སྨན་རྩིས་དྲ་བ། - སྣ་ཚོགས།

གཞིའི་སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.09.2017
སྣ་ཚོགས། >>



༄༅། །གཞིའི་སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

 


རྩོམ་པ་པོ་དབྱངས་ཅན་དགའ་བའི་བློ་གྲོས།

 

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །སྦྱང་གཞི་སྐྱེ་ཤི་བར་དོ་ལྕགས་ཀྱི་ཁམས། །སྦྱོང་བྱེད་ཟབ་ལམ་རིམ་གཉིས་གསེར་འགྱུར་རྩིས། །སྦྱངས་འབྲས་རྣམ་དག་སྐུ་གསུམ་རིན་ཆེན་ལ། །དབང་བསྒྱུར་ཟུང་འཇུག་མགོན་པོར་ཕྱག་འཚལ་ལོ། །འདིར་བླ་མེད་ཀྱི་ལམ་གྱིས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཁ་སྦྱོར་ཡན་ལག་བདུན་ལྡན་གི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པའི་ཉེ་ལམ་ཟབ་མོ་རིམ་པ་གཉིས་ཀྱི་བགྲོད་ཚུལ་ཤེས་པ་ལ། སྦྱང་གཞི་གཞིའི་སྐུ་གསུམ་གི་རྣམ་གཞག་ལ་གོ་བ་ཆགས་པ་ཤིན་ཏུ་གལ་ཆེ། དེས་ན་ལམ་རིམ་པ་གཉིས་ཀྱི་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་གྱི་རྣམ་གཞག་བཤད་པ་ལ་གསུམ། འཆི་བའི་རིམ་པ། བར་དོ་འགྲུབ་པའི་རིམ་པ། དེས་སྐྱེ་སྲིད་དུ་སྐྱེ་བ་ལེན་པའི་ཚུལ་བཤད་པའོ། །

 

དང་པོ་འཆི་རིམ་ནི།

 

བསྐལ་བ་དང་པོའི་འཛམ་བུ་གླིང་བའི་མི་རྣམས་རྫུས་ཏེ་སྐྱེས་པ་དང༌། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ། དབང་པོ་ཀུན་ཚང་བ། ལུས་རང་འོད་ཀྱིས་ཁྱབ་པ། མཚན་དཔེ་རྗེས་མཐུན་པས་བརྒྱན་པ། ཁམ་ཟས་ལ་མི་ལྟོས་པར་དགའ་བའི་ཟས་ཟ་བ། རྫུ་འཕྲུལ་གིས་ནམ་མཁའ་ལ་འགྲོ་ནུས་པ་སོགས་ཆོས་བདུན་ལྡན་པ་ཤ་སྟག་ཡིན་པ་ལ། ཁམ་ཟས་ལ་སྲེད་པའི་བག་ཆགས་སད་པའི་རྐྱེན་གྱིས་ཁམ་ཟས་རགས་པ་ཟོས་པས་སྙིགས་མ་རྣམས་བཤང་གཅིར་གྱུར་ཏེ་འདོན་པའི་སྒོ་ཕོ་མོའི་དབང་པོ་སོགས་དོད་དོ། །དེར་སྔོན་གི་འཁྲིག་པའི་བག་ཆགས་ལྡན་པ་གཉིས་ཀྱིས་གཅིག་ལ་གཅིག་སེམས་ཆགས་ཏེ་ལོག་པར་ཞུགས་པ་ལ་བརྟེན་ནས་མངལ་དུ་སེམས་ཅན་ཆགས་ནས་རིམ་གྱིས་མངལ་སྐྱེས་སུ་གྱུར་ཅིང༌། དེ་ལ་ས་ཆུ་མེ་རླུང་རྩ་ཐིག་ལེའི་ཁམས་ཏེ་དྲུག་གམ། ཡང་ན་ཕ་ལས་ཐོབ་པའི་རུས་པ་རྐང་ཁུ་བ་གསུམ་དང༌། མ་ལས་ཐོབ་པའི་ཤ་པགས་ཁྲག་གསུམ་སྟེ་ཁམས་དྲུག་ཚང་བ་ལ་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཟེར། སྔགས་བླ་མེད་ཀྱི་ལམ་གྱི་ཐོག་མ་ནས་ཉམས་སུ་བླངས་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བར་ངེས་པའི་གང་ཟག་ཡིན་ན། དེ་འདྲའི་འཛམ་བུ་གླིང་པའི་མངལ་སྐྱེས་ཁམས་དྲུག་ལྡན་ཡིན་པས་ཁྱབ་བོ། །དེའི་ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རོ་རྐྱང་དབུ་མ་གསུམ་དང་བཅས་པ་ཡོད་ལ། མཐར་འཆི་བའི་ཚེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རླུང་ཐམས་ཅད་རོ་རྐྱང་གཉིས་སུ་འདུས་ཤིང༌། དེ་གཉིས་ཀྱི་རླུང་ཡང་རྩ་དབུ་མ་ལ་ཐིམ། རྩ་དབུ་མའི་སྟོད་སྨད་ཀྱི་རླུང་རྣམས་ཀྱང་མཐར་སྙིང་གའི་རྩ་འདབ་ཀྱི་དྷཱུ་ཏཱིའི་ནང་གི་ཁམས་དཀར་དམར་གའུ་ཁ་སྦྱར་གི་ཚུལ་དུ་ཡོད་པའི་དབུས་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་གཅིག་པའི་ཆ་ཤས་སྲོག་འཛིན་གི་རླུང་མི་ཤིགས་པ་ལ་ཐིམ་པའི་སྒོ་ནས་འཆི་དགོས་ཏེ། ལུས་ཀྱི་ཆ་ཤས་གང་ཡང་རུང་བ་ཞིག་ན་ཤིན་ཏུ་ཕྲ་བའི་རླུང་མ་གཏོགས་པའི་རྣམ་ཤེས་ཀྱི་རྟེན་བྱེད་པའི་རླུང་ཅུང་ཟད་ཅིག་གནས་ན་འཆི་བ་མི་སྲིད་པས་སོ། །དེ་ཡང་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག ཡུལ་ལྔ། གཞི་དུས་ཀྱི་ཡེ་ཤེས་ལྔ་སོགས་རགས་པ་ཉེར་ལྔ་ཐིམ་པའི་སྒོ་ནས་འཆི་དགོས་ལ།


དང་པོར་གཟུགས་ཕུང་གི་རིགས་ཀྱི་ཆོས་ལྔ་ནི།
 གཟུགས་ཀྱི་ཕུང་པོ། གཞི་དུས་ཀྱི་མེ་ལོང་ཡེ་ཤེས། སའི་ཁམས། མིག་གི་་དབང་པོ། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཏེ་ལྔ་པོ་དུས་མཉམ་དུ་ཐིམ་པར་འགྱུར་བས་དེ་རྣམས་སོ་སོའི་ཐིམ་པའི་རྟགས་ནི། གཟུགས་ཕུང་ཐིམ་པའི་ཕྱི་རྟགས་སུ་ཡན་ལག་རྣམས་སྔར་ལས་ཕྲ་རུ་འགྲོ་ཞིང༌། ལུས་ཉམ་ཆུང་བ་དང༌། ནུས་པ་མེད་པར་འགྱུར་རོ། །གཞི་དུས་ཀྱི་མེ་ལོང་ཡེ་ཤེས་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་ཡུལ་དུ་མ་ཅིག་ཅར་དུ་གསལ་བར་སྣང་བའི་ཤེས་པ་ཞིག་ལ་བཤད་ལ། དེ་ཐིམ་པའི་ཕྱི་རྟགས་སུ་མིག་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པའི་ཕྱི་རྟགས་སུ་ལུས་ཤས་ཆེར་སྐམ་ཞིང་ཡན་ལག་རྣམས་ལྷོད་ལྷོད་པོར་འགྲོ་བ་དང༌། ལུས་ས་འོག་ཏུ་བྱིང་བ་ལྟ་བུའི་ཉམས་འབྱུང༌། མིག་གི་དབང་པོ་ཐིམ་པའི་ཕྱི་རྟགས་སུ་མིག་འབྱེད་འཛུམ་མི་ནུས། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་བཀྲག་མདངས་ཡལ་ཞིང་ཉམས་སྟོབས་ཟད་པར་འགྱུར་རོ། །དེ་རྣམས་ཀྱི་ནང་རྟགས་སུ་སྨིག་རྒྱུ་ལྟ་བུ་ཞེས་བྱ་བ་སོས་ཀའི་དུས་སུ་བྱེ་མ་ལ་ཉི་འོད་ཕོག་པ་ན་ཆུར་སྣང་བ་ལྟ་བུ་སྔོ་མེར་བའི་སྣང་བ་འབྱུང་ངོ༌། །

 

དེའི་རྗེས་སུ་ཚོར་ཕུང་གི་རིགས་ཀྱི་ཆོས་ལྔ་དུས་མཉམ་དུ་ཐིམ་སྟེ ཚོར་ཕུང་ཐིམ་པ་ན་ཕྱི་རྟགས་སུ་དབང་ཤེས་འཁོར་གི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལུས་ཤེས་ཀྱིས་ཉམས་སུ་མི་མྱོང༌། གཞི་དུས་ཀྱི་མཉམ་ཉིད་ཡེ་ཤེས་ནི་བདེ་སྡུག་བཏང་སྙོམས་གསུམ་ཚོར་བར་རིགས་གཅིག་ཏུ་དྲན་པའི་ཤེས་པ་ལ་བཤད་ཅིང༌། དེ་ཐིམ་པའི་ཕྱི་རྟགས་སུ་ཡིད་ཤེས་འཁོར་གི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མི་དྲན། ཆུའི་ཁམས་ཐིམ་པའི་ཕྱི་རྟགས་ལ། ཁ་ཆུ་དང༌། རྡུལ་དང༌། གཅིན་དང་ཁྲག་དང༌། ཁུ་བ་རྣམས་ཤས་ཆེར་སྐམ། རྣ་བའི་དབང་པོ་ཐིམ་པའི་ཕྱི་རྟགས་སུ་ཕྱི་ནང་གི་སྒྲ་མི་ཐོས། རང་རྒྱུད་ཀྱིས་བསྡུས་པའི་སྒྲ་ཐིམ་པའི་ཕྱི་རྟགས་སུ་རྣ་བའི་ནང་གི་འུར་སྒྲ་མི་འབྱུང་ངོ༌། །དེ་རྣམས་ཀྱི་ནང་རྟགས་སུ་དུ་བ་ལྟ་བུ་ཞེས་བྱ་བ་དུ་བ་འཁྲིགས་པའི་དཀྱིལ་ནས་དུར་ཁུང་ནས་དུ་བ་འབྱུང་བ་ལྟ་བུ་སྔོ་ཕོད་ཕོད་པ་ལྟ་བུའི་སྣང་བ་འཆར་རོ། །

 

དེའི་རྗེས་སུ་འདུ་ཤེས་ཀྱི་ཕུང་པོའི་རིགས་ཀྱི་ཆོས་ལྔ་དུས་མཉམ་དུ་ཐིམ་ལ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པའི་ཕྱི་རྟགས་སུ་ཕ་མ་ལ་སོགས་པའི་ཉེ་དུ་སོགས་ཀྱི་དོན་མི་དྲན། གཞི་དུས་ཀྱི་སོར་རྟོག་ཡེ་ཤེས་ནི་ཉེ་དུ་སོགས་ཀྱི་མིང་སོ་སོར་དྲན་པའི་ཤེས་པ་ལ་བཤད་ཅིང༌། དེ་ཐིམ་པའི་ཕྱི་རྟགས་སུ་ཕ་མ་ལ་སོགས་པའི་ཉེ་དུ་རྣམས་ཀྱི་མིང་མི་དྲན། མེའི་ཁམས་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་མེ་དྲོད་ཡལ་ནས་བཟའ་བཏུང་འཇུ་བའི་ནུས་པ་ཉམས། སྣའི་དབང་པོ་ཐིམ་པའི་ཕྱི་རྟགས་སུ་སྣ་སྒོ་ནས་རླུང་ནང་དུ་སྡུད་པ་ཞན་ཅིང་ཕྱིར་དྲག་ལ་རིང་དུ་རྒྱུ་བའི་དབུགས་བརྩེགས་མ་འབྱུང༌། རང་རྒྱུད་ཀྱིས་བསྡུས་པའི་དྲི་ཐིམ་པའི་ཕྱི་རྟགས་སུ་སྣས་དྲི་ཞིམ་མི་ཞིམ་གང་ཡང་མི་ཚོར། དེ་རྣམས་ཀྱི་ཕྱི་རྟགས་སུ་མཁའ་སྣང་ལྟ་བུ་ཞེས་ཀྱང་བྱ། སྲིན་བུ་མེ་ཁྱེར་ལྟ་བུ་ཞེས་བྱ་བ་དུད་ཁུང་ནས་དུ་བ་སྔོ་ཕོད་ཕོད་པ་འབྱུང་བ་ལྟ་བུའི་གསེབ་ནས་མེ་སྟག་དམར་ཚིག་ཚིག་པ་ལྟ་བུའམ། ཡོས་རྔོས་པའི་སླ་ངའི་རྒྱབ་ཀྱི་དྲེག་པ་ལ་མེ་སྟག་དམར་ཡལ་ཡལ་འོང་བ་ལྟ་བུའི་སྣང་བ་འབྱུང་ངོ༌། །

 

དེའི་རྗེས་སུ་འདུ་བྱེད་ཀྱི་ཕུང་པོའི་རིགས་ཀྱི་ཆོས་ལྔ་དུས་མཉམ་དུ་ཐིམ་པར་འགྱུར་ཏེ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པའི་ཕྱི་རྟགས་ལ་ལུས་ཀྱི་བྱ་བ་བསྒུལ་བསྐྱོད་སོགས་མི་ནུས། གཞི་དུས་ཀྱི་བྱ་སྒྲུབ་ཡེ་ཤེས་ནི་འཇིག་རྟེན་པའི་ཕྱིའི་བྱ་བ་དང་དགོས་པ་སོགས་དྲན་པའི་ཤེས་པ་ལ་བཤད་ཅིང༌། དེ་ཐིམ་པའི་ཕྱི་རྟགས་སུ་འཇིག་རྟེན་པའི་ཕྱིའི་བྱ་བ་དང་དགོས་པ་སོགས་གང་ཡང་མི་དྲན། རླུང་གི་ཁམས་ཐིམ་པའི་ཕྱི་རྟགས་སུ་སྲོག་འཛིན་སོགས་རླུང་བཅུ་རང་རང་གི་གནས་ནས་སྙིང་གར་འཕོ་ཞིང་དབུགས་ཕྱི་ནང་དུ་རྒྱུ་བ་འཆད། ལྕེའི་དབང་པོ་ཐིམ་པའི་ཕྱི་རྟགས་ལ་ལྕེ་སྦོམ་ཞིང་ཐུང་ལ་ལྕེའི་རྩ་བ་སྔོན་པོར་འགྱུར། རང་རྒྱུད་ཀྱིས་བསྡུས་པའི་རོ་ཐིམ་པའི་ཕྱི་རྟགས་སུ་ལྕེས་རོ་དྲུག་གང་ཡང་མི་མྱོང༌། སྐབས་འདིར་ལུས་དབང་དང་རེག་བྱ་ཡང་ཐིམ་དགོས་པས་དེ་ཐིམ་པའི་ཕྱི་རྟགས་ལ་རེག་བྱ་འཇམ་རྩུབ་གང་ཡང་མི་མྱོང་ངོ་། །དེ་རྣམས་ཀྱི་ནང་རྟགས་སུ་མར་མེ་འབར་བ་ལྟ་བུ་ཞེས་བྱ་བ་མར་མེ་ཟད་ཀར་རྩེ་མོ་ཏ་ལ་ལ་འགྲོ་བ་ལྟ་བུའི་སྣང་བ་འབྱུང་ངོ༌། །

 

དེ་ཡང་འབྱུང་བཞི་སྔ་མ་ཕྱི་མ་ལ་ཐིམ་ཚུལ་ནི་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་བསྡུས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་སྔ་མ་ཕྱི་མ་ལ་ཐིམ་ཞེས་བཤད་པ་ཡིན་གྱི། འབྱུང་བ་སྔ་མ་ཞིག་ཕྱི་མའི་རང་བཞིན་དུ་སོང་བ་ནི་མ་ཡིན་ཏེ། ས་ཆུ་ལ་ཐིམ་ཞེས་པས་རླུང་གིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཆུ་རླུང་གིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་གསལ་དུ་སོང་བས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་འདྲ་བ་ཞིག་འབྱུང་བས་ས་ཆུ་ལ་ཐིམ་ཞེས་བཤད་ལ། ས་རང་དགའ་བ་ཞིག་ཆུ་རང་དགའ་བ་ཞིག་ལ་ཐིམ་པ་ནི་མ་ཡིན་ནོ། །དེས་གཞན་རྣམས་ལའང་རིགས་འགྲེ། །

 

འབྱུང་བཞི་ཐིམ་རྗེས་སུ་རང་བཞིན་བརྒྱད་ཅུའི་རྟོག་པའི་སེམས། སྣང་བ་དཀར་ལམ་པའི་སེམས། མཆེད་པ་དམར་ལམ་པའི་སེམས། ཉེར་ཐོབ་ནག་ལམ་པའི་སེམས། འཆི་བ་འོད་གསལ་གི་སེམས་ཏེ་རྣམ་ཤེས་ཀྱི་ཕུང་པོའི་རིགས་ཀྱི་ཆོས་ལྔ་པོ་འདི་རྣམས་རིམ་ཅན་དུ་འཆར་དགོས་སོ། །

 

རང་བཞིན་བརྒྱད་ཅུའི་རྟོག་པའི་སེམས་དང༌། དེའི་བཞོན་པར་གྱུར་པའི་རླུང་གཉིས་སྣང་བ་དཀར་ལམ་པའི་སྔ་རོལ་དུ་ཐིམ་དགོས་ཏེ། དེ་དང་སྣང་བའི་སེམས་གཉིས་འཛིན་སྟངས་མི་མཐུན་ཞིང་ཕྲ་རགས་ཀྱི་ཁྱད་པར་ཆེ་བས་སྣང་བ་རང་དུས་སུ་དེ་འདྲའི་བློ་རགས་པ་མེད་པའི་ཕྱིར། དེས་ན་རང་བཞིན་བརྒྱད་ཅུའི་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་སྣང་བ་ལ་ཐིམ་པར་རྩོམ་པའི་ཚེ་མར་མེ་འབར་བ་ལྟ་བུའི་སྣང་བ་འབྱུང༌། དེ་སྣང་བ་ལ་ཐིམ་པའི་སྣང་བ་རང་དུས་ཀྱི་རྟགས་ནི་སྟོན་གྱི་ནམ་མཁའ་གཡའ་དག་པའི་ཚེ་མཚན་མོ་ཟླ་བ་ཤར་བའི་འོད་ཀྱིས་ཁྱབ་པའི་ནམ་མཁའ་ལྟ་བུ་ཤིན་ཏུ་དྭངས་ཤིང་སྟོང་སང་ངེ་བ་ལ་འོད་ཀྱི་སྣང་བ་དཀར་པོའི་རྣམ་པ་ཞིག་འཆར་ལ། དེ་ལྟར་འཆར་བའི་རྐྱེན་ནི། སྙིང་ག་ཡན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་ཡར་སྣེ་ནས་ཞུགས་པའི་སྟོབས་ཀྱིས་སྤྱི་བོའི་རྩ་མདུད་གྲོལ་བའི་དབུས་ན་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་ཡོད་པ་ཆུའི་རང་བཞིན་ཅན་ཡིན་པས་ཐུར་ལ་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་སྟེང་དུ་སླེབ་པའི་བར་ལ་དེ་འདྲའི་སྣང་བ་འབྱུང་བ་ཡིན་གྱི། ཕྱི་རོལ་ནས་ཟླ་འོད་སོགས་ཀྱི་སྣང་བ་ཤར་བ་མ་ཡིན་ནོ། །དེ་ལ་སྣང་བ་དང་སྟོང་པ་ཞེས་བྱའོ། །

 

དེའི་རྗེས་སུ་སྣང་བ་དང་བཞོན་པའི་རླུང་དང་བཅས་པ་མཆེད་པ་ལ་ཐིམ་ནས་མཆེད་པའི་སེམས་ཤར་བའི་ཚེ། སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་སྔར་ལས་ཀྱང་ཆེས་དྭངས་པའི་སྟོང་སང་ངེ་བ་དམར་པོ་འམ་དམར་སེར་གི་སྣང་བ་འཆར་ལ། དེའི་རྐྱེན་ནི་སྙིང་ག་མན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་མར་སྣ་ནས་ཞུགས་པའི་སྟོབས་ཀྱིས་ནོར་བུའི་རྩ་འཁོར་གི་མདུད་པ་དང་ལྟེ་བའི་རྩ་འཁོར་གྱི་མདུད་པ་རྣམས་རིམ་གྱིས་གྲོལ་བས། ལྟེ་བའི་རྩ་འཁོར་གི་དབུས་སུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་ཨ་ཐུང་ཤད་ཀྱི་རྣམ་པར་ཡོད་པ་མེའི་རང་བཞིན་ཅན་ཡིན་པ་ཡར་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་འོག་ཏུ་སླེབ་པའི་བར་ལ་དེ་འདྲའི་སྣང་བ་འབྱུང་བ་ཡིན་ལ། ཕྱི་རོལ་ནས་ཉི་འོད་སོགས་ཀྱི་སྣང་བ་ཤར་བ་མ་ཡིན་ནོ། །དེ་ལ་སྣང་བ་མཆེད་པ་དང་ཤིན་ཏུ་སྟོང་པ་ཟེར་རོ། །

 

དེའི་རྗེས་སུ་མཆེད་པ་བཞོན་པའི་རླུང་དང་བཅས་པ་ཉེར་ཐོབ་ལ་ཐིམ་པའི་ཉེར་ཐོབ་ཀྱི་སྟོད་ཀྱི་ཚེ་སྟོན་གནམ་གཡའ་དག་ལ་མཚམས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུ་སྟོང་སང་ནག་ལམ་པའི་སྣང་བ་འཆར་ལ། དེ་ནི་དབུ་མའི་ནང་གི་ཡས་རླུང་མས་རླུང་རྣམས་སྙིང་གའི་དབུ་མའི་ནང་དུ་འདུས་པའི་སྟོབས་ཀྱིས་སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྲོལ་ཏེ། སྙིང་གི་ཐིག་ལེ་དཀར་པོ་མར་བབ། འོག་གི་ཐིག་ལེ་དམར་པོ་ཡར་འོངས་ཏེ། སྙིང་ག་དྷཱུ་ཏཱིའི་དབུས་ན་མི་ཤིགས་པའི་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་གི་ཚུལ་དུ་ཡོད་པའི་དབུས་སུ་ཆུད་ནས་ཕྲད་པའི་རྐྱེན་གྱིས་དེ་འདྲའི་སྣང་བ་འབྱུང་བ་ཡིན་གྱི། ཕྱི་རོལ་ནས་མུན་པ་སོགས་ཀྱི་སྣང་བ་ཤར་བ་མ་ཡིན་ནོ། །དེ་ལ་ཉེར་ཐོབ་དང་སྟོང་པ་ཆེན་པོ་ཞེས་བྱའོ། །

 

དེ་ཡང་ཉེར་ཐོབ་ཀྱི་སྟོད་ཡུལ་སྣང་དང་བཅས་པ་སྐྱེས་ལ། ཉེར་ཐོབ་ཀྱི་སྨད་ལ་ཡུལ་གང་ཡང་མི་དྲན་པར་དྲན་མེད་དུ་བརྒྱལ་བ་ལྟར་ནག་འཐོམས་ཀྱིས་འགྲོ དེ་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གློ་བུར་དུ་བྱུང་བའི་རླུང་སེམས་མཐའ་དག་འགགས་ཏེ། དང་པོ་ནས་གཞི་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་དྲན་པ་མ་གསོ་བའི་བར་དེར་ཉེར་ཐོབ་ཀྱི་སྨད་དྲན་མེད་དེ་འོང་བ་ཡིན་ལ། དེའི་རྗེས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་དྲན་པ་གསོས་ཏེ་འཆི་བ་འོད་གསལ་འཆར་རོ། །ཀུན་རྟོག་གཡོ་བ་དང་ཐིམ་པའི་བར་དུ་འབྱུང་ཞིང་སྟོན་གནམ་གཡའ་དག་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མ་འཆར་བའི་ཡིད་ཀྱི་ཤེས་པ་ནི། སྣང་བ་དཀར་ལམ་པའི་མཚན་ཉིད་དང༌། ཀུན་རྟོག་གཡོ་བ་དང་ཐིམ་པའི་བར་དུ་འབྱུང་ཞིང་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པ་ནི། སྣང་བ་མཆེད་པའི་མཚན་ཉིད། ཀུན་རྟོག་གཡོ་བ་དང་ཐིམ་པའི་བར་དུ་འབྱུང་ཞིང་སྟོན་གནམ་གཡའ་དག་ལ་མཚམས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པ་ནི། སྣང་བ་ཉེར་ཐོབ་ཀྱི་མཚན་ཉིད་ཡིན་ནོ། །

 

ཉེར་ཐོབ་འོད་གསལ་ལ་ཐིམ་ནས་འོད་གསལ་ཤར་བའི་ཚེ་ཉེར་ཐོབ་ཀྱི་སྨད་དྲན་མེད་དེ་སངས་ནས་གཉིས་སྣང་རགས་པ་ཅུང་ཟད་ཀྱང་མེད་པར་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཉི་འོད་མུན་པ་སྟེ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་སྟོང་སང་ཤིན་ཏུ་དྭངས་པའི་སྣང་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་གི་སྣང་བ་འདྲ་བ་ཞིག་འཆར་རོ། །དེ་ལྟར་འཆར་བའི་རྐྱེན་ཡང་ཐིག་ལེ་དཀར་དམར་གཉིས་མི་ཤིགས་པའི་ཐིག་ལེ་དཀར་དམར་ལ་ཐིམ། དབུ་མའི་ནང་གི་རླུང་ཐམས་ཅད་ཀྱང་ཤིན་ཏུ་ཕྲ་བའི་སྲོག་འཛིན་གི་རླུང་ལ་ཐིམ་པས་དང་པོ་ནས་གཞི་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་མངོན་དུ་གྱུར་བས་ན་དེ་འདྲའི་སྣང་བ་ཤར་བ་ཡིན་གྱི། །ཕྱི་རོལ་གྱི་ནམ་མཁའ་སྟོ་སང་སྣང་བ་མ་ཡིན་ནོ། །དེ་ལ་འཆི་བ་འོད་གསལ་དང་ཐམས་ཅད་སྟོང་པ་ཞེས་བྱ་འོ། འཆི་བ་དངོས་དེ་ཡིན་ནོ། །

 

དེ་ནི་གཞིའི་ཆོས་སྐུ་དང༌། སྟོང་སང་དེ་ལ་གཞིའི་ངོ་བོ་ཉིད་སྐུ་དང༌། དེ་ཡུལ་དུ་བྱེད་པའི་བློ་དེ་ལ་གཞིའི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་ཀྱང་ཟེར་རོ། །དེ་ལ་ཐ་མལ་བའི་མི་རྣམས་ཞག་གསུམ་གི་བར་དུ་གནས་ལ། དེ་ནས་ཁམས་དཀར་དམར་གྱི་རྟགས་རགས་འོང་ངོ༌། །ནད་ཀྱིས་ལུས་ཟུངས་ཟད་དྲག་པ་ལ་ཞག་ཅི་ཙམ་སོང་ཡང་ཁམས་དཀར་དམར་གི་རྟགས་མི་འོང་བའང་སྲིད་ལ། རྣལ་འབྱོར་བས་རྟོགས་པ་མཐོ་དམའི་དབང་གིས་འོད་གསལ་དེ་ཆོས་སྐུ་དང་བསྲེས་ནས་འཇོག་པ་ལ་ཞག་གྲངས་མང་ཉུང་ངེས་པ་མེད་པར་གསུང༌། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་ཐིམ་ཚུལ་དེ་ཡང་སེམས་སྔ་མ་སྔ་མའི་ནུས་པ་འགགས་ནས་ཕྱི་མ་ཕྱི་མ་གསལ་དུ་སོང་བ་ལ་སྔ་མ་ཕྱི་མ་ལ་ཐིམ་ཞེས་བྱའི། སྔ་མ་ཕྱི་མའི་རང་བཞིན་དུ་སོང་བ་ནི་མ་ཡིན་ནོ། །

 

སྟོན་གྱི་ནམ་མཁའ་དཔེར་བཟུང་བ་ནི།  དབྱར་དུས་ཀྱི་ཆར་གྱིས་སའི་རྡུལ་བར་སྣང་ལ་ལྡང་བ་ལེགས་པར་མནན་པ་དང་།  སྤྲིན་གྱི་སྒྲིབ་བྱེད་དང་བྲལ་བ་གཉིས་ཚོགས་ཤིན་ཏུ་དྭངས་པ་མང་དུ་འབྱུང་བ་སྟོན་གྱི་དུས་ཡིན་པས་སྟོན་དུས་ཀྱི་ནམ་མཁའ་དཔེར་བཟུང་བ་དང་།   ནམ་མཁའ་དེ་ཐོགས་བཅས་རགས་པ་དགག་ཙམ་གྱིས་སྟོང་སང་ཡིན་པ་ལྟར།  སྟོང་པ་བཞི་པོ་ཡང་ཡིད་ངོར་ཀུན་རྟོགས་རགས་པའི་སྣང་བ་ལོག་ནས་སྟོང་སང་གི་སྣང་བ་འཆར་བ་གཉིས་སྣང་ཚུལ་མཚུངས་པར་དཔེ་དོན་སྦྱར་བ་ཡིན་གྱི།   གནས་སྐབས་དེ་ན་ནམ་མཁའ་སོགས་ཀྱི་སྣང་བ་ཤར་བ་ཡིན་ནོ། །

 

འོ་ན་སྣང་བའི་སྔ་རོལ་ཏུ་རང་བཞིན་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་ཐིམ་ཟིན་ན།   སྣང་མཆེད་ཐོབ་གསུམ་གྱི་དུས་སུ་ཐིམ་རྒྱུའི་རླུང་མེད་དམ་སྙམ་ན།  སྤྱིར་རླུང་ལ་ཕྲ་རགས་མང་དུ་ཡོད་པའི་རགས་པ་རྣམས་ཐིམ་ཚར་ཡང་ཕྲ་བ་ཡོད་དོ། །དེས་ན་རླུང་ཕྲ་བ་གཅིག་པུས་ཤེས་པའི་རྟེན་བྱེད་པའི་དུས་ནི་རླུང་སྣང་བ་ལ་ཐིམ་པ་ནས་ཉེར་ཐོབ་འོད་གསལ་ཐིམ་པའི་བར་དུ་ཡིན་ནོ། །སྟོང་པ་བཞིའི་སྐབས་སུ་ཤེས་པ་སྔ་མ་སྔ་མ་ཡུལ་སྣང་དང་བཅས་པ་ལས་ཕྱི་མ་ཕྱི་མ་རྣམས་ཡུལ་སྣང་དང་བཅས་ཇེ་ཕྲ་ཇེ་ཕྲར་སོང་བའི་སྟོབས་ཀྱིས་ཡིད་ངོར་ཀུན་རྫོབ་ཀྱི་སྣང་བ་རགས་པ་ལོག་ནས་སྟོང་སང་ངེ་བ་ཞིག་ཤར་བ་ཡིན་གྱི་སྟོང་ཉིད་ཡུལ་དུ་བྱེད་པ་ནི་མ་ཡིན་ནོ། །དེས་ན་ལམ་མི་བསྒོམས་པའི་ཐ་མལ་བ་ལ་དེ་དག་གི་སྐབས་སུ་བདེན་གྲུབ་ཁོ་ན་ལས་བདེན་མེད་ཀྱི་སྣང་བ་མི་འཆར་ཏེ།  སྐབས་འདིའི་སྟོང་པ་བཞི་པོ་སེམས་ཅན་འཆི་ཚད་ཐམས་ཅད་ལ་འའཆར་བས་འཆི་བའི་སྐབས་སྟོང་ཉིད་རྟོགས་ན་འབད་མེད་དུ་གྲོལ་བར་ཐལ་བའི་ཕྱིར་རོ།  ཐ་མལ་པ་རྣམས་ཀྱིས་འཆི་བ་འོད་གསལ་དེ་སྣང་ལ་མ་ངེས་པའི་ཚུལ་གྱིས་མྱོང་བ་ཡིན་གྱི།  ངེས་ཤེས་དང་བཅས་ཏེ་མྱོང་བ་མིན་ནོ། །དེ་ནི་མའི་འོད་གསལ་ཡིན་ལ།  ལམ་དུས་ཀྱི་གཉིད་དང་སད་པའི་སྐབས་སུ་བསྒོམས་སྟོབས་ཀྱིས་ཤར་བའི་འོད་གསལ་ལ་བུའི་འོད་གསལ་ཞེས་བྱ།   དེ་གཉིས་འཆི་བ་འོད་གསལ་གྱི་དུས་སུ་བསྲེས་ནས་བསྒོམས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་རོ། །

 

འོ་ན་འཆི་བ་འོད་གསལ་དེ་སྤྱིར་འོད་གསལ་མཚན་ཉིད་པ་ཡིན་ནམ་ཞེ་ན།  རྣལ་འབྱོར་པས་འོད་གསལ་མ་བུ་བསྲེས་ཏེ་ལྟ་ཐོག་ཏུ་འཇོག་པ་ནི་འོད་གསལ་མཚན་ཉིད་པ་ཡིན་ཡང་།  དེ་ལྟར་མ་ཡིན་པར་ཐ་མལ་པ་ལ་རང་ཤུགས་ཀྱིས་ཤར་བའི་འཆི་བ་འོད་གསལ་ནི་གཉིས་སྣང་རགས་པ་འགགས་པ་ཙམ་ལ་འོད་གསལ་ཞེས་བཏགས་པ་ཡིན་གྱི་མཚན་ཉིད་པ་མིན་ནོ། །སྤྱིར་འོད་གསལ་ལ་གཉིས་ལས།  སྟོང་ཉིད་ཕྲ་མོ་ཡུལ་གྱི་འོད་གསལ་དང་།   དེ་རྟོགས་པའི་ཡེ་ཤེས་ཡུལ་ཅན་གྱི་འོད་གསལ་དུ་འཇོག་གོ །འཆི་བའི་རིམ་པ་འདི་རྣམས་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་གཉིས་ཀྱི་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་དང་།  དཔེ་དང་དོན་གྱི་འོད་གསལ་རྣམས་ཀྱི་སྦྱང་གཞིའི་གཙོ་བོ་ཡིན་པས་འདི་རྣམས་ལ་གོ་བ་ལེགས་པར་ཆགས་པ་ཤིན་ཏུ་གལ་ཆེའོ། །

 

གཉིས་པ་བར་དོ་འགྲུབ་པའི་རིམ་པ་བཤད་པ་ནི།

 

དེ་ལྟར་འཆི་བ་འོད་གསལ་གྱི་སེམས་དེ་གཡོ་མེད་དུ་ཅི་ཙམ་གནས་པའི་མཐར།  དེའི་ངང་ནས་འདར་འཕྲིག་ཙམ་གྱིས་ཅུང་ཟད་གཡོ་བ་ཞིག་འོང་ལ།  དེ་བྱུང་བའི་ཚེ་འོད་གསལ་ལས་ལྡང་བར་རྩོམ་པ་ཡིན་པས་མཚམས་དེ་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་སྙིང་གའི་ཁམས་དཀར་དམར་གྱི་ཐིག་ལེ་ཁ་བཤག་ཕྱེ་བའི་ནང་ནས་ཕྱི་རོལ་ཏུ་རྒྱངས་ཏེ་ཐོན་ནས་ལུས་འདི་བོར་ཏེ།  བར་དོའི་ལུས་གྲུབ་པ་ཡིན།  དེ་དང་དུས་མཉམ་དུ་སྙིང་གའི་ཁམས་དཀར་པོ་ཐུར་དུ་བབས་ནས་རྟགས་ཀྱི་རྩེ་དང་།  དམར་པོ་གྱེན་དུ་སོང་ནས་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང་ངོ་།  དེ་ཡང་འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པ་དེ་བར་དོའི་ལུས་ཀྱི་ཉེར་ལེན་དང་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་ལ།  འཆི་བ་འོད་གསལ་གྱི་སེམས་དེ་བར་དོའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་དང་སེམས་ཀྱི་ཉེར་ལེན་བྱས་པ་ལས་བརྟེན་ནས།  གང་དུ་སྐྱེ་འགྱུར་གྱི་མིའི་རྣམ་པ་ཅན་གྱི་བར་དོ་རླུང་གི་ལུས་ཅན་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་བའི་ཚུལ་གྱི་དངོས་གནས་ལ་འགྲུབ་པོ། །

 

དེའི་ཚེ་སྣང་མཆེད་ཐོབ་གསུམ་སོགས་སྔར་བཤད་པ་ལས་གོ་རིམ་བཟློག་སྟེ་ལུགས་ལྡོག་གི་ཉེར་ཐོབ་ནག་ལམ་པ་ཤར་བ།  འཆི་བ་འོད་གསལ་འགགས་པ།  བར་དོ་གྲུབ་པ་རྣམས་དུས་མཉམ་ཡིན་ཏེ།  མངོན་པ་གོང་འོག་དང་ས་སྡེ་སོགས་མང་པོ་ནས་འཆི་སྲིད་འགགས་པ་དང་བར་སྲིད་གྲུབ་པ་གཉིས་སྲང་མདའི་མཐོ་དམན་བཞིན་དུ་དུས་མཉམ་པར་གསུངས་ཤིང་།   བར་སྲིད་རྫུས་སྐྱེས་ཡིན་པས་དབང་པོ་དང་ཡན་ལག་ཉིང་ལག་ཐམས་ཅད་ཅིག་ཅར་དུ་འགྲུབ་པའི་ཕྱིར་རོ། །བར་དོ་གྲུབ་མ་ཐག་པའི་སེམས་ནི་ལུགས་ལྡོག་གི་ཉེར་ཐོབ་ཡིན་ལ།  དེ་ལས་ལུགས་ལྡོག་གི་མཆེད་པ་དང་།  དེ་ལས་སྣང་བ་དང་།  སྣང་བ་དེ་ལས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་སྐྱེས་ཏེ་བར་དོ་བ་དེས་སྐྱེ་གནས་དང་དྲི་འཚོལ་སོགས་ཀྱི་ཕྱིར་དུ་མངོན་པར་རྒྱུག་པ་ཡིན་ནོ། །དེ་དག་གི་ཚེའང་སྔར་བཤད་པའི་རིམ་པ་ལས་བཟློག་སྟེ་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་རིམ་བཞིན་འབྱུང་།   ཤ་ཁྲག་རྡོས་བཅས་སོགས་འབྱུང་ལུས་རགས་པ་སྤངས་པའི་རླུང་ཙམ་ལས་གྲུབ་པའི་ཡིད་ལུས་ཤིན་ཏུ་ཕྲ་བའི་བར་དོ་བ་དེ་ལ།   གཞིའི་ལོངས་སྐུ་དང་།  དྲི་ཟ་ཞེས་བྱའོ། ། 

 

འོ་ན་དེ་འདྲའི་བར་དོ་ཡོད་པའི་དཔེ་ཇི་ལྟ་བུ་ཡིན་ཞེ་ན།  ད་ལྟ་རང་ཅག་རྣམས་གཉིད་དུ་འགྲོ་བ་ན་གཉིད་ཀྱི་སྐབས་ཀྱི་རྟགས་བཞི་དང་སྟོང་བ་བཞི་འཆི་དུས་དང་འདྲ་བ་སྐྱེ་མ་ཙམ་རེ་ཤར་ནས་གཉིད་ཀྱི་འོད་གསལ་འཆར་ལ།  དེ་ལས་ལྡང་བར་རྩོམ་པ་ན་རྨི་ལམ་གྱི་ལུས་སུ་ལྡང་བར་རྩོམ་ཞིང་།   གཉིད་ཀྱི་འོད་གསལ་ལས་ལངས་པ་ན་རྨི་ལམ་གྱི་ལུས་གྲུབ་སྟེ།  རྨི་ལམ་གྱི་སྐབས་ཀྱི་བྱ་བྱེད་སྣ་ཚོགས་ཤིག་བྱེད་ཅིང་།   གཉིད་སད་པར་རྩོམ་པའི་ཚེ་རྨི་ལམ་གྱི་རླུང་ལུས་དེ་མེ་ལོང་ལ་ཧ་བཏབ་པ་བཞིན་མཐའ་ནས་ཡལ་ཏེ་སྙིང་གར་འདུས་ནས་ཕུང་པོ་རྙིང་པའི་སྙིང་གའི་དྷཱུ་ཏཱིའི་ནང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་ལ་ཐིམ་ནས་གཉིད་སད་དེ།   བྱ་བྱེད་སྣ་ཚོགས་ལ་འཇུག་པ་བཞིན་ཡིན་ནོ། ། 

 

དེ་ལྟ་བུའི་བར་དོའི་ངོ་བོའི་ཁྱད་པར་ནི་དབང་པོ་ཀུན་ཚང་བ།  རྫུས་སྐྱེས་ཡིན་པས་ཡན་ལག་དང་ཉིང་ལག་ཐམས་ཅད་ཅིག་ཅར་དུ་རྫོགས་པ།  ཕྲ་བའི་ལུས་ཅན་ཡིན་པས་རྡོ་རྗེ་ཕ་ལམ་གྱིས་ཀྱང་གཞིག་ཏུ་མེད་པ།  མའི་མངལ་ལྟ་བུའི་སྐྱེ་གནས་མ་གཏོགས་རི་རབ་སོགས་གང་ལའང་ཐོགས་པ་མེད་པ།  ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཀྱིས་སྐད་ཅིག་ལ་ཇི་ལྟར་འདོད་པ་བཞིན་འགྲོ་ནུས་ཤིང་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས་པའོ། །

 

མཛོད་ལས།  འགྲོ་བ་གང་གིས་བར་སྲིད་གྲུབ་ན་དེ་ལས་འགྲོ་བ་གཞན་དུ་མི་ལྡོག་པར་བཤད་ཀྱང་།  ཀུན་བཏུས་ལས།  གང་གི་བར་སྲིད་གྲུབ་ན་དེར་སྐྱེ་བའི་ངེས་པ་མེད་པར་འགྲོ་བ་གཞན་དུ་ལྡོག་པ་ཡོད་པར་གསུང་།  འོན་ཀྱང་མངོན་པ་གོང་འོག་གཉིས་ཀའི་ལུགས་ལའང་བར་དོའི་རྟེན་ལ་དགྲ་བཅོམ་ཐོབ་པའི་བར་འདའ་བ་ཡོད་པས་མཐའ་གཅིག་ཏུ་སྐྱེ་སྲིད་ལེན་དགོས་པས་ཁྱབ་པ་ཁས་མི་ལེན་ནོ། །མིང་གི་རྣམས་གྲངས་ནི།  ཡིད་ལས་བྱུང་བ་དང་།  སྲིད་འཚོལ་དང་།   དྲི་ཟ་དང་།  སྲིད་པ་བར་མ་དང་།   མངོན་པར་འགྲུབ་པའི་སྲིད་པ་ཞེས་མཛོད་ལས་བཤད་དོ། །

 

ཚེ་ཚད་ཀྱི་ཁྱད་པར་ནི་རིང་མཐའ་ཞག་བདུན་ཡིན་ཡང་སྐྱེ་བའི་རྐྱེན་ཚོགས་ན་བར་སྲིད་གྲུབ་པའི་མོད་ལ་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའང་ཡོད་པས་ངེས་པ་མེད།   གལ་ཏེ་ཞག་བདུན་ནས་སྐྱེ་བའི་རྐྱེན་མ་ཚོགས་ན་ཞག་བདུན་གྱི་མཐར་འཆི་ཆུང་རེ་བྱས་ཏེ་ཡང་བར་དོ་དེ་ཉིད་གྲུབ་སྟེ་གནས་སོ། །དེ་ལྟར་བྱས་ཏེ་ཞག་བདུན་ཕྲག་བདུན་འདས་པ་ན་ངེས་པར་སྐྱེ་བའི་རྐྱེན་ཚོགས་ཏེ་སྐྱེ་སྲིད་ལེན་པས་ཁྱབ་པར་སའི་དངོས་གཞིར་གསུངས་སོ།།   ཞག་བདུན་གྱི་མཐར་འཆི་ཆུང་རེ་བྱེད་ཚུལ་ནི།   བར་དོའི་རླུང་ལུས་དེ་མེ་ལོང་ལ་ཧ་བཏབ་པ་མཐའ་ནས་སྡུད་པ་བཞིན་སྟོད་སྨད་ནས་རིམ་གྱིས་སྙིང་གར་འདུས་ཏེ་བར་དོའི་གནས་སྐབས་ཀྱི་རང་བཞིན་བརྒྱུད་ཅུའི་རྟོག་པ་བཞོན་པའི་རླུང་དང་བཅས་པ་ཐིམ་ནས་བར་དོ་འཆི་བའི་རྟགས་བཞི་དང་སྟོང་བཞི་སྐྱེ་མ་ཙམ་རེ་མྱུར་པའི་ཚུལ་གྱིས་ཤར་ནས་བར་དོ་ཤི་བའི་འོད་གསལ་མངོན་དུ་བྱས།  དེ་ནས་འོད་གསལ་དེའི་བཞོན་པའི་རླུང་གིས་ཉེར་བྱས་ནས་ལུགས་ལྡོག་ཏུ་ལངས་པའི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་བར་དོའི་རླུང་ལུས་སྔར་བཞིན་གྲུབ་པ་ཡིན་ནོ། །བར་དོའི་རྟེན་ལ་འཆི་ཆུང་ཇི་ཙམ་བྱས་ཀྱང་བར་སྲིད་རང་ལ་བསྡུ་ལ།  བར་དོ་བ་དེས་རང་གི་སྔ་མའི་ལུས་རྟེན་མཐོང་ཡང་ལས་ཀྱི་འབྲེལ་བ་ཆད་པའི་སྟོབས་ཀྱིས་ལུས་རྟེན་རྙིང་བ་དེ་ངའི་ལུས་ཡིན་སྙམ་པ་དང་དེ་ལ་འཇུག་འདོད་ཀྱི་བློ་མི་སྐྱེ་བར་སའི་དངོས་གཞི་ལས་གསུང་།

 

ཁག་ཅིག་བར་དོའི་ཚེ་ཚད་ཞག་བདུན་དུ་གསུངས་པ་དེ་རིགས་དྲུག་རང་རང་གི་ཞག་གི་དབང་དུ་བྱས་པ་ཡིན་ཟེར་བ་མི་འཐད་དེ།   དེ་ལྟར་ན་དམྱལ་བ་པ་དང་ཁམས་གོང་མའི་ལྷ་རྣམས་ཀྱི་བར་དོ་ལ་འགྲོ་བ་དེ་དང་དེའི་ཞག་བདུན་སོགས་ཀྱི་བར་དུ་གནས་པ་ཞིག་ཡོད་དགོས་པས་ལོ་བྱེ་བ་ཕྲག་ཤིན་ཏུ་མང་པོའི་བར་དུ་ཡང་སྐྱེ་བའི་རྐྱེན་མི་འཚོགས་པར་བར་དོར་གནས་པ་ཞིག་ཁས་ལེན་དགོས་པས་ཐལ་ཆེར་བར་འགྱུར་བའི་ཕྱིར་རོ།།   

 

སྲིད་པ་འཕོ་ཚུལ་གྱི་ཁྱད་པར་ནི།  དམྱལ་བར་སྐྱེ་ན་བཤང་ལམ་ནས་འཕོ་ལ།  ཡི་དྭགས་སུ་སྐྱེ་ན་ཁ་དང་།   དུད་འགྲོར་སྐྱེ་ན་དྲི་ཆུའི་ལམ་དང་།  མིར་སྐྱེ་ན་མིག་དང་།  འདོད་ལྷར་སྐྱེ་ན་ལྟེ་བ།  གནོད་སྦྱིན་དུ་སྐྱེ་ན་སྣ།  གྲུབ་པའི་ལྷ་དང་མིའམ་ཅིར་སྐྱེ་ན་རྣ་བ།  གཟུགས་ཁམས་སུ་སྐྱེ་ན་སྨིན་མཚམས་ཀྱི་དབུས།  གཟུགས་མེད་དུ་སྐྱེ་ན་སྤྱི་བོ་ནས་འཕོ་བར་རྒྱུད་བརྟག་པ་བརྒྱད་པ་སོགས་ལས་བཤད།  འོ་ན།  ས་སྡེ་སོགས་སུ་ལུས་འདོར་བ་ན་སྙིང་ག་ནས་རྣམ་ཤེས་འཕོ་བར་བཤད་པ་དང་འགལ་ལོ་ཞེ་ན།  མི་འགལ་ཏེ་ལུས་ཀྱི་ནང་དུ་རྣམ་ཤེས་འཕོ་བ་ན་ཐོག་མར་སྙིང་ག་ནས་འཕོ་བ་ཡིན་ཡང་།  དེ་ནས་ལུས་ཀྱི་ཕྱི་རོལ་དུ་འཕོ་བ་ན་སྒོ་སོ་སོ་ནས་འཕོ་བར་བཤད་པ་བཞིན་ཡིན་པའི་ཕྱིར།  ཡང་མཛོད་ལས།  རིམ་གྱིས་འཆི་ན་རྐང་བ་དང་།  ལྟེ་བ་སྙིང་གར་ཡིད་འཆི་འཕོ།   ཞེས་དང་།  འགྲེལ་བར།  ངན་སོང་དུ་སྐྱེ་ན་རྐང་བ་དང་།  མིར་སྐྱེ་ན་ལྟེ་བ་དང་།  ལྷར་སྐྱེ་བ་དང་དགྲ་བཅོམ་པ་འཆི་ན་སྙིང་གར་རྣམ་ཤེས་འགག་གོ །ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན།   དེ་ནི་གནས་དེ་དག་ཏུ་ཡིད་འགགས་པའི་དོན་དུ་འགྲེལ་བ་ལས་བཤད་པ་ལྟར་དང་།   རྐང་པ་སོགས་པའི་གནས་དེ་དག་ཏུ་ལུས་དབང་འགགས་པའི་སྟོབས་ཀྱིས་ཡིད་ཀྱི་རྣམ་ཤེས་འགགས་ཚུལ་སོ་སོ་བ་སྟོན་པ་ཙམ་ཡིན་གྱི།  གནས་དེ་དག་ནས་རྣམ་ཤེས་ཕྱི་རོལ་ཏུ་འཕོ་བར་སྟོན་པ་མ་ཡིན་པས་སྔར་བཤད་པ་དང་འགལ་བ་མེད་དོ། །

 

མཐོང་ཚུལ་གྱི་ཁྱད་པར་ནི་བར་དོ་རིགས་མཐུན་དང་ལྷའི་མིག་རྣམ་པར་དག་པས་མཐོང་བར་མཛོད་ལས་བཤད།  དེ་ལ་ལྷའི་མིག་སྐྱེས་སྟོབས་ཀྱིས་ཐོབ་ནི་མ་དག་པ་དང་།  བསྒོམས་སྟོབས་ཀྱིས་ཐོབ་པ་ནི་ལྷའི་མིག་དག་པ་ལ་འཇོག་གོ །བར་དོ་གོང་མ་གོང་མས་འོག་མ་འོག་མ་མཐོང་བའི་ལུགས་ཀྱང་མཛོད་འགྲེལ་ལས་བཤད།  

 

བོང་ཚོད་ཀྱི་ཁྱད་པར་ནི།  འཛམ་བུ་གླིང་པའི་མིའི་བར་དོ་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུར་མཛོད་འགྲེལ་དུ་བཤད་ཀྱང་མཐའ་གཅིག་ཏུ་ངེས་པ་ཅན་མ་གསུངས་སོ།།

 

རྣམ་པའི་ཁྱད་པར་ནི།  ངན་འགྲོའི་བར་དོ་ཕྱར་བ་ནག་པོ་བརྐྱང་བའམ་མཚན་མོ་མུན་ནག་གིས་ཁྱབ་པ་ལྟ་བུ་དང་།  བདེ་འགྲོའི་བར་སྲིད་སྣམ་བུ་དཀར་པོ་བརྐྱང་པའམ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་ཉམས་འབྱུང་བར་སའི་དངོས་གཞིར་གསུངས།

 

ཁ་དོག་གི་ཁྱད་པར་ནི།  དམྱལ་བའི་བར་དོ་སྡོང་དུམ་མེས་ཚིག་པ་ལྟ་བུ་དང་།  ཡི་དྭགས་ཀྱི་བར་དོ་ཆུ་ལྟ་བུ།  དུད་འགྲོའི་བར་དོ་དུ་བ་ལྟ་བུ།  འདོད་པའི་ལྷ་མིའི་བར་དོ་གསེར་ལྟ་བུ།   གཟུགས་ཁམས་པའི་བར་དོ་དཀར་པོ་སོགས་སུ་དགའ་བོ་མངལ་འཇུག་གི་མདོ་ལས་བཤད།

 

བྱད་གཟུགས་ཀྱི་ཁྱད་པར་ནི།  གང་དུ་སྐྱེ་འགྱུར་གྱི་འགྲོ་བ་དེའི་སྔོན་དུས་ཀྱི་སྲིད་པའི་ཤ་ཚུགས་ཅན་ནམ་ལུས་དབྱིབས་ཅན་ཡིན་པར་མཛོད་ལས་གསུངས་ཤིང་།   སྲིད་པ་བཞི་ནི།  སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་སྐད་ཅིག་དང་པོ་སྐྱེ་སྲིད་དང་།  དེའི་སྐད་ཅིག་གཉིས་པ་ནས་འཆི་སྲིད་མ་གྲུབ་པའི་བར་གྱི་སྲིད་པ་ནི་སྔོན་དུས་ཀྱི་སྲིད་པ་དང་།   འཆི་བའི་སྐད་ཅིག་ཐ་མའམ་འཆི་བ་འོད་གསལ་ཉམས་སུ་མྱོང་བའི་དུས་ཀྱི་སྲིད་པ་ནི་འཆི་སྲིད་དང་།   འཆི་སྲིད་དང་སྐྱེ་སྲིད་གཉིས་ཀྱི་བར་དུ་བྱུང་བའི་སྲིད་པ་ནི་བར་སྲིད་དོ། །སྔོན་དུས་ཀྱི་སྲིད་པ་ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས་བར་དོ་བ་དེ་སྐྱེ་བ་སྔ་མའི་ལུས་ཀྱི་རྣམ་པ་ཅན་དུ་འདོད་པ་དང་།  ཡང་ཕྱི་མའི་ལུས་ཀྱི་དབྱིབས་ཅན་དུ་བཤད་པ་མཐོང་ནས་ཞག་ཕྱེད་དང་བཞི་སྐྱེ་བ་སྔ་མ་དང་།   ཕྱེ་དང་བཞི་སྐྱེ་བ་ཕྱི་མའི་ལུས་ཀྱི་རྣམ་པ་ཅན་དུ་འདོད་པ་ནི་ཁུངས་རྣམ་དག་གང་ཡང་མེད་པའི་སྒྲོ་བཏགས་ཁོ་ནར་ལམ་རིམ་ཆེན་མོར་གསུང་།

 

དེས་ན་སྔོན་དུས་ཀྱི་སྲིད་པ་ཞེས་པའི་སྔོན་ནི་ཚེ་ཕྱི་མའི་འཆི་སྲིད་ལ་ལྟོས་པའི་སྔོན་ཡིན་གྱི་བར་དོ་ལ་ལྟོས་པའི་སྔོན་དུ་འཇོག་པ་མ་ཡིན་ནོ། །མཛོད་ལས་ཀྱང་།  སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན།  ཞེས་པའི་འབྱུང་ཞེས་པ་ནི་མ་འོངས་པའི་ཚིག་ཡིན་གྱི་འདས་ཚིག་མ་ཡིན་པའི་ཕྱིར་རོ། །

 

ཡང་གང་དུ་སྐྱེ་འགྱུར་གྱི་སེམས་ཅན་དེའི་རྣམ་པ་ཅན་དུ་བཤད་པ་ལ།  འགའ་ཞིག་གིས་དེ་ལྟར་ན་དབང་པོ་མ་ཚང་བའི་འགྲོ་བ་དེའི་བར་དོ་བ་ཡང་དབང་པོ་མ་ཚང་བར་སྨྲ་བ་ནི་ཆེར་མི་འཐད་དེ།   སྐྱེ་གནས་སུ་སྐྱེ་བའི་འོག་ཏུ་མིག་སོགས་མ་ཚང་དབང་པོ་བར་འབྱུང་གི་བར་དོ་ལ་དབང་པོ་མ་ཚང་བ་གང་ནས་ཀྱང་མ་བཤད་པའི་ཕྱིར་དང་།  རང་ཉིད་གང་དུ་སྐྱེ་འགྱུར་གྱི་འགྲོ་བའི་རྣམ་པ་ཅན་དུ་བཤད་པ་ཙམ་གྱིས་ཆ་ཀུན་ནས་འདྲ་བ་དགོས་ན་ཧ་ཅང་ཐལ་ཆེ་བར་འགྱུར་རོ། །

 

བར་དོའི་འགྲོ་ཚུལ་གྱི་ཁྱད་པར་ནི།  ལྷའི་བར་དོ་གྱེན་དང་།  མིའི་བར་དོ་ཐད་ཀ་དང་།  ངན་འགྲོའི་བར་དོ་སྤྱི་བོ་ཐུར་དུ་ཚུགས་ནས་འགྲོ་བར་ས་ཡི་དངོས་གཞིར་ལས་གསུང་།  དེ་ཡང་འདོད་གཟུགས་གཉིས་སུ་སྐྱེ་བ་ལ་བར་དོ་བརྒྱུད་དགོས་པས་ཡར་གྱི་མཚམས་མེད་ཀྱི་ལས་དང་མར་གྱི་མཚམ་མེད་གཉིས་ལ་བར་དོ་མེད་པར་འདོད་པ་མི་འཐད་པར་ལམ་རིམ་ཆེན་མོར་གསུང་ལ།  གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མེད་དེ་གང་དུ་ཤི་འཕོས་པའི་གནས་དེ་ཉིད་དུ་གཟུགས་མེད་ཀྱི་མིང་གཞིའི་ཕུང་པོ་འགྲུབ་བོ།   དེ་ནས་གཟུགས་མེད་ཁམས་སུ་སྐྱེ་འགྱུར་གྱི་གང་ཟག་དེས་འཆི་བ་འོད་གསལ་གྱི་ངང་ནས་གཟུགས་མེད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱེད་ཀྱི་འཆི་བ་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་ཉེར་ཐོབ་ཀྱི་སེམས་མི་འཆར་ཏེ། དེ་འདྲའི་ཉེར་ཐོབ་ཀྱི་སེམས་ནི་བར་དོའི་སེམས་ཡིན་པའི་ཕྱིར་རོ།།   གཟུགས་མེད་ལ་འདོད་གཟུགས་གཉིས་ལས་གཞན་དུ་གནས་ལོགས་པ་མེད་དོ། །

 

བར་དོ་ཁྱད་པར་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་དགའ་ལྡན་ནས་འཕོས་ནས་ཡུམ་གྱི་ལྷུམས་སུ་ཞུ་འཇུག་པའི་བར་དོ་ནི།  གཞོན་ནུ་མཚན་དཔེས་བརྒྱན་པ།  འོད་ཀྱི་གླིང་གཞི་བྱེ་བ་ཕྲག་བརྒྱ་གསལ་བར་བྱེད་པར་མཛོད་འགྲེལ་དང་རྣམ་བཞག་རིམ་པར་གསུང་ལ།  འོ་ན་བཙུན་པ་ཆོས་ལྡན་རབ་འབྱོར་གྱིས།  གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་ལྡན་གྱི་རྣམ་པས་ལྷུམས་སུ་ཞུགས་པ་དང་འགལ་ལོ་ཞེ་ན།  དེའི་བཤད་པ་ལྟར་ཁས་ལེན་དགོས་པའང་མིན་ལ།  འོན་ཀྱང་དེའི་ཡུམ་གྱི་རྨི་ལམ་དང་མཐུན་པར་བསྟན་པ་ཙམ་ཡིན་གྱི།  མིར་སྐྱེ་འགྱུར་གྱི་བར་དོ་དུད་འགྲོའི་རྣམ་པ་ཅན་འདོད་ན་བསྟན་བཅོས་ཚད་ལྡན་མང་པོ་དང་འགལ་བའི་ཕྱིར།  དེ་ནི་ཐེག་དམན་གྱི་ལུགས་ལ་སྒྲ་ཇི་བཞིན་པ་དང་།  ཐེག་ཆེན་གྱི་ལུགས་ལ་ཚུལ་བསྟན་ཙམ་དུ་ཁས་ལེན་ནོ།།   བར་དོའི་རྣམ་བཞག་འདི་དག་བླ་མེད་ཀྱི་བསྐྱེད་རིམ་གྱི་བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་དང་།  དག་མ་དག་གི་སྒྱུ་ལུས་སྦྱང་གཞི་ཡིན་པས་ཞིབ་ཏུ་ཤེས་པ་གལ་ཆེའོ། །

 

གསུམ་པ་དེས་སྐྱེ་གནས་སུ་སྐྱེ་བ་ལེན་པའི་ཚུལ་ནི 
 

དེ་ཡང་བར་དོ་བ་དེས་མའི་མངལ་དུ་སྐྱེ་བ་ལེན་པ་ལ།  གནས་གསུམ་མངོན་དུ་གྱུར་ཅིང་ཉེས་པ་གསུམ་དང་བྲལ་བ་ཞིག་དགོས་ཏེ།   མ་ནད་མེད་ཅིང་ཟླ་མཚན་གྱི་ཁྲག་དང་ལྡན་པའི་སྐབས་ཡིན་པ།  དྲི་ཟ་ཉེ་བར་འཁོར་ཞིང་འཇུག་འདོད་པ།  ཕོ་མོ་གཉིས་ཕན་ཚུན་ཆགས་ཤིང་ཕྲད་པ་སྟེ་གནས་གསུམ་མངོན་དུ་གྱུར་པ་དང་།   མའི་མངལ་གྱི་དབུས་ནས་དབྱིབས་དང་འདྲ་བ་དང་།  གྲོགས་མའི་རྐང་པ་དང་།  རྔ་མོང་གི་ཁ་ལྟ་བུ་དང་།  རླུང་མཁྲིས་བད་ཀན་གསུམ་གྱི་བཀག་པ་སྟེ་མངལ་གྱི་ཉེས་པ་དང་།   ཕ་མ་གཉིས་གང་རུང་ལས་ཁུ་ཁྲག་མ་བྱུང་བའམ་བྱུང་ཡང་སྔ་ཕྱིར་འབབ་པ་དང་།   དུས་མཉམ་དུ་བབས་ཀྱང་གང་རུང་་ཞིག་རུལ་བ་སྟེ་ས་བོན་གྱི་ཉེས་པ་དང་།  དྲི་ཟ་དེས་ཕོ་མོ་གཉིས་ཀྱི་བུར་སྐྱེ་བའི་ལས་མ་བསགས་པའམ།  ཕོ་མོ་དེའི་ཕ་མར་གྱུར་པའི་ལས་མ་བསགས་པ་ལས་ཀྱི་ཉེས་པ་སྟེ་ཉེས་པ་གསུམ་དང་བྲལ་བར་དགོས་པར་མངལ་འཇུག་གི་མདོ་ལས་གསུངས་ལ།  འདུལ་བ་ལུང་ལས་གནས་དྲུག་མངོན་དུ་གྱུར་དགོས་པར་གསུངས་པ་ཡང་དོན་འདྲའོ། །

 

དེ་ལྟར་མངལ་དུ་སྐྱེ་བ་ལེན་པའི་མཐུན་རྐྱེན་གསུམ་ཚང་དགོས་ཤིང་འགལ་རྐྱེན་གསུམ་དང་བྲལ་བའི་དྲི་ཟ་དེས།  ཕ་མ་གཉིས་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་སྟེ་འཁྲིག་སྤྱོད་པར་འདོད་པའི་དབང་གིས་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་འབྲལ་འདོད་པ་དང་།  མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་འབྲལ་འདོད་སྐྱེ་ལ།  དེ་ནས་གང་ལ་ཆགས་པ་དེ་ལ་འཁྱུད་པར་རྩོམ་པ་ན།  ལས་ཀྱི་དབང་གིས་ལུས་གཞན་གང་ཡང་མི་སྣང་བར་ཕོ་མོ་གང་ཡིན་དེའི་མཚན་མ་ཙམ་སྣང་བས་ཁོང་ཁྲོ་སྐྱེས་ཏེ་ཆགས་སྡང་གཉིས་ཀྱིས་འཆི་རྐྱེན་བྱས་ནས་མངལ་དུ་འཇུག་གོ །དྲི་ཟ་དེས་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་ཁུ་ཁྲག་ལ་འཁྲུལ་ནས་ཉལ་པོ་བྱེད་པར་མཐོང་བར་ས་མང་པོ་བ་ལས་གསུངས་ཤིང་།   མཛོད་འགྲེལ་དུ་ཕ་མ་ཉལ་པོ་བྱེད་པ་མཐོང་བར་ཡང་བཤད་དོ། །དེ་ཡང་ཕོ་མོ་གཉིས་ཉལ་པོ་བྱེད་པས་སྙོམས་འཇུག་བྱས་པ་ན་དབང་པོ་གཉིས་བསྲུབས་པའི་སྟོབས་ཀྱིས་ཐུར་སེལ་གྱི་རླུང་གྱེན་དུ་གཡོས་ཏེ་སུམ་མདོའི་གཏུམ་མོ་ཕལ་བ་རྣམས་སྤར་བའི་དྲོད་ཀྱིས་ཐིག་ལེ་དཀར་དམར་ཞུ་བ་རྣམས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྦུབས་སྟོང་རྣམས་ནས་བབས་པས་ལུས་སེམས་བདེ་བས་ཚིམ་ཞིང་སྐབས་དེར་ཆགས་པ་དྲག་པོའི་སྐབས་སུ་བབས་པ་ན།  མཇུག་ཏུ་ཁུ་བ་སྐ་བ་རེ་འབྱུང་ལ།  དེ་རྗེའི་སུ་ཕ་མ་གཉིས་ཀ་ལས་ཁུ་ཁྲག་གི་ཐིག་པ་རེ་ངེས་པར་དུ་འབྱུང་བ་དེ་མའི་སྐྱེ་གནས་སུ་འདྲེས་ནས་འོ་མ་བསྐོལ་བའི་སྤྲིས་མ་ཆགས་པ་ལྟར་ཡོད་པའི་དབུས་སུ་བར་དོ་ཤི་བའི་རྣམ་ཤེས་འཇུག་ལ།  

 

དེའི་ཚུལ་ནི་ཐོག་མར་བར་དོ་ཕའི་ཁའམ་སྤྱི་བོ་དང་མའི་སྐྱེ་གནས་ཀྱི་སྒོ་གསུམ་པོ་གང་རུང་ནས་ཞུགས།  རྩ་སྟོང་ཕྲག་དོན་གཉིས་ཀྱི་ནང་ནས་བབས་པའི་ཐིག་ལེ་དང་འགྲོགས་ཏེ་བར་དོའི་གནས་སྐབས་ཀྱི་ཀུན་རྟོག་གཡོ་བའི་རླུང་རྣམས་ཐིམ་ནས་སྣང་མཆེད་ཐོབ་གསུམ་རིམ་བཞིན་ཤར།  བར་དོ་འཆི་བའི་འོད་གསལ་རྣམས་སྔར་ལུས་རགས་པའི་དོར་བའི་སྐབས་སུ་བཤད་པ་ལས་ཡུན་ཐུང་བ་སྐྱེ་མ་ཙམ་རེ་མྱུར་བའི་ཚུལ་གྱི་འཆར་ལ།  དེའི་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འབྱུང་ཞིང་འོད་གསལ་དེའི་རིགས་འདྲ་ཕྱི་མ་ཞིག་གི་ཁུ་ཁྲག་འདྲེས་པའི་དབུས་སུ་ཉིང་མཚམས་སྦྱར་ནས་སྐྱེ་བ་བླངས་པ་དང་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དུས་མཉམ།  ཉེར་ཐོབ་ཀྱི་སེམས་སྐད་ཅིག་དང་པོ་དེ་ནི་སྐྱེ་བའི་སྲིད་པ་ཞེས་ཐ་སྙད་འདོགས་པའི་གཞི་དང་།  སྐྱེ་གནས་སུ་དང་པོར་ཉིང་མཚམས་སྦྱར་བའི་སེམས་ཡིན་ལ།  དེ་ལས་ཉེར་ཐོབ་སྐད་ཅིག་གཉིས་པ་མན་དང་།  དེ་ལས་མཆེད་པ་དང་།  དེ་ལས་སྣང་བ་དང་།  སྣང་བ་ལས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་བཞོན་པའི་རླུང་དང་བཅས་པ་སྐྱེ་ཞིང་།   སྣང་བའི་བཞོན་པའི་རླུང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཁྱད་པར་ཅན་དུ་གྱུར་པའི་རླུང་སྐྱེ།  དེ་ལས་དེ་འདྲའི་ནུས་པ་ཁྱད་པར་ཅན་དུ་གྱུར་པའི་མེའི་ཁམས་དང་།  དེ་ལས་དེ་འདྲའི་ནུས་པ་ཅན་གྱི་ཆུའི་ཁམས་དང་།  དེ་ལས་དེ་འདྲའི་ནུས་པ་ཅན་གྱི་སའི་ཁམས་རྣམ་རིམ་གྱིས་སྐྱེའོ།།   བར་དོ་སྒོ་གང་ནས་མངལ་དུ་འཇུག་པ་ནི།  རྣམ་གཞག་རིམ་པར་རྣམ་སྣང་གི་སྒོ་སྤྱི་བོ་ནས་འཇུག་པར་བཤད་ལ།  སྡོམ་འབྱུང་དང་རྡོ་རྗེ་ཕྲེང་བ་གཉིས་སུ་ཕའི་ཁ་ནས་འཇུག་པར་བཤད་པས་ན།  ཐོག་མར་བར་དོ་ཕའི་ཁ་འམ་སྤྱི་བོ་ནས་ཞུགས་ཏེ་ཕའི་གསང་གནས་ནས་འཐོན།  མའི་པདྨར་ཞུགས་ནས་མངལ་དུ་ཁུ་ཁྲག་གི་དབུས་སུ་བར་དོ་ཤི་བའི་རྣམ་ཤེས་ཉིང་མཚམས་སྦྱོར་བ་ཡིན་ནོ། །མཛོད་འགྲེལ་ལས།  མའི་སྐྱེ་གནས་ཀྱི་སྒོ་ནས་འཇུག་པར་བཤད་པས།  དེ་ལྟར་ན་མའི་སྐྱེ་གནས་ཀྱི་སྒོ་དང་།  ཕའི་ཁ་དང་སྤྱི་བོ་མངལ་དུ་འཇུག་པའི་སྒོ་གསུམ་ཡོད་པར་ཤེས་པར་བྱའོ། །འདི་ནི་མངལ་སྐྱེས་ཀྱི་མའི་བར་སྲིད་འཇུག་པའི་དབང་དུ་བྱས་ཀྱི།    སྤྱིར་ན་བར་སྲིད་ཐོགས་མེད་ཡིན་པས་འཇུག་པའི་སྒོ་ལ་བུ་ག་མི་དགོས་ཏེ།   ལྕགས་ཀྱི་ཐོ་ལུམ་གཤགས་པའི་ནང་ནས་སྲིན་བུ་འབྱུང་བར་གྲག་གོ །ཞེས་མཛོད་འགྲེལ་ལས་བཤད་པ་དང་།  ཤིན་ཏུ་སྲ་བའི་བྲག་དང་རྡོ་རིལ་སེར་ཁ་མེད་པའི་ནང་དུའང་སེམས་ཅན་ཡོད་པའི་ཕྱིར་རོ། །

 

མངལ་དུ་ལུས་རིམ་གྱིས་འཕེལ་ཚུལ་ནི།  མངལ་དེ་ནི་མའི་ཕོ་བའི་འོག་ལོང་གའི་སྟེང་གི་བར་དེ་ཡོད་པར་མངལ་འཇུག་ལས་བཤད་དོ། །དེ་ལ་དང་པོ་མེར་མེར་པོ་ནི།  ཕྱི་འོ་མ་སྐོལ་བའི་སྤྲིས་མ་ལྟ་བུས་གཡོགས་པ་ལ་ནང་ཤིན་ཏུ་སླ་བའོ། །དེ་ནས་བཟུང་སྟེ་ཕུང་པོ་རགས་པ་གྲུབ་པ་ཡིན་པས་འཆི་བ་ལ་ཐུག་གི་བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད།  ཆུ་རླུང་གིས་སྡུད་པར་བྱེད།  མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད།  རླུང་རླུང་གིས་རྒྱས་པར་བྱེད་དོ། །མེར་མེར་པོ་ཞག་བདུན་སོང་བ་ན་རླུང་གསར་པ་སྐྱེ་སྟེ་རླུང་གིས་སྨིན་པར་བྱས་པ་ལས་ལྟར་ལྟར་་པོ་ནི་ཕྱི་ནང་གཉིས་ཀ་ཞོ་ལྟར་སྐ་ལ་ཤར་མ་གྱུར་པའོ། །དེ་ཞག་བདུན་སོང་བ་ན་དེ་ནས་ཡང་རླུང་གསར་པ་སྐྱེ་སྟེ་སྨིན་པར་བྱས་པ་ལས་གོར་གོར་པོ་ནི་ཤར་ནི་གྱུར་ལ་ནན་མི་བཟོད་པའོ། །དེ་ཞག་བདུན་སོང་བ་ན་རླུང་གསར་པས་སྨིན་པར་བྱས་པ་ལས་མཁྲང་དུ་གྱུར་པ་ནི་ཤ་སྐ་ཞིང་མནན་བཟོད་པའོ། །དེ་ཞག་བདུན་སོང་བ་ན་ཡང་རླུང་གསར་བས་སྨིན་པར་བྱས་པ་ལས་རྐང་ལག་འགྱུས་པ་ནི་བརླ་གཉིས་དང་དཔུང་བ་གཉིས་མགོ་བོའི་མཚན་མ་སྟེ་འབུར་པོ་ལྔ་གསལ་བར་དོད་པ་སྟེ་མངལ་གྱི་གནས་སྐབས་ལྔར་རྣམ་གཞག་རིམ་པར་གསུངས་ལ།  མཛོད་འགྲེལ་དང་།  ལུང་གི་མངལ་འཇུག་ལས།  ནུར་ནུར་པོ་དང་།  མེར་མེར་པོ་དང་།  ཕྱི་མ་གསུམ་སྔར་བཞིན་དུ་བཤད་ཅིང་།  སའི་དངོས་གཞི་ལས་དེ་གཉིས་ལྡོག་སྟེ་བཤད་ཀྱང་མིང་འདོགས་ཀྱི་རིམ་པ་མི་འདྲ་བ་ཙམ་མ་གཏོགས་དོན་ལ་འགལ་བ་མེད་པར་གསུང་།   བདུན་ཕྲག་བཞི་པའི་ཁོངས་སུ་ཐིག་ལེ་དཀར་དམར་རྣམས་དྭངས་སྙིགས་ཕྱེ་ནས།  དཀར་པོ་ལས་ནང་དུ་ཁུ་བ་རུས་པ་རྐང་ཏེ་ཕ་ལས་ཐོབ་པའི་མཛོད་གསུམ་དང་།  ཐིག་ལེ་དམར་པོ་ལས་ཕྱི་རུ་ཤ་པགས་པ་ཁྲག་སྟེ་མ་ལས་ཐོབ་པའི་མཛོད་གསུམ་འབྱུང་།   རྣམ་ཤེས་ཐོག་མར་གང་དུ་ཞུགས་པའི་ཁུ་ཁྲག་གི་གནས་དེ་ཕྱིས་སྙིང་གར་འགྱུར་བའི་དེར་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་དང་།  ཁུ་ཁྲག་གི་དྭངས་མ་གཉིས་ཏེ་བཞི་འདུས་པའི་གོང་བུ་ཡུངས་ཀར་སྦོམ་པོའི་ཚད་ཙམ་པ་དེའི་དབུས་སུ་འཐུམས་ནས་རྩ་དབུ་མ་དང་།  གཡས་གཡོན་རྩ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལན་གསུམ་གསུམ་གྱིས་དཀྲིས་པ་ཆགས།  དེ་ནས་གྱེན་རྒྱུའི་རླུང་ཡར་སྐྱེ་ཐུར་སེལ་གྱི་རླུང་མར་སོང་བའི་སྟོབས་ཀྱིས་རོ་རྐྱང་དབུ་མ་གསུམ་ཡར་མར་དུ་གྱེས་ཏེ།   མགོ་མཇུག་གཉིས་ཕྲ་ལ་དབུས་སྦོམ་པ་ཉའི་དབྱིབས་ལྟ་བུ་འབྱུང་།  དེ་ནས་རིམ་གྱིས་འབུར་བོར་ལྔ་དང་དེ་རྗེས་ཡན་ལག་ལྔ་དང་།  དེའི་འོག་ཏུ་སྐྲ་དང་སེན་མོ་དང་བ་སྤུ་ལ་སོགས་པ་དང་དབང་པོ་གཟུགས་ཅན་པ་རྣམས་དང་།  ཕོ་མོའི་མཚན་མ་དང་།  ཁ་ནས་རྒྱུ་བའི་དབུགས་རླུང་དང་།  བྱེད་པ་ལྕེ་རྐན་ལ་སོགས་པའི་ངག་གི་གནས་བརྒྱད།  ཡིད་ཤེས་ཡུལ་ལ་གཡོ་བའི་དྲན་པ་རྫོགས་པ་རྣམས་རིམ་བཞིན་འབྱུང་བར་འགྱུར་རོ། །

 

དེ་ལྟར་མངལ་ཆགས་ནས་བུ་ཡིན་ན་མའི་གློ་གཡས་སུ་ཁ་རྒྱབ་ངོས་སྒལ་གཞུང་ལ་ཕྱོགས་ཏེ་ཙོག་པུ་དང་།  བུ་མོ་ཡིན་ན་མའི་གློ་གཡོན་དུ་ཁ་མདུན་ངོས་སུ་ཕྱོགས་ཏེ་ཅོག་པུར་ཁ་ཐུར་དུ་ལྟ་བ་ཞེས་བྱ་བའི་རླུང་ལངས་ནས།  མངལ་གྱི་སེམས་ཅན་མགོ་ཐུར་དང་རྐང་གྱེན་དུ་བསྟན་པ་དྲི་ཆུའི་ལམ་དུ་ཕུལ་བར་བྱེད་དེ་བདུན་ཕྲག་སོ་བརྒྱད་པའི་མཐར་ཕྱིར་ཐོན་ནས་ཐ་མལ་པའི་མིག་ལམ་དུ་གྱུར་ཏེ།  བྱིས་པ།  གཞོན་ནུ།  དར་བབ།  དར་ཡོལ།  རྒས་པ་སྟེ་བཙས་པའི་གནས་སྐབས་ལྔ་པོ་རིམ་གྱིས་འབྱུང་བ་ཡིན་ནོ། །   

 

དེ་ཡང་རྩ་རླུང་ཐིག་ལེ་ཆགས་ཚུལ་ནི། ཐོག་མར་སྙིང་གའི་རོ་རྐྱང་དབུ་མ་གསུམ་དང་།  ཤར་གྱི་སུམ་སྐོར་མ།  ལྷོའི་འདོད་མ་སྟེ་རྩ་ལྔ་དུས་མཉམ་དུ་འཆགས།  དེ་རྗེས་དབུ་མ་དང་ལྷན་ཅིག་ཏུ་གནས་པའི་བདུད་བྲལ་མ་དང་།  ནུབ་ཀྱི་ཁྱིམ་མ།  བྱང་གི་གཏུམ་མོ་གསུམ་དུས་མཉམ་དུ་འཆགས་པ་ལ་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་ཅེས་བྱའོ། །དེ་ནས་ཕྱོགས་ཀྱི་རྩ་བཞི་ལས་གཉིས་གཉིས་སུ་གྱེས་ཏེ་མཚམས་ཀྱི་རྩ་འདབ་བཞི་དང་སྙིང་གའི་རྩ་འདབ་བརྒྱད་ཀྱི་རྒྱུན་གསུམ་གསུམ་གྱེས་ནས་གནས་ཉེར་བཞིའི་རྩ་ཉེར་བཞི་འཆགས།  ཉེར་བཞི་པོ་རེ་རེ་ལས་གསུམ་གསུམ་གྱེས་པས་བདུན་ཅུ་རྩ་གཉིས་དང་།  དེ་རེ་རེ་ལས་སྟོང་སྟོང་དུ་གྱེས་ཏེ་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་འཆགས་པ་ཡིན་ནོ། །  

 

རླུང་ཆགས་ཚུལ་ནི།  དང་པོར་མངལ་དུ་ཉིང་མཚམས་སྦྱར་ནས་ཟླ་བ་དང་པོ་ལ་སྲོག་འཛིན་གྱི་རླུང་ཕྲ་བ་ལས་སྲོག་འཛིན་རགས་པ་སྐྱེ།  དེའི་ཚེ་སེམས་ཅན་དེའི་ལུས་ཀྱི་དབྱིབས་ཉའི་རྣམ་པ་ལྟ་བུར་ཡོད།  ཟླ་བ་གཉིས་པ་ལ་སྲོག་འཛིན་གྱི་རླུང་དེ་ལས་ཐུར་སེལ་སྐྱེ།  དེའི་ཚེ་སེམས་ཅན་དེའི་ལུས་འབུར་པོ་ལྔ་དོད་པ་རུས་སྦལ་ལྟ་བུར་ཡོད།  ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་སྐྱེ།  དེའི་ཚེ་སེམས་ཅན་དེའི་ལུས་སྟོད་ཅུང་ཟད་སྒུར་བ་ཕག་རྒོད་ཀྱི་རྣམ་པར་ཡོད།  ཟླ་བ་བཞི་པ་ལ་མཉམ་གནས་ལས་གྱེན་རྒྱུ་སྐྱེ།  དེའི་ཚེ་ལུས་སྟོད་ཅུང་ཟད་རྒྱས་པས་སེང་གེའི་རྣམ་པར་ཡོད།  ཟླ་བ་ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་སྐྱེ།  དེའི་ཚེ་སེམས་ཅན་དེའི་ལུས་མིའུ་ཐུང་གི་དབྱིབས་སུ་ཡོད་པར་བཤད།  ཟླ་བ་དྲུག་པ་ལ་མིག་གི་སྒོར་རྒྱུ་བའི་རླུང་རྒྱུ་བ་ཞེས་བྱ་བ་དང་འབྱུང་བ་ས་སྐྱེ།  ཟླ་བ་བདུན་པ་ལ་རྣ་བའི་སྒོར་རྒྱུ་བའི་རླུང་རྣམ་པར་རྒྱུ་བ་དང་འབྱུང་བ་ཆུ་སྐྱེ།  ཟླ་བ་བརྒྱད་པ་ལ་སྣའི་སྒོར་རྒྱུ་བའི་རླུང་ཡང་དག་པར་རྒྱུ་བ་དང་འབྱུང་བ་མེ་སྐྱེ།  ཟླ་བ་བཅུ་པ་ལ་ལུས་ཀྱི་སྒོར་རྒྱུ་བའི་རླུང་ངེས་པར་རྒྱུ་བ་ཞེས་བྱ་བ་དང་འབྱུང་བ་ནམ་མཁའི་ཁམས་སྐྱེ།  དེའི་ཚེ་ལུས་ཀྱི་སྦུབས་སྟོང་རྣམས་འབྱུང་ངོ་། །མངལ་དུ་རླུང་བཅུ་ཆགས་ཀྱང་དེར་སྣ་སྒོ་ནས་འབྱུང་འཇུག་མི་བྱེད་ལ།  ཕྱིར་བཙས་མ་ཐག་ཏུ་སྣ་སྒོ་ནས་འབྱུང་འཇུག་བྱེད་པར་གསུངས་སོ། །

 

ཐིག་ལེ་ཆགས་ཚུལ་ནི།  ཁམས་དཀར་དམར་གྱི་དྭངས་མ་ཤིན་ཏུ་ཕྲ་བའི་རླུང་སེམས་འདུས་པའི་གོང་བུ་ཡུངས་དཀར་སྦོམ་པོའི་ཚད་ཙམ་པ་སྙིང་གའི་དྷཱུ་ཏཱིའི་དབུས་ཀྱི་སྦུབས་སྟོང་ཅུང་ཟད་ཡོད་པའི་ནང་དུ་གནས་པ་དེ་ལ་མི་ཤིགས་པའི་ཐིག་ལེ་ཞེས་བྱ་ལ།  དེ་ནས་ཐིག་ལེ་དཀར་པོ་དེ་ལས་ཆ་ཤས་གཅིག་སྤྱི་བོའི་རྩ་འཁོར་གྱི་ནང་དུ་སོང་སྟེ་གནས་པ་ལ་ཧཾ་(ཧི་)ཡིག་ཅེས་བྱ།  དེས་ལུས་ཀྱི་གནས་གཞན་གྱི་ཐིག་ལེ་དཀར་པོ་རྣམས་དངོས་སམ་བརྒྱུད་པའི་སྒོ་ནས་འཕེལ་བར་བྱེད།  སྙིང་གའི་ཐིག་ལེ་དམར་པོ་ལས་ཆ་གཅིག་ལྟེ་བའི་རྩ་འཁོར་གྱི་ནང་དུ་སོང་སྟེ་གནས་པ་ལ་གཏུམ་མོ་ཞེས་བྱ་སྟེ།   དེས་ལུས་ཀྱི་གནས་གཞན་རྣམས་ཀྱི་ཁམས་དམར་པོ་རྣམས་དངོས་བརྒྱུད་ཅི་རིགས་པའི་སྒོ་ནས་འཕེལ་བར་བྱེད་དོ། །རྩ་འཁོར་རེ་རེ་ན་ཐིག་ལེ་ཆ་ཤས་རེ་གནས་ཀྱང་།  སྤྱི་བོའི་རྩ་འཁོར་ནི་ཁམས་དཀར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་དང་།  ལྟེ་བའི་རྩ་འཁོར་ནི་ཁམས་དམར་པོ་འཕེལ་བའི་གནས་ཀྱི་གཙོ་བོ་ཡིན་ལ།  སྙིང་གའི་རྩ་འཁོར་ནི་ཁམས་དཀར་དམར་ཆ་མཉམ་དུ་འཕེལ་བའི་གནས་ཡིན་ནོ། །ཁམས་དཀར་དམར་དེ་ཡང་ནམ་དགོས་པའི་ཚེ་སྐྱེ་བ་ཡིན་གྱི་སྣོད་དུ་ཆུ་བླུག་པ་ལྟར་ཡོད་པ་མིན་གསུང་།  སྐྱེ་གནས་སུ་ཉིང་མཚམས་སྦྱར་ནས་རགས་པའི་ལུས་སྐྱེ་བ་བླངས་པ་དེ་ལ་གཞིའི་སྤྲུལ་སྐུ་ཞེས་བྱའོ། །

 

དེ་ལྟར་བར་དོ་མངལ་དུ་ཉིང་མཚམས་སྦྱར་ནས་སྐྱེ་བ་ལེན་པའི་རྣམ་བཞག་འདི་དག་ནི།   བསྐྱེད་རིམ་པའི་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་དང་།  རྫོགས་རིམ་པའི་དག་མ་དག་གི་སྒྱུ་ལུས་རྣམས་རགས་པའི་སྤྲུལ་སྐུར་འཛིན་པའམ་ཕུང་པོ་རྙིང་པ་ལ་ཞུགས་ཏེ་ཐ་མལ་པའི་མིག་ལམ་དུ་གྱུར་པ་དང་རྣམ་པ་མཐུན་ཞིང་དེ་དག་གི་སྦྱང་གཞི་ཡིན་ཏེ།  དེ་ཡང་བསྐྱེད་རྫོགས་གཉིས་ཀྱི་སྦྱང་གཞི་ལ་ཁྱད་པར་མེད་པས་བསྐྱེད་རིམ་ནི།  གཞིའི་འཆི་བ་དང་།  བར་དོ་དང་།  སྐྱེ་བ་གསུམ་སྦྱང་གཞིར་བྱས་ནས་སྦྱོང་བྱེད་ལ་དེ་གསུམ་དང་རིམ་བཞིན་རྣམ་པ་མཐུན་པར་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་དང་།  བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་དང་།   སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་གསུམ་ཡན་ལག་དང་བཅས་པ་བསྒོམས་ཏེ།  རྒྱུད་ནས་ཐ་མལ་གྱི་འཆི་བ།   བར་དོ།  སྐྱེ་བ་གསུམ་སྦྱངས་ནས།  དེ་གསུམ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པའི་སྐུ་གསུམ་མངོན་དུ་བྱེད་པ་ཡིན་ལ།  རྫོགས་རིམ་ནི་གཞིའི་ཆོས་གསུམ་པོ་དེ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པའི་ལམ་གྱིས་དེ་གསུམ་དངོས་སུ་སྦྱོང་བྱེད་ཡིན་ཏེ།

 

དེ་ཡང་འཆི་བ་འོད་གསལ་དང་རྣམ་པ་ཇི་ལྟ་བ་དང་བཞིན་མཐུན་པ་ནི།  ལུས་དབེན།  ངག་དབེན།  སེམས་དབེན།  སྒྱུ་ལུས།  སློབ་པའི་ཟུང་འཇུག་རྣམས་ཀྱི་གནས་སྐབས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཡིན་ལ།

 

བར་དོ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པ་ནི།  རིམ་པ་གསུམ་པའི་མ་དག་པའི་སྒྱུ་ལུས་དང་།  སློབ་པའི་ཟུང་འཇུག་གི་དག་པའི་སྒྱུ་ལུས་ཡིན་ཞིང་།  སྐྱེ་བ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པ་ནི།  དག་མ་དག་གི་སྒྱུ་ལུས་རྣམས་ཕུང་པོ་རྙིང་པ་ལ་ཞུགས་ཏེ་ཐ་མལ་པའི་མིག་ལམ་དུ་གྱུར་པ་དེ་ཡིན་ནོ། །

 

རྫོགས་རིམ་གྱི་ལམ་དེ་རྣམས་ཀྱི་སྐྱེ་ཤི་བར་དོ་གསུམ་སྦྱོང་ཚུལ་དངོས་ནི།  རྫོགས་རིམ་གྱི་རྣལ་འབྱོར་བས་རང་རྒྱུད་ཀྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་ཀྱི་ཡ་གྱལ་ཤིན་ཏུ་ཕྲ་བའི་སེམས་དེ་རིགས་འདྲ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཆི་བ་རང་དགའི་འོད་གསལ་དུ་འགྱུར་བ་དེ་ཏིང་ངེ་འཛིན་གྱི་མཐུས་བཀག་ནས།   དེ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པའི་ལམ་དུས་སུ་དཔེ་དང་དོན་གྱི་འོད་གསལ་དང་།  འབྲས་བུའི་འོད་གསལ་ཆོས་ཀྱི་སྐུར་བསྒྱུར་བ་ནི་འཆི་བ་སྦྱོང་ཚུལ་དང་།  རྫོགས་རིམ་གྱི་རྣལ་འབྱོར་བས་དེ་འདྲའི་ཤིན་ཏུ་ཕྲ་བའི་རླུང་དེ་རིགས་འདྲ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཆི་བ་འོད་གསལ་རང་དགའ་བའི་བཞོན་པ་བྱས་ནས་བར་དོའི་ལུས་སུ་ལྡང་བ་དེ་ཏིང་ངེ་འཛིན་གྱི་མཐུས་བཀག་ནས།  བར་དོ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པའི་མ་དག་པའི་སྒྱུ་ལུས་དང་།   སློབ་མི་སློབ་ཀྱི་ཟུང་འཇུག་གི་དག་པའི་སྒྱུ་མའི་སྐུར་བསྒྱུར་བ་ནི་བར་དོ་སྦྱོང་ཚུལ་ཡིན་ལ།  དེ་ལྟ་བུའི་སྒྱུ་ལུས་གྲུབ་པ་ན་བར་དོ་གཏན་ནས་ཁེགས་ཤིང་དེའི་མཐུས་ལས་ཉོན་གྱིས་མངལ་དུ་སྐྱེ་བ་འཛིན་པའི་སྐྱེ་བའང་ཁེགས་ནས་བར་དོ་མའི་མངལ་དུ་སྐྱེ་བ་ལེན་པ་དང་རྣམ་པ་མཐུན་པར་སྒྱུ་ལུས་ཕུང་པོ་རྙིང་པ་ལ་ཞུགས་ཏེ་ཆོས་འཆད་པ་དང་ལམ་གོང་མ་སྒྲུབ་པའི་རྩོལ་བ་བྱེད་པ་ནི་སྐྱེ་བ་སྦྱོང་ཚུལ་ཡིན་ནོ། ། 

 

དེས་ན་སྐྱེ་ཤི་བར་དོ་གསུམ་དངོས་སུ་འགོག་པར་བྱེད་པའི་རྩ་བ་ནི་སྒྱུ་ལུས་ཀྱི་དངོས་རྒྱུར་གྱུར་པའི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ཉིད་ཡིན་ཏེ།  དེས་འཆི་བ་དངོས་སུ་ཁེགས་པའི་སྟོབས་ཀྱིས་བར་དོ་དང་སྐྱེ་བ་རང་ཤུགས་ཀྱིས་ཁེགས་པའི་ཕྱིར་རོ། །དེ་འདྲའི་དཔེའི་འོད་གསལ་ལས་སྒྱུ་ལུས་གྲུབ་པའི་ཚེ་བར་དོ་གཏན་ནས་ཁེགས་པ་ཡིན་ཏེ།  བར་དོའི་ལུས་སུ་ལྡང་བའི་ཤིན་ཏུ་ཕྲ་བའི་རླུང་དེ་སྒྱུ་མའི་སྐུར་གྱུར་ཟིན་པའི་ཕྱིར།  བར་དོ་གཏན་ནས་ཁེགས་ན་ལས་ཉོན་གྱིས་སྐྱེ་བ་མི་ལེན་པའི་རྒྱུ་མཚན་གྱིས།  སྒྱུ་ལུས་ཐོབ་ན་ཚེ་དེ་ལ་འཚང་རྒྱ་བས་ཁྱབ་བོ། །གོང་དུ་བཤད་པ་དེ་རྣམས་ཀྱི་ཤེས་བྱེད་ཀྱི་ལུང་འདྲེན་རྣམས་མངས་ཀྱི་དོགས་ནས་མ་བྲིས་པས།  རྗེ་ཡབ་སྲས་ཀྱི་ལེགས་བཤད་དང་རྗེས་འབྲངས་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །  

 

སྨྲས་པ། ཚུལ་འདི་རྒྱལ་བ་གཉིས་པ་ཡབ་སྲས་དང་། །རྗེས་འབྲངས་མཁས་པའི་གསུང་བཞིན་བྲིས་མོས་ཀྱང་། །དམ་པའི་དགོངས་པ་མ་ལོན་ནོངས་པའི་ཚོགས། །ཅི་མཆིས་བླ་མ་ལྷ་དང་མཁས་ལ་བཤགས། །འདིས་མཚོན་དགེ་བས་བདག་གཞན་འགྲོ་བ་ཀུན། །ཟབ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས། །མ་དག་སྐྱེ་ཤི་བར་དོ་སྐུ་གསུམ་དུ། །བསྒྱུར་མཛད་ལམ་བཟང་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་གྱི་ན་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་དམ་པའི་གསུང་ལས་བཏུས་ཏེ་རང་གི་བརྗེད་བྱང་དུ་བྲིས་པའོ། །

 

—སྐུ་འབུམ་བྱམས་པ་གླིང་གི་པར་རྩ་ལ་གཞི་བཅོལ། 

མཐའ་མའི་འདོན་ཐེངས་།: 30.09.2017 ཉིན། 10:04 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།