སྨན་རྩིས་དྲ་བ། - མདུན་ངོས།

གཉན་ནད་ཨི་བོ་ལཱ་ཐོག་གསོ་རིག་སྨན་པར་བཅར་འདྲི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.08.2014
མདུན་ངོས། >>

 

གཉན་ནད་ཨི་བོ་ལྰ་ཐོག་གསོ་རིག་སྨན་པར་བཅར་འདྲི།


དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་། དེའི་ནང་ནས་སྨན་པ་དང་ནད་གཡོག་སོགས་འཕྲོད་བསྟེན་ཞབས་ཞུ་ཚན་པའི་ནང་དུ་ཉེན་ཚབས་ཆེ་བའི་ནད་གཞི་གཅིག་ཡོད་པ་དེ་ནི་གཉན་ནད་ཨི་བོ་ལཱ་(Ebola Virus Disease)ཞེས་པ་དེ་ཡིན། ལྷག་པར་དུ་ཨ་ཧྥ་རི་གའི་གླིང་ཆེན་ནང་གི་ནུབ་ཨ་ཧྥ་རི་གའི་རྒྱལ་ཁབ་གསུམ་དུ་ད་ལྟ་ནད་འདི་ལ་དཀའ་ཚེགས་ཆེན་པོས་གདོང་ལེན་བྱེད་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གཉན་རིམས་འདི་ལ་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་རྫ་དྲག་གནས་སྟངས་སུ་གྱུར་ཡོད་པའི་ངོས་འཛིན་དང་གསལ་བསྒྲགས་བྱས་ཡོད། ད་ལྟའི་ཆར་གཉན་རིམས་འདི་ལ་སྔོན་འགོག་གི་ཁབ་དང་སྨན་བཅོས་མེད་པ་ཡོངས་གྲགས་ཡིན། འོན་ཀྱང་ཨ་རི་ནས་ནད་གཞི་འདི་ལ་དམིགས་ནས་ཚོད་བལྟའི་སྨན་ཞིག་བཟོས་ཡོད་པ་དེ་ནད་འདིས་མནར་བཞིན་པའི་ས་ཕྱོགས་སུ་བཏང་ཟིན་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཐོན་བཞིན་འདུག རྒྱ་གར་ནང་དུ་ད་ལྟའི་ཆར་ཨི་བོ་ལཱ་ཕོག་པའི་ནད་པ་གཅིག་ཀྱང་མེད་ཚུལ་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་མཆོག་ནས་གསལ་བསྒྲགས་སྤེལ་ཡོད་ཀྱང་། ཉེ་ཆར་ཨི་བོ་ལཱ་ཁྱབ་བརྡལ་ཕྱིན་པའི་ནཡེ་ཇེ་རི་ཡ་རྒྱལ་ཁབ་ནས་རྒྱ་གར་དུ་སྤུན་མཆེད་ཐུག་འཕྲད་ལ་སླེབས་པའི་རྒྱ་གར་བ་ཞིག་གློ་བུར་གྱིས་ལུས་གཟེར་བ་དང་། ཞེ་མེར་བ། བཤལ་ནད་ཐེབས་པའི་རྐྱེན་གྱིས་སྨན་ཁང་དུ་བརྟག་དཔྱད་བྱས་པས་ནད་དེ་ཕོག་མེད་པ་ཤེས་ཀྱང་ནད་ལྡང་བའི་དུས་ཚོད་བདུན་ཕྲག་གསུམ་མ་ཡོལ་གྱི་བར་དུ་དོ་དམ་བྱ་རྒྱུ་ཡིན་ཚུལ་གྱི་གནས་ཚུལ་འདུག

ཆུ་མ་ཡོང་གོང་ལ་རགས་དང་། རྐྱེན་མ་འབྱུང་སྔོན་ལ་ཟློག་པ། ཞེས་བཤད་པ་ལྟར་ད་ལྟ་གཉན་རིམས་འདི་ཁྱབ་བརྡལ་དུ་མ་སོང་བའི་ཡུལ་གྲུ་ཕལ་མོ་ཆེ་ཡིས་རྫ་དྲག་ཆེན་པོའི་སྒོ་ནས་སྔོན་འགོག་གི་ཐབས་ཤེས་གང་ཡོད་ལག་བསྟར་བྱེད་བཞིན་ཡོད། དེ་མཚུངས་སྨན་གྱི་ལུགས་ཇི་སྙེད་ཡོད་པ་དག་གིས་ནད་གཞི་འདི་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་སྨྲོས་མེད་རེད། ང་ཚོའི་བོད་ཀྱི་གསོ་བ་རིག་པ་ལྟ་བུ་ཆ་མཚོན་ན། གཉན་རིམས་སྐོར་སྨན་གཞུང་མང་པོའི་ནང་དུ་སྔར་ནས་གསུངས་ཡོད་པ་དང་མ་ཟད་མི་འབྱུང་སྲུང་བ་སྟེ་སྔོན་འགོག་བྱེད་ཚུལ་གྱི་ཐབས་ཤེས་རྣམས་ཀྱང་གསལ་བར་གསུངས་ཡོད་པ་ཡིན། གཉན་རིམས་ཨི་བོ་ལཱ་ཞེས་པ་འདི་ད་ལྟ་ང་ཚོར་ནད་གསར་པ་ཞིག་ཏུ་རྩིས་ཆོག་པས་བོད་ཀྱི་གསོ་རིག་ལུགས་ཀྱི་སྒོ་ནས་ནད་གཞི་འདི་ལ་བལྟ་སྟངས་དང་། བཅོས་ཐབས། དེ་བཞིན་སྔོན་འགོག་གི་ཐབས་ཤེས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་ཕྱིར། འདི་ག་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་འགན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་དང་། ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད་ལགས་གཉིས་ལ་དྲི་བ་ཁག་ཅིག་ལ་བཅར་འདྲི་ཞུས་པ་ཡིན།


དྲི་བ། དེང་སྐབས་ཨཕརི་ཀའི་གླིང་ཆེན་ནང་ཁྱབ་གདལ་ཆེ་བའི་ཨི་བོ་ལཱ་ནད་གཞི་འདི་ལ་བོད་ལུགས་གསོ་རིག་སྒོ་ནས་ངོས་འཛིན་གང་འདྲ་བྱེད་བཞིན་ཡོད།

སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད། དེང་སྐབས་ཨ་ཧྥ་རི་ཀའི་ནང་ཁྱབ་བརྡལ་ཆེ་བའི་ཨི་བོ་ལཱ་(Ebola)ནད་གཞི་འདི་བཞིན་རང་ལུགས་བོད་ཀྱི་གསོ་རིག་ཐོག་ནས་གཉན་རིམས་རིགས་སུ་གཏོགས་པ་ལ་ཐེ་ཚོམ་གང་ཡང་མེད། འོན་ཀྱང་རྒྱུད་ནང་དུ་དངོས་སུ་ཁ་གསལ་བསྟན་པའི་གཉན་རིམས་བཅོ་བརྒྱད་ཀྱི་ཁོངས་སུ་ཨུ་ཚུགས་ཀྱི་བསྡུ་དགོས་པ་མ་མཐོང་། དེ་ཡང་དཔལ་ལྡན་རྒྱུད་ལས། རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ།། གསུངས་པ་ལྟར་ནད་ཀྱི་གྲངས་དང་མིང་གི་ངེས་བསྟན་མེད་པ་གཞུང་གི་དངོས་བསྟན་ཙམ་མིན་པར་མང་པོ་ཡོང་ཆོག་པ་གསལ་བར་གསུངས་པ་ཇི་བཞིན་ཡིན།

སྨན་རམས་པ་རིག་འཛིན་བཟང་མོ། ནད་འདིའི་ངོ་བོ་སྲིན་ཡིན་པ་དང་དེའི་རྣམ་པ་ལ་གཞིགས་ན་གཉན་སྲིན་ཡིན་པ་བཤད་ཐུབ། བྱས་ཙང་རིམས་ནད་ནང་ནས་གཉན་རིམས་ཤིག་ཡིན། འོན་ཀྱང་གཉན་རིམས་ནང་ནས་སྲིན་གྱི་བྱེ་བྲག་དང་ནད་ཀྱི་ཐ་སྙད་རྣམས་ད་ལྟ་གཏན་ཁེལ་ནས་ཞུ་ཐུབ་པ་མིན་འདུག གང་ཡིན་ཟེར་ན། དེ་ལ་ཐོག་མར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་དང་། གསོ་རིག་མཁས་དབང་མང་པོ་མཉམ་ཚོགས་ཐོག་གྲོས་བསྡུར་དགོས་པས་དེའི་ཐོག་ཐག་བཅད་ནས་བཤད་མི་ཐུབ།

 

དྲི་བ། ནད་གཞི་འདི་ལ་ད་ལྟའི་ཆར་ཕྱི་ལུགས་སུ་བཅོས་ཐབས་གང་ཡང་མེད་ཀྱང་། བོད་ལུགས་གསོ་རིག་སྒོ་ནས་བཅོས་ཐབས་ཇི་ལྟར་གནང་ཐུབ་བམ།

སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད། གཙོ་བོ་སྨན་དང་། ལྷག་པར་དུ་གཉན་སྲུང་འཁོར་ལོ། རིམས་སྲུང་རིལ་བུ། གཞན་ཡང་རྫས་ཀྱི་སྲུང་བ་བཅས་གཞུང་ནང་བསྟན་པ་ཇི་བཞིན་བེད་སྤྱད་རྒྱུ་གལ་ཆེ། མ་ཟད་ནད་པའི་ངོས་ནས་ཀྱང་གཞུང་གསལ་ལྟར་དམ་ཚིག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ཡང་ཇི་སྐད་དུ་གཞུང་ཆེན་རྒྱུད་བཞི་ནང་།

རང་གིས་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས།། ཞེས་གསུངས་པ་དང་ཡང་དེ་ལས།            སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། །དམག་གདོང་གཅེར་བུར་རལ་ཁ་བྱེད་དང་མཚུངས།། ཞེས་གསུངས་པ་ལྟར་ཐབས་བྱུས་དེ་རྣམས་ལག་བསྟར་དགོས་པ་ཡིན། ལྷག་པར་དུ་མཆིན་པ་དང་ཁྲག་སྲིན་སྨན་གཙོ་ཆེར་བསྟེན་དགོས་པ་མཐོང་། དེ་ཡང་ལྷན་ཐབས་ལས། དེ་བསྟུན་ལུས་ནང་གནས་པའི་སྲིན་བུ་ནི། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་གསུངས་པ་ལྟར་ནད་གཞི་ཨི་བོ་ལཱས་མནར་སྐབས་ཟུངས་ཁྲག་ཤོར་བ་དང་ཟུངས་ཁྲག་དམའ་བའི་ཉེས་སྐྱོན་ཆེར་ཡོད་སྟབས་གོང་གསལ་རྒྱུད་ཀྱི་དགོངས་པ་ལྟར་ཕྱག་ལེན་གནང་ཐུབ་ཚེ་ཕན་ཐོག་ངེས་ཅན་ཡོང་རྒྱུ་ཡིན།

སྨན་རམས་པ་རིག་འཛིན་བཟང་མོ། ནད་འདིའི་ངོ་བོ་ལ་བསམ་གཞིག་བྱེད་དུས་ཁྲག་གི་འཁོར་སྐྱོད་མང་པོ་ཞིག་ལ་སྐྱོན་གཏོང་བ་དང་། དེའི་རྐྱེན་པས་བླ་གཉན་གྱི་ནད་ལ་མཆིན་པའི་བྱེད་ལས་ཞན་དུ་གཏོང་བ། ཁྲག་རླུང་སྟོད་འཚངས་དམའ་རུ་གཏོང་བ། ལྷག་པར་དུ་ནད་རྟགས་ལ་བལྟས་ན་ཁྲག་དང་ཆུ་སེར་ལ་འབྲེལ་བ་ཆེན་པོ་ཡོད་པ་མཐོང་ཐུབ། ནད་དེའི་རིགས་ལ་ང་ཚོར་སྨན་ཡོད་པ་ཡིན་ཏེ། ཁྲག་གི་འཁོར་རྒྱུག་ཡག་ཏུ་གཏོང་ཐུབ་པ་དང་། ནད་འདིས་ཁྲག་རྩའི་བུ་ག་མང་པོར་སྐྱོན་བཏང་ནས་ཁྲག་འཛགས་པ་ལ་ཁྲག་གཅོད་གུར་བརྒྱད་དང་ཐང་ཆེན་ཉེར་ལྔ་སོགས་ཁྲག་འཛགས་པ་བཀག་པའི་སྨན་ཡོད་པ་ཡིན། དེ་བཞིན་དུ་ང་ཚོར་མཆིན་པའི་ནུས་པ་གསོ་ཐུབ་པ་དང་། ཁྲག་ངན་དང་ཆུ་སེར་སྐེམ་པའི་སྨན། ཁྲག་གཙང་མ་བཟོ་བའི་སྨན། དུག་སེལ་བའི་སྨན་རིན་ཆེན་མང་སྦྱོར་སོགས་རིན་ཆེན་རིལ་བུའི་རིགས་ཡོད། ནད་སྔོན་འགོག་གི་མ་ལག་(Immune System) དེ་ལའང་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག དེ་གསོ་བར་སྨན་ཙམ་མ་ཡིན་པར་ཟས་སྤྱོད་ཀྱི་སློབ་གསོ་རྒྱག་པ་བཞིན་བྱེད་ཐུབ་པ་ཡིན་ན་ཐུགས་ཕན་ཏན་ཏན་གསོ་ཐུབ་སྙམ།

 

༣། ཨི་བོ་ལཱ་ནད་གཞིའི་སྔོན་འགོག་ལ་འདི་ནས་བཟོས་པའི་རིམས་སྲུང་རིལ་བུ་བེད་སྤྱོད་གཏོང་ན་འཐུས་སམ། དེ་མིན་རིལ་བུ་དེ་ལྟ་བུ་གཞན་གང་ཡོད་དམ།

སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད། ཨི་བོ་ལཱ་ནད་གཞིའི་སྔོན་འགོག་ལ་འདི་ནས་བཟོས་པའི་རིམས་སྲུང་རིལ་བུ་བེད་སྤྱོད་གཏོང་ན་འཐུས་པ་ཡིན། འོན་ཀྱང་རིམས་སྲུང་རིལ་བུ་བསྟེན་མཁན་རྣམས་པས་དམ་ཚིག་སྲུང་དགོས་པ་དེ་ནི་གནད་ཀྱི་དམ་པ་ཡིན། 

སྨན་རམས་པ་རིག་འཛིན་བཟང་མོ། བོད་ཀྱི་སྨན་རྩིས་ཁང་ནས་བཟོས་པའི་རིམས་སྲུང་རིལ་བུ་དེའི་མིང་ལ་ནག་པོ་དགུ་སྦྱོར་ཟེར་བ་ཡིན། དེའི་ནང་གི་སྨན་སྦྱོར་དང་ཕན་ཡོན་སོགས་ལ་བལྟས་ན་འདི་ནི་ནད་ཡམས་སྤྱིའི་སྨན་ཡིན་པས་བེད་སྤྱོད་གཏོང་ན་འཐུས་པ་སེམས། དེ་ཡང་ཕྱི་རྒྱུད་དུ་ནག་པོ་དགུ་སྦྱོར་གྱི་ཕན་ཡོན་བསྟན་ཡོད་པ་ནི། ་་ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག །དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང་། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས།། སྤྱིར་རིམས་སྲུང་རིལ་བུ་སྐེར་འདོགས་པ་དང་དྲི་སྣོམ་པ་བྱེད་ན་གང་ཟག་དེ་ཉིད་ལ་ཕན་པ་ཡིན་མོད། གལ་ཏེ་ཡུལ་ཕྱོགས་བྱེ་བྲག་པ་ཞིག་དེ་ལས་སྲུང་དགོས་པ་ཡིན་ན་བདུག་སྤོས་ལྟར་བདུགས་ནའང་འགྲིག  དེ་བཞིན་ལག་ཏུ་ཐོབ་ན་རིམས་སྲུང་རིལ་བུ་དང་། དེ་མ་བྱུང་ན་གྲང་སྦྱོར་སོགས་རིན་ཆེན་རིལ་བུ་སྐེར་བཏགས་པའམ། ཁོང་དུ་གཏོང་བ། དྲི་སྣོམ་པ། སྤོས་ལྟར་བདུག་པ་སོགས་བྱེད་ན་ཕན་ཐོགས་ཡོད་པ་སེམས། ལྷག་པར་དུ་རིམས་ནད་ལ་སྨན་དང་། རྩིས། སྔགས་སོགས་ཀྱི་སྲུང་འཁོར་མང་པོ་ཡོད་པ་ཡིན། དེ་ཚོ་ལ་སྒྲུབ་ཞག་ཚད་ལྡན་དགོས་པ་དང་དེའི་སྟེང་དད་དམ་ལ་རག་ལས་པ་ཡིན།

 

༤། ནད་འདི་ང་ཚོ་བོད་པའི་སྤྱི་ཚོགས་ལ་ཁྱབ་གདལ་འགྲོ་བའི་ཉེན་ཁ་ཆེ་ཆུང་ཇི་ལྟར་ཡོད་དམ།

སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད། ནད་འདི་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་ཁྱབ་བརྡལ་འགྲོ་བའི་ཉེན་ཁ་དེ་ཙམ་མཐོང་གི་མི་འདུག
སྨན་རམས་པ་རིག་འཛིན་བཟང་མོ།
  རྒྱ་གར་འཕྲོད་བསྟེན་བློན་ཆེན་མཆོག་ནས་ད་ལྟའི་ཆར་ནད་འདི་སྔོན་འགོག་གི་གྲ་སྒྲིག་བྱེད་བཞིན་པ་ཡིན་པས་ཉེན་ཚབས་མེད་ཚུལ་གསུངས་བཞིན་ཡོད། གྲ་སྒྲིག་དེའི་རྐྱེན་པས་གཅིག་བྱས་ན་ནད་འདི་སྔོན་འགོག་བྱེད་ཐུབ། གལ་ཏེ་ནད་འདི་རྒྱ་གར་ནང་ཁྱབ་གདལ་དུ་ཕྱིན་པ་ཡིན་ན་ང་ཚོའི་སྤྱི་ཚོགས་ནང་སླེབ་པར་དུས་ཚོད་དེ་ཙམ་འགོར་གྱི་མེད་པ་མཐོང་གིན་འདུག གང་ཡིན་ཟེར་ན། ནད་འདི་འགོ་སླ་བ་ཡོད་པ་དང་། དེའི་སྟེང་འཕྲོད་བསྟེན་ཆ་ནས་ང་ཚོའི་མི་མང་ལ་གོ་རྟོགས་ཀྱི་ནུས་པ་དང་། གཙང་སྦྲ་རྣམས་ཞན་པ་དང་། ནད་རྟགས་རྣམས་ཐོན་པ་ཡིན་ཀྱང་སྨན་ཁང་དུ་མ་འགྲོ་བར་སྡུག་རུས་བྱས་ནས་བསྡད་པ། གཉན་རིམས་འདིའི་ནད་རྟགས་མང་པོ་ཞིག་ཆམ་རིམས་ལ་འཁྲུལ་ནས་ཚ་བའི་སྨན་དང་ཐང་ལྟ་བུ་བསྟེན་ནས་བསྡད་ཀྱི་རེད་བསམ་བསམ་རང་གི་ཉམས་མྱོང་ལས་ཤེས་ཐུབ། དྷ་རམ་ས་ལ་ལྟ་བུ་ལ་མཚོན་ན་ཕྱི་རྒྱལ་ཡུལ་གྲུ་སྣ་ཚོགས་ཤིག་ནས་ཡུལ་འཁོར་སྤྲོ་འཆམ་པ་མང་པོ་ཞིག་རྒྱུན་བསྟུད་ནས་སླེབས་ཀྱི་ཡོད་པ་དང་། གལ་ཏེ་ཁོང་ཚོའི་ནང་ལ་ནད་འདི་ཡོད་པ་ཡིན་ན་ང་ཚོར་འགོ་ཁྱབ་འགྲོ་བ་ལས་སླ་པོ་ཡིན་པར་སེམས་ཀྱི་འདུག

 

 ༥། ནད་འདི་སྔོན་འགོག་ལ་སྤྱི་ཡོངས་ཀྱི་བསླབ་བྱའི་སྟེང་བོད་ལུགས་གསོ་རིག་སྒོ་ནས་དམིགས་བསལ་བསླབ་བྱ་གང་རྒྱག་དགོས།

སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད། བོད་ལུགས་གསོ་རིག་ཐོག་ནས་ནད་འདི་སྔོན་འགོག་ལ་དམིགས་ཏེ་གཤམ་གསལ་དོན་མཚན་རྣམས་ལག་བསྟར་དགོས།

  • རྒྱུན་ལྡན་རིམས་སྲུང་རིལ་བུ་ལུས་ལ་འཆང་དགོས།
  • ཕག་རྒོད་འཁོར་ལོ་ལུས་ལ་འཆང་དགོས།
  • ཕོ་བའི་མེ་དྲོད་ལེགས་པར་སྲུང་དགོས།
  • དམ་ཚིག་སྲུང་དགོས། (རྒྱལ་ཁྲིམས་དང་ཆོས་ཁྲིམས་བཟང་སྤྱོད་བཅས་ཚུད་ཡོད།)
  • ཁོར་ཡུག་དང་གཙང་འཕྲོད་ལ་ཡིད་གཟབ་དགོས།
  • ཚོགས་གསོག་འཆི་བསླུ་ལ་སོགས་རིམ་གྲོར་འབད་དགོས།
  • ཁ་ཟས་དུས་ཐོག་ཏུ་བསྟེན་དགོས།
  • ལྟོ་སྟོང་མ་ལྷག་པ་དང་ཡིད་ཞུམ་པའི་དཀའ་ངལ་མ་བྱུང་བར་འབད་དགོས།
  • ཁ་ཟས་དཀར་དམར་དང་མངར་སྐྱུར་ལ་ཡིད་གཟབ་ཀྱི་ནད་ཕོག་ཚེ་དུག་འདྲ་སྤང་དགོས།
  • རྒྱུན་དུ་བསམ་བློའི་སྟོབས་ཤུགས་དང་ལྡན་པ་དགོས།
  • ནད་གཞི་འདི་ཡོད་པའི་ས་གནས་ལ་མི་འགྲོ་བ་དང་ནད་གཞིར་དོགས་པའི་མིར་འབྲེལ་འདྲིས་སྤང་ཐུབ་ན་དགེ།

སྨན་རམས་པ་རིག་འཛིན་བཟང་མོ། དམིགས་བསལ་ལ། ལུས་པོའི་ནང་གི་ནད་སྔོན་འགོག་གི་ནུས་པ་ཆེ་ཆུང་དེ་ལ་རག་ལུས་པ་ཡིན། སྔོན་འགོག་གི་ནུས་པ་འཕེལ་བའི་ཟས་བསྟེན་པ་དང་། སྤྱོད་ལམ་སེམས་ཁྲལ་མེད་པ་དང་། གཉིད་དུས་ཐོག་ཏུ་ཉལ་བ་སོགས་ཟས་སྤྱོད་གཉིས་ལེགས་པར་སྲུང་ཐུབ་ན་ལུས་ཀྱི་སྔོན་འགོག་གི་ནུས་པ་རང་བཞིན་གྱི་འཕར་བ་ཡིན། དེའི་དབང་གིས་ནད་འགོ་བ་ཉུང་བ་ཡོད།


༦། ནད་གཞི་འདི་གལ་ཏེ་རྒྱ་གར་ནང་ཁྱབ་བརྡལ་དུ་འགྲོ་འགོ་ཚུགས་ན་ང་ཚོའི་ངོས་ནས་ནད་འདི་ལ་གདོང་ལེན་གྱི་གྲ་སྒྲིག་གང་ཡོད་དམ།

སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད། གལ་ཏེ་ནད་འདི་རྒྱ་གར་ནང་ཁྱབ་བརྡལ་བྱུང་ན་གཙོ་ཆེ་ཤོས་ང་ཚོས་སྔོན་འགོག་ལ་འབད་དགོས་པ་མཐོང་། དེ་ཡང་རིམས་སྲུང་རིལ་བུ་དང་ཕག་རྒོད་འཁོར་ལོ་སོགས་ཚད་དང་ལྡན་པ་འདང་ངེས་བཟོ་དགོས་པའི་ཐོག་རིམས་ནད་འགོག་ཆེད་གདུག་རྫས་བཟོ་རྒྱུ་དང་སྨན་ཁ་ཚར་ཅན་བཟོ་རྒྱུ་སོགས་གྲ་སྒྲིག་དགོས་རྒྱུ་ནི་ང་ཚོའི་སྒྲིག་འཛུགས་དང་ལས་གནས་ཆ་ནས་ངེས་པར་དུ་བསམ་ཞིབ་དང་གོ་བསྡུར་ཐོག་མི་དམངས་ཀྱི་འཕྲོད་བསྟེན་འགན་ཁྱེར་དགོས་པ་ཆགས་ཡོད། རྩ་བའི་གསོ་རིག་གཞུང་ཆེན་ཁག་ནང་གཉན་རིམས་བཅོས་ཐབས་ཀྱི་གདམས་པ་ཇི་སྙེད་ཅིག་ཡོད་པ་དག་ལ་བསྐྱར་ཞིབ་དང་སྔོག་འདོན་གྱིས་དེང་རིག་གསར་ཐབས་ལམ་དང་ཟུང་འབྲེལ་འབད་འབུངས་བྱས་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་མན་ངག་གིས་ཕོངས་པ་གང་ཡང་མེད། གཙོ་བོ་ནད་རིམས་དེ་རིགས་ཡོང་སྐབས་དམིགས་བསལ་གོ་བསྡུར་དང་སྦྱང་བཤད་ཐོག་ནད་གཞིར་ཞིབ་འཇུག་མཐིལ་ཕྱིན་པའི་ཐོག་ནས་སྨན་གསར་བཟོ་མ་བྱུང་ནའང་གཞུང་ལུགས་ནང་གསལ་བའི་སྨན་ཁ་ཚར་ལྡན་པ་བཟོ་ཐབས་ལ་འབད་དགོས་པ་ཡིན།།
སྨན་རམས་པ་རིག་འཛིན་བཟང་མོ།
སྤྱི་བཏང་དྲི་བ་འདི་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་ཆགས་འདུག འཕྲོད་བསྟེན་ལས་ཁུངས་ཀྱི་བཀོད་ཁྱབ་འོག་འཕྲོད་བསྟེན་གྱི་བསྟི་གནས་ཁང་ཚང་མས་ལས་འགུལ་སྤེལ་དགོས་པ་ཞིག་ཡིན། སྨན་རྩིས་ཁང་ལྟ་བུ་མཚོན་ན། རིམས་སྲུང་རིལ་བུ་དང་རིན་ཆེན་རིལ་བུ་བཅས་ཀྱི་གྲ་སྒྲིག་བྱེད་དགོས་པ་ཞིག་ཡིན། ནད་འདིའི་ངོ་བོ་ལ་གཟིགས་ནས་སྨན་རྣམས་འདང་ངེས་བཞིན་གྲ་སྒྲིག་བྱེད་དགོས་པ་ཡིན།

 

"ཁྱེད་ཀྱིས་ཤེས་དགོས་པའི་གཉན་རིམས་ཨི་བོ་ལཱའི་(Ebola)སྐོར།"

འདི་ལ་གནོན་ནས་རྒྱས་པར་གཟིགས།

མཐའ་མའི་འདོན་ཐེངས་།: 16.08.2014 ཉིན། 10:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།