སྨན་རྩིས་དྲ་བ། - མདུན་ངོས།

གཉན་རིམས་(HIV/AIDS)ནད་ཀྱི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2015
མདུན་ངོས། >>


ཕྱི་ལུགས་སྨན་ནས་གཉན་རིམས་(HIV/AIDS:ཨེཅ་ཨཨི་ཝི/ཨེཌས་)ནད་ཀྱི་ངོ་སྤྲོད།

- ཉམས་ཞིབ་སྡེ་ཚན་ནས་བསྒྱུར།

དྷ་ས་བོད་ཀྱི་སྨན་རྩིས་ཁང་།

(འབྱུང་ཁུངས། རྒྱལ་སྤྱིའི་འཕྲོད་བསྟེན་དྲྭ་རྒྱ།)

 


༡  གཉན་རིམས་ཨེཌས་ (HIV/AIDS) ཀྱི་གོ་དོན་བཤད་པ།

གཉན་རིམས་ཨེཌས་HIV/AIDSཞེས་པ་འདི་ནི་ཐོག་མར་སྤྱི་ལོ་༡༩༧༠ ནང་གླིང་ཕྲན་ཨ་ཧྥ་རི་ཀའི་ས་ཁུལ་གྱི་སེམས་ཅན་སྤྲའི་ནད་འབུ་རིགས་ཞིག་མི་ལ་འགོས་ཁྱབ་དུ་སོང་སྟེ་རིམ་བཞིན་འཛམ་གླིང་ཡོངས་ལ་རྒྱ་ཆེར་མཆེད་པའི་བཅོས་དཀའ་བའི་རིམས་ནད་ཚབས་ཆེན་ཞིག་ཡིན། གཉན་ནད་འདི་ནི་དབྱིན་སྐད་དུ་ Human Immunodeficiency Virus (བསྡུས་མིང་དུ་HIV) ཞེས་འབོད་པའི་ནད་སྲིན་དུག་པ་དེས་མིའི་ལུས་ཟུངས་ཀྱི་ནད་འགོག་མ་ལག་ནུས་པ་ཡོངས་རྗོགས་ཉམས་ཞན་དུ་བཏང་ནས་བླ་གཉན་གྱི་ནད་རིགས་ (opportunistic infection) མང་དུ་འབྱུང་བའི་གཉན་རིམས་ཤིག་སྟེ་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་ Acquired Immune Deficiency syndrome (བསྡུས་མིང་དུ་AIDS) ཞེས་འབོད་པ་ཡིན། ཐ་སྙད་འདིའི་གོ་དོན་ནི་ Acquired འགོས་པ། Immune ནད་འགོག་ནུས་པ། Deficiency ཉམས་པ། syndrome ན་ཚའམ་རིམས་ནད་ཅེས་ཟེར་བ་ཡིན།


༢ ཨེཌས་ (HIV/AIDS) ནད་ཀྱི་རྒྱུ་བཤད་པ།

ཨེཌས་ནད་ནི། HIV ཞེས་པའི་ནད་ཀྱི་སྲིན་འབུ་ཕྲ་རབ་ལས་བྱུང་བར་འདོད། ནད་སྲིན་གདུག་པ་ཅན་དེས་མིའི་ལུས་ཀྱི་སྐྱི་ལྤགས་རྡོལ་བའི་རྨ་ཁ་དང་ཆུ་སེར་སོགས་བརྒྱུད་ནས་ལུས་ཟུངས་ལ་ཞུགས་ཏེ་རིམ་གྱིས་སྨིན་ནས་ལུས་ཀྱི་འཚོ་བཅུད་ཡོད་ཚད་འཕྲོག་སྟེ་ནད་འགོག་གི་ནུས་པ་ཉམས་ཞན་དུ་བཏང་བ་ཡིན། དེ་ནས་གློ་གཅོང་སོགས་བླ་གཉན་ནད་རིགས་སྣ་འདྲེན་བྱེད་པས་མཐར་ AIDS ཞེས་པའི་ནད་གཞི་བྱུང་བ་ཡིན། HIV ནད་འབུ་དེ་སྤྲ་སྤྲེའུ་དང་འགྲོ་བ་མིའི་ལུས་ཟུངས་ཀྱི་ཕྲ་ཕུང་གསོན་པོའི་ནང་འཚོ་ཐུབ་པ་ལས། ལུས་པོའི་ཕྱི་རོལ་ཏེ་རང་བྱུང་ཁོར་ཡུག་ནང་དུ་ཆུ་ཚོད་སྐར་མ་བཅུ་ཡས་མས་ལས་གསོན་པོ་གནས་མི་ཐུབ་པར་བརྗོད།


༣ ཨེཌས་ (HIV/AIDS) ནད་ཀྱི་མཆེད་རྐྱེན་བཤད་པ།

ཨེཌས་ནད་ཀྱི་མཆེད་རྐྱེན་ནམ་ནད་འདི་ཕན་ཚུན་འགོས་ཁྱབ་ཏུ་འགྲོ་བའི་ལམ་གཙོ་བོ་ནི།

༡། ཉེན་སྲུང་མེད་པའི་འཁྲིག་སྦྱོར་བརྒྱུད་འགོས་པ། ནད་པ་དང་ནད་མེད་བར་ཉེན་སྲུང་མེད་པའི་ཕོ་མོའི་འཁྲིག་སྦྱོར་བརྒྱུད་ནས་འགོས་ཁྱབ་དང་། གཞན་ཡང་མཚན་མཐུན་འཁྲིག་སྦྱོར་ཏེ་ཕོས་ཕོ་དང་། མོ་ཡིས་མོ་ལ་ཉེན་སྲུང་མེད་པའི་འཁྲིག་སྦྱོར་བྱེད་པ་སོགས་དེང་རབས་ནུབ་ཕྱོགས་སུ་གྲགས་ཆེ་བའི་ལོག་གཡེམ་གྱི་རྣམ་པ་སྣ་ཚོགས་བརྒྱུད་ནས་ཕན་ཚུན་འགོས་ཁྱབ་འགྲོ་བ།

༢། ཟུངས་ཁྲག་བརྒྱུད་ནས་འགོས་པ། ནད་པའི་ཁྲག་དེ་མི་ནད་མེད་ལ་བླུག་པའམ་གསབ་པ་དང་། ནད་པའི་ཁྲག་རྣག་དང་ཆུ་སེར། ནུ་ཆུ་སོགས་ལུས་པོའི་གཤེར་ཁུ་རྣམས་ནད་མེད་མི་ཡི་ལུས་པོའི་སྐྱི་ལྤགས་རལ་རྡོལ་བྱུང་ཡོད་སའི་རྨ་ཁ་སོགས་བརྒྱུད་ཁྲག་ལ་ཞུགས་ཏེ་ནད་འགོས་ཁྱབ་བྱུང་བ།

༣། ནད་པའི་ཡོ་བྱད་བརྒྱུད་ནས་འགོས་པ། ནད་པའི་རྣག་ཁྲག་དང་ཆུ་སེར་སོགས་ལུས་ཀྱི་གཤེར་ཁུ་འགོས་ཡོད་པའི་ཡོ་བྱད་སྟེ། སྐྲ་དང་ཁ་སྤུ་སོགས་བྲེག་པའི་ཡོ་ཆས་རྣམས་དུས་ཡུན་ཐུང་ངུའི་ནང་དུ་དུག་སེལ་མ་བྱས་པར་ནད་མེད་མི་ཡི་ལུས་པོའི་རྨ་ཁར་ཐུག་ནས་འགོས་ཁྱབ་འགྲོ་བ།

༤། ནད་པའི་ཁབ་དང་ཁབ་མདའ་བརྒྱུད་ནས་འགོས་པ། ནད་པས་བེད་སྤྱོད་ཟིན་པའི་ཁབ་དང་ཁབ་མདའ་དུག་སེལ་མ་བྱས་པ་དེ་ནད་མེད་ལ་བེད་སྤྱོད་བྱེད་པ་དང་། གཞན་ཡང་བཟི་སྨན་རིགས་རྩ་ནང་དུ་བརྒྱབ་ནས་འཐེན་མཁན་རྣམས་ལ་ཁབ་དང་ཁབ་མདའ་བརྒྱུད་ནས་འགོས་ཁྱབ་འགྲོ་བ།

༥། མ་ནད་ཅན་བརྒྱུད་ནས་ཕྲུ་གུར་འགོས་པ། མ་ནད་ཅན་གྱི་ནུ་ཞོ་ཕྲུ་གུར་བླུད་ནས་ཕྲུ་གུར་འགོས་པ་སོགས་དེ་དང་དེ་འདྲ་བའི་ཆ་རྐྱེན་འོག་ཏུ་ནད་འདི་ཕན་ཚུན་འགོས་ཁྱབ་དུ་འགྲོ་བ་ཡིན།

གལ་སྲིད་མིའི་ལུས་པོའི་ཕྱི་ནང་གི་སྐྱི་ལྤགས་སོགས་རྨ་ཁ་ཅི་ཡང་མེད་ན། ནད་པ་དང་ནད་མེད་ཕན་ཚན་ཐུག་རེག་བྱས་པ་དང་། ལྷན་དུ་ཟས་བཟོས་པ། མཉམ་དུ་འགྲོ་འདུག་བྱས་པ། ལག་པ་གཏོང་བ། ཁྲུས་དང་གསང་སྤྱོད་ཁང་མཉམ་དུ་བེད་སྤྱོད་བྱེད་པ་ཙམ་གྱིས་ནད་འདི་ཕན་ཚུན་འགོས་ཀྱི་མེད།


༤ རྒྱལ་སྤྱི་འཕྲོད་བསྟེན་ལྷན་ཁང་ལྟར་འཛམ་གླིང་དུ་ཨེཌས་ (HIV/AIDS) ནད་ཀྱི་གནས་བབ་བཤད་པ།

འཛམ་གླིང་ནང་དུ་ཨེཌས་ནད་དེ་ཐོག་མར་ཕྱི་ལོ་ ༡༩༨༡ ལོར་ཨ་མེ་རི་ཁའི་ནད་པ་ཞིག་ངོས་བཟུང་བ་ནས་བཟུང་ད་ལོ་ ༢༠༡༥ བར་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་དྲ་ཚིགས་སུ་འཁོད་པ་ལྟར་ན་མི་གྲངས་ས་ཡ་ ༧༥ ཙམ་འགོས་ནད་འདི་ཕོག་ཡོད་པ་གསལ། དེའི་ནང་ནས་ས་ཡ་ ༣༩ ཙམ་ནད་འདི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད།  ལྷག་པར་དུ་ནད་འདི་ཁྱབ་གདལ་ཆེ་བའི་གླིང་ཕྲན་ཨ་ཧྥ་རི་ཀའི་རྒྱལ་ཁབ་ནང་ཉིན་ལྟར་མི་གྲངས་ ༤༥༠༠ ཙམ་ལ་གཉན་རིམས་འདི་བཞིན་གསར་དུ་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། ནད་པ་ ༣༣༠༠ ཙམ་ཉིན་ལྟར་འདས་གྲོངས་སུ་འགྱུར་བཞིན་པའི་གནས་ཚུལ་ཡ་ང་བ་འཁོད་འདུག དེས་ན་ནད་འདིའི་ཁྱབ་གདལ་གྱི་མགྱོགས་ཚད་ལ་བརྟག་ན། ཨེཌས་ནད་ཀྱིས་མིའི་རིགས་ཀུན་ལ་འཇིགས་སྣང་ཚབས་ཆེན་བསྐུལ་དང་སྐུལ་བཞིན་ཡོད་པར་བརྟེན། ང་ཚོས་འདི་ལ་བསམ་བློ་ནན་ཏན་ཞིག་བཏང་སྟེ་རྒྱལ་ཡོངས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་སྒོ་ནས་ནད་འདིའི་སྔོན་འགོག་བྱ་ཐབས་དང་འཛམ་གླིང་སྤྱིའི་འཕྲོད་བསྟེན་ཡར་རྒྱས་ཐོག་ལ་ལས་དོན་དར་སྤེལ་དང་ཤུགས་སྣོན་མ་བྱས་ཚེ། ཇི་སྐད་དུ། དཔལ་ལྡན་རྒྱུད་བཞི་ལས། གཉན་རིམས་ནག་པོས་འཛམ་གླིང་བཞི་ཆ་སྟོང་། །ཞེས་གསུངས་ཡོད་པ་ལྟར་དུས་ཡུན་རིང་པོ་མི་འགོར་བར་འགྲོ་བ་མིའི་འཇིག་རྟེན་ལ་ནད་འདིས་གནོད་ཚབས་ཆེན་པོ་གཏོང་བར་འགྱུར་བའི་ཉེན་ཁ་ཞིག་ཏན་ཏན་ཡོད་པར་གསལ་པོ་རྟོགས་ཐུབ་བོ༎


༥ ཨེཌས་ (HIV/AIDS) ནད་ཀྱི་སྔོན་འགོག་བྱེད་ཐབས་བཤད་པ།

ད་བར་ནད་འདི་ལ་དམིགས་བསལ་གྱི་སྔོན་འགོག་སྨན་ཁབ་རིགས་བཟོ་སྐྲུན་ཐུབ་མེད་པར་བརྟེན། གཉན་རིམས་ཚབས་ཆེན་འདིའི་སྐོར་མང་ཚོགས་ཁྲོད་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་རྒྱུ་ནི་ཨེཌས་ནད་ཀྱི་འགོག་སྲུང་བྱེད་པའི་ཐབས་ལམ་གཅིག་པོ་དང་། ཆེས་ལེགས་ཤོས་ཤིག་ཆགས་ཡོད། བྱས་ཙང་རྒྱལ་སྤྱི་འཕྲོད་བསྟེན་ལྷན་ཁང་ནས་ལོ་ལྟར་ཟླ་བ་ ༡༢ ཚེས་ ༡ ཉིན་དམིགས་བསལ་དུ་འཛམ་གླིང་ཨེཌས་ནད་ཀྱི་ཉིན་མོ་(World AIDS Day)སྲུང་བརྩི་ཞུ་བཞིན་ཡོད་ལ་ང་ཚོ་བོད་མི་སྤྱི་ཡོངས་ནས་ཀྱང་རིམས་ནད་འདི་ལ་དོགས་ཟོན་དང་ནད་འདིའི་སྔོན་འགོག་བྱ་ཐབས་ལ་དོ་སྣང་ཆེན་པོ་གནང་དགོས་ཏེ། ང་ཚོའི་མི་རིགས་ཆགས་འཇིག་ལའང་ཤུགས་རྐྱེན་ཆེན་པོ་གཏོང་ཉེན་ཡོད།

༡། འཕྲོད་བསྟེན་ཀྱི་ཚོགས་པ་སོགས་སྤྱི་སྒེར་གང་གིས་ཨེཌས་ནད་ཀྱི་རྒྱུན་ཤེས་སྐོར་གོ་རྟོགས་ལས་འགུལ་སྤེལ་སྐབས་མང་ཚོགས་ནས་ནད་འདིའི་རྒྱུ་རྐྱེན་དང་། འགོས་ཁྱབ་བརྒྱུད་ལམ། ནད་རྟགས་མངོན་ཚུལ། འགོག་སྲུང་བྱེད་ཐབས་བཅས་ལ་དོ་སྣང་བྱེད་དགོས་པ་དང་། ལྷག་པར་དུ་གོ་རྟོགས་མེད་པའི་མི་གཞན་ལའང་ལམ་སྟོན་ཚུལ་བཞིན་བྱེད་དགོས་པ་གལ་ཆེ།

༢། བཟའ་མི་རྣམས་ཀྱིས་བཟའ་ཚང་གཅིག་གི་ལམ་ལུགས་དར་སྤེལ་བྱེད་སྟེ། ཕོ་མོ་གཞན་ལ་འདོད་ལོག་འཁྲིག་སྦྱོར་མི་བྱེད་པ་དང་། དེ་བཞིན་དུ་ཕོ་མོ་སུ་འདྲ་ནས་ཆ་རྒྱུས་མེད་པའི་མི་གཞན་མཉམ་ལུས་འབྲེལ་མི་བྱེད་པ། གལ་སྲིད་བྱེད་ཚེ་ངེས་པར་དུ་བདེ་འཇགས་མཚན་ཤུབ་བམ་སྦྲུམ་འགོག་འགྱིག་ཤུབ་གྱོན་དགོས་པ་གལ་ཆེ།

༣། སྨྱོ་རྫས་ངན་གོམས་ལང་ཤོར་སྐབས་བཟི་སྨན་ཡོད་པའི་ཁབ་རིགས་ཕན་ཚུན་དོགས་སློང་ཙམ་ཡང་མེད་པར་བེད་སྤྱོད་བྱེད་པ་དེ་ནི་ནད་གཞི་འདི་འགོ་བའི་ལམ་ཞིག་ཡིན་པས་ངེས་པར་དུ་བཟི་སྨན་ཁབ་རིགས་བཀོལ་སྤྱོད་གཏན་ནས་འགོག་ཐབས་བྱེད་དགོས་པ་གལ་ཆེ།

༤། རྫ་དྲག་གི་གནས་བབ་སུའང་ཁྲག་གསབ་སོགས་བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་ཁྲག་དེར་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་ཚད་ལྡན་བྱས་ཡོད་མེད་ཤེས་རྟོགས་དགོས་པ་ལས་བྲེལ་འཚུབ་ངང་ཁྲག་རྒྱག་པའམ་ཁྲག་རྫས་བཀོལ་སྤྱོད་བྱེད་མི་རུང་།

༥། སྨན་ཁང་དང་། སྐྲ་བཞར་ཁང་། སོའི་སྨན་ཁང་། ཁྲུས་ཁང་། སྐུ་མཉེ་ཁང་། མཛེས་བཟོ་ཁང་སོགས་ཀྱི་ཡོ་བྱད་དག་ལ་དུག་སེལ་ཚད་ལྡན་བྱེད་དགོས་པ་གལ་ཆེ།

༦། རང་གི་ལུས་སྟེང་དུ་རྨ་ཁ་རིགས་ཡོད་ཚེ་མི་གཞན་པའི་ཁྲག་དང་ཆུ་སེར་སོགས་ལུས་པོའི་གཤེར་ཁུ་རིགས་རང་གི་ལུས་ཐོག་གི་རྨ་ཁ་རུ་འགོས་པར་དོགས་ཟོན་ནན་མོར་བྱེད་དགོས་པ་གལ་ཆེ།

༧། གྲང་རྣག་གི་ནད་དང་། རེག་དུག་ནད་སོགས་ཕོ་མོའི་མཚན་མའི་འགོས་ནད་ཡོད་པའི་ནད་པ་རྣམས་ལ་ཨེཌས་ནད་དེའང་འགོས་ཧ་ཅང་སླ་བས་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་མ་ཟད། འགོས་ནད་དེའི་རིགས་ལ་གསོ་བཅོས་ཡག་པོ་བྱས་ཏེ་གང་མྱུར་དྲག་ཐབས་བྱེད་དགོས།

༨། གལ་ཏེ་རང་ལ་ཨེཌས་ནད་དེ་འགོས་ཡོད་ཚེ་བོད་ལུགས་དང་ཕྱི་ལུགས་སྨན་བཅོས་ཀྱི་རིམ་པ་ཆ་ཚང་བྱེད་དགོས་པ་དང་། སྨན་པའི་ལམ་སྟོན་ལྟར་ཟས་སྤྱོད་ཀྱི་སྤང་བླང་རྣམས་ཚུལ་བཞིན་བསྟེན་དགོས་པ་ལས། རང་ཉིད་ཀྱི་ཤེས་བཞིན་དུ་གསང་བ་བྱས་ཏེ་གཞན་དང་འཁྲིག་སྦྱོར་བྱེད་པ་སོགས་ཁྱབ་སྤེལ་བྱས་ན། ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་ཉེས་པ་ཆེན་པོ་ཡོད་པས་དགེ་སྡིག་སྤང་བླང་གི་ལྟ་བ་ཡང་དག་ཅིག་འཛིན་རྒྱུ་ཧ་ཅང་གལ་ཆེའོ།། །།

 

- བོད་ཀྱི་སྨན་རྩིས་ཁང་གི་ཟླ་རེའི་ཚགས་པར་《སྨན་རྩིས་ཟླ་གསར་》འདོན་ཐེངས་༢༡ ནང་དུའང་བཞུགས་ཡོད།

མཐའ་མའི་འདོན་ཐེངས་།: 04.12.2015 ཉིན། 9:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།