སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

གསུང་འཕྲིན་ཁག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>


གོང་ས་མཆོག་གི་གསུང་འཕྲིན། 

༄༅། །རྒྱལ་མཆོག་བཀའ་དྲིན་ཟླ་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བླ་ན་མེད་པའི་ཐུགས་དགོངས་རྨད་དུ་བྱུང་བ་ལས། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཡོད་མུས་ཐོག  རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་ལྷ་ས་སྨན་རྩིས་ཁང་གསར་འཛུགས་མཛད་དེ་སློབ་དཔོན་དུ་འབྲས་སྤུངས་ཀྱི་སྨན་སྦྱིན་པ་མཁས་དབང་མཁྱེན་རབ་ནོར་བུ་བསྐོ་གཞག་མཛད་པ་ལྟར་སྨན་སློབ་སེར་སྐྱ་དབྱེ་བ་མེད་པར་བོད་སྨན་དང་། སྐར་རྩིས། སྙན་སུམ། སྒྲ་རིག་པ་སོགས་སློབ་སྦྱོང་སྤྲད་དེ་དེ་ནས་ཐོན་པའི་སྨན་པ་དབུས་གཙང་ཁུལ་ཙམ་མིན་པར་མདོ་སྟོད་སྨད་དང་། འབྲས་ལྗོངས། ལ་དྭགས་ཁུལ་བཅས་ལ་ཁྱབ་སྟེ་འགྲོ་ཕན་རྒྱ་ཆེ་བྱུང་དང་འབྱུང་བཞིན་ཡོད།


ད་ལམ་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༠ འཁོར་བའི་དུས་དྲན་ལ་འདི་གའི་བོད་ཀྱི་སྨན་རྩིས་ཁང་ནས་དུས་དྲན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་ཆབས་ཅིག་ལོ་བརྒྱ་འཁོར་བའི་དུས་ཚིགས་ལ་དྲན་ཐོ་བརྙན་དེབ་ཅིག་ཀྱང་རྩོམ་སྒྲིག་བགྱིས་པར་ལེགས་སོ་བཀྲ་ཤིས་བདེ་ལེགས་དང་། འབྲེལ་ཡོད་འདས་གསོན་ཀུན་ལ་སྐྱབས་སྨོན་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། རབ་བྱུང་བཅུ་བདུན་པའི་ཤིང་ལུག་ཟླ་༡༢ ཚེས་༡༠ ཕྱི་ལོ་༢༠༡༦ ཟླ་༡ ཚེས་༡༩ ལ།། 

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན། 

༄༅། །འདི་ལོ་ནི་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་མཛད་ནས་ད་བར་ལོ་ ༣༢༠ འཁོར་བ་དང་། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ནས་ལོ་ ༡༠༠ འཁོར་བ། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཕགས་ཡུལ་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ ༥༥ འཁོར་བ་བཅས་ཀྱི་དུས་ཚིགས་གསུམ་འཛོམས་ཤིག་ཆགས་ཀྱི་ཡོད་པས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་བསྐྱངས་པའི་ཉིན་མོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་དྲན་མཛད་སྒོ་ཟབ་རྒྱས་གནང་སྟེ། དེ་ནས་བཟུང་ལོ་འཁོར་མོ་གཅིག་རིང་རྒྱ་གར་ནང་དང། ཕྱིའི་ཡུལ་གྲུ་ཁག་ཏུ་འགྲེམས་སྟོན་དང་། གསོ་བ་རིག་པ་དང་སྐར་རྩིས་རིག་པའི་ཐོག་གཏམ་བཤད་དང་བགྲོ་གླེང་། ཐོན་སྐྱེད་ཚོང་སྒྱུར་སོགས་ཀྱི་ལས་འཆར་སྤེལ་རྒྱུ་བཅས་ཡིན་འདུག་པར་བོད་ཀྱི་སྨན་རྩིས་ཁང་གི་དབུ་ལས་སློབ་ཕྲུག་དང་བཅས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཛའ་བརྩེས་དྲངས་པའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

  

བོད་ཀྱི་སྨན་རྩིས་ཁང་འདི་ཡང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཉམ་ཐག་པའི་སྐྱེ་འགྲོར་ལྷག་པར་བྱམས་གཟིགས་བསྐྱངས་པའི་བཀའ་དྲིན་དང་། དེའི་ཐོག་དབུ་འཛིན་རིམ་པ་དང་། སྨན་པ་རྣམ་པ། ལས་བྱེད་རིམ་པ། སློབ་ཕྲག་བཅས་པས་ངལ་བ་བརྒྱ་ཕྲག་ལྷུར་བཞེས་གནང་བའི་འབྲས་བུར་སྨན་དང་རྩིས་ཀྱི་བསྟན་པའི་ཆ་ལག་དང་བཅས་པ་མི་ཉམས་གོང་འཕེལ་རྒྱུན་འཛིན་དང་། སྨན་རྩིས་མཐོ་སློབ་ནས་སྨན་པ་ཚད་ལྡན་གྱི་ན་གཞོན་བརྒྱ་ཕྲག་མང་པོ་རིམ་ཐོན་གྱིས་དེང་སྐབས་སྨན་རྩིས་ཁང་དབུས་དང་། བོད་མི་འདུས་སྡོད་ས་གནས་ཕལ་མོ་ཆེར་ཡན་ལག་སྨན་ཁང་སོ་སོར་ཞབས་འདེགས་ཞུས་དང་ཞུ་མུས་དང་། ད་དུང་འཛམ་གླིང་ས་ཕྱོགས་གང་སར་ནད་ཀྱིས་མནར་བའི་སྐྱེ་འགྲོ་གྲངས་ལས་འདས་པར་ལག་ལེན་དངོས་ཀྱི་ཐོག་ནས་ཕན་ནུས་སྒྲུབ་ཐུབ་པ། དགོས་ངེས་རིགས་ལ་སྨན་སྦྱིན་ཆ་ཚང་དང་ཆག་ཡང་གི་སྒོ་ནས་ཕན་ཐོགས་རྒྱ་ཆེ་གནང་དང་གནང་བཞིན་པ། དེ་བཞིན་སྐར་དཔྱད་རྩིས་རིག་སྡེ་ཚན་ནས་ཀྱང་ལོ་ཐོ་རྒྱས་བསྡུས་དང་། ཚེ་རྩིས་དང་ཀེག་རྩིས་སོགས་སྤྱི་སྒེར་གང་སར་རྩིས་འབྲས་གང་མང་བཏོན་དང་འདོན་བཞིན་པ། སྲུང་འཁོར་སྣ་ཚོགས་སོགས་ཀྱིས་སྐྱེ་འགྲོའི་ཕན་བདེ་བསྒྲུབས་དང་སྒྲུབ་བཞིན་པ། 


ལྷག་པར་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་དང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རང་རྐྱ་འཕེར་བའི་སྡེ་ཚན་གལ་ཆེ་ཞིག་ཆགས་ཡོད། 


མདོར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། བོད་ཀྱི་གནའ་བོའི་སྨན་གྱི་ལག་ལེན་དང་། སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས། བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོང་ཐབས་བྱ་རྒྱུ་སོགས་གསལ་བ་བོད་ཀྱི་སྨན་རྩིས་ཁང་ནས་ལག་ལེན་དངོས་སུ་བསྟར་བཞིན་པ་བསྔགས་འོས་སུ་ཡོད་པ་ལྟར་ད་དུང་མུ་མཐུད་ཤུགས་བསྐྱེད་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དགོངས་དོན་རྣམས་ལའང་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། མ་འོངས་པར་ཡང་བོད་ཀྱི་སྨན་རྩིས་ཁང་གི་ལས་དོན་མཐའ་དག་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་༥ ལ།། 

 

སྲིད་སྐྱོང་མཆོག་གི་གསུང་འཕྲིན།

༄༅། །ལོ་འདིའི་ནང་བོད་ཀྱི་སྨན་རྩིས་ཁང་ནས་དུས་དྲན་གསུམ་འཛོམས་སྲུང་བརྩི་ཞུ་རྒྱུའི་ཕྱག་བྲིས་གནང་སོན་བྱུང་བར་ཧ་ཅང་ཡིད་སྤྲོ་ཆེ། དེ་ཡང་ཕྱི་ལོ་ ༡༦༩༦ ལོར་ྋརྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་པ་དང་། ཕྱི་ལོ་ ༡༩༡༦ ལོར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་པ། བཙན་བྱོལ་དུ་འབྱོར་རྗེས་ ༡༩༦༡ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཕགས་ཡུལ་རྡ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་པ་བཅས་ཁྱོན་ལོ་གྲངས་ ༤༨༡ སོང་ཡོད་ཅིང་། ལྷག་པར་བཙན་བྱོལ་དུ་དབུས་སྨན་རྩིས་ཁང་གི་གཙོས་ཡན་ལག་སྨན་རྩིས་ཁང་ཁག་ནས་མི་རིགས་དང་། དབུལ་ཕྱུག མཆོག་དམན་སོགས་ཀྱི་དབྱེ་བ་མེད་པར་ནད་པ་གྲངས་ལས་འདས་པར་ནད་བཅོས་ཀྱིས་ཕན་རླབས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། དེང་སྨན་རྩིས་ཁང་ནས་བཟོ་སྐྲུན་བགྱིད་པའི་བོད་སྨན་ལ་རྒྱལ་སྤྱིའི་ནང་ཆེ་མཐོང་ཇེ་ཆེར་འགྲོ་བཞིན་ཡོད། ད་ལན་གོ་སྐབས་བཟུང་སྟེ་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་འབད་བརྩོན་ཆེན་པོས་གྲུབ་འབྲས་བཟང་པོ་བྱུང་བ་ལ་ལེགས་གསོའི་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་ལོ་འཁོར་ནང་དུས་དྲན་གསུམ་འཛོམས་སྲུང་བརྩི་ཞུ་རྒྱུའི་ལས་རིམ་འཆར་འགོད་གནང་བ་རྣམས་དོན་འབྲས་སོན་པའི་སྨོན་ལམ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ནས། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ལ།།


དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་འཕྲིན།

༄༅། །བཞུགས་སྒར་རྡ་ས་བོད་ཀྱི་སྨན་རྩིས་ཁང་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ནས་ལོ་ ༡༠༠ འཁོར་བ་དང་། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ ༥༥ འཁོར་བ་དང་། རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ལོ་ ༣༢༠ འཁོར་བའི་དུས་དྲན་གསུམ་འཛོམས་སྲུང་བརྩི་གནང་ཆེད་བོད་ཀྱི་སྨན་རྩིས་ཁང་ནས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༣ ནས་འགོ་འཛུགས་ཀྱིས་རྒྱ་གར་དང་། བལ་ཡུལ་ནང་བོད་མིའི་འདུས་སྡོད་ཁག་དང་། གྲོང་ཁྱེར། ཕྱི་རྒྱལ་ཡུལ་གྲུ་གང་སར་སྨན་རྩིས་སྐོར་བསྐྱོད་དང་། འགྲེམས་སྟོན། གཏམ་བཤད་སོགས་ལས་རིམ་སྣ་ཚོགས་ཤིག་སྤེལ་འཆར་ལ་འཚམས་འདྲི་ཞུ་རྒྱུ་དང་།


བོད་ཀྱི་སྨན་རྩིས་ཁང་ཐོག་མར་གསར་འཛུགས་བསྐྱངས་སྐབས་མགོན་པོ་གང་ཉིད་ནས་ད་ལྟའི་སྨན་རྩིས་ཁང་གཞི་རྒྱ་ཆུང་བས་དཔལ་འབྱོར་དང་མིའི་ནུས་ཤུགས་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ངེས་ཀྱང་འབྱུང་འགྱུར་མི་ལོ་སུམ་ཅུའམ་བཞི་བཅུ་ནང་བོད་སྨན་རང་གིས་ཁ་གྲག་གི་རེད་ཅེས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་རྒྱུད་འཛིན་མི་ཉམས་གོང་འཕེལ་ཐོག སྐྱེ་འགྲོ་སྤྱི་དང་། བྲེ་བྲག་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་ཞབས་འདེགས་རླབས་ཆེན་བསྐྲུན་དང་སྐྲུན་བཞིན་ཡོད་ཁར། བོད་རིགས་དང་། ཆོས་འབྲེལ་ནད་པ། དགེ་བཙུན། སློབ་ཕྲུག སྲི་ཞུ་ལས་བྱེད། ཉམ་ཐག་བཅས་ལ་རིན་མེད་སྨན་སྦྱིན་དང་། ཕྱེད་བཅག་སྨན་སྦྱིན་ལོ་ལྟར་ཧིན་སྒོར་ས་ཡ་དུ་མ་མཐུན་འགྱུར་སྦྱོར་སྤྲོད་གནང་བཞིན་ཡོད་ཁར། སྨན་རྩིས་ཁང་ནས་སྨན་བཅོས་ལྟ་སྐྱོང་ཚོགས་མིར་སྨན་རིན་བརྒྱ་ཆ་༡༠ ཆག་ཡང་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་གསོ་རིག་རྒྱུད་འཛིན་མི་ཉམས་གོང་འཕེལ་སླད་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་གསར་འཛུགས་མཐུན་འགྱུར་དང་། སྨན་ལྷན་གྱི་རྒྱུན་གྲོན་སོགས་གང་ཅིའི་ཐད་མཐུན་འགྱུར་སྦྱོར་བཞིན་ཡོད།


གོང་འཁོད་བོད་ཀྱི་སྨན་རྩིས་ཁང་གི་ལས་འཆར་འདི་བརྒྱུད་རང་རེའི་རྩ་ཆེའི་གསོ་རིག་རྒྱུན་འཛིན་མི་ཉམས་གོང་འཕེལ་སླད་སྨན་དང་རྩིས་ཀྱི་རིག་གནས་འཛམ་གླིང་གོ་ལའི་སྟེང་གཏམ་བཤད་སོགས་ཀྱི་ལམ་ནས་ངོ་སྤྲོད་རྒྱ་ཆེ་གནང་འཆར་ལ་དགའ་སྤོབས་དང་། ཡིད་གདུང་དྲག་པོས་མནར་བའི་སྐྱེ་འགྲོའི་ནད་གདུང་སེལ་བ་དང་། སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་རྩར་ཕན་རླབས་རྒྱ་ཆེ་བསྐྲུན་ཐུབ་པའི་བཀྲ་ཤིས་སྨོན་འདུན་བཅས། འཕྲོད་བསྟེན་བཀའ་བློན་གྱིས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༣ ལ།། 

 

MESSAGE 

            It is a matter of immense pleasure that Men-Tsee-Khang is organizing a Centenary Celebration on March 23, 2016 at the main temple (Tsuglak Khang) and a souvenir is being brought out to mark this occasion.  

            I am glad to know that Men-Tsee-Khang has completed 100 years of establishment by the Great 13th Dalai Lama in Lhasa, Tibet, 55 years of re-establishing Men-Tsee-Khang in Dharamshala (India) by the Great 14th Dalai Lama, and 320 years of establishing Chagpori Medical College in Lhasa (Tibet) by the Great 5th Dalai Lama.  Men-Tsee-Khang has been working dedicatedly in providing health services to the poor and needy.  Men-Tsee-Khang has been practicing therapies that arose from practical experience and gradually formed the basis for the art of healing over the years.  

            I congratulate Men-Tsee-Khang for their noble contribution towards humanity and wish them success in their endeavor.

                                                                        Karan Singh (Minister)

                                                                     Ayurveda & Co-operation 

                                                                        Government of HP

                                                                        Date: 9/02/2016

 

མཐའ་མའི་འདོན་ཐེངས་།: 02.05.2016 ཉིན། 9:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།