིས་བསྙད་པའི་ཡུལ་དུ་གྱུར་ཀྱང་ནམ་ཞིག་སྟོབས་ལྡན་མགོན་སྐྱབས་ལྟ་བུའི་གཉེན་གྲོགས་དང་ཕྲད་པའི་ཚེ་དེས་དགྲ་ལས་ཡོངས་སུ་རྒྱལ་བའི་སྐབས་རྙེད་པ་ཇི་བཞིན་དུ་ལུས་ཟུངས་ཞན་པའི་གནས་སྐབས་ལས་སྒྲོལ་ཏེ་སྟོབས་དང་ལྡན་པར་གྱུར་ན་དེས་ནད་རིགས་དག་ལས་རྒྱལ་ནུས་པའི་ཕྱིར་རོ། །
བཞི་པ་བརྟས་དྲགས་པའི་སྐྱོན་ཏེ། བརྟ་བའི་ཆོ་ག་རྣམས་ཐལ་དྲགས་ཚེ་དེས་ཧ་ཅང་འཚོ་ཆེས་པའི་ནད་དང་། དེ་མིན་ཁོང་འབྲས་དང་། རྨེན་བུའི་ནད། ཤེས་པ་རྨོངས་ཤིང་ལུས་ཁམས་ལྕི་བའི་བག་ཅན་དུ་འགྱུར་བ། གཅིན་སྙིའི་ནད། ལུད་པ་དང་བད་ཀན་འཕེལ་བའི་ནད་བཅས་འབྱུང་བའི་ཉེས་པ་དང་ལྡན་པ་ཡིན་ནོ། །
ལྔ་པ་དྲགས་སྐྱོན་བཅོས་ཐབས་ཏེ། འཚོ་ཆེས་པ་སོགས་ཐལ་དྲགས་པའི་སྐྱོན་རྣམས་བཅོས་པ་ལ་ནུས་པ་རྩུབ་ཅིང་བད་ཚིལ་ཟད་པར་བྱེད་པའི་ཟས་སྨན་རིགས་བསྟེན་དགོས་ཤིང་། དེ་ཡང་ཁྲེ་རྒོད་དང་། མོན་སྲན། སྲན་ཆུང་། དར་བ་གསར་རྙིང་། ཞོ་ཁའི་ཆུ་སོགས་ཟས་སྐོམ་རིགས་དང་། གུ་གུལ་དཀར་ནག་དང་། བྲག་ཞུན། སྐྱེར་པའི་ཁཎྜ་བཅས་སྦྲང་རྩི་དང་སྦྱར་ནས་བསྟེན་པས་འཚོ་ཆེས་པའི་ནད་ཀུན་སེལ་བར་བྱེད་པ་དང་། ཡང་ན་འབྲས་བུ་གསུམ་དང་སྦྲང་རྩི་སྦྱར་བའམ་བཅའ་སྒ་དང་། ཡ་བཀྵ་ར། བྱི་ཏང་ག སྐྱུ་རུ་ར། ནས་ཀྱི་ཕྱེ་བཅས་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་ཀྱང་འཚོ་ཆེས་པའི་ནད་གང་དག་སེལ་ནུས་པ་ཡིན་ནོ། །དེས་ན་འཚོ་ཆེས་པ་ལས་ཅུང་སྐེམ་ཞིང་ཤེད་ཆེ་བ་དེ་བཟང་བ་ཡོད་པས་ན་བརྟ་བའི་ཆོ་ག་རྣམས་ཚོད་ཟིན་ཅིང་ཚད་དང་མཐུན་པ་ཞིག་ཡོང་བ་བྱེད་རྒྱུ་ནི་ཆེས་གལ་ཆེ་ཞིང་གཅེས་པར་གདམས་པར་ཡིན་ནོ། །
སྨྱུང་བར་བྱ་བ།
ཉམས་དམས་ཤིང་སྨྱུང་བར་བྱ་བའི་ཐབས་དེ་ཡང་དམས་པར་བྱ་བའི་ཡུལ་དང་། གང་གིས་དམས་པའི་ཐབས། དམས་པའི་ཕན་ཡོན། དམས་དྲགས་པའི་སྐྱོན། དེའི་བཅོས་ཐབས་བཅས་རྣམ་པ་ལྔའི་སྒོ་ནས་ངེས་པ་ཡིན་ཅིང་། དེ་ཡང་དང་པོ་དམས་པར་བྱ་བའི་ཡུལ་ནི། ཟས་སྐོམ་འཇུ་མི་ནུས་པ་དང་། སྣུམ་བག་ཡུན་དུ་ཟོས་པ། རླུང་ནད་བརླ་རེངས་ཀྱིས་བཏབ་པ། དེ་བཞིན་རིམས་ཀྱི་ནད་དང་། གཅིན་སྙིའི་ནད། ཁོང་འབྲས། དྲེག་དང་གྲུམ་བུའི་ནད། མཆེར་པའི་ནད། ལྐོག་མའི་ནད། ཀླད་ནད། སྙིང་ནད། ཚད་པས་འཁྲུ་བ། སྐྱུགས་པའི་ནད། ལུས་ཁམས་ལྕི་བ། ཟས་ཀྱི་དང་ག་མི་བདེ་བ། བཤང་གཅིན་འགག་པ། ལུས་ཁམས་འཚོ་ཆེས་པ། ཆུ་སེར་དང་བད་མཁྲིས་རྒྱས་པའི་ནད་བཅས་དང་ལྡན་པར་ལུས་སྟོབས་དང་ལྡན་ཞིང་ན་ཚོད་ཀྱང་དར་ལ་བབ་པ། དགུན་གྱི་དུས་བཅས་སུ་སྨྱུང་བའི་སྒོ་ནས་ཉམས་དམས་ཤིང་བཅོས་པར་བྱ་བའི་ཡུལ་དུས་ཡིན་ནོ། །
གཉིས་པ་གང་གིས་དམས་པའི་ཐབས་ཀྱི་སྨན་སྦྱོར་ལ་ཡང་ཞི་བ་དང་སྦྱང་བའི་ཐབས་གཉིས་སུ་ཡོད་པའི་དང་པོ་ཉེས་པ་མ་སྙོམས་པ་རྣམས་སྙོམས་ཤིང་ཞི་བར་བྱེད་པའི་སྦྱོར་བས་ཟས་དང་། སྨན། སྤྱོད་ལམ། དཔྱད་བཅས་ཀྱི་སྒོ་ནས་བཅོས་དགོས་ཤིང་། དེ་ཡང་ཇི་སྐད་བཤད་པའི་ཉམས་དམས་ཤིང་སྨྱུང་བར་རུང་བའི་ཡུལ་དེ་དག་གི་ནང་ནས་སྐྱེ་བོ་ཉམས་སྟོབས་ཅུང་ཆུང་བའི་གྲས་གང་དག་གིས་ཇི་ལྟར་འོས་པའི་བར་ཟས་སྐོམ་མི་ཟ་བར་བཀྲེས་ཞིང་སྐོམ་པའི་ངང་ལ་གནས་དགོས་ཤིང་། དེ་ལྟར་བཀྲེས་སྐོམ་གྱི་འོག་ཏུ་མི་བཟོད་པའི་ཚེ་ན་ཡང་ནུས་པ་ཡང་ཞིང་འཇུ་སླ་བའི་ཟས་སྐོམ་ཅུང་ཟད་རེ་ཙམ་ལས་བསྟེན་པར་མི་བྱ་བ་དང་། ཉམས་སྟོབས་འབྲིང་བའི་རིགས་གང་དག་གིས་མ་ཞུ་བ་བལྟ་བུ་ཡིན་ན་རྒྱམ་ཚ་བཞི་ཐང་དང་། སེ་འབྲུ་བཞི་ལྔའི་ཕྱེ་མ་སོགས་དྲོད་སྐྱེད་པའི་སྦྱོར་བའི་རིགས་དང་། རིམས་ནད་ལྟ་བུ་ཡིན་ན་མ་ནུ་བཞི་ཐང་སོགས་སྨིན་པར་བྱེད་པའི་སྦྱོར་བའི་རིགས་གང་ཡིན་པ་རྣམས་བསྟེན་པར་བྱ་ལ། ཉམས་སྟོབས་དང་ལྡན་པའི་རིགས་གང་དག་གིས་ཉིན་མཚན་གང་འོས་སུ་རྩོལ་བས་བཅག་པ་དང་། རྔུལ་དབྱུང་བ། མེ་བཙའ་འཇོག་པ། དུགས་དང་ལུམས་རྒྱག་པ། གཏར་ག་བྱེད་པ་སོགས་ཀྱི་སྤྱོད་ལམ་དང་དཔྱད་ཀྱི་རིགས་བསྟེན་པ་བཅས་ཡིན་ནོ། །གཉིས་པ་སྦྱང་བ་ཞེས་པ་ནི་ནད་སློང་ཞིང་ཕྱིར་འབྱིན་པར་བྱེད་པའི་སྦྱོར་བ་ཞིག་ཡིན་ཏེ། དེ་ཡང་སྦྱོར་བ་དེ་དག་གིས་ནད་གང་ཞིག་མ་ཞུ་བའི་གནས་ཕོ་བ་ལྟ་བུར་གནས་པ་ན་སྐྱུགས་ཀྱི་སྦྱོར་བས་སྦྱང་བར་བྱ་བ་དང་། ཞུ་བའི་གནས་རྒྱུ་ལོང་ལྟ་བུར་གནས་ན་ནི་རུ་ཧ་ཡིས་དྲངས་པ། ལུས་ཁམས་སམ་དོན་སྣོད་སྤྱི་ལ་གནས་ན་བཤལ་དང་རྩ་སྦྱོངས་ཀྱི་སྦྱོར་བས་སྦྱང་བར་བྱ་བ་བཅས་ཡིན་ནོ། །
གསུམ་པ་དམས་པའི་ཡོན་ཏན་ཏེ། དེ་ལྟར་ཞི་སྦྱོང་གི་ཆོ་ག་རྣམས་ཀྱིས་ཇི་བཞིན་ཉམས་དམས་པ་ན། དེས་མིག་ལ་སོགས་པའི་དབང་པོ་རྣམས་གསལ་ཞིང་ལུས་ཁམས་ཡང་བ་དང་། ཟས་སྐོམ་གྱི་ཡི་ག་བདེ་བ། བྱ་བྱེད་གང་ལ་ཡང་ཤུགས་སྐྱེད་ཅིང་བརྩོན་ནུས་པ། བཀྲེས་སྐོམ་དུས་སུ་འབྱུང་བ། བཤང་གཅིན་རླུང་སོགས་བདེ་བར་རྒྱུ་ཐུབ་པ་བཅས་འབྱུང་བ་ཡིན་ནོ། །
བཞི་པ་སྨྱུང་ཞིང་དམས་དྲགས་པའི་སྐྱོན་ཏེ། དམས་པའི་ཆོ་ག་རྣམས་ཚད་དང་མི་ལྡན་པར་ཐལ་དྲགས་ཏེ་ལྷག་པར་འགྱུར་ན་དེས་ལུས་ཟུངས་འཛད་དེ་ཉམས་སྟོབས་ཡོངས་སུ་ཤོར་བ་དང་། མགོ་བོ་འཁོར་བ། གཉིད་མེད་ཅིང་ཡེར་བ། བཀྲག་མདངས་ཤོར་བ། སྐད་གདངས་དང་དབང་པོའི་ཚོར་ཤུགས་ཉམས་པ། ཁ་ཡང་ཡང་སྐོམ་ཞིང་ཟས་ཀྱི་དང་ག་འགག་པ། དེ་བཞིན་བྱིན་པ་དང་། བརླ་རྐང་། གཞུག་ཏོ། རྩིབ་ལོགས། སྙིང་ག ཀླད་པ་བཅས་ན་ཞིང་གཟེར་བ། ད་དུང་ནད་འགོག་གི་ནུས་སྟོབས་ཉམས་པ། རིམས་ནད་རིགས་ཀྱིས་འདེབས་སླ་བ། སྐྱུགས་མེར་ལངས་ནས་སྐྱུག་པར་འདོད་པ། རླུང་ནད་རིགས་སྐྱེད་པར་བྱེད་པ་བཅས་ཀྱི་ཉེས་པ་དག་བྱུང་བ་ཡིན་ནོ། །
ལྔ་པ་དྲགས་སྐྱོན་བཅོས་པའི་ཐབས་ཏེ། དེ་ཡང་ཉམས་དམས་དྲགས་པའི་སྐྱོན་དེ་རྣམས་ལ་གོང་དུ་བཤད་པ་ལྟར་བརྟས་པར་བྱེད་པའི་ཆོ་ག་ཐམས་ཅད་ཀྱིས་ཕན་པ་ཡིན་ཞིང་། ཁྱད་པར་དུ་སྲམ་སོགས་ཤ་ཟའི་སྲོག་ཆགས་རིགས་ཀྱི་ཤ་ཟ་བ་དང་། འཇམ་རྩི་གཏོང་བ། ཟས་འགྲངས་པར་ཟོས་ཏེ་གཉིད་ཚིམ་པར་ལོག་པ་བཅས་བྱས་ན་ཕག་པ་དང་འདྲ་བར་ལུས་ཁམས་ཤིན་ཏུ་རྒྱས་པར་འགྱུར་བ་ཡིན་ལ། ལྷག་པར་ལུས་ཁམས་རྒྱས་ཤིང་འཚོ་བར་བྱེད་པར་ཤ་དང་འདྲ་བའི་ནུས་སྟོབས་ནི་ཟས་རིགས་གཞན་གང་ལ་ཡང་མེད་པས་ན་དེ་ཉིད་གཅིག་པོས་ཀྱང་ཆོག་པ་ཡིན་ནོ། །
མདོར་ན་ཇི་སྐད་བཤད་པའི་བརྟ་བར་བྱ་བའི་ཡུལ་གང་ཡིན་པ་དེ་རྣམས་ལ་ཉམས་དམས་པར་བྱ་བའི་ཆོ་ག་རྣམས་བསྟེན་མི་རུང་ཞིང་། གལ་ཏེ་དེར་སྦྱང་དགོས་པའི་ནད་གང་དག་བྱུང་ན་ཡང་སྦྱོར་བ་འཇམ་པོའི་རིགས་ཀྱིས་སྦྱང་བར་བྱ་ལ། དེ་བཞིན་ཉམས་དམས་པར་བྱ་བའི་ཡུལ་གང་ཡིན་པ་དེ་རྣམས་ལ་ཡང་བརྟས་པར་བྱེད་པའི་ཆོ་ག་རྣམས་སྤང་དགོས་པ་ཡིན་གྱི། གཞན་ཡང་ཉེས་གསུམ་ལྡན་འདུས་ཀྱི་ངོས་ནས་མཚོན་ན་རླུང་འཕེལ་ཞིང་བད་མཁྲིས་ལྟ་བུ་ནད་གཞི་གཞན་གང་ཡང་ཟད་པར་གྱུར་པ་ལ་བརྟ་བའི་ཐབས་ལ་བརྟེན་ནས་གསོ་དགོས་པ་དང་། རླུང་ཟད་ཅིང་བད་མཁྲིས་འཕེལ་བར་གྱུར་བ་ལ་སྨྱུང་ཞིང་དམད་པའི་སྒོ་ནས་བཅོས་དགོས་ལ། དེ་མིན་རླུང་དང་རུས་པ་གཉིས་ཕུད་༼རླུང་འཕེལ་བ་དང་རུས་པ་ཟད་པ་གཉིས་བཅོས་ཐབས་གཅིག་པ་དང་། རླུང་ཟད་དང་རུས་པ་འཕེལ་བ་གཉིས་བཅོས་ཐབས་གཅིག་པས་སོ།༽གཞན་རྟེན་གནོད་བྱ་དང་། བརྟེན་པ་གནོད་བྱེད་གཉིས་འཕེལ་ཟད་ཀྱི་བཅོས་ཐབས་གཅིག་པས་འཐུས་པ་ཡིན་གྱི་དཔེར་ན། རྟེན་དྭངས་མ་དང་བརྟེན་པ་བད་ཀན་འཕེལ་བ་གཉིས་བཅོས་ཐབས་གཅིག་པ་དང་། རྟེན་ཁྲག་དང་བརྟེན་པ་མཁྲིས་པ་གཉིས་བཅོས་ཐབས་གཅིག་པས་འཐུས་པ། དེ་བཞིན་རྟེན་དྭངས་མ་དང་བརྟེན་པ་བད་ཀན་ཟད་པ་གཉིས་བཅོས་ཐབས་གཅིག་པས་འཐུས་པ་ལྟར་གཞན་རྣམས་ལ་ཡང་དེ་ལྟར་རིགས་འགྲེ་སྟེ་ཤེས་པར་བྱེད་པ་ནི་ཆེས་གལ་ཆེ་ཞིང་གཅེས་པར་གདམས་པ་བཅས་ཡིན་ནོ། །
བྱེ་བྲག་ཁྱད་པར་དུ་གསོ་བ།
བྱེ་བྲག་ཁྱད་པར་དུ་གསོ་བ་ཞེས་པ་དེ་ནི་ནད་རིགས་བྱེ་བྲག་པ་གང་ཡང་ཁྱད་པར་སོ་སོར་གསོ་བར་བྱ་བའི་ཐབས་བསྟན་པ་ཞིག་ཡིན་གྱི། དེར་ཡང་གཙོ་བོ་ཉེས་པ་རླུང་དང་། མཁྲིས་པ། བད་ཀན་བཅས་གསུམ་པོ་སོ་སོར་བཅོས་པར་བྱ་བའི་ཐབས་བསྟན་པ་ཡིན་ནོ། །
རླུང་ནད་གསོ་བའི་ཐབས།
ཐོག་མར་ནད་ཚ་གྲང་གཉིས་ཀའི་ཟུང་དུ་འཇུག་ནུས་པའི་རླུང་ནད་གསོ་བའི་ཐབས་དེར་ཟས་དང་། སྤྱོད་ལམ། སྨན། དཔྱད་བཅས་རྣམ་པ་བཞི་ཡི་སྒོ་ནས་ངེས་ཤིང་། དེ་ཡང་ཟས་སྐོམ་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། རླུང་ནད་གང་དག་ལ་ཏིལ་དཀར་ནག་གི་མར་རམ་སྣུམ་ཉིད་མཆོག་ཡིན་ལ། དེ་བཞིན་བུ་རམ་དང་། ཆང་། མར་རྙིང་། ལུག་ཤ་ཡིབ་ཅན། འཕྱི་བ་དང་། རྟ། བོང་བུ་བཅས་ཀྱི་ཤ། སྒོག་སྐྱ་དང་བཙོང་སོགས་མདོར་ན་ནུས་པ་ལྕི་ཞིང་སྣུམ་པ་དང་འཇམ་ལ་དྲོ་བའི་རིགས་བསྟེན་པར་བརྟེན་ནས་བཅོས་པར་བྱ་བ་དང་། སྤྱོད་ལམ་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། མུན་པའི་ཁུང་ངམ་དཀར་འོད་ཆུང་ཞིང་དྲོད་དང་ལྡན་པའི་གནས་སུ་སྡོད་པ་དང་། ཡིད་དུ་འོང་བའི་གྲོགས་ཀྱི་རིགས་བསྟེན་པ། བརྗོད་ཚིག་སྙན་པོའི་རིགས་ཉན་པ། གཉིད་ལོག་ལ། མལ་གོས་དྲོ་པོ་གྱོན་པ་བཅས་ལ་བརྟེན་ནས་བཅོས་དགོས་པ། སྨན་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། རུས་བཅུད་གསུམ། (སྲེ་ལོང་། གཞུག་ཏོ སོག་ཡུ་)སྐོལ་བའི་ཁུ་བ་དང་། ལུག་མགོ་རྙིང་པའི་མགོ་ཁྲོལ་གྱི་སྦྱོར་བ། (ལུག་མགོ་རྙིང་པའི་བསྡུས་ཁུར་ཤིང་ཀུན་དང་། སྒ། རྒྱམ་ཚྭ་བཅས་ཀྱི་ཁ་ཚར་བཏབ་པ་)བཅུད་བཞིའི་བསྡུས་ཐང་། (ཤ་མར་བུར་རྙིང་བཅས་ཆང་དུ་བསྡུས་པ་)ཤིང་ཀུན་གསུམ་(སྒ་དང་རྒྱམ་ཚ་)ཐང་བཅས་གཏོང་བ་དང་། ཕྱེ་མ་ནི་ཛཱ་ཏི་དང་། ཤིང་ཀུན་གཉིས་གཙོ་བོར་བྱས་པའི་ཅུར་ནིས་རིགས་བསྟེན་པ། དེ་བཞིན་དཀར་འདོན། (འབྲི་མར་གྱི་ཞུས་ཁུ་དང་རྩམ་པ་བསྲེས་ཐོག་དེར་སྒ་དང་རྒྱམ་ཚའི་ཁ་ཚར་བཏབ་སྟེ་འབྲིའི་འོ་མར་བཙོས་པ་)དང་། ཤ་འདོན། (ལུག་ཤའི་ཚོས་ཁུར་གོང་གི་ཕྱེ་སྒ་ཚ་གསུམ་སྦྱར་)སྒོག་འདོན། (དེ་ལྟར་སྒོག་སྐྱའི་བསྡུས་ཁུར་སྦྱར་བ་)སྐྱུར་འདོན། (དེ་ལྟར་ཆང་གི་གླུམ་ཉེའི་ཁུ་བར་སྦྱར་བ།)གཞན་ཡང་ཛཱ་ཏིའམ་སྒོག་སྐྱ། བཙན་དུག་གམ་འབྲས་གསུམ། ཡང་ན་རྩ་བ་ལྔ་བཅས་གང་རུང་གི་སྨན་མར་རིགས་སྦྱར་ཏེ་བསྟེན་པ་བཅས་མདོར་ན་རོ་མངར་སྐྱུར་ལན་ཚ་དང་། ནུས་པ་སྣུམ་ཞིང་དྲོད་དང་ལྡན་པའི་སྨན་རྫས་རིགས་ཀྱིས་བཅོས་པར་བྱ་བ་དང་། ཁྱད་པར་དུ་མར་རྙིང་ལྟ་བུ་དྲོད་བཅུད་རིགས་ཀྱི་འཇམ་རྩི་བཏང་བས་མཆོག་ཏུ་བསྔགས་པ་ཡིན་ནོ། །དཔྱད་ཀྱི་སྒོ་ནས་བཅོས་པའི་ཐབས་ཏེ། ལོ་འཁོར་བའི་མར་རྙིང་པས་བསྐུ་མཉེ་བྱ་བ་དང་། གོ་སྙོད་སྣུམ་ལྡན་ལྟ་བུས་གཟེར་སའི་གནས་སམ་རླུང་གསང་རྣམས་སུ་དུགས་རྒྱག་པ། སྤྱི་གཙུག་དང་། ཨན་སྟོང་། བྲང་གཞུང་དཀར་ནག་མཚམས་སོགས་རླུང་གསང་རྣམས་མེ་བཙས་གནོན་པ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་སོ། །
མཁྲིས་ནད་གསོ་བའི་ཐབས།
མཁྲིས་ནད་གསོ་བའི་ཐབས་དེར་ཟས་དང་། སྤྱོད་ལམ། སྨན། དཔྱད་བཅས་རྣམ་པ་བཞི་ཡི་སྒོ་ནས་ངེས་ཤིང་། དེ་ཡང་ཟས་སྐོམ་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། མཁྲིས་པ་ཚ་བའི་ནད་རིགས་ལ་བའམ་ར་ལས་བྱུང་བའི་ཕྱུངས་མ་ཐག་པའི་མར་གསར་པ་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ལ། དེ་བཞིན་བ་ལང་དང་རི་དྭགས་ཀྱི་ཤ་གསར་པ། གངས་དང་རྫ་ལས་བྱུང་བའི་ཆུ་བསིལ། ཇ་སྐོལ། བ་དང་ར་ལས་བྱུང་བའི་ཞོ་དར། སྐྱབས་དང་ཁུར་མང་གི་ཚོད་མ། ཆག་ཚེའི་(ཚ་སྡོར་མེད་པའི་ནས་སྔོན་ཆག་ཚེའི་ཐུག་པ་སླ་མོ་)ཕྱེ་ཐུག་སོགས་མདོར་ན་ནུས་པ་བསིལ་བའི་རིགས་བསྟེན་པར་བརྟེན་ནས་བཅོས་པ་དང་། སྤྱོད་ལམ་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། རླུང་བསེར་བུས་སྦུད་པའི་ས་དང་། ལྗོན་ཤིང་རིགས་ཀྱི་བསིལ་གྲིབ་ཡོད་ས། ནེའུ་གསིང་ལྟ་བུ་བསྟེན་པའམ་ཡང་ན་ཆུ་འགྲམ་ལྟ་བུ་བསིལ་སའི་གནས་སུ་མ་འཁྲུགས་པར་དལ་བར་འདུག་པ་དང་། ལུས་ཁམས་ལ་ག་བུར་དང་ཙན་དན་དཀར་པོ་སོགས་དྲི་བཟང་ཞིང་ནུས་པ་བསིལ་ལ་ཡིད་དུ་འོང་བའི་རིགས་བྱུག་པ་བཅས་ལ་བརྟེན་ནས་བཅོས་པར་བྱའོ། །སྨན་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། བོང་དཀར་དང་ཧོང་ལེན་ལྟ་བུ་བསིལ་བའི་སྔོ་སྨན་རིགས་དང་། ཏིག་ཏ་དང་ཤ་ཀ་ལྟ་བུ་བསིལ་བའི་ཐང་སྨན་གྱི་རིགས། ག་བུར་དང་ཙན་དན་ལྟ་བུ་བསིལ་བའི་ལ་སྨན་ནམ་རྩི་སྨན་གྱི་རིགས་བཅས་སྦྱར་བའམ་ཡང་ན་དེ་རྣམས་ཐུན་མོང་དུ་སྦྱར་བ་དང་། རྩི་སྨན་གྱི་སྦྱོར་བ་དེར་ཡང་ཚ་སྟོབས་ཆེ་ན་ག་བུར་དང་། འབྲིང་ན་ཙན་དན་དཀར་པོ། ཆུང་ན་གི་ཝང་རྣམས་སོ་སོ་གཙོ་བོར་སྦྱར་དགོས་པ་བཅས་མདོར་ན་རོ་མངར་ཁ་བསྐ་ཞིང་ནུས་པ་བསིལ་བའི་སྨན་རྫས་རིགས་ཀྱིས་བཅོས་དགོས་པ་དང་། ཁྱད་པར་དུ་དོང་ག་དང་ཁྲོན་བུ་སོགས་རོ་མངར་བའི་བཤལ་སྨན་རིགས་ཀྱིས་སྦྱང་བར་བྱེད་པ་ནི་མཆོག་ཏུ་བསྔགས་པ་ཡིན་ནོ། །དཔྱད་ཀྱི་སྒོ་ནས་བཅོས་པའི་ཐབས་ཏེ། གོས་ཀྱིས་བྱིབས་པ་སོགས་ལ་བརྟེན་ནས་རྔུལ་དབྱུང་བ་དང་། ལུས་ཁམས་སམ་གཟེར་སར་ཆུ་བསིལ་བྲན་པ་སོགས་ཆུ་ཡི་འཕྲུལ་འཁོར་བསྐོར་བ། ནད་གང་དུ་རྒྱས་པ་དེའི་ཁྲག་རྩ་གཏར་བ། ཆུ་རྡོ་དང་ཐོང་ལྕགས་སོགས་གྲང་མོའི་རིགས་ཀྱིས་གཟེར་སར་བསིལ་དུགས་རྒྱག་པ་བཅས་ལ་བརྟེན་ནས་བཅོས་དགོས་པ་བཅས་ཡིན་ནོ། །
བད་ནད་གསོ་བའི་ཐབས།
བད་ནད་གསོ་བའི་ཐབས་དེར་ཡང་ཟས་དང་། སྤྱོད་ལམ། སྨན། དཔྱད་བཅས་རྣམ་པ་བཞི་ཡི་སྒོ་ནས་ངེས་ཤིང་། དེ་ཡང་ཟས་སྐོམ་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། བད་ནད་གང་དག་ལ་སྦྲང་རྩི་དཀར་པོ་ཉིད་མཆོག་ཏུ་བསྔགས་པ་ཡིན་ལ། དེ་བཞིན་ཉ་ཤ་དང་། ལུག་ཤ། གཡག་རྒོད་དམ་འབྲོང་ཤ། གཡི་དང་། བྱ་རྒོད་ཀྱི་ཤ། སྐམ་སའི་འབྲུའམ་ནས་རྙིང་གི་ཟན་དྲོན། ཆང་ཞིམ་ནར་སོན། ཆུ་སྐོལ། སྒ་ཆུ་(སྒ་བཏབ་པའི་ཆུ་སྐོལ)སོགས་མདོར་ན་ནུས་པ་ཡང་ཞིང་རྩུབ་པ་དང་། དྲོ་ལ་ཆུང་(རྒྱག་དྲགས་མི་རུང་བའི་དོན་)བའི་རིགས་བསྟེན་པར་བརྟེན་ནས་བཅོས་དགོས་པ་དང་། སྤྱོད་ལམ་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། མེ་དང་ཉི་མར་བསྲོ་བ། གོས་དྲོ་བར་གྱོན་པ། སྐམ་སའི་གནས་རྣམས་སུ་རྩོལ་བས་བཅག་པ། ཉིན་གཉིད་མི་ལོག་པ་བཅས་ལ་བརྟེན་ནས་བཅོས་དགོས་སོ། །སྨན་གྱི་སྒོ་ནས་བཅོས་པའི་ཐབས་ཏེ། རྒྱམ་ཚྭ་དང་། ན་ལེ་ཤམ་ལྟ་བུ་རོ་ལན་ཚྭ་ཞིང་ཚ་བའི་རིགས་ཀྱི་བསྡུས་ཐང་གཏོང་བ་དང་། ཕྱེ་མ་ལ་སེ་འབྲུ་དང་། དྭ་ལིས། ཅོང་ཞི་འཕྲུལ་ཐལ་སོགས་ཐལ་སྨན་གྱི་རིགས་བཅས་གཙོ་བོ་བྱས་ནས་སྦྱར་བའི་སྨན་སྦྱོར་སོགས་མདོར་ན་རོ་ཚ་ཞིང་སྐྱུར་བར་ནུས་པ་ཡང་ལ་རྩུབ་ཅིང་རྣོ་བ་དང་ལྡན་པའི་སྨན་རྫས་རིགས་བསྟེན་པར་བརྟེན་ནས་བཅོས་དགོས་པ་དང་། ཁྱད་པར་དུ་ནུས་པ་རྣོ་ལ་རྩུབ་པའི་སྐྱུགས་སྨན་དག་མཆོག་ཏུ་བསྔགས་པ་ཡིན་ནོ། །དཔྱད་ཀྱི་སྒོ་ནས་བཅོས་ཐབས་ཏེ། ལན་ཚྭ་དང་། བོང་བ་མེར་བསྲོས་པ་དང་། གཡི་སྦྱང་གི་པགས་སྤུ་ལྟ་བུས་ལུས་ཁམས་སམ་གཟེར་སར་དུགས་རྒྱག་པ་དང་། གཞན་ཡང་ནད་སྟོབས་ཤིན་ཏུ་རྒྱས་པའི་རིགས་ལ་གསང་རྣམས་སུ་མེ་བཙའ་འཇོག་པ་དང་། ཚ་ཐུར་གཏོང་བ་བཅས་ལ་བརྟེན་ནས་བཅོས་དགོས་པ་ཡིན་ནོ། །
ཇི་སྐད་བཤད་པའི་གསོ་ཐབས་དེ་རྣམས་མདོར་ཧྲིལ་གྱིས་དྲིལ་ཏེ་བཤད་ན། རླུང་གི་ནད་གང་དག་འཇམ་རྩི་དང་། ནུས་པ་སྣུམ་ཞིང་བཅུད་དང་ལྡན་པའི་ཟས་སྨན་རིགས་ཀྱིས་བཅོས་དགོས་པ་དང་། མཁྲིས་པའི་ནད་གང་དག་བཤལ་དང་། ནུས་པ་བསིལ་བའི་ཟས་སྨན་རིགས་ཀྱིས་བཅོས་དགོས་པ། བད་ཀན་གྱི་ནད་གང་དག་སྐྱུགས་དང་། ནུས་པ་དྲོ་ཞིང་ཡང་རྩུབ་དང་ལྡན་པའི་ཟས་སྨན་རིགས་ཀྱིས་བཅོས་དགོས་པ། རླུང་མཁྲིས་གཉིས་ལྡན་གྱི་ནད་གང་དག་ནུས་པ་བསིལ་ཞིང་བཅུད་དང་ལྡན་པའི་ཟས་སྨན་རིགས་བསྟེན་པ། བད་མཁྲིས་གཉིས་ལྡན་གྱི་ནད་གང་དག་ནུས་པ་བསིལ་ལ་ཡང་བའི་ཟས་སྨན་རིགས་ཀྱིས་བཅོས་པ། བད་རླུང་གཉིས་ལྡན་གྱི་ནད་གང་དག་ནུས་པ་དྲོ་ལ་བཅུད་དང་ལྡན་པའི་ཟས་སྨན་རིགས་ཀྱིས་བཅོས་པ། རླུང་མཁྲིས་བད་ཀན་གསུམ་ག་འདུས་པའི་ནད་གང་དག་ནུས་པ་བསིལ་ལ་བཅུད་ཅིང་ཡང་བ་དང་ལྡན་པའི་ཟས་སྨན་རིགས་ཀྱིས་བཅོས་པ་བཅས་ཡིན་ལ། དེ་དག་ཀྱང་མདོར་བསྡུས་ན་ཚ་བ་ལ་འགྱུར་པའི་ནད་རིགས་ཐམས་ཅད་ནུས་པ་བསིལ་བའི་རིགས་ཀྱིས་བཅོས་པ་དང་། གྲང་བ་ལས་གྱུར་པའི་ནད་རིགས་ཐམས་ཅད་བད་ཀན་ལྟར་ནུས་པ་དྲོ་བའི་རིགས་ཀྱིས་བཅོས་པ། རླུང་ནད་ནི་ནད་ཚ་གྲང་གང་དང་འབྲེལ་ཡང་དེའི་གཉེན་པོའི་སྟེང་ནུས་པ་སྣུམ་ཞིང་དྲོ་བ་དང་ལྡན་པའི་ཟས་སྨན་རིགས་ཀྱིས་བཅོས་དགོས་པ་བཅས་དེ་ལྟར་གསོ་ཐབས་ཀྱི་ལག་ལེན་རྣམས་ཇི་ལྟ་བ་བཞིན་ཁོང་དུ་ཆུད་ཅིང་ཉམས་སུ་བླང་བར་བྱའོ།།

གསོ་ཐབས་དགུ་བཅུ་རྩ་བརྒྱད་ཀྱིས་ནད་གཞི་བཅོས་ཚུལ་བསྟན་པ།
ཉི་མ་དང་བ་མོའི་ཚུལ་དུ་གནས་པ་གསོ་བྱེད་ཐབས་ཀྱི་གཉེན་པོ་ལ་རྣམ་པ་བཞི་ནི་ཟས་དང་། སྤྱོད་ལམ། སྨན། དཔྱད་བཅས་བཞི་ཡོད་པ་ལས། ཟས་ཀྱི་གཉེན་པོ་ནི། རླུང་ཟས་དང་། རླུང་སྐོམ། མཁྲིས་ཟས་དང་། མཁྲིས་སྐོམ། བད་ཀན་ཟས་དང་། བད་ཀན་སྐོམ་བཅས་དྲུག་དང་། དེ་ཡང་རླུང་ནད་ཅན་གྱི་ཟས་སྐོམ་གཉིས་ལས་རླུང་ཟས་ཀྱི་གཉེན་པོ་བཅུ་དང་། རླུང་སྐོམ་གྱི་གཉེན་པོ་བཞི་སྟེ་བསྡོམས་གཉེན་པོ་བཅུ་བཞི་དང་། མཁྲིས་སྐོམ་གྱི་གཉེན་པོ་ལྔ་སྟེ་བསྡོམས་བཅུ་གཉིས། བད་ཀན་ནད་ཅན་གྱི་ཟས་སྐོམ་གཉིས་ལས་ཟས་ཀྱི་གཉེན་པོ་དྲུག་དང་། བད་ཀན་སྐོམ་གྱི་གཉེན་པོ་གསུམ་བསྡོམས་གཉེན་པོ་དགུའོ། །རླུང་མཁྲིས་བད་ཀན་གསུམ་གྱི་ཟས་སྐོམ་བསྡོམས་པས་ཟས་ཀྱི་གཉེན་པོ་བསྡོམས་སུམ་ཅུ་སོ་ལྔ་ཡོད་པའོ།།
རླུང་གི་སྤྱོད་ལམ་དང་། མཁྲིས་པའི་སྤྱོད་ལམ། བད་ཀན་གསུམ་ལས་རླུང་སྤྱོད་ལམ་གྱི་གཉེན་པོ་གཉིས་དང་། མཁྲིས་པའི་སྤྱོད་ལམ་གྱི་གཉེན་པོ་གཉིས་བད་ཀན་སྤྱོད་ལམ་གྱི་གཉེན་པོ་གཉིས། བཅས་བསྡོམས་གཉེན་པོ་དྲུག་ཡོད་པའོ།།
རོ་ནུས་ཀྱི་སྦྱོར་བ་དྲུག ཞི་བྱེད་ཀྱི་སྦྱོར་བ་དྲུག སྦྱོང་བྱེད་ཀྱི་སྦྱོར་བ་གསུམ་བཅས་བཅོ་ལྔ་ཡོད་པ་ལས། སྨན་གྱི་རོ་ནུས་ཀྱི་སྦྱོར་བ་ལ། རླུང་སྨན་རོ་དང་། རླུང་སྨན་ནུས་པ། མཁྲིས་སྨན་རོ་དང་། མཁྲིས་སྨན་ནུས་པ། བད་ཀན་སྨན་གྱི་རོ་དང་། བད་ཀན་སྨན་གྱི་ནུས་པ་དྲུག་རླུང་སྨན་གྱི་རོ་ལའང་གཉེན་པོ་གསུམ་དང་། རླུང་སྨན་ནུས་པ་ལའང་གཉེན་པོ་གསུམ་བཅས་རོ་ནུས་ཀྱི་སྦྱོར་བ་དྲུག
མཁྲིས་སྨན་གྱི་རོའི་གཉེན་པོ་གསུམ་དང་། མཁྲིས་སྨན་གྱི་ནུས་པའི་གཉེན་པོ་རོ་ནུས་སྦྱོར་བ་དྲུག
བད་ཀན་སྨན་གྱི་རོའི་གཉེན་པོ་གསུམ་དང་། བད་ཀན་སྨན་གྱི་ནུས་པའི་གཉེན་པོ་གསུམ་བཅས་རོ་ནུས་སྦྱོར་བ་དྲུག་ལ་རླུང་མཁྲིས་བད་ཀན་གསུམ་རེ་རེར་གསུམ་རེ་སྟེ་བསྡོམས་གཉེན་པོ་བཅོ་བརྒྱད་ཡོད་དོ།།
ཞི་བྱེད་ཀྱི་སྦྱོར་བ་དྲུག་ལས། རླུང་སེལ་བ་ཞི་བྱེད་ཁུ་བ་དང་། རླུང་ཞི་བྱེད་སྨན་མར། །མཁྲིས་པ་ཞི་བྱེད་ཐང་། མཁྲིས་པ་ཞི་བྱེད་ཅུར་ནིས། བད་ཀན་ཞི་བྱེད་རིལ་བུ། བད་ཀན་ཞི་བྱེད་ཏྲེས་སམ་བཅས་དྲུག་ལས་རླུང་སེལ་བ་ཞི་བྱེད་ཁུ་བའི་གཉེན་པོ་གསུམ་དང་རླུང་སེལ་བ་ཞི་བྱེད་སྨན་མར་གཉེན་པོ་ལྔ་བཅས་ཞི་བྱེད་རླུང་སེལ་བའི་གཉེན་པོ་བརྒྱད། མཁྲིས་པ་སེལ་བ་ཐང་གཉེན་པོ་བཞི་དང་། མཁྲིས་པ་ཞི་བྱེད་ཕྱེ་མའམ་ཅུར་ནིས་ཀྱི་གཉེན་པོ་བཞི་བཅས་མཁྲིས་པ་སེལ་བའི་གཉེན་པོ་བརྒྱད། བད་ཀན་ཞི་བྱེད་རིལ་བུའི་གཉེན་པོ་གཉིས་དང་། བད་ཀན་ཞི་བྱེད་ཏྲེས་སམ་གྱི་གཉེན་པོ་ལྔ་བཅས་བད་ཀན་སེལ་བའི་ཞི་བྱེད་ཀྱི་གཉེན་པོ་བདུན་བཅས་ཞི་བྱེད་ཀྱི་སྦྱོར་བ་ལ་བསྡོམས་གཉེན་པོ་ཉེར་གསུམ་ཡོད་པའོ། །སྦྱོང་བྱེད་ཀྱི་སྦྱོར་བ་གསུམ་ལས་སྐྱེས་པ་ནི། རླུང་གི་ནད་འཇམ་རྩི་དང་། མཁྲིས་པའི་ནད་ལ་བཤལ། བད་ཀན་ནད་ལ་སྐྱུགས་བཅས་གསུམ་ཡོད་པ་ལས་རླུང་སྦྱོང་བྱེད་འཇམ་རྩིའི་གཉེན་པོ་གསུམ་དང་མཁྲིས་པ་སྦྱོང་བྱེད་བཤལ་གྱི་གཉེན་པོ་བཞི་བད་ཀན་སྦྱོང་བྱེད་སྐྱུགས་ཀྱི་གཉེན་པོ་གཉིས་བཅས་བསྡོམས་སྦྱོང་བྱེད་ཀྱི་གཉེན་པོ་དགུའོ།།
རླུང་ནད་དཔྱད་དང་། མཁྲིས་ནད་དཔྱད། བད་ཀན་ནད་དཔྱད་གསུམ་ལས། རླུང་ནད་དཔྱད་ཀྱི་གཉེན་པོ་གཉིས་དང་མཁྲིས་པའི་ནད་དཔྱད་ཀྱི་གཉེན་པོ་གསུམ། བད་ཀན་ནད་དཔྱད་ཀྱི་གཉེན་པོ་གཉིས་བཅས་དཔྱད་ཀྱི་གཉེན་པོ་བདུན་ཡོད། དེ་དག་ཡོངས་སུ་དྲིལ་བས་གསོ་ཐབས་ཀྱི་གཉེན་པོ་དགུ་བཅུ་རྩ་བརྒྱད་པོ་འདི་ཉིད་སྨན་པས་ཟས་སྨན་སོགས་ཡེངས་པ་མེད་པར་གཞུང་བཞིན་སྦྱར་ཏེ། ནད་པས་གུས་པར་བཏུད་ནས་སྨན་པའི་ངག་ལྟར་བརྩོན་པ་དང་བཅས་པས་ཚུལ་བཞིན་དུ་བསྟེན་པར་བྱས་ན། ནད་ཀྱི་རིགས་མཐའ་དག་གི་འདམ་ལས་མྱུར་དུ་གྲོལ་བར་འགྱུར་བར་གདོན་མི་ཟའོ།། །།

མཐའ་མའི་འདོན་ཐེངས་།: 25.11.2013 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།