སྨན་རྩིས་དྲ་བ། - ལོ་རྒྱུས།

གཏེར་སྟོན་ལས་འཕྲོ་གླིང་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.02.2017
ལོ་རྒྱུས། >>

 


གཏེར་སྟོན་ལས་འཕྲོ་གླིང་པ།

- བྱམས་པ་འཕྲིན་ལས།


          གཏེར་སྟོན་ལས་འཕྲོ་གླིང་པའམ་འཇའ་ཚོན་སྙིང་པོ།  སྔགས་འཆང་ཧཱུཾ་ནག་མེ་འབར་ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་འདི་ནི། 《ཐང་ཡིག》ལས།  རྒྱ་གར་གྷ་ན་རུ་དང་བི་ན་སའི། །པཎྜིཏ་ནི་གཉིས་གསུམ་བོད་དུ་འབྱུང་། །ལྷ་སའི་ཇོ་ཤཱཀྱ་འདི་ལ་མཆོད་པ་བྱེད། །ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་། །ཞེས་པ་སྔོན་དཔའ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་ཉང་བན་ཏིང་འཛིན་བཟང་པོ་འབྲས་བུ་མཐར་ཕྱིན་པའི་ཐུགས་རྗེ་ཡས་སྤྲུལ་དུ་བྱོན་པ་སྟེ།  ཀོང་ཡུལ་ཝ་རུ་གནམ་ཚལ་དུ།  ཡབ་ཆོས་སྐྱོང་མགོན་པོ་དང་།  ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་བྱ་(1585) ལོར་སྐར་མ་རྒྱལ་ལ་བབ་པའི་ཉིན་སྐུ་འཁྲུངས།


          སྐུ་ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆཊ་དང་ལྡན་ཞིང་།  དགུང་ལོ་གསུམ་པའི་དུས་ནས་ཡི་གེ་བརྡ་སྟོན་ཙམ་གྱིས་འཁྱེན།  རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན།  བཅུ་གཉིས་ནས་ཉི་ཤུར་མ་ཕེབས་བར་དུ་སློབ་གཉེར་དང་།  ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན།  དེ་ནས་ཆོས་ཀྱི་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་རབ་ཏུ་བྱུང་།  ངག་དབང་ཆོས་རྒྱལ་དབང་པོར་མཚན་གསོལ།  རྗེས་སུ་ལྷ་རྩེ་བ་ལས་བསྙེན་རྫོགས་ཞུས།  རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། །མི་ལོ་བཅུ་བདུན་དུ་འདག་སྦྱར་ཁོ་ན་མཛད་ནས་བཞུགས་སྐབས་གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་པར་བཞག་ཀྱང་ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་བསྐུལ་ནས་ལྕགས་སྤྲེལ་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་གཏེར་བཞེས་པའི་ཐོག་མར་ལྕགས་ཁྲོའི་བྱ་ཆུང་བྱིའུ་ཕྲུག་ཙམ་ཞིག་གི་ནང་ནས་གཏེར་གྱི་ཁ་བྱང་མཚོ་རྒྱལ་གྱི་ཕྱག་བྲིས་མ་ཕྱག་ཏུ་འབྱོར།  བྲག་ལུང་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་དང་།  གཞན་ཡང་ཀོང་པོ་བུ་ཆུ་དང་།  བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང་།  སྙེ་མོ་ལྷ་རི།  ཀོང་འཕྲང་དགེ་འདུན་གནས་དབུ་རུ་ཞྭ་ཡི་ལྷ་ཁང་སོགས་ནས་ཟབ་གཏེར་མང་པོ་སྤྱན་དྲངས།  དཀོན་མཆོག་སྤྱི་འདུས་སོགས་འགའ་ཞིག་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད།  མངོན་ཤེས་དང་རྫུ་འཕྲུལ་ཕྱོགས་མེད་དུ་ཤར་ནས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་ཤིང་།  ཆུ་དང་གཡང་ས་སོགས་ལའང་ཐོགས་མེད་དུ་གཤེགས།  ཁྱད་པར་སྙེ་མོ་ལྷ་རིའི་གཏེར་བཏོན་པའི་དུས།  ཀོང་པོ་པྲ་ཏི་བ་སོགས་ལོག་པའི་བློ་ཅན་རྣམས་ཀྱིས་ས་བཅུད་ཉམས་ཀྱིས་དོགས་ནས་དམག་གིས་གཏེར་གནས་བསྲུང་བར་བྱས་པས་གཏེར་སྟོན་ཐུགས་ཉམས་འུར་ཏེ་རྟ་ལ་ཆིབས་ནས་བྲག་གཡང་ཆེན་པོ་བྱ་མིན་པ་མི་ཐར་བ་མེ་ལོང་གི་ངོས་འདྲ་བ་ཞིག་ལ་ཆིབས་བསྒྱུར་གནང་བས་ཐམས་ཅད་རྟབ་རྟབ་པོར་གྱུར་ཞིང་སླར་དད་པའི་ས་ལ་བཀོད།  སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་འཕྲིན་ལས་མང་དུ་མཛད།


          སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་བཀའ་གཏེར་གསར་རྙིང་གི་ཆོས་ཚུལ་མང་པོའི་སྨིན་གྲོལ་གྱི་བདུད་རྩི་ཅི་དགར་བསྩལ།  རྗེ་ཉིད་སྐུ་བཙུན་ཞིང་དགེ་སློང་གི་དངོས་པོ་ལས་མི་འདའ་བར་ཀུན་སྤོང་གི་མཛད་པ་སྐྱོང་བཞིན་དུ་གདུལ་བྱ་རྣམས་ཀྱང་ཚུལ་དེར་བཀྲི་ཞིང་ཡང་དག་པའི་ལམ་ལ་གཞོལ་ཞིང་འབབས་པ་སོགས་མཁས་བཙུན་བཟང་པོས་དུས་འདའ་བར་བཞུགས།  བང་རི་འཇོག་བོ་ཞེས་པའི་སྒྲུབ་སྡེ་ཕྱག་བཏབ།  ཆོས་བདག་གི་ཐོག་མ་སྒམ་པོ་ཞབས་དྲུང་ནོར་བུ་བརྒྱན་པས་འཕྲིན་ལས་ཀྱི་སྒོ་ཕྱེ་བ་ནས་བཟུང་རྒྱལ་བའི་དབང་པོ་ཞྭ་དམར་ནག  རྒྱལ་ཚབ་གྲགས་པ་དོན་གྲུབ།  འབྲི་གུང་པ་ཆོས་ཀྱི་གྲགས་པ།  འབྲུག་པ་དཔག་བསམ་དབང་པོ།  རྡོར་བྲག་རིག་འཛིན་ངག་གི་དབང་པོ།  རྩེ་ལེ་སྣ་ཚོགས་རང་གྲོལ།  ལྷ་བཙུན་ནམ་མཁའ་འཇིགས་མེད།  རིག་འཛིན་འཕྲིན་ལས་ལྷུན་གྲུབ།  བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན།  སྤུ་བོ་རྦ་ཁ་སྤྲུལ་སྐུ།  རིག་འཛིན་ཆོས་ཀྱི་རྒྱ་མཚོ།  སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ།  གཏེར་ཆེན་བདུད་འདུལ་རྡུལ་རྡོ་རྗེ།   ཏཱ་བླ་པདྨ་མ་ཏི་སོགས་དབུས་གཙང་ཁམས་གསུམ་རྒྱ་ཆེར་འདུས་ཤིང་དངོས་དང་བརྒྱུད་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་འཕྲིན་ལས་རྒྱས་པར་འཕེལ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་འཇའ་ཚོན་གླིང་བའི་ཟབ་གཏེར་པོད་དྲུག་བཀའ་འབུམ་དང་བཅས་པ་ཡོངས་རྫོགས་བཞེས་ཤིང་།  ཆོས་བརྒྱུད་ལས་མི་དབང་བསོད་ནམས་སྟོབས་རྒྱལ་ཁོ་ནའི་དུས་ཀྱང་དྭགས་པོར་འོད་ལུས་གྲུབ་པ་གཉིས་སོགས་སྔ་ཕྱི་མང་དུ་བྱུང་།  དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་དོན་གཉིས་པར་བང་རིའི་འཇོག་པོར་རྟགས་དང་ཆོ་འཕྲུལ་ལྐོག་ཏུ་མ་གྱུར་པ་བསྟན་ཅིང་མངོན་པར་མཁྱེན་བཞིན་དུ་དག་པའི་ཞིང་ཁམས་ཆེན་པོར་གཤེགས་ཚུལ་བསྟན།  སྤྱིར་ལས་འཕྲོ་གླིང་པའི་མཚན་གྱི་ཅོད་པན་འཛིན་པ་སྔ་ཕྱི་ལྔ་ཙམ་བྱོན་པ་ཐམས་ཅད་ཀྱང་གཏེར་སྟོན་ཚད་ཐུབ་ཁོ་ནར་ངེས་ཀྱང་།  པདྨ་བཀའ་ཐང་དུ་གཏེར་གནས་ཀྱི་ངེས་པ་དང་བཅས་པ་ལུང་བསྟན་པ་ནི།  འདི་གཅིག་པུར་ཡོངས་སུ་གྲགས་སོ་ཞེས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་《 རིན་ཆེན་བེེཌཱུརྱའི་ཕྲེང་བ།》 ལས་གསུངས་སོ།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 


 

 

མཐའ་མའི་འདོན་ཐེངས་།: 13.02.2017 ཉིན། 10:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།

རྒྱལ་བ་ལྔ་པ་ཆེན་པོ།

བྱང་ངོས་ནང་སོ་དར་རྒྱས།

འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་བློ་བཟང་རྒྱ་མཚོ།

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

བདེ་ཆོས་སྨན་པ་རཏྣའི་མིང་ཅན།

ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ།

ལྷུན་སྡིངས་བདུད་རྩི་འགྱུར་མེད།

ལེགས་གྲུབ་དཔལ།

གཏེར་སྟོན་ལས་འཕྲོ་གླིང་པ།

གྲངས་ཀྱི་མངོན་བརྗོད་ཀྱི་བརྡ་ཆད་གསར་བུའི་མིག་འབྱེད།

མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་།

དབོན་པོ་ནམ་མཁའ་བདེ་ལེགས།

ཚ་རོང་དཔལ་ལྡན་རྒྱལ་མཚན།