སྨན་རྩིས་དྲ་བ། - 2014-2015 རབ་གནས་ཤིང་རྟ་ལོའི་ལོ་ཐོ།


༈ རབ་བྱུང་༡༧ པའི་བོད་རྒྱལ་ལོ་༢༡༤༡ རབ་གནས་ཤིང་རྟ་ལོའི་གནམ་གཤིས་འགྱུར་ལྡོག་དང་རང་འབྱུང་གནོད་འཚེའི་སྐོར།


༄༅། །ཨོཾ་སྭ་སྟི། །ཆོས་དབྱིངས་དག་པའི་མཁའ་ལས་མ་གཡོས་བཞིན། སྙིང་རྗེས་འགྲོ་ལ་རྗེས་ཆགས་འོད་སྟོང་ཅན། སྲིད་འདིའི་སྙིགས་ལྔའི་མུན་སེལ་ཉིན་བྱེད་དབང་། གངས་ཅན་མགོན་པོ་པད་དཀར་འཆང་དེས་སྐྱོངས། སྒྲིབ་བྲལ་རྩིས་རིག་དགོངས་དོན་མེ་ལོང་ངོར། ལྐོག་གྱུར་ལེགས་ཉེས་ཉམས་འགྱུར་འབུམ་བརྡལ་གཟུགས། ལོ་ཐོའི་སྦྱོར་བའི་སྟེགས་བུའི་སྟེང་ངོམས་པའི། ཟློས་གར་བསྡུས་པའི་ལམ་ནས་གཟིགས་མོར་འབུལ།

༈ དངོས་ཀུན་མ་ལུས་སྐྱེ་བའི་རྒྱུ་གཅིག་པུ། སྣང་ཡུལ་འབྱུང་བ་ལྔ་ཞེས་ཡོངས་གྲགས་པ། ངེས་དོན་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། ལྷུན་གྲུབ་རིགས་ལྔའི་རྒྱལ་ལ་ཕྱག་འཚལ་ལོ། ལོ་འདིའི་ཀེག་རྩིས་ནང་གསལ་བའི། དམིགས་བསལ་རྩུབ་རིགས་ཞབས་རིམ་བཅས། ཟུར་འདོན་ཞུས་པ་འདི་ལྟར་ཏེ། ༸རྟ་ལོ་ཀུན་ལ་རང་ཀེག་ཤར། ནད་པའི་མདུན་བསྐྱོད་མཁར་ལས་སྤོངས། ཚེ་དབང་ཞུ་ཞིང་ཚེ་སྒྲུབ་དང་། འབུམ་དང་གདུགས་དཀར་ཏོག་གཟུངས་འདོན། ཀེག་བཟློག་ལ་སོགས་བཟློག་རིམ་བྱ། ༸བྱི་ལོ་ཀུན་ལ་བདུན་ཟུར་རྩུབ། སྟོབས་ཆེན་མཆུ་གསུམ་སྡོང་རྒྱན་དང་། ཏོག་གཟུངས་རྒྱལ་མཚན་རྩེ་མོ་འདོན། ལམ་འཕྲང་བཅོས་ཤིང་དགྲ་ལྷ་གསོལ། ༸སྟག་དང་ཁྱི་ནི་མཐུན་གསུམ་རྩུབ། དགྲ་ལྷ་གསོལ་ཞིང་གཤེད་དམ། ལོ་སྐར་ཆེ་ཆུང་ལ་བབས་པས། ཉི་ཁྲི་འདོན་ཞིང་སྲོག་བསླུ་བྱ། ཚོང་དང་བྱེས་སུ་འགྲོ་བ་སྤོངས། སྨན་མདོ་དང་ནི་སྨན་བླ་ཡི། ཆོ་ག་བྱ་ཞིང་གཟུངས་བསྡུས་འདོན། འཆི་ངེས་སྲོག་བསླུ་དག་ཀྱང་བྱ། ༸ལོག་མེན་ཕོ་ཁྱི་མོ་འབྲུག་ལ། གནམ་སྒོ་བབས་པས་ཐོག་མི་འབུབ། ནམ་སྙིང་མཚན་བརྒྱ་ཏོག་གཟུངས་འདོན། སྐྱེས་པ་ཕག་དང་བུད་མེད་སྦྲུལ། ས་སྒོ་ལ་བབས་ས་ལས་སྤང་། ས་སྙིང་མཚན་བརྒྱ་རྨ་བྱ་ཆེ། འདོན་ཞིང་བབས་སྤར་ཕོ་ལི་དང་། བུད་མེད་ཁམ་སྟེང་བབས་པ་རྣམས། མཁར་ལས་རོ་བག་ཐབ་གཞོབ་འཛེམས། བྱབ་ཁྲུས་ཞུ་ཞིང་བབས་སྨེ་ནི། དཀར་གསུམ་བོན་དང་རྒན་བྱིས་རྩུབ། ཕལ་ཆེན་འདོན་ཞིང་དགྲ་ལྷ་གསོལ། གཉིས་ནག་ཀུན་དང་སྐྱེས་དར་གནད། ཏོག་གཟུངས་འདོན་ཞིང་བརྒྱ་བཞི་དང་། ཁྲོམ་བཟློག་ལ་བརྩོན་གསུམ་མཐིང་དང་། བཞི་ལྗང་བུད་མེད་ཀུན་ལ་ངན། གདུགས་དཀར་ལོ་གྲངས་འདོན་པར་བྱ། ལྔ་སེར་བནྡེ་རྣམས་ལ་ངན། མཚན་བརྗོད་འདོན་ཞིང་དམར་གཉིས་ལ། རྒན་དང་བྱིས་པར་ངན་པས་ན། ཚེ་དབང་ཞུ་ཞིང་ཚེ་གཟུངས་འདོན། ལོ་གྲངས་འདི་དག་༸དགུ་མིག་ཏུ། ཚུད་པས་སྤྱི་བཅོས་གཞུང་ལྟར་ལ།

 

༡༠
༡༧
༡༨
༡༩
༢༥
༢༧
༢༨
༣༣
༣༦
༣༧
༤༡
༤༥
༤༦
༤༩
༥༤
༥༥
༥༧
༦༣
༦༤
༦༥
༧༢
༧༣
༨༡
༨༢
༨༩
༩༠
༩༡
༩༧
༩༩
༡༠༠
 

 

བྱེ་བྲག་བྱིས་པར་གདུགས་དཀར་དང་། བུད་མེད་རྣམས་ལ་སྒྲོལ་བསྟོད་དང་། སྐྱེས་པ་དར་མར་རྣམ་རྒྱལ་མའི། གཟུངས་དང་རྒན་པོར་བརྒྱད་སྟོང་པ། རྒན་མོར་བགྲེས་ཞུས་མི་དཔོན་ལ། རྒྱལ་པོ་མདོ་ལྔ་གཙོ་བོ་རྣམས། བློ་གྲོས་བཟང་མོས་ཞུས་མདོ་དང་། འཇམ་དཔལ་མཚན་བརྗོད་བཅས་པ་འདོན། ༸ཕོ་མོ་ཁྱད་མེད་དུར་མིག་ཏུ། ཚུད་པ་མེ་ཁྱི་ལོ་གྲངས་ ༩།༦༩ ཡིས། དགྲ་བཟློག་དུར་སྲིའི་མནན་པ་བྱ། ཆུ་ཁྱི་ལོ་གྲངས་ ༣༣།༩༣ འདུས་སྡེ་ལ། བསྙེན་བཀུར་གཏོ་གླུད་གཏོང་བ་དང་། ས་ཁྱི་ ༥༧ དམ་སྲི་མི་ཁ་མནན། ཤིང་ཁྱི་ ༢༡།༨༡ རང་དུར་ཆེ་ལ་བབས། བདུད་ཀྱི་ཁྲམ་ཁ་སྟོང་བཟློག་བྱ། ལྕགས་ཁྱི་ ༤༥ གཤེད་དུར་ཆེར་བབས་པས། གསེར་འོད་འདོན་ཞིང་ཆབ་གཏོར་གཏོང་། གཞན་ཡང་ཤིང་འབྲུག་ ༥༡ རང་དུར་ཆུང། ལྕགས་འབྲུག་ ༡༥།༧༥ གཤེད་དུར་ཆུང་བབས་པས། རྟེན་ལ་མཆོད་འབུལ་ངན་སྤྲང་ལ། སྦྱིན་དང་སྲོག་བསླུ་བཅས་པར་བརྩོན། དེ་བཞིན་དུར་ཚུད་གཞན་རྣམས་དང་། ངན་ཀེག་བབས་རིགས་ཐམས་ཅད་ཀྱིས། རང་རང་འཁོས་བསྟུན་རྣམ་དཀར་ལ། འབད་པ་ཤིན་ཏུ་གལ་ཆེའོ། སླར་སྨྲས་པ། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིར། །མི་མཐུན་ངན་ཀེག་མཚན་མ་ལས་གྲོལ་ཕྱིར། མི་བསླུའི་བཟློག་རིམ་གསལ་བར་བསྟན་འདིའི་དགེས། །མི་ཞིག་རྡོ་རྗེའི་ངོ་བོར་བརྟན་འགྱུར་ཅིག

 

དགུང་འདིར་གནམ་གཤིས་འགྱུར་ལྡོག་དང་། རང་འབྱུང་གནོད་འཚེའི་སྐོར།


༈ ཀུན་གསལ་ལམ་ནས་རྒྱུ་སྐར་དགའ་མ་ལ། ལེགས་ལྡན་གཟའ་དགུས་ཇི་ལྟར་བརྩེན་པའི་ཚུལ། དཔྱད་དེ་ལོ་འདིའི་རྒྱལ་ཁམས་བདེ་དོག་དང་། གནམ་གཤིས་སྔོན་བརྡ་དང་བཅས་སྤྲོ་བ་ལ། ༸དབུས་སུ་གསུམ་པའི་ཟླ་སྨད་ནས། ལྔ་པའི་ཚེས་ཤར་བར་དུ་ཐན་པའི་ངོ་། ཅུང་ཞིག་ཤར་ལས་ལོ་ཧྲིལ་བདེ་སྐྱིད་ལྡན། ༸ཤར་ཕྱོགས་འགོ་སྟོད་བདེ་ཞིང་རིམ་བཏང་སྙོམས། ༸ཤར་ལྷོར་སྤྱིར་ན་དགེ་བའི་མཚན་མ་ཡང། ༸ཤར་ལྷོར་དྲུག་པའི་ཉེར་གཉིས་ནས་བཟུང་སྟེ། བརྒྱད་པའི་བརྒྱད་བར་བདེ་སྡུག་འདྲེས་མར་སྤྱོད། དང་པོའི་ཉ་ནས་གཉིས་པའི་གནམ་སྟོང་བར། ལྷ་ཡི་བླ་མ་ཕྱིར་ལྡོག་ལ་སྤྱོད་པས། ནད་མཚོན་དང་ནི་མུ་གེའི་འཇིགས་པའི་ངོ་། ༸ལྷོ་ཕྱོགས་ལོ་ཧྲིལ་སྲིད་གསུམ་རྣམ་རྒྱལ་གྱིས། འཐབ་རྩོད་ངོ་དང་ཁྱད་པར་ཟླ་གསུམ་པའི། ཚེས་ཤར་ནས་བཟུང་བཞི་པའི་ཚེས་ཤར་བར། མིག་དམར་ཕྱིར་ལྡོག་སྤྱོད་པས་ཛ་དྲག་ཙམ། ༸ལྷོ་ནུབ་ལོ་ཧྲིལ་སྤེན་པས་མུ་གེ་དང་། ཁྱད་པར་བཞི་པའི་བཞི་ནས་བདུན་པའི་ཟླ་མཇུག་བར། མི་ཕྱུགས་ནད་དང་འཆི་བས་མནར་ལ་དོགས། ༸ནུབ་ཕྱོགས་སྤྱིར་ན་བདེ་སྐྱིད་ལྡན་ན་ཡང་། བརྒྱད་པའི་བརྒྱད་ནས་དགུ་པའི་སུམ་ཅུའི་བར། དམར་པོས་འཐབ་རྩོད་འབྱུང་བར་དོགས་པ་ཡིན། ༸ནུབ་བྱང་བཅུ་པའི་ཚེས་ཤར་ནས་བཟུང་སྟེ། བཅུ་གཅིག་སྟོང་བར་དམར་པོས་འཐབ་རྩོད་དང་། བཅུ་གཉིས་ལྷག་པ་ཕྱིར་ལྡོག་ལ་སྤྱོད་པས། ནད་འཁྲུག་མུ་གེ་འབྱུང་ཞིང་སྤྲིན་པ་རྣམས། སར་འབྱར་མུན་པ་རུབ་སོགས་མི་བདེའི་ངོ་། ༸བྱང་ཕྱོགས་གསུམ་པའི་གཅིག་ནས་ཉེར་གཉིས་བར། དཀར་པོས་ཁྱོན་ལ་བདེ་སྐྱིད་ལྡན་ན་ཡང་། བཅུ་གཉིས་ཚེས་ཤར་ནས་བཟུང་ཉ་ཡི་བར། དམར་པོས་འཐབ་རྩོད་འབྱུང་ཞིང་བཅུ་དྲུག་ནས། དང་པོའི་ཉེར་གཉིས་བར་དུ་ཀེ་ཏུ་ཡང། ལྷན་ཅིག་གནས་པས་འཐབ་རྩོད་ཅུང་དྲག་ཙམ་ཐོག ནད་ཡམས་འཇིགས་པའི་ངོ་ཡང་དང་པོའི་ཚེས། ཉེར་གསུམ་ནས་བཟུང་འཐབ་རྩོད་ཅུང་ཞིག་ཞི། ༸བྱང་ཤར་ལོ་གང་ཀེ་ཏུས་ནད་ཡམས་ངོ་།།


གནམ་གཤིས་སྔོན་བརྡ།

དགུང་འདིར་གཟའ་རྣམས་ཕལ་ཆེ་བ་ལོ་སྟོད་རླུང་སྐར་དང་ལོ་སྨད་ཆུ་སྐར་སྟེང་སྤྱོད་པ་ཤས་ཆེ་བས། ལོ་སྟོད་གནམ་འཁོར་ཆེ་ཞིང་ཆར་རླུང་ལྡང་བ་དང། ལོ་སྨད་ཁ་ཆར་ལེགས་པར་འོང་བ་ཡིན།


བྱེ་བྲག་ཟླ་བ་སོ་སོའི་རེའུ་མིག་ནང་གསལ།

བོད་ཟླ་དང་པོ།
སྤྱིར་ཟླ་འདིར་གཟའ་རྣམས་ས་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ་ཞིང་རི་མཐོ་སར་ཁ་བ་བབས་ངོ་།
བོད་ཟླ་གཉིས་པ།
སྤྱིར་ཟླ་འདིར་གཟའ་རྣམས་རླུང་སྐར་ལ་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ་ཞིང་གྲང་རླུང་ལྡང་།
བོད་ཟླ་གསུམ་པ།
སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་བས་ཆར་གྱི་བབས་ཚད་ཞན།
བོད་ཟླ་གསུམ་པ།
སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས་ཆར་སྤྲིན་འཁོར་ཡང་རླུང་གིས་གཏོར་བ་མང་བས་ཆར་གྱི་བབས་ཚད་ཞན།
བོད་ཟླ་བཞི་པ།
སྤྱིར་ཟླ་འདིར་གཟའ་རྣམས་རླུང་གི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཞིང་རླུང་པོ་སྡང། ཟླ་སྨད་ཆར་ཅུང་བབས་ངོ་།
བོད་ཟླ་ལྔ་པ།
སྤྱིར་ཟླ་འདིར་གཟའ་རྣམས་རླུང་གི་སྐར་མར་སྤྱོད་པ་ཤས་ཆེ་བས། རླུང་འཚུབ་ཆེན་པོ་ལྡང་ཉེན།
བོད་ཟླ་དྲུག་པ།
སྤྱིར་ཟླ་འདིར་གཟའ་རྣམས་མེ་རླུང་གཉིས་ཀྱི་སྐར་མར་སྤྱོད་པ་ཤས་ཆེ་བས་གནམ་འཁོར་བ་མང་ཡང་ཆར་གྱི་བབས་ཚད་འབྲིང་།
བོད་ཟླ་བདུན་པ།
སྤྱིར་ཟླ་འདིར་གཟའ་རྣམས་འབྱུང་བ་ས་ཆུ་མེ་རླུང་བཞིའི་སྐར་མར་ཤས་སྙོམས་པར་སྤྱོད་པས་སྤྱི་ལ་ཆར་སྙོམས།
བོད་ཟླ་བརྒྱད་པ།
སྤྱིར་ཟླ་འདིར་གཟའ་རྣམས་རླུང་གི་སྐར་མར་སྤྱོད་པ་ཤས་ཆེ་བས། ཆར་པ་རླུང་གིས་གཏོར་བ་མང་བ་ཡིན།
བོད་ཟླ་དགུ་པ།
སྤྱིར་ཟླ་འདིར་གཟའ་རྣམས་མེ་ཆུ་རླུང་གསུམ་གྱི་སྐར་མར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཆེ་ལ་རླུང་པོ་ལྡང། ཚ་གྲང་འགྱུར་ལྡོག་ཆེ་ཙམ་འོང་།
བོད་ཟླ་བཅུ་པ།
སྤྱིར་ཟླ་འདིར་གཟའ་རྣམས་ས་མེའི་སྐར་སྤྱོད་པ་ཤས་ཆེ་བས། གནམ་འཁོར་ཙམ་ལས་ཆར་གྱི་འབབ་ཚད་ཞན།
བོད་ཟླ་བཅུ་གཅིག
སྤྱིར་ཟླ་འདིར་གཟའ་རྣམས་ཟླ་སྟོད་ཆུ་སྐར་ལ་སྤྱོད་པ་ཤས་ཆེ་བས། ཁ་ཆར་བབས་ཚད་དང་ནི་གྲངས་ངར་ཆེ། ཟླ་སྨད་ས་སྐར་ལ་སྤྱོད་པ་ཤས་ཆེ་བས། གནམ་གཤིས་འཐིབ་དྭངས་རེས་མོས་འོང་།
བོད་ཟླ་བཅུ་གཉིས།
སྤྱིར་ཟླ་འདིར་གཟའ་རྣམས་ས་སྐར་ལ་སྤྱོད་པ་ཤས་ཆེ་བས། འཐིབས་ཤས་ཙམ་ལས་ཁ་ཆར་དཀོན། གྲང་བའི་ངར་རྒྱས།
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།