སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

གཟའ་ནད་བཅོས་ཐབས་ཀྱི་མྱོང་ཚོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.04.2014
བོད་ཀྱི་སྨན་བཅོས་རིག་པ། >>

 

 

གཟའ་ནད་བཅོས་ཐབས་ཀྱི་མྱོང་ཚོར་ཐོར་བུ་བློ་ཆུང་བུང་བའི་མགྲིན་སྒྲ་ཞེས་བྱ་བ།

 སྨན་རམས་པ་ཟླ་བ།

 

          སྐབས་འདིར་གོང་རིམ་ནས་གཟའ་ནད་སྐོར་མྱོང་བཤད་བྱེད་དགོས་པ་ཕེབས་དོན་བཞིན་ཁོ་བོ་བྱེས་ལ་འབྱོར་ནས་ལོ་བཅུ་ལྷག་ཙམ་ནང་སྨན་རྫས་དང་འབྲེལ་བའི་ལས་དོན་གཙོ་བཟུང་བྱས་པ་ལས་གཟའ་ནད་ཀྱི་བཅོས་ཐབས་ཐད་ལག་ལེན་དེ་ཙམ་བྱེད་རྒྱུ་མ་བྱུང་ཡང་།  དེ་སྔ་བོད་དུ་སྨན་གྱི་ལག་ལེན་བྱས་ནས་ལོ་ངོ་བཅོ་བརྒྱད་ཙམ་ནང་སློབ་དཔོན་དམ་པ་རྣམས་ཀྱི་མཛུབ་བཙུགས་ལམ་སྟོན་དང་མན་ངག་ཞུ་བའི་སྐལ་བཟང་གི་རྩ་ཆེའི་གོ་སྐབས་ཐོབ་པའི་དྲིན་གྱིས་གཟའ་གྲིབ་ཀྱི་ནད་ཕོག་པའི་ནད་པ་མི་ཉུང་བ་ཞིག་ལ་བརྟག་བཅོས་བྱས་པའི་མྱོང་བ་ཏིལ་འབྲུ་ཙམ་ཞིག་ཐོབ་པ་དེ། ད་ལམ་སྐབས་འདིར་མཁས་མང་གི་སྤྱན་སྔར་འདྲེན་པའི་སྤོབས་པ་དང་བྲལ་ཡང་།  བློ་གསར་ལས་དང་པོ་བ་རྣམས་ལ་སྨན་པའི་རེ་སེམས་ཕྲ་མོ་འཆར་ནས་ཞུ་བ་ལ། དེ་ཡང་ཐོག་མར་ནད་འདིའི་མིང་བཏགས་ཚུལ་དང་།  གཉིས་པ་ནད་འདིའི་འབྱུང་ཁུངས་ཀྱི་ལྟ་ཚུལ་མི་འདྲ་བ་བརྗོད་པ། གསུམ་པ་སློང་རྐྱེན། བཞི་པ་དབྱེ་བ། ལྔ་པ་ནད་རྟགས། དྲུག་པ་བཅོས་ཐབས། བདུན་པ་ནད་ལོག་མི་ཡོང་བའི་སྔོན་འགོག་བཅས་སུ་དབྱེ་བ་ལས།

 

དང་པོ། ནད་འདིའི་མིང་བཏགས་ཚུལ། 

          དེ་ཡང་གཟའ་ནད་ཅེས་པ་ནད་བདག་གི་མིང་ཞིག་སྟེ། སྔོན་རབས་པ་ཚོའི་བརྗོད་ཚུལ་ལ་གཞིགས་ན་གཙོ་བོ་དྲང་སྲོང་གཟའ་བདུད་ཆེན་པོ་རཱ་ཧུ་ལའི་དུག་གྲིབ་ཕོག་པ་ལས་བྱུང་བའི་ནད་ཅིག་ཡིན་པར་ངོས་འཛིན་ཏེ་ནད་བདག་གི་མིང་ནད་ལ་བཏགས་པ་ཞིག་ཡིན་ཅིང་།  དེ་ལ་དྲང་སྲོང་གི་ནད་དང་།  གཟའ་ནད། སྟེང་གྲིབ། གྲིབ་སྐྱོན་ཞེས་སོགས་ཟེར་བ་ཡིན་ལ། ཕྱིས་ཀྱི་གསོ་དཔྱད་ལག་ལེན་གནང་མཁན་མི་ཉུང་བ་ཞིག་གིས་དེང་དུས་ཕྱི་ལུགས་སྨན་གྱིས་དཔྱད་པ་བྱས་པར་དཔྱད་གཞི་མཛད་དེ་ཀླད་ཁྲག་ཤོར་བ་དང་།  ཀླད་པའི་དྲ་སྐྱིར་ཁྲག་ཤོར་བའི་ནད། ཀླད་ཁྲག་འཁར་བའི་ནད་སོགས་ཟེར་བ་ཡིན། དེ་ལྟར་མིང་ཚིག་གི་བརྗོད་ཚུལ་མི་འདྲ་བ་ཙམ་ལས་དོན་དུ་ངོ་བོ་ཀླད་སྐྱོན་གྱི་ནད་ཅིག་ཡིན་པར་ངོས་འཛིན་གཅིག་འགྱུར་ཐོག་བཅོས་ཐབས་ཀྱང་དེ་ལྟར་གཙོ་བོར་བཟུང་ནས་བྱེད་པ་ཡིན་ནོ།།

 

གཉིས་པ། ནད་འདིའི་འབྱུང་ཁུངས་ཀྱི་ལྟ་ཚུལ་མི་འདྲ་བ་བརྗོད་པ། 

          ནད་འདིའི་ནད་བདག་དྲང་སྲོང་རཱ་ཧུ་ལ་ཡིན་པར་གྲགས་ཤིང་དེ་ཡང་སྔོན་ཚོང་དཔོན་ཞིག་གིས་དགེ་བའི་ལས་བྱས་ཀྱང་སེམས་འདུལ་མི་ཐུབ་པར་སྲིད་པ་གསུམ་ན་ལུས་ཆེ་བ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུས་ཕ་ལྷ་སྲིན་དང་མ་ཀླུ་མོ་ལས་སྐྱེས་པའི་ལུས་སྟོད་ལྷ་སྲིན་དང་སྨད་སྦྲུལ་གཟུགས་ཅན་གླིང་བཞིའི་ཕྱེད་ཁྱབ་ཅིང་སྲིད་པ་གསུམ་ན་ལུས་དང་མཐུ་ཆེ་བར་གྲགས་པ་ཞིག་བྱུང་།  འོན་ཀྱང་དེའི་སེམས་འདུལ་བར་མ་གྱུར་བར་གྲིབ་བྱུང་བའི་དབང་གིས་དུག་འཛིན་ཅིང་གནོད་པ་དང་བཅས་པར་སོང་།  ལན་ཅིག་དེས་ཟླ་བ་བཟུང་བ་ལས། གསང་བའི་བདག་པོས་གཟུགས་ཅན་དེར་རྡོ་རྗེས་བསྣུན་པས་ལུས་དུམ་བུ་བརྒྱད་དུ་སོང་བ་སྡེ་བརྒྱད་ཀྱི་སྡོང་ཟླ་བརྒྱད་དང་བཅས་པ་ལ། སྒྲ་ཅན་དུམ་བུ་བརྒྱད་དམ་གཟའ་བརྒྱད་རྒྱུ་དུས་བརྒྱད་སོགས་གྲུབ་པར་འདོད། དེ་ལྟར་སྔོན་བྱོན་རྣམས་ཀྱིས་དེ་རྒྱུ་བའི་དུས་མི་འདྲ་བ་དང་དེའི་དུག་གྲིབ་ཕོག་པའི་ཉེས་པ་ལས་གཟའ་གྲིབ་ཀྱི་ནད་དེ་འབྱུང་ཚུལ་གསུངས་ཡོད་ལ། ཕྱིས་རབས་པ་རྣམས་ཀྱིས་གཟའ་དེའི་གཟུགས་དབྱིབས་སོགས་ཀྱང་བྲིས་རིས་ཐོག་ནས་མངོན་པར་བྱས་ཡོད། འོན་ཀྱང་ཕྱིས་སུ་མཁས་པ་ཁ་ཅིག་གིས་གཟའ་དེ་དག་དེང་གི་འཆར་དངོས་སུ་མིག་ལམ་དུ་འཆར་རྒྱུ་མེད་པའི་དབང་གིས་ཁུངས་སྐྱེལ་དཀའ་བས་གཏམ་རྒྱུད་ལ་ཆ་བཞག་ནས་ནད་ཀྱི་སློང་རྐྱེན་དང་ནད་རྟགས་ལ་གཞིགས་ཏེ་ཀླད་པའི་ཁྲག་རྩའི་ནད་འགྱུར་གྱི་ནད་ཅིག་ཡིན་པར་ངོས་འཛིན་ཏེ་འགྲེལ་བརྗོད་བྱེད་པ་དང་།  ཡང་ཁ་ཅིག་གིས་གཟའ་དེ་རྣམས་འབྱུང་བ་དང་སྦྱར་ནས་འགྲེལ་བཤད་གནང་གི་ཡོད། གང་ལྟར་ཐུན་མོང་གིས་ངོ་བོ་ཀླད་སྐྱོན་གྱི་ནད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོ་ན་གཟའ་དེ་རིགས་དེང་གི་འཆར་ངོས་འཛིན་རྒྱུ་ནི་ཤིན་ཏུ་དཀའ་ཞིང་མངོན་སུམ་དུ་སྣང་རྒྱུའང་མེད་པ་ཁོ་ནས་དེ་གྲགས་ཚོད་དང་།  གཏམ་རྒྱུད། ཚན་རིག་དང་མི་མཐུན་པ་ཞིག་ཏུ་ངོས་འཛིན་ན་དེ་ཡང་ཐེ་ཚོམ་གྱི་རང་བཞིན་ཞིག་ཡིན། གང་ལགས་ན་དེང་དུས་ཀྱི་ཚན་རིག་ཧ་ཅང་ཚད་མཐོར་བསླེབས་ཡོད་ཀྱང་འཕྲུལ་ཆས་དཔྱད་དེ་རྟོགས་མི་ནུས་པའི་གནས་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད། དཔེར་ན་བོད་སྨན་ཐོག་བཤད་པའི་རླུང་ཞེས་པ་དེ་འཕྲུལ་ཆས་ཀྱིས་མཐོང་མི་ཐུབ་པའི་གཟུགས་མེད་བྱེད་ལས་ལྡན་པ་ཞིག་ཡིན་ཅིང་།  དེ་བས་རླུང་ནད་ལྡན་པའི་ནད་པར་གཞུང་དུ་གསལ་བའི་ནད་རྟགས་ཇི་བཞིན་མངོན་སུམ་དུ་སྣང་བར་ཕྱི་ལུགས་ཀྱི་འཕྲུལ་ཆས་ཐོག་ནས་ནད་ངོས་འཛིན་མི་ཐུབ་པའམ་ཡང་ན་ནད་མེད་པར་ངོས་འཛིན་ཏེ་ཕྲལ་སེལ་ཟུག་བཅག་གི་སྨན་བྱིན་པ་ཙམ་ལས་ནད་ཀྱི་རྩ་བ་མཐོང་མི་ཐུབ་པ་ལྟ་བུར། བོད་སྨན་ཐོག་ནས་རླུང་ནད་ལ་ངོས་འཛིན་ཏེ་བཅོས་ཐབས་བྱས་པར་ཕན་བསྐྱེད་མངོན་གསལ་དོད་པོ་ཐོན་ཏེ་ནད་པའི་ཕྲལ་ཕུག་གཉིས་ཀའི་སྡུག་བསྔལ་སེལ་ཐུབ་ཀྱི་ཡོད་པ་རེད། དེ་དང་དེ་འདྲ་བའི་གཟུགས་མེད་ནུས་ལྡན་དེ་རྣམས་ལ་རང་རང་གི་རིག་པའི་གཞུང་ལུགས་ཀྱི་འགྲོ་སྟངས་ཐོག་ནས་ངོས་འཛིན་པ་ཙམ་དུ་མ་ཟད། དེ་རྣམས་ཀྱི་མཚན་ཉིད་དང་དབྱེ་བ་གནས་ས་བྱེད་ལས་སོགས་ཀྱང་གསལ་བཤད་གནང་ཡོད་ལ། དེ་དག་རྣམ་པར་འགྱུར་ནས་ནད་བསྐྱེད་པར་བྱེད་པའི་རྒྱུ་རྐྱེན་དང་།  དབྱེ་བ། རྟགས་བཅོས་སོགས་ཀྱང་གསལ་བཤད་གནང་ཡོད། དེའི་ཕྱིར་ཁ་མཚོན་བཅད་དེ་ཕྱོགས་རེ་བའི་ལྟ་ཚུལ་ཐོག་ནས་གཏམ་རྒྱུད་ལྟ་བུར་ངོས་འཛིན་ན་ཡང་མི་འཚམས་པར་སེམས་ཤིང་།  ངེས་པར་དུ་ཡིན་མིན་གྱི་དཔྱད་ཞིབ་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ་བར་མངོན། གང་ལགས་ན་ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་ཕྱོགས་གང་ས་ནས་དཔྱད་ཞིབ་གནང་སྟེ་གཟའ་གདོན་དེ་རྣམས་འབྱུང་བ་དང་འབྲེལ་བ་ཡོད་པར་འགྲེལ་བཤད་གནང་སྟེ་འབྱུང་བ་འཁྲུགས་པ་ལ་བརྟེན་ནས་གཟའ་གདོན་དེ་རྣམས་ཀྱང་འཁྲུགས་པ་དང་།  མིའི་ལུས་ཁམས་ལ་གནས་པའི་འབྱུང་བ་དེ་ཡང་འཁྲུགས་པར་བྱེད་པའི་དབང་གིས་ནད་དང་བགེགས་བར་སྣ་ཚོགས་བྱུང་བ་ཡིན་ཞིང་།  འབྱུང་བ་དང་འབྲེལ་བའི་གཟའ་འདོན་དེ་དག་གི་ཁམས་དང་གང་ཟག་སོ་སོའི་ཁམས་མཐུན་པ་ན་ཕན་ཚུན་གྲོགས་བྱེད་པ་དང་།  མི་མཐུན་པའི་ཚེ་གནོད་བྱེད་ཅིང་ཡོད་པ་དེ་དག་ཁམས་མཐུན་བྱེད་དམ་སྙོམས་པར་བྱེད་པའི་ཐབས་ཤེས་ཀྱང་སྔ་སྲོལ་ནས་བོད་དུ་དར་བ་འགྲེལ་བརྗོད་གནང་བ་ནི་ཤིན་ཏུ་འགྲེལ་ཆགས་ཤིང་།  ཕྱི་ནང་གཞན་གསུམ་གྱི་དངོས་པོ་ཐམས་ཅད་རང་རྒྱུ་འབྱུང་བ་བཞི་ལས་གྲུབ་པ་ཡིན་པའི་ཕྱིར་དེ་ཐམས་ཅད་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བ་ཡིན་གཤིས། དཔེར་ན་བསེ་ཤིང་ནི་དུག་ཤས་ཤིན་ཏུ་ཆེ་བའི་རྩི་ཤིང་གི་རིགས་ཤིག་ཡིན་ཞིང་།  མི་ཁག་ཅིག་གིས་ཤིང་འདི་ལ་རེག་པ་དང་།  འདིའི་དྲི་རླངས་ཕོག་པ་ཙམ་གྱིས་དུག་ཕོག་ནས་ལུས་ཡོངས་ལ་རྨ་ངན་དང་སྐྲངས་པོ་བྱུང་བ་ཡིན་ལ། མཐུ་ཆེ་བའི་སྐབས་སྲོག་ཀྱང་འཕྲོག་ནུས་པ་ཡིན། ཡང་མི་ཁག་གཞན་ཞིག་གིས་ཤིང་དེ་གཅོད་པ་དང་།  དེའི་འོ་མ་འདོན་ནས་རྩི་སོགས་བཟོ་བའི་ལག་ལེན་བྱས་ཀྱང་དུག་ཕོག་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ཡང་ཤིང་དེ་དང་མི་དེ་གཉིས་སྐྱེ་བ་དུས་མཉམ་བྱུང་ན་དུག་ཕོག་གི་མེད་ཅེས་ཟེར་སྲོལ་ཡོད། དེ་ནི་འབྱུང་བའི་ཁམས་མཐུན་མི་མཐུན་དང་ཕལ་ཆེར་འབྲེལ་བ་ཡོད་པ་རྟོགས་ནུས་པ་ཡིན། ཁྱད་པར་ཁྱབ་འཇུག་ནི་དུག་ལྔ་དང་འབྱུང་བ་ལྔའི་བདག་པོ་ཡིན་ཞེས་བསྟན་པ་ལྟར་དེ་བས་འབྱུང་བ་དང་འབྲེལ་བ་ཡོད་པ་ཤེས་ཐུབ། དེ་ཡང་གཞུང་ལས། འགྲོ་བའི་ལུས་དེ་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པའི་དོན་དང་འཚམས་ལ་ཁུངས་ལུང་འགྲེལ་བརྗོད་བྱེད་པའི་གཞི་རྩ་ཡང་ཡོད་པ་ཡིན་ལ། གཞུང་དུ་གསལ་བའི་ནད་དེ་འཛིན་པའི་དུས་སམ་ཕོག་པའི་དུས་རིམ་ཡང་དུས་ཚེས་དང་ནད་འཕེལ་གྲིབ་གཉིས་བར་འབྲེལ་བ་ཡོང་གི་ཡོད་པ་དེ་རྣམས་ཀྱང་ཚད་མས་གྲུབ་ཐུབ་པ་ཞིག་ཡིན།

དེ་ཡང་འཛིན་དུས་ནི་གཞུང་ལས། འཛིན་དུས་ཚེས་བཞི་བརྒྱད་དམ་བཅུ་གཅིག་དང་།  །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས་དང་ལྔ། །ཉི་ཤུ་དགུ་དང་རྒྱུ་དུས་བརྒྱད་ལ་འཛིན། །ཞེས་གསུངས་པ་ལྟར་རྒྱུ་དུས་བརྒྱད་ཀྱི་དུས་ཚེས་དེ་རྣམས་ལ་མངོན་སུམ་དུ་ནད་དེ་ཕོག་པའམ་མཐུ་ཆེ་རུ་འགྲོ་བ་ནད་པ་མང་པོར་མྱོང་ཚོར་ཡོད་ལ་དམངས་འཕྲོས་ནང་ལའང་བཤད་སྲོལ་དེ་ལྟར་དར་ཏེ་དུས་ཚེས་དེའི་སྐབས་གྲིབ་ཁ་ལྡང་བ་དང་།  ནད་དེས་འཛིན་པའི་ནད་པ་རྣམས་ནས་ཟས་སྤྱོད་དང་སྨན་སོགས་ཀྱི་ཐད་དམིགས་བསལ་གྱི་དོ་སྣང་ཡིད་ཟབ་བྱེད་སྲོལ་ཡོད།

 

གསུམ་པ། ནད་ཀྱི་དབྱེ་བ། 

          གཞུང་དུ་གཟའ་གྲིབ་ཀྱི་ནད་དེ་འབྱུང་བའི་ཁམས་ཀྱི་རང་བཞིན་དང་།  ཕོག་དུས་ནད་རྟགས་སོགས་དང་སྦྱར་ཏེ་མེ་གཟའ་དང་། ཆུ་གཟའ། རླུང་གཟའ། ས་གཟའ། ནམ་མཁའི་གཟའ་བཅས་རྣམ་པ་ལྔ་རུ་དབྱེ་ཡོད། སྐབས་འདིར་འདས་པའི་ནང་ཁོ་བོར་ཕྲད་མང་བའི་མེ་ཆུ་རླུང་གསུམ་གྱི་གཟའ་ནད་སྐོར་ཞུ་འཆར་ཡིན།

 

བཞི་པ་སློང་རྐྱེན། 

ནད་དེའི་སློང་རྐྱེན་གཞུང་དུ་དམིགས་བསལ་གསུངས་མེད་ཀྱང་ཟས་སྤྱོད་ཕན་གནོད་ཀྱི་ཐོག་ནས་རིག་འགྲེར་སྦྱོར་ཏེ་ཞུ་བའི་ཐོག་མར་མེ་གཟའ་ཞེས་པ་ནི། ངོ་བོ་ཚ་བའི་རང་བཞིན་ཏེ་ཁྲག་དང་མཁྲིས་པ་རླུང་བཅས་དང་འབྲེལ་བ་ཡོད་པའི་ནད་ཅིག་ཡིན་པ་དང་།  ནད་དེ་གློ་བུར་དུ་ལྡང་བའི་སྐབས་སུ་ཕལ་ཆེར་ཁྲག་ཤེད་མཐོ་བའི་མངོན་ཚུལ་ཤུགས་ཆེ་ཡོད་པ་དང་།  ནད་དེ་ཕོག་པའི་ནད་པ་ཚོར་ཡང་དུས་རྒྱུན་ནས་ཁྲག་ཤེད་མཐོ་བའི་ནད་ཡོད་པ་ཧ་ལམ་ཡིན། ངེས་པར་ཁྲག་ཤེད་མཐོ་བའི་ནད་པར་མེ་གཟའ་ཕོག་དགོས་པའི་རྒྱུ་མཚན་ཡང་སྒྲོན་མེ་ཤིང་དང་ཤིང་སྤྱིར་བཏང་གཉིས་མེ་ལེན་ཐུབ་པའི་རྒྱུ་གཅིག་མཚུངས་ཡིན་ཀྱང་།  སྒྲོན་མེ་ཤིང་ལ་ཚི་བ་མང་པོ་ཡོད་པའི་དབང་གིས་མེ་ལེན་བདེ་བ་དང་འབར་ཆེ་བ་ཡོད་པའི་དཔེ་ལྟར་མེ་གཟའ་ཕོག་ཡུལ་གྱི་ནད་པ་དེར་ཡང་ནད་དེས་འཛིན་པའམ་ཕོག་པའི་ཆ་རྐྱེན་ངེས་ཅན་ཞིག་ཚང་ན་མ་གཏོགས་མི་ཕོག་པ་ལྟ་བུ་རེད།

 

སློང་རྐྱེན་ནི།

          རྒྱུན་དུ་ལུག་ཤ་དང་ཆང་རག་སོགས་དྲོད་བཅུད་ཆེན་པོའི་རིགས་དང་།  ཚིལ་དང་སྣུམ་རིགས་བསྟེན་ཆེས་པ། དེ་བཞིན་རོ་ཚ་སྐྱུར་ལན་ཚྭ་དང་།  ཟྭ་པོ། ཚལ་པ་ལག ཇ་གར་པོ་བསྲུབས་མ་བསྟེན་དྲགས་པ་སོགས་དང་།  སྤྱོད་ལམ་ཡང་འཁྲུགས་ལས་བྱས་དྲགས་པ་དང་།  མེ་དང་ཉི་མས་དྲོད་ཆེས་པ། མི་ཚོགས་ཆེན་པོའི་ནང་ཡུན་རིང་བསྡད་པ། ཁོང་ཁྲོ་དང་ངར་རྒྱལ་ཆེས་དྲགས་པ་སོགས་ཀྱིས་ཁྲག་རླུང་ངམ་ཁྲག་ཤེད་ཀྱི་ནད་བསྐྱེད་པ་དང་།  ཁྲག་གར་པོ་ཆགས་ནས་རྒྱུ་མི་ཐུབ་པ། ཁྲག་རྩ་རྣམས་མཁྲེགས་པོ་ཆགས་པ་སོགས་ཡུན་ལོན་པའི་ཁར་མུ་མཐུད་གོང་གི་གནོད་པའི་ཟས་སྤྱོད་རྣམས་བསྟེན་པ་དང་། ཉི་མ་དང་གློག་འོད་ཀྱི་ཟེར་ཕོག་པ། ཚོན་མདོག་དམར་པོ་ཡོད་ས་དང་།  རོལ་ཆ་སོགས་སྐད་སྒྲ་ཆེན་པོ་ཡོད་སར་བསྡད་དྲགས་པ། རྩོལ་བ་དྲག་པོ་བྱས་པ། དངངས་སྐྲག་ལངས་པ། སེམས་སྡུག་དང་ཡང་ན་གློ་བུར་ཁོང་ཁྲོ་ཆེས་པ་སོགས་ཀྱིས་ཁྲག་ཤེད་གློ་བུར་དུ་རྒྱས་ནས་འཛིན་དུས་དང་འཁེལ་བའི་སྐབས་ཀླད་པའི་ནང་གི་འཕར་རྩ་ཕྲ་མོ་གས་རྡོལ་བྱུང་སྟེ་ཁྲག་དེ་ཀླད་ཁྱིམ་ནང་ཤོར་ནས་གཞོགས་ཕྱེད་ཞ་བའི་གྲིབ་སྐྱོན་གྱི་ནད་དེ་བྱུང་བ་ཡིན། དེ་བཞིན་རྒྱུ་རྐྱེན་གཞན་དཔེར་ན་ཀླད་པའི་ནང་རྩ་སྐྲན་ཆགས་པ་དང་རྩ་དཀར་ནད་སོགས་ཀྱིས་ཀྱང་གྲིབ་སྐྱོན་དང་འདྲ་བའི་ནད་རྟགས་འབྱུང་བ་ཡིན། འོན་ཀྱང་ནད་དེ་རྣམས་གྲིབ་སྐྱོན་མ་ཡིན་ཞིང་དེ་དག་གི་རྒྱུ་རྐྱེན་དང་།  ནད་རྟགས་སོགས་ཀྱང་མི་འདྲ་བ་སོ་སོ་ཡོད། དེའང་གཞུང་ལས། གང་ཞིག་རྩ་དཀར་ནད་ཚུལ་མི་ཤེས་པར། །གཟའ་ཕོག་ཟེར་བའི་སྨན་པ་བླུན་པོ་སྟེ། །ཞེས་གསུངས་པ་ལྟར། རྩ་དཀར་གྱི་ནད་རྟགས་རྣམས་ཚུལ་བཞིན་མི་ཤེས་པར་ཚོད་ཚོད་ཀྱིས་གཟའ་ཕོག་འདུག་ཟེར་ནས་གཟའ་ཡི་ནད་དང་འཁྲུལ་བ་བྱུང་བའི་ཕྱིར་ན་རྩ་ཆུ་ཕྱི་ཡུལ་སོགས་ལ་རིག་པ་ཕྲ་ཞིབ་ཀྱི་སྒོ་ནས་བརྟག་དགོས་པ་ཡིན། ཞེས་གསལ། དེ་ཡང་མེ་གཟའ་ནི་ཚེས་བཅོ་བརྒྱད་ནམ་ཕྱེད་ཡོལ་ནས་བཅུ་དགུའི་ནམ་ཕྱེད་མ་ཡོལ་བར་དང་།  ཚེས་ཉེར་གཉིས་ཕྱེད་ཡོལ་ནས་ནམ་ཕྱེད་ཡོལ་བའི་བར་ལ་ཕོག་ན་ངེས་པ་ཡིན། ཞེས་དང་ཡང་བཻ་སྔོན་ལས། འཛིན་དུས་སྐབས་མ་གསལ་བའི་གནམ་གང་ལའང་འཛིན་ལ་གཞན་ནི་ཚེས་དེ་རྣམས་ཆུ་ཚོད་ཀྱི་དབང་ལས་ཚེས་ཡར་འཚངས་སོགས་ཀྱིས་འཕྱུགས་པ་དང་།  ཡང་ཚེས་གྲངས་ནོར་བ་སོགས་ཡིན་པས་ཚེས་གྲངས་གོང་ལས་འདའ་བར་འཛིན་པ་མེད་དོ། །ཞེས་གསུངས་པ་ལྟར། གཟའ་ནད་རིགས་ལྔ་པོ་དེ་རྣམས་སོ་སོར་འཛིན་དུས་རེ་ཡོད་པ་གསལ་པོ་རྟོགས་པས་ཤེས་པ་དང་།  རྐྱེན་གཞན་གྱི་གྲིབ་ནད་ཕྱོགས་འདྲ་བར་འཛིན་དུས་དེ་རྣམས་ལ་ངེས་པར་ཕོག་པའི་ངེས་པ་མེད་པ་བརྟག་པར་བྱའོ།།

 

ཆུ་གཟའ་ནི།

ངོ་བོ་གྲང་བའི་རང་བཞིན་ཏེ་བད་ཀན་དང་འབྲེལ་ཆེ་བའི་ནད་ཅིག་ཡིན་ཞིང་།  ནད་འདི་ཕོག་པའི་སྐབས་སུའང་ལུས་དྲོད་ཞན་པ་དང་།  ཁྲག་ཤེད་ཞན་པའི་མངོན་ཚུལ་གསལ་པོ་ཡོད། སློང་རྐྱེན་ནི། རྒྱུན་དུ་ཟས་བཅུད་མི་ལྡང་པ་དང་།  ར་ཕག་གི་ཤ་དང་།  ཇ་གར་པ། རྗེན་ཟས་སོགས་བསིལ་བའི་ཟས་ཀྱི་རིགས་བསྟེན་དྲགས་པ། གྲང་ངར་ཆེ་བའི་ཡུལ་དུ་ལུས་འཁྱགས་དྲགས་པ། མྱ་ངན་དང་སེམས་ལས་ཆེས་པ་སོགས་ཀྱིས་ཕོ་བའི་མེ་དྲོད་ཉམས་ནས་ཟས་ཀྱི་དྭངས་མ་རྣམས་ཟུངས་སུ་སྨིན་མི་ཐུབ་པའི་རྐྱེན་གྱིས་ཟུངས་ཁྲག་ཞན་པ་དང་།  མེ་དྲོད་ཞན་པའི་དབང་གིས་ལུས་དྲོད་དང་ཁྲག་གི་འཁོར་རྒྱུགས་ཞན་པ་སོགས་ཀྱི་མངོན་ཚུལ་ཡུན་ལོན་ནས། ཐ་མ་ཀླད་པའི་ཁྲག་རྩའི་ནང་ཁྲག་འཁར་ནས་རྒྱུ་མི་ཐུབ་པར་ཀླད་རྩའི་བྱ་བ་རྣམས་ཉམས་ནས་གྲིབ་སྐྱོན་གྱི་ནད་དེ་འབྱུང་བ་ཡིན། ནད་འདིའི་ཕོག་དུས་ནི་ཚེས་བཅུ་གཅིག་ནམ་ཕྱེད་ནས་ནམ་ལངས་བར་དང་།  ཚེས་བཅོ་ལྔའི་ཉིན་ཕྱེད་ནས་ནམ་ཕྱེད་བར་ཕོག་ན་ངེས་པ་ཡིན་ཞེས་གསལ།

 

རླུང་གཟའ་ནི།

          ངོ་བོ་བཏང་སྙོམས་སུ་གནས་ཤིང་ཉེས་པ་རླུང་དང་འབྲེལ་ཆེ་བའི་ནད་ཅིག་ཡིན་ཞིང་།  སློང་རྐྱེན་ན་ལུགས་སོགས་ཀྱང་རླུང་ཤས་ཆེ་བའི་མངོན་ཚུལ་གསལ་པོ་ཡོད། སློང་རྐྱེན་ནི། ག་བུར་དང་ཙན་དན་ལ་སོགས་པའི་བསིལ་བའི་དྲི་བསུང་དང་།  ཇ་གར་མ། ར་ཕག་གི་ཤ། རོ་ཁ་བ་དང་བཅུད་མེད་པའི་བསིལ་ཟས་རིགས་བསྟེན་དྲགས་པ་སོགས་དང་།  སྤྱོད་ལམ་ཡང་སྐད་ཅོར་དྲག་པོ་དང་།  བབས་ཆུ་དང་རོལ་ཆ་སོགས་སྒྲ་སྐད་ཆེན་པོ་ཡོད་སར་བསྡད་དྲགས་པ། གཡང་ལྷུང་བརྡབས་འགྲམས་བྱུང་བ། སེམས་ལས་དང་སེམས་སྡུག་མྱ་ངན་ཆེས་པ་སོགས་མདོར་ན་རླུང་ཁྲག་འཕེལ་བའི་ཟས་སྤྱོད་རྐྱེན་གྱིས་རླུང་གྲིབ་ཀྱི་ནད་དེ་བྱུང་བ་ཡིན། །དེའི་ཕོག་དུས་ནི་ཚེས་བཞིའི་སྲོད་འཁོར་ནས་ཕྱི་ཉིན་གྱི་སྔ་དྲོ་བར་དང་།  ཚེས་བརྒྱད་སྔ་དྲོ་ནས་སྲོད་འཁོར་བར་ཕོག་ན་ངེས་པ་ཡིན་ཞེས་གསལ།

 

ལྔ་པ། ནད་རྟགས། 

སྤྱི་རྟགས་ནི། ནད་དེ་གཞོགས་གཡས་གཡོན་གང་ཕོག་གི་བྱ་བ་ཉམས་ཤིང་།  རྐང་ལག་དྲུད་པའམ་འཐེན་པ། ཁ་གཡས་གཡོན་གང་རུང་དུ་ཡོ་བ། ངག་ལྐུག་པའམ་ཡང་ན་ཚིག་སྒྲ་མི་དག་པ། དོན་མེད་དུ་ངུ་བའམ་ཡང་ན་དགོད་པ། མིག་སྤྲིན་ལ་ནག་ཐིག་ཆགས་ཤིང་རྒྱལ་མོ་འདལ་བ། ལྕེ་རྩ་ར་མ་ལུག་རྒྱས་པ། མིག་རྩ་དམར་ལ་རྒྱས་པ་དང་ཟུག་གཟེར་སོགས་བྱུང་བ་ཡིན་ནོ།།

 

བྱེ་བྲག་མེ་གཟའི་རྟགས་ནི།

གཞུང་ལས། མེ་གཟའ་གཞོགས་གཡས་ལ་ཕོག་ལྕེ་གཡས་ཐུང་།  །ཚ་བ་ཆེ་ཞིང་སེན་མོ་གཞོབ་རོ་འོང་།  །ཞེས་གསུངས་པ་ལྟར། ནད་དེ་ཐོག་མར་ཕོག་སྐབས་ཀླད་པའི་ནང་ཁྲག་ཤོར་ཆེ་ཆུང་གི་ཁྱད་པར་ལས་ནད་རྟགས་མངོན་ཚུལ་ཡང་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད་པ་མ་ཟད། གསོ་དཀའ་སླའི་ཁྱད་པར་ཡང་ཆེན་པོ་ཡོང་གི་ཡོད། ནད་དེ་ཚབས་ཆེ་བ་དང་ཛ་དྲག་གི་སྐབས་སུ་གློ་བུར་དུ་མགོ་ལ་གཟེར་ཟུག་དྲག་པོ་གཏོང་བ་དང་།  མགོ་བོ་འཁོར་ཞིང་ཡང་ཡང་སྐྱུགས་པ། ཤེས་པ་འཆོར་ཞིང་དྲན་མེད་དུ་བརྒྱལ་བ། བཤང་གཅིན་དབང་མེད་དུ་ཤོར་བ། ཁ་མིག་ཡོ་ཞིང་མིག་གི་རྒྱལ་མོ་འདལ་བ། དབུགས་གཏོང་ལེན་དཀའ་ཞིང་མིད་པའི་ནང་སོར་སྒྲ་ཐོན་པ། ལུས་ཀྱི་སྟོད་དང་གཞོགས་གཡས་ངོས་ཀྱི་ཚོར་བ་ཉམས་པ་དང་ལུས་ཀུན་ལ་དྲོད་ཆེ་ཞིང་རྔུལ་བ། རྩ་རྒྱུད་སྦོམ་ལ་དྲག་ཅིང་ཁྲག་ཤེད་ཀྱི་ཚད་ཀྱང་ཧ་ཅང་མཐོ་པོ་སླེབས་པ་སོགས་ཀྱི་ནད་རྟགས་མངོན་ཚུལ་བྱུང་བ་ཡིན།

ཡང་ནད་ཚབས་ཅུང་ཡང་བའི་ནད་པ་ཁག་ནི་ནད་ཁམས་དང་རྐྱེན་སོགས་གོང་དང་འདྲ་རུང་ཐོག་མར་ཕོག་དུས་ཀླད་ཁྱིམ་ནང་ཁྲག་ཤོར་ཉུང་བའི་ཁྱད་པར་གྱིས་ནད་སྟོབས་ཆུང་ལ་ནད་རྟགས་ཀྱང་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། དེའི་རྟགས་སུ་བཤང་གཅི་དབང་མེད་དུ་ཤོར་བ་དང་།  མིད་པའི་ནང་སོར་སྒྲ་ཐོན་པ། མིག་ཡོ་བ། སྐྱུགས་པ་ཡང་ཡང་ཤོར་བ། དྲན་མེད་དུ་ཡུན་རིང་བརྒྱལ་བ་སོགས་མེད་པ་ཕུད་དེ་བྱིངས་ཀྱི་ནད་རྟགས་མངོན་ཚུལ་རྣམས་གོང་དང་འདྲ་བ་ཡིན།

 

ཆུ་གཟའི་རྟགས་ནི།

གཞུང་ལས། ཆུ་གཟའ་གཡོན་ལ་ཕོག་ཅིང་ལྕེ་གཡོན་ཐུང་།  །ལུས་ཀུན་དྲོད་དང་བྲལ་ཞིང་ཆུ་རྒྱུས་གྱོང་།  །ཞེས་གསུངས་པ་ལྟར། ནད་དེ་གཙོ་བོ་ཁྲག་ཉམས་ཤིང་འཁོར་རྒྱུགས་ཞན་པའི་དབང་གིས་ཀླད་པའི་ཁྲག་རྩ་རྣམས་ལ་ཁྲག་མི་ལྡང་བའམ་རྒྱུ་མི་ཐུབ་པར་འཁར་ནས་ཀླད་རྩའི་བྱ་བ་རྣམས་ཉམས་ནས་བྱུང་བའི་ནད་ཅིག་རེད། དེའི་རྟགས་སུ་ལུས་ཀྱི་སྨད་དང་གཞོགས་གཡོན་ངོས་ཀྱི་ཚོར་བ་ཉམས་ཤིང་།  ཁ་མིག་ཡོ་བ་དང་།  གདོང་མདོག་སྐྱ་བོ་ཆགས་པ། ཁྲག་གི་འཁོར་རྒྱུགས་ཞན་པ། ཆུ་སྔོན་སྐྱུགས་པ། ལུས་ཀུན་དྲོད་དང་བྲལ་ཞིང་འདར་སིལ་རྒྱག་པ། ནད་ཕོག་སའི་རྐང་ལག་གི་ཆུ་རྒྱུས་རྣམས་རེངས་པ། མིག་སྤྲིན་དཀར་ཞིང་བཀྲག་མདངས་ཉམས་པ། ལུས་ཀུན་ལ་འཁྱགས་འབྲུམ་བྱུང་བ། སེན་མོའི་མདོག་སྐྱ་བ། རྩ་དལ་ཞིང་འཕྲིག་ལ་འདར་ཉམས་བྱེད་པ་སོགས་ཀྱི་ནད་རྟགས་མངོན་ཚུལ་རྣམས་བྱུང་བ་ཡིན།

 

རླུང་གཟའི་རྟགས་ནི།

རླུང་གཟའ་ནི་མགོ་བོ་དང་ལུས་ཀྱི་ཚིགས་རྣམས་ལ་ཕོག་ཅིང་།  དེའི་རྟགས་སུ་མགོ་བོ་ན་ཞིང་འཁོར་བ་དང་།  ཤེས་པ་འཕྱོ་སྙམ་བྱེད་པ། གཏམ་ཆལ་ཆོལ་མང་བ། མཆུ་འཕྱང་བ། གཉིད་ཡེར་ཞིང་གཡལ་མང་བ། ལུས་པོ་གཞོགས་གཡས་ངོས་སུ་ཡོ་སྙམ་བྱེད་པ། ལག་གཉིས་སྦྲིད་པ། ཤ་འཕྲིག་ཅིང་འགུལ་བ། སྐབས་འགར་དོན་མེད་ཚིག་ཟ་བྱེད་པ་དང་།  དགོད་པའམ་ཡང་ན་ངུ་བ། རྩའི་རྒྱུ་བ་སྟོང་ལ་འཕྲིག་པ་སོགས་ཀྱི་ནད་རྟགས་མངོན་ཚུལ་ཡོད་པ་རེད།

 

དྲུག་པ། བཅོས་ཐབས། 

          གཟའ་ནད་སྤྱི་ལ་ཐོག་མར་ནད་ཕོག་མ་ཐག་ཏུ་ནད་པ་རང་གིས་གཟའ་ནད་ཡིན་པ་མི་ཤེས་པ་བྱེད་དགོས་པ་དང་།  དངངས་སྐྲག་མི་ལངས་པ་སོགས་བྱས་ཏེ་ནད་པའི་ལུས་ལ་སྤོ་འགུལ་མ་བཏང་བར་ལུས་དལ་པོ་དང་ཁུ་སིམ་དུ་འཇོག་རྒྱུ་ཧ་ཅང་གལ་ཆེ་ཞིང་ནད་བབས་ལ་གཞིགས་ནས་བདུག་པ་དང་སྨན་རྣམས་དལ་བུས་ཟ་རུ་བཅུག་དགོས་པ་ཡིན།

བྱེ་བྲག་མེ་གཟའི་བཅོས་ཐབས་སུ།

ལུས་སྟོད་དྲོད་དྲགས་རྒྱུ་མེད་པ་དང་།  ལྷག་པར་དུ་མགོ་ཡོད་སར་གང་བསིལ་བསིལ་བྱས་ཏེ་པགས་རིགས་སོགས་དྲོད་འཕེལ་བའི་རིགས་སྔས་འོག་ཏུ་འཇོག་རྒྱུ་མེད་ལ་སྔས་མགོ་ཅུང་ཟད་མཐོ་ཙམ་བྱས་ནས་བཞག་ན་ནད་གཞི་བསྐྱར་ལངས་དང་ཚབས་ལྕི་རུ་མི་འགྲོ་བའི་སྔོན་འགོག་ཀྱང་ཐུབ་པ་ཡིན། དེ་ལས་ལྡོག་སྟེ་ནད་པའི་ལུས་ལ་ཕུར་མཉེད་དྲག་པོ་གཏོང་བ་དང་།  མྱུར་སྐྱོབ་ཀྱི་ཆེད་དམིགས་ཏེ་གསང་དམིགས་ཁག་ལ་གནོན་ཕུར་དང་།  སྐམ་ཁབ་སོགས་རྒྱབ་ན་ནད་པར་ཚོར་སྣང་ཕྲན་བུ་སླེབས་ཀྱང་དེའི་ན་ཟུག་གིས་མ་བཟོད་པར་དངངས་སྐྲག་སྐྱེད་ནས་དེ་བས་ཉེན་ཚབས་ཆེ་རུ་འགྲོ་ཉེན་ཡོད། ནད་ཚབས་ཆེ་བའི་ནད་པ་དེའི་རིགས་ནས་དར་མ་ལུས་སྟོབས་ཞན་པ་དང་།  ལོ་ན་མཐོ་བའི་རིགས་རྣམས་དྲན་མེད་བརྒྱལ་ནས་ཉིན་ཤས་ནང་དྲན་པ་གསོ་མི་ཐུབ་ན་ཕལ་ཆེར་འཆི་བར་ངེས་པ་དང་།  ཉིན་ཤས་ནང་དབུགས་ཀྱི་རྒྱུ་བ་སྙོམས་སུ་ཕྱིན་པ་དང་།  ཁྲག་ཤེད་ཆག་པ་སོགས་བྱུང་ནས་རིམ་པས་དྲན་པ་གསོས་ན་ཕལ་ཆེར་འཚོ་ཐུབ་པའི་རེ་བ་ཡོད། ནད་དེ་ཕོག་པའི་ནད་པ་ཕལ་མོ་ཆེ་ཁྲག་ཤེད་ཧ་ཅང་མཐོ་བས་ཐོག་མར་ཁྲག་ཤེད་གཅོག་པའི་ཐབས་ཤེས་བྱེད་རྒྱུ་དེ་གལ་ཆེ་བ་ཡིན་ཞིང་སྨན་ར་བསམ་དང་།  བྱུ་དམར་ཉེར་ལྔ། ཙན་དན་བཅོ་བརྒྱད། ཨ་གར་ཉི་ཤུ་སོགས་བཏང་ནས་ཁྲག་ཤེད་གཅོག་ཐབས་དང་།  ཆབས་ཅིག་ཁྲག་གཅོད་ཀྱི་སྨན་གུར་གུམ་བརྒྱད་པ་སོགས་ཐུན་འགའ་བསྟེན་ནས་རྩ་ཁ་རྣམས་བསྡམས་ཏེ་སླར་ཡང་ཀླད་ཁྲག་མ་ཤོར་བའི་སྔོན་འགོག་བྱེད་དགོས་པ་ཡིན། རིམ་བཞིན་ནད་པའི་ཁྲག་ཤེད་སྙོམས་པ་དང་ཚོར་སྣང་ཡག་ཏུ་སོང་མཚམས། གཞི་ནས་ཀླད་པ་དང་རྐང་ལག་སོགས་ཀྱི་རྩའི་བྱ་བ་ཉམས་པ་རྣམས་གསོ་བའི་སྨན་བསམ་ནོར་དང་།  བསམ་ཁྱུང་།  བླ་མེད། ཨ་གར་ཉི་ཤུ། ད་ལི་བཅོ་བརྒྱད་སོགས་དང་ཁྲག་ཤེད་ཀྱི་སྨན་རྣམས་གང་ལ་དེ་འཚམས་ཀྱིས་གཏོང་དགོས་པ་ཡིན། ཡང་ཁྲག་ཤེད་སྙོམས་པའི་དུས་རིམ་ནང་རྩ་བྱུག་གི་བྱུག་པ་དང་འཕུར་མཉེད་ཉིན་བཅུ་ནས་བཅོ་ལྔའི་རིང་བྱས་རྗེས་ངལ་གསོ་ཉིན་ཁ་ཤས་བྱས་ནས་སླར་ཡང་ནད་བབས་དང་བསྟུན་ནས་ཟླ་གཅིག་གམ་ཡང་ན་དེ་ལས་མང་ཙམ་རིང་འཕུར་མཉེད་བྱས་ན་ནད་པའི་རྩའི་བྱ་བ་ཉམས་པ་རྣམས་སླར་གསོ་དང་ཤ་སྒྲིམ་རྣམས་ལ་ཤེད་ཤུགས་སླེབས་ཏེ་རྐང་ལག་འགུལ་བསྐྱོད་དང་འདེགས་འཇོག་ཡོང་རྒྱུར་ཕན་ཐོགས་ཆེན་པོ་འདུག འོན་ཀྱང་བྱུག་པ་དང་འཕུར་མཉེད་མ་བྱས་གོང་ངེས་པར་དུ་ནད་པའི་ཁྲག་ཤེད་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན། གལ་ཏེ་ཁྲག་ཤེད་མཐོ་པོ་ཡོད་ཚེ་བྱུག་པ་དང་འཕུར་མཉེད་གཏོང་རྒྱུ་མེད། གཞན་ཡང་རླུང་ཁམས་ཤས་ཆེན་པོ་མེད་མཁན་རྣམས་ལ་སྐམ་ཁབ་བེད་སྤྱོད་བྱེད་པའམ་ཡང་ན་གསང་དམིགས་ཁག་ལ་འཕུར་གནོན་བྱས་ནའང་ཕན་ཐོགས་ཡོད་པ་མྱོང་གྲུབ་ཡིན།

 

ཆུ་གཟའི་བཅོས་ཐབས་སུ།

རྒྱུན་དུ་ཁྲག་དང་མེ་དྲོད་ཞན་པའི་རྐྱེན་གྱིས་ཁྲག་འཁོར་རྒྱུགས་དཀའ་བས་མེ་དྲོད་གསོ་རྒྱུར་དོ་སྣང་དང་ཆབས་ཅིག་ཁྲག་གསོ་བའི་ཐབས་བྱེད་དགོས་པ་ཡིན་ལ། ཐོག་མའི་སྐབས་སྒ་རློན་པའི་ཐང་བཏང་ནའང་ཕན་པ་ཡིན། དེ་ལྟར་མེ་དྲོད་གསོ་བའི་ཆེད་དུ་སྔ་དྲོ་དྲོད་སྨན་སེ་འབྲུའི་རིགས་བསྟེན་དགོས་པ་དང་།  ཉིན་དགོང་གཉིས་ལ་གཟའ་ནད་སྤྱི་ལ་ཕན་པའི་སྨན་དང་།  རྩའི་བྱ་བ་ཉམས་གསོའི་སྨན་རྣམས་གཏོང་དགོས་པ་ཡིན་ལ། དྲོ་སར་བསྡད་ནས་བྱུག་པ་དང་ཕུར་མཉེད་བྱས་པས་ཤིན་ཏུ་འཕྲོད་པར་མངོན། དེ་ཡང་གཞུང་ལས། ཆུ་གཟས་ཟིན་ན་ཐ་མ་མེ་ཡིས་བསྐོར། །ཞེས་པ་ལྟར་ཆུ་དགྲ་མེ་ཡིན་པས་མེ་ཡིས་བཏུལ་དགོས་པའི་ཕྱིར་བཅོས་ཐབས་རྣམས་ཀྱང་དེ་དང་ཆོས་མཚུངས་པའི་སྒོ་ནས་བྱ་དགོས་པ་ཡིན།

 

རླུང་གཟའི་བཅོས་ཐབས་སུ།

ནད་དེ་ཐོག་མར་ཕོག་པའི་སྐབས་རླུང་བདུག་བདུག་པ་དང་།  ཨ་གར་སོ་ལྔ་མར་དང་སྦྱར་ཏེ་རླུང་གསང་རྣམས་ལ་བྱུགས་པས་ཕན་པ་དང་།  དེ་ནས་ར་བསམ་དང་རླུང་སྨན་ཨ་གར་སོ་ལྔ་དང་།  ཨ་གར་ཉི་ཤུ་སོགས་དང་གཟའ་ནད་སྤྱིའི་སྨན་རྣམས་ཟུང་འབྲེལ་བྱས་ནས་གཏོང་དགོས་ཡིན་ལ། སྐབས་རེ་ནད་མཐུ་ཆེ་རུ་འགྲོ་བའི་སྐབས་གོང་བཞིན་རླུང་བདུག་དང་བདུག་པ་དང་སྣུམ་བྱུག་བྱས་པས་ཀྱང་ཕན། དེ་ལྟར་གཟའ་རིགས་གང་ལའང་རླུང་གིས་སྣ་ཁྲིད་པ་ཡིན་ཕྱིར། མཇུག་ཏུ་རླུང་བཅོས་བྱ་བ་དང་།  རླུང་ཁྲག་འདོམས་པའི་ནད་འགོག་བཅོས་བྱས་པས་གཟའ་ནད་སྔོན་འགོག་ཐུབ་རྒྱུར་ཕན་ཐོགས་ཡོད་པ་གསུངས་པ་ལྟར་བྱའོ།།

 

བདུན་པ། ནད་ལོག་མི་ཡོང་བའི་སྔོན་འགོག 

ནད་ལོག་མི་ཡོང་བའི་སྔོན་འགོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་།  གལ་ཏེ་ནད་ལོག་བྱུང་ན་ཕལ་ཆེར་གསོ་ཤིན་ཏུ་དཀའ་ལ་དེའི་སྐབས་ནད་པའི་ཚེ་སྲོག་ཡང་ཤོར་འགྲོ་བའི་ཉེན་ཁ་ཡོད། སྤྱིར་བཏང་ཁྲག་ཤེད་ཧ་ཅང་མཐོ་བ་གཟའ་ནད་ཕོག་པའི་རིགས་ལ་ཟས་སྤྱོད་སོགས་ཀྱི་ཐད་ཡིད་གཟབ་ཀྱིས་སྤང་བླང་རྣམས་ཚུལ་བཞིན་བྱེད་མི་ཐུབ་ན་ནད་ལོག་རྒྱག་པའི་ཉེན་ཁ་ཆེན་པོ་ཡོད་ལ། དེ་ཡང་ནད་ཕོག་མ་ཐག་པ་ཛ་དྲག་གི་སྐབས་དང་།  བར་དུ་གསོ་བའི་དུས། ཐ་མ་ལྷིང་འཇག་པའི་དུས་བཅས་གསུམ་ལ་དབྱེ་བ་ལས། དེ་ཡང་ཐོག་མར་ནད་དེ་ཕོག་པའི་སྐབས་ནད་པ་དེས་རང་ལ་གཟའ་ནད་ཕོག་པ་མི་ཤེས་པ་བྱེད་དགོས་པ་དང་། ཟང་ཟིང་གི་ཚོར་སྣང་མེད་པར་ཁུ་སིམ་དུ་གནས་ཐུབ་པ་སོགས་མདོར་ན་ནད་པར་དངངས་སྐྲག་མི་ཡོང་བ་བྱེད་དགོས། བར་དུ་བསྐྱར་གསོ་ཡོང་བའི་སྐབས་ནད་པའི་ཟས་སྤྱོད་ལ་ངེས་པར་དོ་སྣང་བྱས་ཏེ་སློང་རྐྱེན་སྐབས་བཤད་པ་རྣམས་འཛེམ་བྱ་དགོས་པ་ཡིན། དེ་ལྟར་མ་བྱུང་ན་གློ་བུར་དུ་ནད་ལོག་རྒྱག་གི་ཡོད། དེ་ནས་ལྷིང་འཇག་གི་དུས་ཏེ་ལོ་གཅིག་ནས་གཉིས་ཀྱི་རྗེས་ལ་བསྐྱར་གསོ་ཡོང་རྒྱུ་འགོར་དུ་འགྲོ་བ་དང་།  ནད་པར་ཡང་ནད་ཡུན་རིང་ལ་དྲག་བསྐྱེད་མེད་པའི་ཚོར་སྣང་བྱུང་སྟེ་བསུན་སྣང་སྐྱེ་བ་དང་།  ཁོང་ཁྲོ་ལྡང་བ། རླུང་ཁ་མཐོ་བ། གནོད་པའི་ཟས་སྤྱོད་རྣམས་འདོད་པ་སོགས་བྱེད་པའི་སྐབས་ནད་གཡོག་སོགས་ཀྱིས་ངང་རྒྱུད་རིང་པོའི་ཐོག་ནས་ནད་པ་སྤྲོ་སྣང་འཕེལ་གང་ཐུབ་བྱེད་དགོས་ལ། ལྷག་པར་མེ་རླུང་གཉིས་ཀྱི་གཟའ་ནད་ལ་དེ་བས་དོ་སྣང་ཡིད་གཟབ་བྱེད་དགོས་པ་ཡིན་ལ། ཆུ་གཟའ་ཕོག་པའི་ནད་པར་ཡང་བཅོས་ཐབས་མ་འགྲིམ་ན་འཆི་བའི་ཉེན་ཁའང་ཡོད་པ་ཡིན། དེ་བཞིན་གཟའ་ནད་ཕོག་པའི་ནད་པའི་མགུལ་ལ་རིན་ཆེན་ར་བསམ་དང་།  དཀར་ཁྲ་མེན། གཟི་སོགས་བཏགས་པ་དང་།  ནད་དེའི་འཛིན་དུས་རྣམས་ཀྱི་ཞོགས་པ་ཐོ་རེངས་སྐབས་རིན་ཆེན་ར་བསམ་རེ་གཏང་ན་ཕན་ཡོན་ཆེ་ལ་སྔོན་འགོག་ཀྱང་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། མ་ཟད་དུས་རྒྱུན་དུ་ཙོང་སྒོག་གི་རིགས་དང་།  ཆང་རག ཉ་ཕག་སྒོང་གསུམ་སོགས་སྤང་དགོས་པ་དང་།  སྤྱོད་ལམ་ཡང་མི་གཙང་བའི་རིགས་འཛེམས་པ་དང་།  ཤ་ཁྲག་དམར་རིགས་རྣམས་མིག་ལམ་དུ་མི་མཐོང་བ། ཉི་མ་འཆར་ནུབ་ཀྱི་ཟེར་དང་།  ཆུ་ཤེལ་གྱི་འོད་ཆེན་པོ། མི་ཚོགས་དང་སྒྲ་སྐད་ཆེན་པོ་སོགས་སྤང་དགོས་པ་ཡིན་ནོ། །ཁྱད་པར་ནད་པའི་སྤྱི་གཙུག་ལ་གསེར་མེས་བསྡམ་ན་ནད་ལོག་སྔོན་འགོག་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

          དེ་ལྟར་གཟའ་ནད་ཀྱི་སྐོར་སྐབས་འདིར་ཞུས་ཟིན་པ་ཡིན་ཏེ། གོང་བཤད་རྣམས་ནི་གཙོ་བོ་གཞུང་གི་དགོངས་དོན་མ་ལོག་པའི་ཐོག་རང་གི་སློབ་དཔོན་དམ་པ་རྣམས་ཀྱི་ཕྱག་རྒྱུན་དང་བཅོས་ཐབས་ཁ་ཤས་ཐད་རང་ཐོག་ནས་བསགས་པའི་ཉམས་མྱོང་གང་དྲན་མདོ་རུ་བསྡུས་ཏེ་ཞུ་ཁུལ་བྱས་ཀྱང་།  གཞུང་དོན་རྒྱ་མཚོ་ལྟ་བུ་གཏིང་མཐའ་དཔོགས་དཀའ་བས་མ་རྟོགས་པ་དང་ལོག་པར་རྟོགས་པ་སོགས་ཀྱི་ཉེས་སྐྱོན་མཆིས་སྲིད་པས། འདིར་ཡོད་པའི་གསོ་རིག་སློབ་དཔོན་དང་མཁས་དབང་རྣམས་ནས་རྩ་ཆེའི་སློབ་སྟོན་གནང་སྐྱོང་ཡོང་བའི་རེ་སྐུལ་སྙིང་དབུས་ནས་ཞུ་བཞིན་ཡོད།། །།

 

འདི་ནི་སྤྱི་ལོ་༡༩༩༩ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་ལྔ་པ།》ནང་དུ་བཞུགས་ཡོད།

 

མཐའ་མའི་འདོན་ཐེངས་།: 28.04.2014 ཉིན། 3:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།