སྨན་རྩིས་དྲ་བ། - སྦྲུམ་མའི་འཕྲོད་བསྟེན།
 

སྦྲུམ་མའི་འཕྲོད་བསྟེན།
 

དང་པོ། སྦྲུམ་མའི་འཕྲོད་བསྟེན་གྱི་གོ་དོན།
སྤྱིར་སྦྲུམ་མ་དང་མངལ་གནས་བྱིས་པ་གཉིས་ཀའི་ལུས་ཀྱི་གྲུབ་ཆ་ནི་ཉེས་པ་གསུམ་དང་ལུས་ཟུངས་བདུན་དྲི་མ་གསུམ་ཡིན་པ་གཅིག་གྱུར་ཡིན། ལུས་ཅན་རྣམས་མ་ཡི་མངལ་དུ་ཁུ་ཁྲག་སེམས་གསུམ་མཉམ་དུ་ཐོག་མར་ཚོགས་པའི་སྐབས་ནས་ཉེས་པ་གསུམ་པོ་རང་ཆས་སུ་ཡོད་པ་ཡིན། མངལ་ལྡན་མ་ཡི་ཟས་དང་སྤྱོད་ལམ་གྱི་དབང་གིས་མངལ་གནས་བྱིས་པའི་ལུས་ཀྱི་ཉེས་པ་གསུམ་པོ་ཤས་ཆེ་ཆུང་དུ་གྱུར་བ་དང་། དེའི་དབང་གིས་ལུས་བོང་ཆེ་ཆུང་སོགས་རང་བཞིན་རྣམ་པ་བདུན་དུ་འགྱུར་བ་ཡིན། སྦྲུམ་མ་དང་མངལ་གནས་ཀྱི་བྱིས་པའི་འཕྲོད་བསྟེན་གྱི་གནས་བབས་ནི་མའི་ཟས་སྐོམ་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་བསྟེན་སྟངས་ལ་ཤུགས་ཆེར་རགས་ལུས་ཀྱི་ཡོད། ནམ་ཞིག་སྦྲུམ་མ་དང་མངལ་གནས་བྱིས་པའི་ཉེས་པ་གསུམ་དང་ལུས་ཟུངས་བདུན། དྲི་མ་གསུམ་བཅས་རང་རང་གི་ལྡང་ཚད་བཞིན་ཐམས་ཅད་ཆ་མཉམ་པར་གནས་པས་ལུས་ཀྱི་སྟོབས་དང་གཟི་མདངས། ཚེ་རྣམས་འཕེལ་བར་འགྱུར་ཞིང་། དེ་ལས་གོ་ལྡོག་པ་སྟེ་འཕེལ་ཟད་འཁྲུགས་པ་ལས་ལུས་དང་ཚེ་ལ་གནོད་པར་འགྱུར་པ་ཡིན་ཏེ། སྦྲུམ་མ་དང་མངལ་གནས་བྱིས་པའི་འཕྲོད་བསྟེན་ཆེད་ལྡང་ཚད་ཆ་མཉམ་པར་གནས་དགོས་རྒྱུ་གལ་ཆེ་འོ།།
 
གཉིས་པ། མངལ་མ་ཆགས་གོང་གི་མའི་འཕྲོད་བསྟེན།
བུད་མེད་རྣམས་སྤྱིར་བཏང་ལོ་ན་བཅུ་གཉིས་ལོན་པའི་དུས་ནས་སམ། བྱེ་བྲག་ཏུ་བུད་མེད་སོ་སོའི་ལུས་ཟུངས་དང་། རྩ་རླུང་གི་སྟོབས་ནམ་རྫོགས་མཚམས་ནས་ལོ་ངོ་ལྔ་བཅུ་ཡས་མས་ལུས་ཀྱི་སྟོབས་འབྲི་བ་ལ་ཕྱོགས་པའི་བར་ཟས་སྐོམ་གྱི་དྭངས་མ་རྣམས་ལས་རིམ་བཞིན་འབྱུང་བའི་ཁམས་དཀར་དམར་གྱི་ཆ་ཤས་གཉིས་སུ་ཡོད་པའི་དམར་ཆ་དེ་བསམ་སེའུ་ནས་བུ་སྣོད་གཡས་གཡོན་དུ་འབྲེལ་བའི་རྩ་ཆེན་གཉིས་པོ་བརྒྱུད་ཟླ་བ་རེ་རེ་བཞིན་མངལ་ལམ་བུ་སྣོད་ཀྱི་ནང་དུ་རིམ་པར་གསོག་པ་ཁྲག་ཐུམ་དུ་གྱུར་ནས་སླར་དུས་ལ་བབས་པ་ན་ཁྲག་ཐུམ་དེ་ཉིད་བུ་སྣོད་ནས་རྣག་སྨིན་པ་དེ་རྡོལ་བ་ལྟ་བུ་མངལ་གྱི་སྒོར་འབྱིན་ནས་ཞག་གསུམ་མམ་ལྔའི་བར་འཛག་བ་ཡིན་ཞིང་། ཟླ་མཚན་ལྡན་བཞིན་པའི་ཞག་དང་པོ་གསུམ་དང་ད་དུང་དེ་ནས་བརྩིས་པའི་ཞག་བཅུ་གཅིག་བར་ཏེ་ཟླ་མཚན་ལྡན་ནས་ཞག་བཅུ་བཞིའི་རིང་ལ་འཁྲིག་པ་སྤྱད་ཀྱང་མངལ་ཆགས་པར་མི་འགྱུར་ཞིང་། ཞག་བཅུ་བཞི་འདས་ནས་མངལ་ཁ་བྱེ་བ་སྟེ་ས་བོན་ཁམས་དམར་དེ་ཤེད་ཡོངས་སུ་རྫོགས་ནས་སྨིན་པའི་དུས་ཡིན་སྟབས་དེ་ནས་བརྩིས་པའི་ཞག་བཅུ་གཉིས་ཀྱི་རིང་བུ་ཆགས་པའི་དུས་ཡིན་པས་རིགས་རྒྱུད་འདོད་པ་དག་གིས་སྐབས་འདིར་ཕ་མ་གཉིས་ཀས་ཟས་སྤྱོད་ལེགས་པར་བསྟེན་ལ། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ་ཕོ་མོ་གཉིས་འཁྲིག་པ་ལ་བཞུགས་ན་དུས་དེའི་ནང་མངལ་ཆགས་པར་འགྱུར། སྤྱིར་ཞག་བཅུ་གཉིས་ཀྱི་དུས་དེ་འདས་ནས་འཁྲིག་པ་སྤྱད་ཀྱང་ཁུ་བ་མངལ་དུ་མི་སྡོད་པ་སྟེ་མངལ་ནང་གི་ཁམས་དམར་དེ་རྙིང་ནས་ཁྲག་རོ་བསགས་པ་དེ་མང་དུ་སོང་ནས་ཞག་བཞི་ལྔའི་མཚམས་ནས་ཕྱིར་རྡོལ་རན་པས་ཁུ་བ་དེ་མངལ་དུ་འཛིན་པའི་ནུས་པ་ཡོངས་སུ་བྲལ་བས་ཕྱིར་དོན་པར་འགྱུར་པ་དང་། བྱེ་བྲག་བུད་མེད་སོ་སོའི་ལུས་ཁམས་ཀྱི་ཁྱད་པར་མི་འདྲ་བ་ལས་མངལ་ཁ་ཟུམ་པའི་ཞག་གྲངས་མི་འདྲ་བ་རེ་ཡོད་སྟེ། ལ་ལར་ཞག་བཅུ་གཉིས་མ་ཚང་གོང་ནས་མངལ་ཁ་ཟུམ་འགྲོ་བ་དང་འགའ་ཞིག་ཞག་བཅུ་གཉིས་འདས་ཀྱང་མི་ཟུམ་པ་དག་ཀྱང་ཡོད་དོ།།
དེ་ལྟར་ཕ་མ་གཉིས་ཀྱང་ཆགས་པའི་སེམས་སྐྱེས་པར་གྱུར་བ། དུས་ཀྱི་ཟླ་མཚན་ཡང་རྗེས་སུ་མཐུན་པར་གྱུར་བ། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ། ལས་ཀྱི་རྐྱེན་དང་འཕྲད་པར་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ།།
ལུས་ཆགས་པའི་རྒྱུ་གཙོ་བོ་ཁུ་ཁྲག་སེམས་གསུམ་ཐུན་མོང་གི་ནུས་པ་ཁོ་ན་ཡིན། སེམས་ནི་སྐྱེ་སྲིད་འཚོལ་བཞིན་པའི་བར་དོའི་རྣམ་པར་ཤེས་པ་དེ་ལ་ཟེར། དེ་ལྟར་ཕ་མའི་ཁམས་དཀར་དམར་སྐྱོན་མེད་པ་དེ་དང་། བར་དོའི་རྣམ་པར་ཤེས་པ་ལ་ལུས་ཕྲ་བ་ཞིག་ཡོད་པ་དེ་ཐམས་ཅད་འབྱུང་བ་ལྔ་ལས་མ་གྲུབ་པ་གཅིག་ཀྱང་མེད་པས། ཕ་མ་གཉིས་དང་བར་སྲིད་པ་དེ་གཉིས་ཚེ་སྔོན་ལས་དང་བསོད་ནམས་སོགས་ཀྱི་འབྲེལ་བ་ཡོད་པ་དང་། ཕ་མ་གཉིས་འཁྲིག་པ་ལ་ཞུགས་པའི་དུས་མངལ་དུ་ཁུ་ཁྲག་འདྲེས་པ་དང་དུས་མཚུངས་བར་སྲིད་པ་དེ་ཡང་གཙོ་བོ་ལས་དང་ཉོན་མོངས་པ་ཆགས་སྡང་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་མའི་མངལ་དུ་ཉིང་མཚམས་སྦྱར་བ་ཡིན། མངལ་ཆགས་ནས་ཉིན་རེ་བཞིན་མངལ་གནས་པའི་ལུས་ཀྱི་ཚར་ལོངས་སྐབས་མའི་ཟས་སྤྱོད་ལ་གཙོ་ཆེར་རགས་ལུས་པ་མ་ཟད། ཐོག་མར་ཕའི་ཁུ་བ་དང་མའི་ཁམས་དམར་རམ་ཁྲག་དེ་གཉིས་ཀྱི་འབྱུང་བའི་ཤས་ཆེ་ཆུང་ལ་རག་ལུས་ཀྱི་ཡོད་པས་ཕ་མ་གཉིས་དབང་པོ་གཉིས་སྦྱོར་གྱི་ལས་སུ་མ་ཞུགས་གོང་དུ་ཟས་སྤྱོད་ལ་དོ་སྣང་བྱ་རྒྱུ་གལ་ཆེ་བ་ཡིན།
 
དེ་ལྟར་མངལ་མ་ཆགས་གོང་ནས་ཕ་མ་གཉིས་ཀས་རྒྱུན་དུ་གཤམ་གསལ་ཟས་སྤྱོད་སྤང་བླང་ཁག་ལ་དོ་སྣང་དགོས་རྒྱུ།
Øརང་བྱུང་ཁོར་ཡུག་ནས་བཏུས་པའི་ཟས་རིགས། སྔོ་ཚལ་དང་འབྲུ་རིགས། ཤིང་ཏོག་སོགས། སྐྱེ་ས་གཙང་ལ་བསིལ་དྲོད་རང་རང་གི་ནུས་པ་དང་ལྡན་པའི་ཉེ་འཁོར་ས་གནས་རང་གི་ (local) ཟས་རིགས་བསྟེན་པ།
Øསྨན་རྫས་སོགས་བེད་སྤྱོད་བྱས་ཏེ་དུས་ཚོད་མ་སླེབས་གོང་སྨིན་དུ་བཅུག་པ་སོགས་མིན་པའི་ (organic) ཟས་རིགས་བསྟེན་པ།
Øནམ་ཟླ་རང་རང་གི་དུས་སུ་སྐྱེས་ཤིང་ (seasonal) དུས་སུ་བཏུས་པའི་ཟས་རིགས་བསྟེན་པ།
Øཤིང་ཏོག་དང་སྔོ་ཚལ། འབྲུ་རིགས་སོགས་གསར་པ། ལེགས་པར་སྨིན་ཞིང་ཡུན་མ་ལོན་པའི་སོས་པ་ (fresh) སོགས་བསྟེན་པ།
Øབཟའ་བཏུང་རྙིང་ནས་དྲི་ངན་ཁ་བ། ཟས་གང་ཡང་རུང་བ་མ་ཚོས་པ་དང་། ཚིག་ཆེས་པ། སྙོམ་པར་ཚོས་ཀྱང་ཡུན་ལོན་པས་ཁེངས་པོར་གྱུར་པའི་ཟས་རིགས་རྒྱུན་དུ་སྤང་རྒྱུ།
Øདེ་ཡང་བཟའ་བཏུང་གི་ཚད་ནི་ལྟོ་བ་ཆ་བཞིར་བགོས་པ་ལས་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ་དང་། ཆ་བཞི་པ་དེ་རླུང་གི་གནས་སུ་བཞག་ཅེས་པ་དེ་ལས་ཆེས་ཏེ་ཚད་ལས་འདས་པའམ་ཆག་པ་སྟེ་ཚད་མ་ལོངས་པ་མིན་པ།
Øཟས་སྔ་མ་མ་ཞུ་བཞིན་དུ་སླར་ཡང་ཕྱི་མ་ཟ་བ་བཅས་དུས་རྒྱུན་དུ་འཛེམ་རྒྱུ།
Øདེ་བཞིན་ལུས་ཀྱི་ལས་འགྲོ་བ་དང་། ངག་གི་ལས་སྨྲ་བ། ཡིད་ཀྱི་ལས་བསམ་པ་བཅས་གསུམ་པོ་ཧ་ཅང་འགྲོ་ཆེས་པ། སྨྲ་མང་བ། རྟོག་དཔྱོད་ཐལ་དྲགས་པ་སོགས་རྩོལ་བ་ཤུགས་དྲག་གི་མཐར་ལྷུང་བ་སྤང་ཞིང་ཧ་ཅང་མི་ངལ་བ་ཙམ་གྱི་ལས་ཡང་དག་པ་བསྟེན་པ།
Øདབང་པོ་ལྔ་སྟེ། མིག རྣ་བ། སྣ། ལྕེ། ལུས་བཅས་ཀྱིས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་ལོངས་མི་སྤྱོད་པའམ་སྤྱོད་དྲགས་པ་མ་ཡིན་པ་སྟེ་མཐའ་གཉིས་སུ་མ་ལྷུང་བར་རན་པར་སྤྱོད་དགོས་སོ།།
དེ་ཡང་རབ་བྱུང་ན་རིགས་རྒྱུད་འདོད་པ་དག་གིས་རང་གི་རྒྱུན་དུ་བསྟེན་གཏུག་བྱེད་སའི་སྨན་པའམ་མོ་ནད་སྨན་པར་བསྟེན་ཏེ་རང་གི་གཟུགས་པོའི་གནས་བབ་ལ་གཞིག་པའི་ཟས་སྤྱོད་ཀྱི་སློབ་སྟོན་ཞུ་དགོས།
དེ་བཞིན་ཕྲུ་གུ་འདོད་པ་གང་ཞིག་ཕ་མའི་ཁུ་ཁྲག་རླུང་མཁྲིས་བད་ཀན་གསུམ་གྱི་དྲི་མས་སྐྱོན་ཅན་དུ་གྱུར་ཏེ་མངལ་ཆགས་པའི་ས་བོན་གྱི་དོན་བྱེད་མི་ནུས་ཚེ་ཚད་ལྡན་གྱི་སྨན་པར་བསྟེན་གཏུག་བརྒྱུད་ཟས་སྤྱོད་སྨན་དཔྱད་སོགས་ཀྱི་ལམ་སྟོན་ཞུ་རྒྱུ་གལ་ཆེ།
 
གསུམ་པ། བྱེ་བྲག་ཏུ་སྦྲུམ་མའི་འཕྲོད་བསྟེན།




(ཐོག་མ་མངལ་ཆགས་པ་ནས་ཕྲུ་གུ་མ་བཙས་བར་གྱི་རྒྱུད་རིམ།)
སྦྲུམ་མའི་འཕྲོད་བསྟེན་ནི་མངལ་དུ་ཕྲུ་གུ་ཡོད་པའི་དབང་གིས་སྔར་ལས་གལ་གནད་ཆེ་བར་འགྱུར་གྱི་ཡོད། དེ་ཡང་མངལ་དུ་ཆགས་པའི་ལུས་ཅན་དེ་ཉིད་རིམ་པས་ཇེ་ཆེར་འཕེལ་བར་བྱེད་པའི་རྒྱུའམ་གཞི་དངོས་ནི་མངལ་གནས་རང་ཉིད་ཀྱི་ལྟེ་བ་ཉིད་ཡིན་ཏེ། མས་རོ་དྲུག་གི་ཁ་ཟས་གང་དང་གང་ཟོས་པའི་དྭངས་མའི་བཅུད་དེ་བསམ་སེའུ་ནས་བུ་སྣོད་གཡས་གཡོན་གྱི་རྩ་གཉིས་བརྒྱུད་དེ་མངལ་གནས་ཀྱི་ལྟེ་བར་ཞུགས་པས་མངལ་གནས་ཀྱི་ཟུངས་སྟོབས་རིམ་གྱིས་རྣམ་པར་འཕེལ་བར་འགྱུར། དེ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ལྷག་ཙམ་རིང་རླུང་རྣམས་ཀྱི་བྱེད་ལས་ཀྱིས་རིམ་པར་བསྒྱུར་ཏེ་ཟླ་བ་དགུ་ཡི་བར་དུ་འཚར་ཞིང་འཕེལ་བར་འགྱུར་བ་ཡིན།


ཟླ་བ་དང་པོ།
མའི་མངལ་དུ་ཁུ་ཁྲག་གཉིས་ལྷན་ཅིག་ཏུ་ཚོགས་པའི་སྐད་ཅིག་མ་དེ་ནས་བརྩིས་པའི་ཟླ་བ་དང་པོ་ལ་བདུན་ཕྲག་བཞི་ལྷག་ཙམ་ཡོད་པ་ནས།
བདུན་ཕྲག ༡ དུས་སུ་ཁུ་ཁྲག་ཕན་ཚུན་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བྱེད་པ་དང་།
བདུན་ཕྲག ༢ སྐབས་སུ་ཁུ་ཁྲག་གཉིས་སྔ་མ་ལས་ཅུང་ཟད་སྐ་ཞིང་ནུར་ནུར་པོར་འགྱུར་བར་བྱེད་པ་དང་།
བདུན་ཕྲག ༣ ལ་གོང་གི་ནུར་ནུར་པོ་དེ་ཞོ་ཆགས་ཟིན་པ་ལྟ་བུར་སྣང་བ་སྐ་བའི་རང་བཞིན་ཅན་དུ་འགྱུར་བར་བྱེད། བུད་མེད་ཕལ་ཆེར་མངལ་ཆགས་ནས་བདུན་ཕྲག་གཉིས་ཙམ་ནས་མ་གཏོགས་མངལ་དུ་ཕྲུ་གུ་ཆགས་པ་ཤེས་ཀྱི་མེད། དུས་འདི་ནས་བཟུང་ཕྲུ་གུ་མ་བཙས་ཀྱི་བར་དུ་མངལ་གནས་ཀྱི་ལུས་སྲུང་བའི་སླད་དུ་མའི་ཟས་སྤྱོད་གཟབ་དགོས་ལ། ཕྲུ་གུ་མངལ་ན་བདེ་བར་གནས་བར་གྱུར་བ་དང་། དབང་པོ་ཡང་དག་འཕེལ་བར་གྱུར་བ། བཙས་པ་འཇིག་པར་མ་གྱུར་བ། དུས་བཞིན་དུ་འབྱུང་བ་བཅས་ཀྱི་ཕྱིར་གཟུངས་སྔགས་འདི་གང་མང་བཟླས་ན་ཕན་ཐོགས་ཆེ། སདྱཱ་ཐེ་དན། ཨཾ་གེ །བཾ་གེ །བྷཾ་གེ །བྷ་བ་ནེ། ཨི་ནན་དི། བི་ནན་དི། སུ་ལུ་རི། གི་རི་གི་རི། ཤ་ཝ་རི། ག་རུ་ནི། ཤ་རུ་ནི། གི་རི། ཨ་བ་རེ་ལོ་ཙ་ནེ། ལ་ས་ནེ། རོ་ཙ་ནེ། ཨ་ལ་བྷེ། ཨཾ་ག་ནེ། ཨ་ལ་བྷེ། ཏ་ལ་བྷེ། པྲ་ཀར་ཥི་ནི་སྭཱཧཱ། དེ་བཞིན་དུ་མངལ་ན་ཕྲུ་གུ་འདུག་པ་བསྲུང་བའི་ཕྱིར་གཟུངས་སྔགས་འདི་གང་མང་བཟླས་ན་བཟང་། སྱདྱཱ་ཐེ་དན། བོདྷི་བོདྷི། མཧཱ་བོ་དྷི། བོདྷ་ཨནུམཏེ། ཕ་ལེ་ནི། བཧུཕ་ལེ། ཤིཀྵ་ཤིཀྵ། སཱར་བཏེ། སཱ་ག་ལེ། དུ་རཱ་ས་དེ། དུ་རཱ་ག་མེ། ཤཱུར་པྲཱབཏེ། ཤཱུར་བཏེ། བྷགེ །བྷགཱ་བྷགེ །བྷགིནི་ནིབཱརིཎི་སྭཱཧཱ།
(གཟུངས་སྔགས་དེ་གཉིས་གཟུངས་བསྡུས་ནང་གསལ་བྱིས་པའི་གདོན་ཆེན་བཅོ་ལྔ་ཞི་བར་བྱེད་པའི་གཟུངས་ནས་ཟུར་འདོན་ཞུས་པ་ཡིན།)
བདུན་ཕྲག ༤  སྔ་སོར་ཞོ་ལྟར་ཆགས་པ་དེ་ལས་གྱུར་ནས་གོར་གོར་ཏེ་ཅུང་ཟད་སྲ་ཞིང་འདྲིལ་བའི་རྣམ་པ་དང་། ཡང་ན་སླ་ཞིང་མེར་མེར་པོའི་རྣམ་པ། ཡང་ན་དབྱིབས་ནར་ནར་པོ་བཅས་གང་རུང་ཞིག་ཏུ་འགྱུར་བ་ཡིན། བདུན་ཕྲག་བཞི་པའི་སྐབས་མངལ་གནས་བུ་ཡི་གཟུགས་པོ་ཆེ་ཆུང་སོ་མ་རཱ་ཛའི་འབྲུའི་དབྱིབས་ལྟར་ཆགས་ཡོད།
 
མངལ་ཆགས་པའི་རྟགས།
Øསྤྱིར་མངལ་ཆགས་པའི་རྟགས་སུ་ལུས་ངལ་ཞིང་དུབ་ལ། སྒྱིད་པ་སྐྱུར་བ།
Øཟླ་མཚན་ཆད་པའི་མངོན་ཚུལ།
Øཚིག་པ་ཟ་ལ་ཤེས་པ་ཟ་ཟི་མང་བ།
Øགཅིན་པ་ཡང་སེ་བྲོ་བ། མཆིལ་སྣབས་མང་བ།
Øགློ་བུར་དུ་ལུས་ཀྱི་ཤ་སྐམ་པ།
Øསྐྱུག་མེར་ལངས་ཏེ་ཟས་ཀྱི་ཡི་ག་འགགས་པ། སྐབས་རེ་བརྒྱལ་བ་དང་། སྐྱུགས་པ་ཤོར་བ། ལྕེར་ཟས་ཀྱི་རོ་མི་གསལ་བ།
Øགཡལ་མང་ཞིང་བྱ་རྨྱང་ཡང་ཡང་བྱེད་འདོད་པ།
Øམངལ་ཁ་ཅུང་ལྷོད་ཅིང་ཚང་ར་སོགས་ལུས་སྨད་ལྕི་ལ། སྒྱིད་ལུག་གིས་གཡོ་འགུལ་བྱེད་མི་འདོད་པ།
Øནུ་མ་སྔར་བས་ཆེར་རྒྱས་ཤིང་ནུ་ཏོག་ནག་པོར་འགྱུར་བ།
Øཟས་སྐོམ་སྐྱུར་བའི་རིགས་ལ་ལྷག་པར་དགའ་ཞིང་། སྦྲུམ་མ་དེ་ཉིད་སྙིང་ལ་ཟས་སྐོམ་སྣ་ཚོགས་བཟའ་འདོད་པ་ཞིག་འབྱུང་བ་ཡིན་པས། འདོད་པ་ཤིན་ཏུ་བྱེད་པའི་ཟས་སྐོམ་དེ་རིགས་སྦྲུམ་མ་རང་གི་ནད་གཞི་ལ་མི་འཕྲོད་པའི་ཟས་སྐོམ་ཡིན་ཡང་དེ་མཐའ་གཅིག་ཏུ་མ་བཀག་པར་མ་དང་ཕྲུ་གུ་གཉིས་ཀར་ཕན་ཞིང་འཕྲོད་པའི་ཟས་སྐོམ་འགའ་ཞིག་དང་མཉམ་དུ་བསྲེས་ནས་ཅུང་ཟད་རེ་བྱིན་པར་བྱ་དགོས་པ་གལ་ཆེ།
ཟླ་བ་གཉིས་པ།
བདུན་ཕྲག ༥ མངལ་གནས་དེ་ཉིད་སྔར་གྱི་མེར་མེར་སོགས་གང་རུང་གི་རྣམ་པ་དེ་ལས་འདས་ནས་མཁྲེགས་ཤིང་མཁྲང་པར་འགྱུར་ཏེ་ལུས་ཀྱི་ཆ་ཤས་ཀྱི་ནང་ནས་དང་པོ་ཁོ་ནར་རྩ་རླུང་ཐམས་ཅད་སྐྱེད་པའི་རྩ་བ་ལྟ་བུར་གྱུར་པའི་ལྟེ་བའི་རྩ་འདབ་ཀྱི་རྣམ་པ་དེ་ཉིད་ཚིགས་པ་བཅུ་དྲུག་པའི་ཐད་དུ་ཆགས་པར་འགྱུར་བ་དང་། དེའི་གནས་སྐབས་སུ་མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཕོ་བ་རིས་ཀྱི་འབྲུ་ (peppercorn) ལྟར་ཆགས་ཡོད། བདུན་ཕྲག་ལྔ་པའི་སྐབས་ནས་ཤའི་རིགས་དང་སྒོ་ང་སོགས་བཟས་ཚེ། ཤིན་ཏུ་ཚོས་པོར་བཙོས་པ་དང་། སྔོ་ཚལ་དང་ཤིང་ཏོག་རིགས་གང་བཟས་ཀྱང་དམིགས་བསལ་དོ་སྣང་བྱས་ནས་གཙང་མ་བཀྲུ་དགོས། སྒོ་ང་རྗེན་པ་ཡོད་པའི་ཟས་རིགས་དཔེར་ན་ (mayonnaise,  uncooked cheese cake) སོགས་འཛེམ་དགོས་པ་མ་ཟད། ཚིག་ཇ་དང་ཇའི་རིགས་ཉུང་ཙམ་བཏུང་བ། རུལ་སུངས་འགོག་རྫས་རིགས་ལྡན་པ་དང་ལས་སྣོན་བྱས་པའི་བཅོས་མའི་ཟས་རིགས་ཚང་མ་འཛེམ་དགོས་པ་དང་། སྤྱིར་སྦྲུམ་མའི་གནས་སྐབས་སུ་མངལ་གནས་ལ་དམིགས་ནས་བཟའ་བཏུང་ཚད་ལས་བརྒལ་བ་བཟའ་རྒྱུ་མེད།
བདུན་ཕྲག ༦ ལྟེ་བའི་རྩ་འདབ་ཀྱི་དབུས་དེ་ལ་བརྟེན་ནས་སྲོག་པ་རྩ་ཞེས་འཕར་རྩ་ཐམས་ཅད་ཀྱི་སྡོང་པོ་སྲོག་གི་རླུང་གི་རྟེན་དེ་ནི་མངལ་གནས་རང་ཉིད་ཀྱི་རང་སོར་བཅུ་དྲུག་བར་གྱེན་ཕྱོགས་སུ་གྱེས་པ་དང་འབྲེལ། དེའི་ཡར་སྣེ་ཚིགས་པ་བརྒྱད་པའི་ཐད་དུ་སྙིང་ཁམས་ཀྱི་རྩ་འདབ་མ་བཞི་པའི་རྣམ་པ་དང་བཅས་པ་ཆགས་པ་དང་། བདུན་ཕྲག་འདིའི་སྐབས་མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་སེ་འབྲུའི་འབྲུ་ཙམ་ཆགས་ཡོད་པ་དང་མངལ་གནས་ཀྱི་སྙིང་ཁམས་ཀྱི་འཕར་ཤུགས་བརྒལ་སྒྲའི་གློག་པར་ (ultrasound) ནང་མངོན་ཐུབ།
དུས་སྐབས་འདིར་མོ་ནད་སྨན་པར་བསྟེན་གཏུག་གིས་སྐྱེད་མ་རང་ཉིད་ལ་དགོས་ངེས་ཀྱི་བཅུད་རྫས་རིགས་དང་། ཟས་སྤྱོད་སློབ་སྟོན་ཞུ་རྒྱུ་གལ་ཆེ། དུས་སྐབས་འདིར་ཕོ་བའི་མེ་དྲོད་ཉམས་པ་དང་། ཕོ་བའི་ནང་གི་སྐྱུར་རྫས་འཕེལ་བ། ཞེ་མེར་ལངས་པ་སོགས་ཡོང་གི་ཡོད་པས་ནད་རྟགས་དེ་དག་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་ངལ་གསོ་ཡག་པོ་རྒྱག་དགོས་པ་དང་། རྒྱུན་དུ་སྒ་སྨུག་གི་བཟོས་པའི་ཇ་དང་ཏན་ཤིང་བག་ལེབ་ (cookies) སོགས་བསྟེན་པ། རླུང་གཙང་མ་རྔུབ་པ་སོགས་བྱེད་དགོས། གལ་ཏེ་ཞེ་མེར་ལངས་པའི་རྐྱེན་གྱིས་ཟས་སྐོམ་གང་ཟོས་ཀྱང་སྐྱུག་གི་ཡོད་ན་ངེས་པར་དུ་མོ་ནད་སྨན་པར་བསྟེན་དགོས། དེ་ལྟ་བུའི་མངལ་ཆགས་པའི་རྟགས་རྣམས་སྦྲུམ་མ་ཚང་མར་བྱུང་བའི་ཁྱབ་པ་མེད།
བདུན་ཕྲག ༧ སྙིང་ག་ནས་སྲོག་པ་རྩ་དེ་མངལ་གནས་བུའི་རང་སོར་བཅུ་བཞི་ཚད་ཙམ་གྱེན་དུ་སོང་སྟེ་ཨན་སྟོང་ཚིགས་པ་དང་པོའི་ཐད་དུ་མགྲིན་པའི་རྩ་འཁོར་ཆགས། དེ་ནས་སླར་ཡང་གྱེན་ཕྱོགས་སུ་རང་སོར་བཅུ་དྲུག་བར་གྱེས་ཏེ་ཡར་སྣེ་སྤྱི་བོའམ་མགོ་བོའི་རྩ་འདབ་མིག་གི་དབང་པོ་དང་བཅས་པའི་གཟུགས་དབྱིབས་དོད་པ་དང་། དེ་དང་དུས་མཉམ་དུ་ལྟེ་བ་ནས་སྲོག་པ་རྩ་དེ་ཐུར་དུ་རང་སོར་བཅུ་བཞི་བར་གྱེས་ཏེ་མར་སྣེ་གསང་གནས་ཀྱི་རྩ་འདབ་དང་བཅས་པ་ཆགས་པར་འགྱུར། དུས་སྐབས་འདིའི་རིང་མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཤིང་ཏོག་ས་འབྲས་ (Jamun) ལྟར་ཆགས་ཡོད་པ་དང་། གཟུགས་ཁམས་ངལ་དུབ་ཆེ་བས་ཉིན་དགུང་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་ཉལ་ཐབས་བྱ་དགོས་ལ་དགོང་མོ་དུས་རྒྱུན་ལས་སྔ་ཙམ་ཉལ་རྒྱུའི་འབད་བརྩོན་བྱེད་པ། འོ་མ་དྲོན་མོ་དཀར་ཡོལ་ཕྱེད་ཙམ་བཏུང་བ། གཉིད་མ་ཉལ་གོང་གི་ཆུ་ཚོད་གཉིས་ཙམ་ནས་སྐོམ་འཐུང་རྒྱུ་མཚམས་བཞག་པ་དང་མ་ཉལ་གོང་ཆུ་དྲོན་མོས་གཟུགས་པོ་ཁྲུས་པ་སོགས་བྱ་དགོས།
བདུན་ཕྲག ༨  མགོ་བོའི་རྩ་འདབ་མིག་གི་དབང་པོ་དང་བཅས་པ་ཆགས་ཤིང་། དེ་ལ་བརྟེན་ནས་མགོ་བོའི་དབྱིབས་ཙམ་ཆགས་པར་འགྱུར་བ་དང་། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་སྐྱུར་འབྲུམ་ (cranberry bean) ལྟར་ཆགས་ཡོད།
སྐབས་དེར་མཚན་མ་ནས་ཁྲག་བབས་པ་སོགས་ཡོང་སྲིད་པས་དེ་ལྟར་བྱུང་ན་རང་ཉིད་ཀྱི་མོ་ནད་སྨན་པར་བསྟེན་རྒྱུ་གལ་ཆེ། ཁ་ཟས་སྣུམ་ལ་བརྔོས་པའི་རིགས། རོ་ཤིན་ཏུ་ཚ་བ་དཔེར་ན་སུར་པན་དང་། སྨན་སྣ་མང་པོ་ཡོད་པའི་ཟས་ (spicy food) ཤིང་ཀུན་ (asafetida) ལྟ་བུ། རོ་ཤིན་ཏུ་མངར་བ་དཔེར་ན་ཐུམ་སྒྲིལ་བྱེད་པའི་ཤིང་ཏོག་ཁུ་བ་མངར་མོའི་རིགས་ (packed fruit juices) དང་། ཆབ་བསིལ་ (cold drinks) རྒྱ་གར་གྱི་མངར་ཟས་ (Indian sweets like jaleebi, ladoo) ལྟ་བུ། རོ་ཤིན་ཏུ་ལན་ཚྭ་བ་དཔེར་ན་ཚྭ་ཤས་ཆེ་བའི་ཞལ་ཏོག་ (spicy chips and nuts) དང་། ལྕགས་སྤྲིན་ནང་གི་ཁ་ཟས་ (canned food) མཚོ་ཟས་རིགས་ (sea food) ལ་སོགས་པ་འཛེམ་དགོས།
ཟླ་བ་གསུམ་པ།
བདུན་ཕྲག ༩  ཡན་ལག་བཞི་པོ་རྣམས་མ་གཏོགས་ལུས་བྱིངས་ཀྱི་དབྱིབས་སམ་ཁོག་པ་སྟོད་སྨད་ཀྱི་རྣམ་པ་ཕལ་ཆེར་ཆགས་པར་འགྱུར་ཞིང་དུས་སྐབས་འདིའི་རིང་སྲོག་རྩའི་ནུས་པས་ལུས་དཀྱུས་གཅིག་ཏུ་ཆགས། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་སེའུ་ (cherry) ཙམ་དང་རྣམ་པ་ཉ་ལྟར་ཆགས་ཡོད། སྐབས་འདིར་གཉིད་ཡེར་བས་ངལ་གསོ་བྱེད་དགོས་པ་དང་། གཅིན་པ་ཡང་ཡང་བྲོ་བས་གཅིན་པ་དུས་ཐོག་ཏུ་བཏང་བ་ལས་བཀག་མི་རུང་། གྲང་བ་དཀར་པོ་མང་པོ་འཛག་པ་སོགས་བྱུང་སྲིད་པས་ལུས་འཁྱག་ཏུ་མ་བཅུག་པར་དྲོ་བའི་ཟས་སྤྱོད་རིགས་བསྟེན་རྒྱུ་གལ་ཆེ།
མངལ་གནས་དེ་ཟླ་བ་གཉིས་པའི་བདུན་ཕྲག་ལྔ་པ་ནས་བདུན་ཕྲག་དགུ་པའི་བར་དུ་སྲོག་པ་རྩའམ་དབུ་མའི་ནུས་པས་ལུས་གཟུགས་ཀྱི་ཐོག་མའི་རྣམ་པ་དཀྱུས་གཅིག་ཏུ་ཆགས་ནས་འཕེལ་ཚུལ་དང་། འཚོ་གནས། གཟུགས་དབྱིབས་བཅས་སྲོག་ཆགས་ཉ་དང་འདྲ་བས་ན་ཉ་ཡི་གནས་སྐབས་ཞེས་བརྗོད་པའོ།།
བདུན་ཕྲག ༡༠ ཉའི་རྣམ་པ་དེ་ལས་དཔུང་པ་གཉིས་དང་དཔྱི་རུས་གཉིས་འབུར་དུ་དོད་པ་དང་། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཚ་ལུ་མའི་རིགས་ (kumquat) ཙམ་ཆགས་ཡོད། དུས་སྐབས་འདིར་མངལ་གནས་ཀྱི་སྙིང་ཡོངས་སུ་གྲུབ་ཟིན་པ་མ་ཟད་མའི་སྙིང་གི་འཕར་ཤུགས་ལས་ལྡབ་གསུམ་ཙམ་མང་བ་ ༼སྐར་ཆ་གཅིག་ནང་སྙིང་འཕར་ཐེངས་༡༨༠༽ འཕར་གྱི་ཡོད། དུས་འདི་ནས་བཟུང་དེ་མངལ་གནས་ཀྱི་གཟུགས་པོ་དང་ལྗིད་ཚད་གཉིས་ཀ་ཇེ་ཆེ་རུ་འགྲོ་བ་གཙོ་བོ་ཡིན།
སྦྲུམ་མའི་ཕོ་བའི་མེ་དྲོད་ཞན་དུ་ཕྱིན་པ་དང་བཤང་བ་འགག་པ་སོགས་བྱུང་སྲིད་པས་བཤང་བ་སླ་མོ་བཟོ་མཁན་གྱི་བཅུད་རྫས་ཕྷཡེ་བྷར་(fiber) ཡོད་པའི་ཟས་རིགས་དཔེར་ན། གྲོ་ཆག གང་བུ་ཅན་གྱི་འབྲུའི་རིགས་ (legumes) རྩམ་པ། ཀོག་མཁྲེགས་ཤིང་འབྲས་རིགས་ (nuts) ཡུག་པོའི་འབྲུ་ (rye) གྲོ་དང་འབྲས། སྔོ་ཚལ་ཉེ་ཤིང་ (asparagus) ཐེའུ་པད་ཚལ་ (broccoli) སྔོ་ཚལ་བྷོག་ཅོཡེ་ (bok choy) ཤིང་ཏོག་ཀུ་ཤུ་(apple) ངང་ལག་ (banana) ཚ་ལུ་མ་ (orange) ལ་སོགས་པ་མང་ཙམ་བསྟེན་དགོས་པ་དང་། དུས་སྐབས་འདི་ནས་བཟུང་སྟེ་སྨན་པའམ་ལུས་རྩལ་ཆེད་ལས་པའི་ལམ་སྟོན་འོག་ཚང་རའི་ཤ་སྒྲིམ་གྱི་ལུས་རྩལ་རིགས་བྱ་རྒྱུ་འགོ་ཚུགས་དགོས་སོ།།
བདུན་ཕྲག ༡༡ དབང་པོའི་སྒོ་དང་བཅས་པའི་བུ་ག་དགུའི་གཟུགས་དབྱིབས་རྣམས་དོད་པ་དང་། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ལོ་འཁོར་པད་ཚལ་གྱི་མྱུ་གུ་ལྟར་ཆགས་ཡོད། སྐབས་འདིར་ཕལ་ཆེར་ཞེ་མེར་ལངས་བ་སོགས་རིམ་བཞིན་འབྲི་བ་དང་། ཕོ་བར་ཚ་ཤར་གྱི་རྟགས་རྣམས་མངོན་པ་ཡིན།
བདུན་ཕྲག ༡༢ དོན་ལྔའི་གཟུགས་དབྱིབས་རྣམས་དོད་ལ། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཤིང་ཏོག་པེ་ཤཱན་ (passion fruit) ལྟར་ཆགས་ཡོད། བདུན་ཕྲག་འདི་ནས་གཅིན་པ་ཅུང་ཉུང་དུ་འགྲོ་བ་དང་། མའི་མངལ་གྱི་གཟུགས་དབྱིབས་ཕྱིར་ཅུང་མངོན་ཐུབ།
བདུན་ཕྲག  ༡༣ སྣོད་དྲུག་གི་གཟུགས་དབྱིབས་རྣམས་དོད་པ་དང་། མངལ་གནས་ཀྱི་ཕྲུ་གུས་ག་ལེར་དབུགས་གཏོང་སྟངས་དང་། ཆུ་འཐུང་སྟངས། ཟས་མིད་སྟངས། གཅིན་པ་གཏོང་སྟངས་བཅས་སྦྱང་འགོ་བརྩམས། དེ་དུས་མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ནིམ་བུ་ (lemon) ལྟར་ཆགས་ཡོད།
དེ་ནས་བཟུང་ཆེད་ལས་པའི་ལམ་སྟོན་འོག་ལུས་ཀྱི་རྩོལ་བཅག་དཔེར་ན་ཆུ་རྐྱལ་རྒྱག་པ། གོམ་པ་རྒྱག་པ། ཞབས་བྲོ་འཁྲབ་པ། ཆུའི་ལུས་རྩལ། སྦྲུམ་མའི་ལུས་སྦྱོང་སོགས་རན་པོ་གང་རུང་ཞིག་ངེས་པར་དུ་བྱ་རྒྱུ་གལ་ཆེ། ཡིན་ཡང་བརྡབ་འཁྲུགས་ཡོང་ཉེན་གྱི་རྩོལ་བཅག་རིགས་དཔེར་ན། རྟ་ཞོན་པ། རྐང་འཁོར་གཏོང་བ། གངས་ཤུད་གཏོང་བ་སོགས་འཛེམ་པ་དང་། གན་རྐྱལ་དུ་ཉལ་ནས་ལུས་རྩལ་རིགས་རྩ་བ་ནས་བྱ་རྒྱུ་མེད།


ཟླ་བ་བཞི་པ།
བདུན་ཕྲག ༡༤ ལ་དཔུང་པའི་རྐང་གཉིས་དང་བརླའི་རྐང་གཉིས་ཀྱི་གཟུགས་དབྱིབས་དོད་པ་དང་། བདུན་ཕྲག་འདིའི་མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཁམ་བུའི་རིགས་ (nectarine) ལྟར་ཆགས་ཡོད། གཟུགས་པོའི་ནང་ཆུ་ཁམས་མཐོ་རུ་ཕྱིན་པའི་རྐྱེན་གྱིས་རྐང་ལག་སྐྲངས་པ་བྱུང་སྲིད་པས། སྐྲངས་པ་ཧ་ཅང་གཞི་ལྗིད་བོ་ཆགས་ཚེ་རང་གི་མོ་ནད་སྨན་པར་ངེས་པར་དུ་བསྟེན་དགོས།
བདུན་ཕྲག ༡༥ རྐང་པ་དང་ལག་པའི་རྗེ་ངར་བཞི་པོའི་གཟུགས་དབྱིབས་རྣམས་དོད་ཅིང་། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཀུ་ཤུ་ལྟར་ཆགས་ཡོད་པ་དང་།
བདུན་ཕྲག ༡༦ རྐང་ལག་གཉིས་ཀྱི་སོར་མོ་ཉི་ཤུ་པོའི་གཟུགས་དབྱིབས་རྣམས་དོད་ལ། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཤིང་ཏོག་ཨེ་ལྦོ་ཀ་ཌོ་ (Avocado) ལྟར་ཆགས་ཡོད། ཁྲག་དང་ཆུའི་ཁམས་འཕེལ་བ་དང་མངལ་གྱི་བུའི་འཚར་ལོངས་ཀྱི་རྐྱེན་པས་མའི་ལུས་པོའི་ལྗིད་ཚད་ཀི་ལོ་གཉིས་ནས་བཞི་བར་འཕར་གྱི་རེད།
བདུན་ཕྲག ༡༧ ཡན་ལག་དང་བཅས་པའི་ལུས་ཁམས་ཀྱི་ཕྱི་ནང་དུ་འབྲེལ་ཞིང་མངོན་པའི་རྩ་བཅུ་དྲུག་དང་། མི་མངོན་པའི་རྩ་གྲངས་མེད་པ་རྣམས་ཆགས། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཤིང་ཏོག་ལི་ལྟར་ཆགས་ཡོད་པ་དང་། བདུན་ཕྲག་འདིར་ཉལ་ཁྲིའམ་རྐུབ་ཀྱག་ནས་ཡར་ལངས་སྐབས་དང་། གློ་རྒྱག་པ། ཧབ་སྦྲིད་རྒྱག་པ་སོགས་བྱེད་སྐབས་གློ་བུར་དུ་གྲོད་ཁོག་གི་ཆུ་བར་ཟུག་གཟེར་ཞིག་ལྡང་སྲིད།
སྐབས་དེ་དུས་རྐང་པའི་བོལ་གོང་དང་། ལག་པའི་མཛུབ་མོ་རྣམས་ཅུང་སྐྲངས་སྲིད་ཀྱང་། སྐྲངས་པ་དེ་ལྕི་རུ་ཕྱིན་ཏེ་གདོང་དང་། ལག་པ། རྐང་པ་སོགས་ཚང་མར་འཕེལ་བ། མགོ་ན་བ། མིག་གྲིབ་པ། རྩིབ་མའི་འོག་ལ་ཟུག་གཟེར་ལྡང་བ་སོགས་བྱུང་ཚེ་ངེས་པར་དུ་རང་ཉིད་ཀྱི་སྨན་པར་བསྟེན་དགོས། གལ་ཏེ་རྐང་པའི་བོལ་གོང་དང་ལག་པའི་མཛུབ་མོ་རྣམས་སྐྲངས་བ་ཙམ་ཡིན་ན། ཆུ་མང་ཙམ་བཏུང་ནས་ལུས་པོར་ཆུ་མ་གསོག་པའི་ཐབས་ཤེས་བྱེད་པ་དང་། ལྷག་པར་དུ་ཉལ་སྡོད་སྐབས་སུ་རྐང་པ་གྱེན་དུ་གཏད་དེ་ཉལ་གསོ་རྒྱག་རྒྱུར་འབད་བརྩོན་གནང་གལ་ཆེ།
མངལ་གནས་དེ་ཟླ་བ་གསུམ་པའི་བདུན་ཕྲག་བཅུ་པ་ནས་ཟླ་བ་བཞི་པའི་བདུན་ཕྲག་བཅུ་བདུན་པའི་བར་དུ་གོང་གི་ཉའི་རྣམ་པ་དེ་ལས་དཔུང་པ་དང་། དཔྱི། རྐང་ལག རྗེ་ངར། སོར་མོ་བཅས་ཡན་ལག་བཞི་པོ་གཙོ་བོར་རྒྱས་ཏེ། འཕེལ་ཚུལ་དང་། འཚོ་གནས། གཟུགས་དབྱིབས་བཅས་རུས་སྦལ་དང་འདྲ་བར་འབྱུང་བས་ན་རུས་སྦལ་གྱི་གནས་སྐབས་ཞེས་བརྗོད་པའོ།།
ཟླ་བ་ལྔ་པ།
བདུན་ཕྲག ༡༨  ཤ་དང་ཚིལ་རྣམས་ཀྱི་ཆ་ཤས་ཕལ་ཆེར་ཆགས་པར་བྱེད་པ་དང་། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཞོག་ཁོག་མངར་མོ་ལྟར་ཆགས་ཡོད།
བདུན་ཕྲག ༡༩  ཆུ་བ་ཆེ་ཆུང་དང་རྒྱུས་པའི་རང་བཞིན་རྣམས་ཆགས་ཤིང་། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་ཤིང་ཏོག་ཨཱམ་ (mango) ལྟར་ཆགས་པ་དང་། སྦྲུམ་མ་མང་ཆེ་བས་བདུན་ཕྲག་བཅོ་བརྒྱད་ནས་ཉི་ཤུའི་བར་ལ་མངལ་གནས་དེ་བུ་སྣོད་ནང་གཡོ་འགུལ་བྱེད་པ་ཚོར་འགོ་བརྩམ་གྱི་རེད། ག་ལེར་བུ་སྣོད་ཆེ་རུ་ཕྱིན་པས་རྐྱེན་གྱིས་ལུས་ཡོངས་སྐྲངས་པའི་སྣང་བ་བྱུང་བ་དང་། གློ་བར་གནོན་ཤུགས་ཐེབས་པས་དབུགས་ཧལ་ཡོང་བ། ལྒང་པར་གནན་པའི་རྐྱེན་གྱིས་གཅིན་པ་ཡང་ཡང་བྲོ་བ། བྲང་ཁོག་ལ་ཚ་ཤར་རྒྱག་པ་སོགས་ཡོང་སྲིད་པ་རེད།
བདུན་ཕྲག ༢༠  རུས་པའི་བྱེ་བྲག་རྣམས་དང་རྐང་མར་གྱི་དབྱིབས་རྣམས་ཆགས་པར་བྱེད་ལ། མངལ་གནས་ཀྱི་གཟུགས་པོ་ཆེ་ཆུང་དི་བའི་ཏོག་མ་ (artichoke) ལྟར་ཆགས་ཡོད།
བདུན་ཕྲག་འདིར་མངལ་གནས་ཀྱི་ཕྲུ་གུ་ཤིན་ཏུ་རྒྱས་པར་འགྱུར་བས་མའི་གཟུགས་ལྕི་ཞིང་འགྲོ་བསྐྱོད་སྐབས་སུ་ཅུང་ཁྱ་རེ་ཁྱོ་རེ་ཆགས་པའི་སྣང་བ་བྱུང་། དེར་བརྟེན་རྟིང་ཀ་མཐོ་བོ་མེད་པའི་ལྷམ་བདེ་པོ་གོན་པ་དང་། མགོ་མི་ན་བའི་ཕྱིར་ཆུ་མང་ཙམ་བཏུང་བ། ངལ་གསོ་ཡང་ཡང་རྒྱག་པ། རྐེད་པ་ན་བའི་ཉེན་ཁ་ཆེ་བས། རྐེད་པ་མི་ན་བའི་ཆེད་གོམ་པ་རྒྱག་སྐབས་ལུས་དྲང་པོར་འགྲོ་བ། གཉིད་ཉལ་སྐབས་དཔྱི་མིག་དང་པུས་མོ་གཉིས་ཀྱི་དབར་སྔས་མགོ་བེད་སྤྱོད་བྱེད་པ། ཆུ་རྐྱལ་དང་ལུས་སྦྱོང་འཇམ་པོའི་རིགས་ལྷོད་གཡེང་མེད་པར་བྱ་དགོས།
བདུན་ཕྲག ༢༡  ཕྱིའི་པགས་པ་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུས་གཡོགས་པར་འགྱུར་ལ། མངལ་གནས་ཀྱི་གཟུགས་པོ་རིང་ཐུང་གུང་ལ་ཕུག་ (carrot) ལྟར་ཆགས་ཡོད།
སྐབས་དེ་དུས་མའི་སེམས་པ་ཚབ་ཚུབ་ཆགས་པ་དང་། རྨི་ལམ་འཁྲུགས་པ། བུ་སྣོད་ཇེ་ཆེར་ཕྱིན་པ་སོགས་ཀྱིས་གཉིད་ཁུག་དཀའ་བ། སྣ་ལམ་སྐྲངས་པའི་རྐྱེན་གྱིས་སོར་སྒྲ་བྱིན་པ་སོགས་ཡོང་། མའི་བཅུད་དང་ཁྲག་གི་འཁོར་རྒྱུག་རྣམས་བུ་རོགས་སུ་ (placenta) ལྷུག་པོར་རྒྱུ་ཕྱིར་སྦྲུམ་མས་རང་གི་ཕྱོགས་གཡོན་ཕྱོགས་ལ་ཉལ་འགོ་འཛུགས་དགོས། སྐབས་འདིར་དཔྱི་མིག་སྐྱོར་ཕྱིར་སྔས་མགོ་འམ་སྦྲུམ་མའི་དམིགས་བསལ་འབོལ་གདན་བེད་སྤྱོད་བྱེད་ན་ལེགས།
ཟླ་བ་དྲུག་པ།
བདུན་ཕྲག ༢༢ དབང་པོ་ལྔ་དང་བཅས་པའི་སྒོ་དགུའི་བུ་ག་རྣམས་སོ་སོར་རྣམ་པར་བྱེ་བར་འགྱུར་བ་དང་། མངལ་གནས་ཀྱི་གཟུགས་པོ་རིང་ཐུང་ཤིང་ཏོག་པ་པ་ཡ་ (papaya) ལྟར་ཆགས་ཡོད།
སྐབས་འདིར་སྦྲུམ་མ་དེ་བཟི་ཡོམ་ཡོམ་བྱེད་པ་དང་ཁྲག་ཤེད་ཆག་པ་སོགས་ཕལ་ཆེར་ཡོང་སྲིད་པ་དང་། སྦྲུམ་མའི་ཟུངས་ཁྲག་བོངས་ཆེན་ཞིག་བུ་སྣོད་ལ་ཁ་ཕྱོགས་པའི་རྐྱེན་གྱིས་གློ་བུར་དུ་ཡར་ལངས་སྐབས་མགོ་ཡུ་འཁོར་བ། སྦྲུམ་མའི་ཟུངས་ཁྲག་ཞན་པོ་ཆགས་པའི་རྐྱེན་གྱིས་ཐང་ཆད་པ། དབུགས་ཀྱི་རྒྱུ་བ་ཞན་པའམ་ཐུང་བར་འགྱུར་བས་ལྕགས་རྫས་ཡོད་པའི་ཟས་རིགས་ཤ་དང་། སྒོ་ང་། པཱ་ལག་ (spinach) ལྟ་བུའི་སྔོ་ཚལ་ལྗང་ཁུའི་རིགས་བཟའ་རྒྱུ་གལ་ཆེ།
བདུན་ཕྲག ༢༣  སྐྲ་དང་བ་སྤུ་སེན་མོ་བཅས་ཀྱི་དབྱིབས་རྣམས་སྐྱེ་བ་ཡིན་ཞིང་། མངལ་ཆགས་ཀྱི་གཟུགས་པོ་རིང་ཐུང་རྡོ་ལུ་མའི་ཚལ་(aubergine) ལྟར་ཆགས་ཡོད། བདུན་ཕྲག་འདིར་མའི་ནུ་ཞོ་ཐོག་མ་དེ་སྐྲུན་འགོ་བཙུགས་པ་དང་མའི་བཅུད་བོངས་ཆེ་མངལ་གནས་ཀྱི་ཕྲུ་གུར་མུ་མཐུད་འབྱིན་པ་ལས་མ་གྲོད་ཁོག་ཡང་ཡང་ལྟོགས་པ། དུས་སྐབས་དེར་བཅུད་དང་ལྡན་པའི་ཟས་རིགས་ཉུང་ངུ་ཡང་ཡང་སྟེན་ཐབས་བྱ་དགོས།

བདུན་ཕྲག ༢༤  ལ་སྔར་ཆགས་ཟིན་པའི་དོན་སྣོད་རྣམས་གསལ་བར་སྨིན་ཞིང་། དེའི་དུས་སུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་ཡང་ཚོར་ཞིང་ཉམས་སུ་མྱོང་པའི་སྒོ་ནས་ཤེས་པར་འགྱུར་བ་དང་། མངལ་གནས་ཀྱི་གཟུགས་པོ་རིང་ཐུང་ཨ་ཤོམ་མམ་མ་རྨོས་ལོ་ཏོག་ལྟར་ཆགས་ཡོད།
དུས་སྐབས་འདིར་མས་རོ་མངར་མོ་བཟའ་བར་འདོད་པ་དང་། གྲོད་ཁོག་གི་ཕྱི་པགས་འཐེན་པའི་རྐྱེན་གྱིས་གྲོད་ཁོག་ལ་ཟ་ཕྲུག་བྱུང་བ་དང་པགས་པར་རྟགས་སོགས་མངོན་འགོ་འཛུག སྦྲུམ་མའི་གནས་སྐབས་ཀྱི་དགོས་མཁོ་བཞིན་གཤེར་མ་ནས་མངར་རྫས་འཇུ་བྱེད་ཀྱི་རྫས་ (insulin) ལེགས་པར་འདོན་སྤེལ་བྱེད་མ་ཐུབ་པའི་རྐྱེན་གྱིས་སྦྲུམ་མར་ཟ་ཁུ་གཅིན་སྙིའི་ནད་ཡང་བྱུང་སྲིད། སྦྲུམ་མའི་གཅིན་སྙིའི་ནད་ (gestational diabetes) དེ་ཟས་སྐོམ་སྤང་བླང་དང་ལུས་རྩལ་ཚུལ་བཞིན་བྱ་ཐུབ་ཚེ་མྱུར་དུ་བཅོས་ཐུབ་བོ།།
བདུན་ཕྲག ༢༥ ལ་བུ་ག་རྣམས་ལ་རླུང་གི་རྒྱུ་བ་ཡང་འབྱུང་བ་དང་། མངལ་གནས་ཀྱི་གཟུགས་པོ་རིང་ཐུང་ཚལ་ཕར་ཤིའི་རིགས་ཤིག་(acorn squash) ལྟར་ཆགས་ཡོད། བདུན་ཕྲག་འདིར་མའི་མིག་སྐམ་པོ་ཆགས་སྲིད་པས་ངེས་པར་དུ་སྨན་པར་བསྟེན་གཏུག་གིས་མིག་སྨན་བླུག་དགོས་མིན་བརྟག་དགོས། ཡང་དུས་སྐབས་འདིར་ནུ་ཞོ་ཉུང་ངུ་འཛག་ཀྱང་སྲིད།
བདུན་ཕྲག ༢༦  སེམས་ཀྱི་དྲན་པ་ཡང་རབ་ཏུ་གསལ་བ་ཞིག་འབྱུང་ལ། མངལ་གནས་ཀྱི་གཟུགས་པོ་རིང་ཐུང་ཚལ་ཛཱུ་ཀྷི་ནི་ (zucchini) ལྟར་ཆགས་ཡོད།
སྐབས་འདིར་མངལ་གནས་ཀྱི་ཀླད་པ་དང་ལུས་ཀྱི་འཚར་ལོངས་ཤིན་ཏུ་མགྱོགས་པོ་བྱེད་བཞིན་ཡོད། ཡང་དེའི་དུས་སུ་མ་ལ་ཁྲག་ཤེད་གློ་བུར་དུ་འཕར་བར་འགྱུར་བ་དང་ལྷན་དུ། གཅིན་པའི་ནང་སྤྲི་དཀར་ (protein) མངོན་པ། ལུས་པོ་སྐྲངས་པ། མགོ་ཤིན་ཏུ་ན་བ་སོགས་ནད་རྟགས་གཞན་འབྱུང་སྲིད། བདུན་ཕྲག་རྩ་དྲུག་པ་ནས་དབུགས་སྦྱོང་གི་ལུས་རྩལ་དམིགས་བསལ་རྣམས་ཆེད་ལས་པའི་ལམ་སྟོན་འོག་སྦྱང་འགོ་བརྩམས་ནས་དབུགས་སྦྱོང་གི་གནད་འགག་དེ་ཕྲུ་གུ་སྐྱེས་བསུའི་དུས་སུ་བཀོལ་སྤྱོད་གནང་ཐུབ་ན་མས་ཕྲུ་གུ་བདེ་བར་བཙའ་ཐུབ་པའི་དགེ་མཚན་ཡོད།


ཟླ་བ་བདུན་པ།
བདུན་ཕྲག ༢༧ ནས་ ༣༠ བར། རིམ་བཞིན་སྔར་ཇི་ལྟར་ཆགས་པ་ཐམས་ཅད་མངོན་པར་གསལ་ཞིང་ཆ་ཤས་ཕྲ་མོ་རྣམས་ཀྱང་གྲུབ་སྟེ་ཡོངས་སུ་རྫོགས་པར་འགྱུར། མངལ་གནས་ཀྱི་ཕྲུ་གུའི་ཀླད་པའི་ཕུང་གྲུབ་ཙམ་དུ་མིན་པར་ཀླད་པའི་བཟོ་བཀོད་རིམ་བཞིན་སྨིན་ཡོང་། མའི་མངལ་ཇེ་ཆེར་སོང་བ་ལས་གཅིན་པ་ཡང་སེ་བྲོ་བ་དང་། རྐེད་པ་ན་བ། གཉིད་ཁུག་དཀའ་བ། བཤང་འགག་དང་གཞང་འབྲུམ་གྱི་ནད་ལྡང་སྲིད། སྐབས་འདིར་གཟུགས་པོའི་འཁྱེར་སོ་ལེགས་པོར་བགྱིད་པ་དང་། ལྷམ་རྟིང་པ་དམའ་བོ་གྱོན་པ། ལུས་རྩལ་ཚུལ་བཞིན་བྱེད་པ་དང་དཔྱི་རྐེད་ལ་སྣུམ་བྱུག་འཇམ་པོར་བགྱིས་པ་བཅས་ལས་རྐེད་པའི་ན་ཚ་ཇེ་ཆུང་དུ་གཏོང་ཐུབ།
ཟླ་བ་བརྒྱད་པ།
བདུན་ཕྲག ༣༡ ནས་ ༣༥ བར། ཆགས་ཟིན་པའི་ལུས་ཀྱི་ཆ་ཤས་ཐམས་ཅད་ཆེས་ཆེར་འཕེལ་བར་བྱེད་ལ་དུས་འདིའི་སྐབས་སུ་མའི་ཁ་ཟས་བཅུད་ཆེ་ཆུང་གི་དབང་གིས་མ་དང་ཕྲུ་གུ་གཉིས་རེ་མོས་ཀྱི་གཟི་མདངས་འཕོ་བ་སྟེ། སྐབས་འགར་མ་གཟི་མདངས་ཆེ་ལ་ཕྲུ་གུ་གཟི་མདངས་ཆུང་བ་དང་། སྐབས་འགར་ཕྲུ་གུ་གཟི་མདངས་ཆེ་ལ་མ་གཟི་མདངས་ཆུང་བ་བཅས་མ་དང་ཕྲུ་གུ་ཕན་ཚུན་གཟི་གདངས་འཕོ་རེས་བྱེད་པར་འགྱུར། སྐབས་འདིའི་དུས་སུ་མངལ་གནས་ཀྱི་དབང་པོ་རྣམས་རིམ་པས་གསལ་བར་དོད་ནས་སྐྲ་དང་བ་སྤུ་སྐྱེ་བ་སོགས་ལུས་ཁམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པས་ཐ་མའི་འཕེལ་ཚུལ་གྱི་རིམ་པའོ། །ཟླ་བ་འདིར་མངལ་གནས་ཀྱི་ཕྲུ་གུས་འགུལ་སྐྱོད་བྱེད་པའི་དུས་སྐབས་གཙོ་བོ་ཞིག་ཡིན་པ་དང་། མངལ་གནས་ཀྱི་ཕྲུ་གུས་གཉིད་ཁུག་ཐུབ་པ། ཤ་རྒྱས་པ་སོགས་བྱུང་།
ཟླ་བ་ལྔ་པའི་བདུན་ཕྲག་བཅོ་བརྒྱད་ནས་ཟླ་བ་བརྒྱད་པའི་བདུན་ཕྲག་སོ་ལྔའི་བར་དུ་གོང་གི་རུས་སྦལ་གྱི་རྣམ་པ་དེ་ལས་སྐྲ་དང་བ་སྤུ་དབང་པོ་སོགས་ལུས་ཁམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པར་སྨིན་ཅིང་མི་གཙང་བའི་རོ་ཟ་བ་སྟེ། འཕེལ་ཚུལ། འཚོ་གནས། གཟུགས་དབྱིབས་བཅས་སྲོག་ཆགས་ཕག་དང་འདྲ་བས་ན་ཕག་གི་གནས་སྐབས་ཞེས་བརྗོད་པའོ།།
     
ཟླ་བ་དགུ་པ།
བདུན་ཕྲག ༣༦ ཉིན་ཞག་དང་པོ་ནས་བཟུང་མངལ་གནས་ཀྱི་བྱིས་པ་དེ་རང་གི་གནས་ལ་མི་གཙང་བ། དྲི་མི་ཞིམ་པ། བཙོན་ར་ལྟ་བུ། མུན་ནག མངོན་པར་མི་དགའ་བ་སྟེ་ཡོངས་སུ་སྐྱོ་བའི་འདུ་ཤེས་ལྔ་ཡིད་ལ་འབྱུང་བར་འགྱུར་བ་དང་། སྐབས་འདིར་བུ་སྣོད་དེ་རྩིབ་མའི་འོག་བར་དུ་རྒྱས་ཡོད་པས་ལུས་ཀྱི་མདུན་ངོས་ཡོང་ཁེངས་པའི་སྣང་བ་བྱུང་།
བདུན་ཕྲག ༣༧ གནས་གཞན་དུ་འཕོ་བར་འདོད་ནས་མགོ་མཇུག་ལོག་པའམ་ཕྱིར་ཕྱོགས་པའི་འདུ་ཤེས་སྐྱེ་བར་འགྱུར་བ་དང་། དུས་སྐབས་འདིར་མངལ་གནས་ཀྱིས་མུ་མཐུད་དབུགས་འབྱིན་རྔུབ་ཀྱི་སྦྱོང་བརྡར་བྱེད།
བདུན་ཕྲག ༣༨ མགོ་མཇུག་ལོག་སྟེ་མངལ་གྱི་ཕུགས་ནས་ཕྱིར་འབྱིན་ཅིང་བཙའ་བ་ལ་མངོན་དུ་ཕྱོགས་པར་འགྱུར། དུས་སྐབས་འདིར་མངལ་གནས་ཀྱི་ཕྲུ་གུའི་གློ་བ་ཡང་སྐྱེ་ཟུག་ཆེད་གྲ་སྒྲིག་བྱེད། ཟླ་བ་དགུ་པར་ཕྲུ་གུ་བཙའ་ཕྱིར་འཚང་ར་འཐེན་པའི་རྐྱེན་གྱིས་སྦྲུམ་མའི་ལུས་དགྱེ་གུག་དཀའ་བར་འགྱུར་བ་དང་། ལུས་པོའི་འཚང་ར་ལྷོད་དུ་གཏོང་མཁན་གྱི་གཤེར་རྨེན་རྣམས་ཀྱིས་མའི་རུས་ཚིགས་རྣམས་ཀྱང་ལྷོད་པར་བཏང་བ། ལུས་ཐང་ཆད་ཀྱང་གཉིད་ཁུག་དཀའ་བ། ནུ་མ་ཁེངས་ཡོང་བ། མངལ་དུ་གནས་པའི་ཕྲུ་གུ་འཐུམ་བྱེད་ཀྱི་སྐྱི་ཁུག་སྲབ་མོས་གཤེར་རྨེན་ཞིག་གློད་པ་དེས་རྐྱེན་སློང་བ་ལས་མའི་ནུ་ཞོ་ཐོག་མ་འདོན་སྤེལ་བྱེད་པ་བཅས་བྱུང་ངོ་།།
དེ་ལྟར་ཟླ་བ་ཚང་ཡང་བཙའ་བར་དཀའ་བའམ་བྱིས་པ་དུས་སུ་བཙའ་བར་མི་ནུས་པ་དག་གི་ཟླ་བ་དགུ་ཕན་ཆད་ལུས་ལ་སྣུམ་མེད་པར་མི་བཞག་ལ། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེའམ་དེའི་གོང་ནས་རྟག་ཏུ་ལྟོ་བ་དང་། ཆུ་སོ། བརླ་ནང་སོགས་སུ་ཞུན་མར་བྱུག་ན་སྐྱེ་བའི་ཚེ་རླུང་འཇོམས་ཤིང་སྐྱེ་སླ་ལ་ཟུག་ཆུང་བ་ཡོད།
བཞི་པ། བྱིས་པ་མྱུར་དུ་བཙའ་བའི་རྟགས།
Øདེ་ནས་ཕྲུ་གུ་མྱུར་བ་ཉིད་དུ་བཙའ་བའི་རྟགས་སུ་ལུས་སྙོམས་ཤིང་ཁམས་ཉོབ་པ་དང་།
Øམངལ་གྱི་སྒོ་ལྷོད་ཅིང་ཕྱིར་ལུག་པ།
Øལུས་ཀྱི་སྨད་ལྷག་པར་ལྕི་ཞིང་ཚང་ར་དང་མཁལ་རྐེད་དུ་ཀོ་ལེར་ཟུག་གཟེར་སྐྱེ་བ་དང་།
Øལྟོ་བའམ་རྒྱུ་ཞབས་སྤྱི་དང་ཁྱད་པར་ཆུ་སོ་ན་བ། རེས་ན་ཟུག་ཤིན་ཏུ་ཆེ་ཞིང་། རེས་ན་ཟུག་ཅུང་ཆུང་དུ་འགྲོ་བ་སྟེ་ལྡང་དུབ་བྱེད་པའི་ན་ཟུག་དྲག་ཏུ་འབྱུང་བ།
Øམཚན་མའི་ཁ་ཆེར་བྱེ་བ།
Øགཅིན་ཐེངས་མང་གཏོང་དགོས་པ།
Øཚང་ར། རྐེད་པ། ལྟོ་བ། རུས་ཚིགས་བཅས་ལ་མཐར་རང་དབང་མེད་པ་སྟེ་བཟོད་གླགས་མེད་པའི་ན་ཟུག་བསྟུད་མར་ལྡང་བ་བཅས་བྱུང་ན་རིང་པོ་མི་ཐོགས་པར་བཙའ་བའི་རྟགས་ཡིན་པར་རིག་པར་བྱའོ།།

ལྔ་པ། བཙའ་བའི་ཐབས།
Øམྱུར་དུ་བཙའ་བའི་རྟགས་རྣམས་བྱུང་བའི་ཚེ་ན། འཕྲལ་དུ་མོ་ནད་སྨན་པ་དང་། ནད་གཡོག བཙའ་བའི་མཐུན་རྐྱེན་སོགས་ཚད་ལྡན་ཡོད་པའི་སྨན་ཁང་ལ་བསྟེན་གཏུག་རྒྱུད་མ་དང་ཕྲུ་གུ་གཉིས་ཀ་འཚོ་ཞིང་སླར་བདེ་ཐང་ཡོང་བའི་ཐབས་ལ་འཇུག་དགོས།
Øགལ་ཏེ་ཕྲུ་གུ་ནང་ལ་བཙས་ཚེ་རླུང་སེལ་བའི་སྤོས་དུད་ཀྱིས་བདུག་པ་སོགས་གོམས་སྲོལ་ལྟར་གྱི་སྐྱེ་བསུའི་བྱ་བ་གང་ལ་དེ་འཚམ་བྱེད་དགོས་པའི་ཐོག་དེ་སྔོན་བུད་མེད་ཕྲུ་གུ་བཙའ་མྱོང་བའམ་སྐྱེ་བའི་གཡོག་བྱས་པའི་མྱོང་བ་དང་ལྡན་པ་དག་གིས་མཐའ་བསྐོར་ཞིང་སྐྱེ་བའི་གྲོགས་བྱས་ཏེ་ཉལ་ལུགས་དང་བཙིར་ལུགས་སོགས་གང་ལ་ཇི་དགོས་ཀྱིས་བསླབ་བྱ་དང་ལྡན་པའི་སྒོ་ནས་བཙའ་བར་བྱ་དགོས།
Øབྱིས་པ་སྐྱེས་མ་ཐག་ཏུ་བྱིས་པའི་རྣ་བར་བཀྲ་ཤིས་པའི་ཚིག་འདི་དག་བརྗོད་དགོས་ཏེ། བདག་གི་བུ་ཁྱོད་སྙིང་ལས་སྐྱེས་པ་ཡིན། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་། །མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག ཅེས་བརྗོད་པས་བྱིས་པ་དེ་ནད་མེད་ཅིང་བདེ་བར་གྱུར་རོ།།
Øབཙས་པའི་རྗེས་སུ་ཡང་ལྟེ་བ་གཅོད་པ་སོགས་ཀྱི་ལག་ལེན་རྣམས་ཚུལ་བཞིན་བྱེད་པ། བཙས་པའི་རྗེས་སུ་མའི་མཚན་ཁར་ཚད་པ་མི་འབྱུང་བའི་སྨན་དང་། ཤ་རོ་ལྷག་མའམ་ཟླ་མཚན་བོངས་ཆེན་འགོག་པའི་སྨན། རླུང་སེལ་བའི་སྨན་སྟེར་བ་སོགས་ཀྱི་སྨན་བཅོས་བྱེད་དགོས་པ་དང་།
Øཆུ་དྲོ་འཇམ་གྱིས་བཙའ་མ་ཐག་པའི་བྱིས་པའི་ལུས་ཀུན་དག་པར་བཀྲུ་བ་དང་། ཁ་དང་ལྕེའི་སྟེང་གི་དྲེག་པ་རས་གཙང་དཀར་པོ་རློན་པ་བཟོས་ནས་ལེགས་པར་ཕྱིས་རྗེས། རིན་ཆེན་གསེར་དངུལ་ལས་བཟོས་པའི་ཧྲིཿཡིག་གུར་གུམ་གྱི་ཆུས་ལྕེའི་ཐོག་ཏུ་བསྟན་ཏེ་པར་ལེགས་པར་བཏབ་པས་སངས་རྒྱས་ཀྱི་གསུང་གི་འཕྲིན་ལས་ཐོབ་པ་དང་། སྨྲ་མཁས་པ། ངག་ནུས་པ་དང་ལྡན་པའི་རྟེན་འབྲེལ་ཡོད།
Øབཙས་ཟིན་པའི་རྗེས་སུ་མས་ཤ་ཁུ་དང་། ནས་ཆན་བཙོས་པའི་བཟའ་འབྲུ་ཁུ་བ་དང་བཅས་པ། འོ་ཐུག་སོགས་བཅུད་དང་ལྡན་པའི་ཁ་ཟས་བསྟེན་ཅིང་། དབེན་ཞིང་ཁ་ཁུ་སིམ་པོའི་གནས་སུ། དྲོ་འཇམ་གྱི་གོས་བགོ་ཞིང་ལུས་ཟུངས་གསོ་བའི་ཐབས་ལ་འབད་དགོས།
Øམའི་ལུས་སྟོབས་ཉམས་པ་སླར་གསོས་པ་དང་ནུ་ཞོ་འཕེལ་བའི་ཆེད་དུ་དུས་དང་ཚོད་ཤེས་པའི་སྒོ་ནས་ཟས་སྐོམ་དྲོ་ཞིང་བཅུད་དང་ལྡན་པའི་ཚས་ཀྱིས་གསོ་བར་བྱ་དགོས་པ་ཡིན་ནོ།།
 
དྲུག་པ། སྦྲུམ་མའི་གནས་སྐབས་སུ་ཕྱི་ལུགས་བརྟག་དཔྱད་ངེས་པར་དུ་བྱ་དགོས་པ་ཁག
Øམངལ་ཆགས་ནས་ཟླ་བ་དགུའི་ནང་ཚུད་ཟླ་བ་གསུམ་རེ་མཚམས་སུ་སྦྲུམ་མའི་བརྒལ་སྒྲའི་གློག་པར་ (ultrasound) བརྒྱུད་མངལ་གནས་ཀྱི་འཕེལ་རིམ་དང་སྙིང་གི་འཕར་ཚད་སྙོམས་པོ་ཡོད་མེད་བརྟག་པ། (སྤྱིར་བརྒལ་སྒྲའི་གློག་པར་ (ultrasound) རྒྱབ་ན་ཀླད་པའི་རྩ་ཁམས་ལ་སྐྱོན་གཏོང་གི་ཡོད་ཚུལ་བརྗོད་མཁན་ཡང་ཡོད་པས་དགོས་ངེས་ཡིན་ན་མ་གཏོགས་འཛེམ་རྒྱུ།)
Øཁྲག་གི་བརྟག་དཔྱད་འགའ་ཞིག་བརྒྱུད་སྦྲུམ་མའི་ཁྲག་རིགས་བརྟག་པ། སྦྲུམ་མར་ཟུངས་ཁྲག་གི་ཚད་གཞི་ (haemoglobin) ཅི་ཙམ་ཡོད་མེད་བརྟག་པ། ཟ་ཁུ་གཅིན་སྙིའི་ནད། རེག་དུག་གི་ནད། (syphilis) གཉན་ནད་རེག་དུག་གི་ནད། (HIV/AIDS) མཆིན་པའི་གཉན་ནད་ཁ་པ། (Hepatitis B) སོགས་ཡོད་མེད་བརྟག་པ།
Øལྷན་སྐྱེས་ཀྱི་སྐྱོན་ཡོད་པའི་ནད་དཔེར་ན་ (Down’s syndrome) དང་། རིགས་རྒྱུན་ཕྲ་རྫས་ཀྱི་སྐྱོན་ལྡན་པའི་ནད་ (chromosomal abnormalities) ཡོད་མེད་རྟོགས་པར་བྱེད་པ།
Øའཆར་ཅན་གྱི་ཁྲག་ཤེད་དང་ལྗིད་ཚད་བརྟག་དཔྱད་མུ་མཐུད་བྱེད་དགོས།
Øསྦྲུམ་མ་སོ་སོའི་མངལ་གྱི་གནས་སྟངས་མི་འདྲ་བ་ལས་ཁྲག་དང་གཅིན་པ་སོགས་ཀྱི་བརྟག་དཔྱད་འདྲ་མིན་སྨན་པས་ལམ་སྟོན་གནང་བ་ལྟར་བྱ་རྒྱུ་དང་། ཟླ་བ་དགུའི་རིང་མོ་ནད་སྨན་པར་དུས་ཐོག་བསྟེན་གཏུག་བྱེད་དགོས་སོ།།

བདུན་པ། སྦྲུམ་མའི་གནས་སྐབས་སུ་བསྟེན་དགོས་པའི་ཟས་སྐོམ་རིགས།
Øརང་ཉིད་སྦྲུམ་མ་ཡིན་པ་ཤེས་མ་ཐག་ནས་འགོ་བརྩམས་ཏེ་མངལ་གནས་ཕྲུ་གུའི་འཕྲོད་བསྟེན་ཆེད་བཅུད་རྫས་ཁྲག་སྨན་རིགས་ (folic acid, iron, vitamin D, calcium) སྨན་པའི་ལམ་སྟོན་འོག་དུས་ཐོག་ཟ་རྒྱུ་གལ་ཆེ། དེ་ཡང་རང་བྱུང་ཁམས་ནས་བྱུང་བའི་སྔོ་ཚོད་ལྗང་ཁུའི་རིགས་དང་། ལ་ཕུག་གི་རིགས་ (parsnip) ཤིང་ཏོག་ཚ་ལུ་མ། ཚ་ལུ་མའི་རིགས་ (grape fruit) ལུམ་འབྲས་ནག་པོ་ (blackberry) འབྲུ་རིགས་སྣ་ཚོགས་བཅས་སྣ་མང་འཚམ་པར་བསྟེན་ན་སྦྲུམ་མའི་གནས་སྐབས་ཀྱི་ལུས་ལ་ཉེ་བར་མཁོ་བའི་བཅུད་རྫས་རིགས་དེ་དག་ལས་རགས་ཐུབ།
Øབཅུད་སྨན་ཁ་པ་ (vitamin B) ལྡན་པའི་ཟས་རིགས་དཔེར་ན་སྔོ་ཚལ་ལྗང་ཁུའི་རིགས་དང་། གྲོ། འབྲས། གང་བུ་ཅན་གྱི་འབྲུ་རིགས (legumes) ཉེ་ཤིང་ (asparagus) ཤིང་ཏོག་ཨེ་ཝོ་ཁ་ཌོ་ (Avocado) ངང་ལག་ (banana) ཞོག་ཁོག་བཅས།
Øདཀར་རྫས་ (calcium) ཡོད་པའི་ཟས་རིགས་འོ་མ་དང་འོ་མའི་ཐོན་སྐྱེད་དཔེར་ན་ཞོ། ཕྱུར་བ་ལྟ་བུ། བྱ་ཤ། ཉ་ཤའི་རིགས་འགའ། ཏིལ་འབྲུ། སྔོ་ཚལ་བྷོག་ཅོཡེ་ (bok choy) ཐེའུ་པད་ཚལ་(broccoli) སྔོ་པཱ་ལག་ (spinach) བཅས།
Øལྕགས་རྫས་ (iron) ཡོད་པའི་ཟས་རིགས་དཔེར་ན། ཤའི་རིགས། ཁྱིམ་བྱའི་ཤ། ཉ་ཤའི་རིགས་འགའ་དཔེར་ན། མེ་ཀེ་རེལ་ (Mackeral) སལ་མོན་ (Indian Salmon) སར་ཌེན་(Sardine) སོགས། རྒྱ་སྲན། སྲན་ལྗང་། ཞོག་ཁོག་མངར་མོ། གྲོ། ཨ་ཤོམ་གྱི་ཆག་ཚེ་ (corn meal) ཡུག་པོའི་འབྲུ་ (rye) རྒུན་འབྲུམ་སྐམ་པོ། ཁ་སུར། ཨུ་དྷུམ་ཝ་རའི་རིགས་(fig) ཤིང་འབྲས་པ་ལམ་སྐམ་པོ་ (prunes) མངའ་རིས་ཁམ་བུ་སྐམ་པོ་ (apricot) ལོ་གསུམ་ཁམ་བུ་སྐམ་པོ་ (peach) བུ་རམ་བཅས།
Øསྤྲི་དཀར་ (protein) ཡོད་པའི་ཟས་རིགས་དཔེར་ན། ཤའི་རིགས། ཁྱིམ་བྱའི་ཤ ཉ་ཤའི་རིགས་དཔེར་ན། བྷ་ཊར་ཕྷིཤ་ (butterfish) ཁེཊ་ཕྷིཤ་ (cat fish) སལ་མོན་ (salmon) སཨོལ་ (sole) ཏྲོཌ་(trout) སོགས། རྒྱ་སྲན་སྐམ་པོ། སྲན་ལྗང་། ཀོག་མཁྲེགས་ཤིང་འབྲས་རིགས་ (nuts) དཔེར་ན། ཀཱ་ཇུ་ (cashew) ཨལ་མོནྜ་འམ་རྒྱ་གར་སྟར་ཁ་ (almond) སྟར་ཀ་ (walnut) བ་དམ་ (peanut) ལྟ་བུ། ཕྱུར་བ་གསར་པ་པ་ཎིར་ (cottage cheese) སྒོ་ང་། འོ་མ། ཕྱུར་ཁུ་ (whey) སྲན་ཆུང་རིགས་ (lentils)
Øདུས་སུ་ལེགས་པར་སྨིན་པའི་ཤིག་ཏོག་དང་སྔོ་ཚལ་རིགས།
Øའབྲུ་རིགས་དཔེར་ན། གྲོ་དང་། གྲོ་ཆག་གམ་ཡུ་གུའི་ཆག་ཚེ། (oatmeal) ཀི་ཎོ་ཝ་ (quinoa) ཕར་ཤིའི་འབྲུ་ (pumpkin seed) འབྲས་དམར་པོ་བཅས།
Øསྦྲུམ་མའི་གནས་སྐབས་སུ་ལྟོ་དུས་གསུམ་མིན་པར་ཟས་ཀྱི་བོངས་ཚད་ཉུང་ལ་ཐེངས་མང་པོ་བཟའ་རྒྱུ་གལ་ཆེ་ལ། དགོང་མོའི་ཟས་དུས་དེ་ཧ་ཅང་ཕྱི་པོ་རང་མིན་པ་ཞིག་དགོས།
Øཆུ་བསྐོལ་དྲོད་འཇམ་མམ་ཆུ་བསྐོལ་གྲང་ཉིན་རེར་ལི་ཊར་(litre) གཉིས་ལས་མི་ཉུང་བ་བཏུང་རྒྱུ་གལ་ཆེ།
Øདེ་བཞིན་བཅུད་ལྡན་ཕན་པའི་ཟས་སྐོམ་རྣམས་མང་ཉུང་རན་པོ་བསྟེན་དགོས་པ་དང་བཅུད་སྨན་གྱི་ཚད་གཞི་དེ་བཞིན་སྨན་པས་ཇི་ལྟར་ལམ་སྟོན་གནང་བ་ལྟར་བསྟེན་དགོས་སོ།།
 
བརྒྱད་པ། སྦྲུམ་མའི་གནས་སྐབས་སུ་བསྟེན་དགོས་པའི་སྤྱོད་ལམ་རིགས།
Øསྦྲུམ་མའི་གནས་སྐབས་སུ་སྐྱུག་མེར་ལངས་ཏེ་ཟས་ཀྱི་ཡི་ག་འགགས་པ་དང་། ཟུངས་ཁྲག་ཞན་པར་འགྱུར་བ་ལ་སོགས་པའི་ནད་རྟགས་འདྲ་མིན་བྱུང་བས། དེའི་ཆེད་བོད་སྨན་བཞེས་ན་ཡང་ཕན་ཐོགས་ཆེ། རང་རེའི་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མ་དང་བྱིས་པའི་འཕྲོད་བསྟེན་གྱི་ལས་གཞིའི་འོག་སྦྲུམ་མའི་སྨན་བཅོས་རིན་མེད་ཐོག་མཐུན་གྱུར་གནང་བཞིན་ཡོད།
Øསྦྲུམ་མའི་གནས་སྐབས་སུ་སེམས་ཞི་བདེ་བག་ཕེབས་ངང་གནས་རྒྱུ་གལ་ཆེ་བས། དེའི་ཆེད་དེབ་ཀློག་པ། སྒོམ་རྒྱག་པ། གསུང་ཆོས་ལ་ཉན་པ། རོལ་དབྱངས་སྙན་མོར་ཉན་པ། ཞལ་འདོན་བྱེད་པ་སོགས་སོ་སོའི་ཁམས་དང་མཐུན་པར་བྱ་རྒྱུ་དང་། སེམས་ཁྲལ་དང་། ཁོང་ཁྲོ། འཇིགས་པ། སྡུག་བསྔལ་སོགས་ཀྱིས་མ་མནར་བའི་འབད་བརྩོན་བྱ་དགོས།
Øབུད་མེད་སྦྲུམ་མ་དེ་ལ་རང་གི་ཁྱོ་གས་སེམས་གསོ་དང་ཐུགས་ཁུར། རྒྱུན་དུ་ཁ་བརྡ་གང་མང་བྱེད་ཅིང་། བསམ་བློ་བརྗེ་རེས་བྱ་དགོས་པ་མ་ཟད། ཁྱིམ་མི་ཡོངས་ནས་ཀྱང་བྱམས་སྐྱོང་དང་བལྟ་སྐྱོང་ཡག་པོ་བྱ་རྒྱུ་གལ་ཆེ།
Øཉིན་རེར་སྐར་མ་ཉི་ཤུ་ནས་ཆུ་ཚོད་ཕྱེད་ཀའི་བར་ལུས་ཀྱི་རྩོལ་བཅག་དཔེར་ན་ཆུ་རྐྱལ་རྒྱག་པ། རྐང་འཁོར་གཏོང་བ། གོམ་པ་རྒྱག་པ། ཞབས་བྲོ་འཁྲབ་པ། ནང་གི་ལས་ཀ་བྱེད་པ་སོགས་གང་བྱུང་ཚད་ལྡན་གྱི་སྨན་པའམ་ལུས་རྩལ་ཆེད་ལས་པའི་ལམ་སྟོན་འོག་རན་པོར་བྱེད་པ།
Øཡང་རང་དགར་རྩོལ་བཅག་རིགས་བྱེད་པའི་རྐྱེན་གྱིས་མཚན་མ་ནས་ཁྲག་དོན་པ་དང་། ཐང་ཤིན་ཏུ་ཆད་པ། དབུགས་འབྱིན་རྔུབ་དཀའ་བ། མངལ་ཚུར་འཁུམ་པའི་ཚོར་བ་བྱུང་བ། མགོ་ཡུ་འཁོར་བ། མཚན་མ་ནས་ཆུ་འཛག་པ། སྙིང་གི་འཕར་ཤུགས་ཆེ་རུ་ཕྱིན་པ་སོགས་བྱུང་ཚེ་ལམ་སང་ལུས་རྩལ་མཚམས་བཞག་ནས་སྨན་པར་བསྟེན་གཏུག་བྱ་རྒྱུ་གལ་ཆེ།
Øགཉིད་མ་ཆག་པའི་ཐབས་ཤེས་བྱེད་པ།
Øརྒྱུན་གཏན་ཁྲུས་བྱེད་པ་སོགས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་དམིགས་བསལ་བྱ་དགོས་པ།
Øནད་ཡམས་རིགས་དང་། ནད་དུག་བཤལ་རིམས་སོགས་ཀྱི་ནད་རིགས་མ་ཕོག་པ་བྱ་རྒྱུར་ཡིད་གཟབ་བྱ་དགོས་པ།
Øདུས་ཐོག་སྨན་ཁང་དུ་ཕྱིན་ནས་མངལ་གྱི་གནས་སྟངས་ལ་བརྟག་དཔྱད་བྱེད་དགོས་པ།
Øམངལ་གནས་ཕྲུ་གུའི་འགན་འཁུར་ལེན་པའི་ཐོག་ཕྲུ་གུ་བཙའ་བའི་གྲ་སྒྲིག་དང་གསོ་སྐྱོང་ལ་ཚུལ་བཞིན་འཇུག་པ་བཅས་བྱ་དགོས་པ་ཡིན།
Øབྱིས་པ་བཙས་ནས་ལོ་གཅིག་ལོན་མཚམས། སྨན་རྩིས་ཁང་ནས་ཆེད་དུ་སྨན་སྦྱོར་བྱས་པའི་སྨན་དབྱངས་ཅན་རིལ་བུའམ་ཡང་ན་ཤེས་རབ་བློ་འཕེལ་བདུད་རྩི་སྨན་པའི་ལམ་སྟོན་འོག་དུས་ཡུན་རིང་ཙམ་སྤྲད་ན་ཤེས་རབ་དང་བློ་རིག་གསལ་ཞིང་ངག་ཚིག་སྙན་ལ་སྨྲ་ལྕེ་བདེ་བར་བྱེད། རང་རེའི་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞིའི་འོག་སྨན་དེ་དག་རིན་མེད་ཐོག་མཐུན་གྱུར་གནང་བཞིན་ཡོད།
 
དགུ་པ། སྦྲུམ་མའི་གནས་སྐབས་སུ་སྤོང་དགོས་པའི་ཟས་སྐོམ་རིགས།
Øནུས་པ་ཚ་བ་དང་། རྣོ་བ། ལྕི་བ་བཅས་ཀྱི་བཟའ་བཏུང་ཆེས་དྲག་པ། དཔེར་ན་ཞག་ཚིལ་ཆེ་བའི་ཤ་དམར་པོ་རྗེན་པའི་རིགས་དང་། སུར་པན་དང་ཁ་ཚ་བའི་ཟས་སྐོམ་རིགས། དངུལ་ཆུའི་ཚད་མཐོ་བོ་ཡོད་པའི་ཉའི་རིགས་དཔེར་ན། ས་ཝོཊ་ཕྷིཤ་ (sword fish) ཤར་ཀ (shark) ཏྲུ་ན་ (tuna) བྷཨས་ (bass) ཀོཌ་ (cod) ས་ནེ་པར་ (snapper) བཅས་དང་། སྒོ་ང་རྗེན་པ། འོ་མ་རྗེན་པ་ལས་བཟོས་པའི་ཕྱུར་བའི་རིགས། འོ་མ་མ་བསྐོལ་བ་སོགས་མཐའ་དག་སྤྱོད་རྒྱུ་མེད།
Øསྦྲུམ་མའི་གནས་སྐབས་སུ་ཐ་མག་དང་། ཆང་རག མྱོས་རྫས་སམ་བཟི་སྨན་རིགས། རྒྱུན་གཏན་ནས་རྫས་སྦྱོར་བྱེད་པའི་སྨན་འདྲ་མིན་རིགས་གང་བྱུང་ཟ་རྒྱུ་མེད།
Øརང་ཉིད་ཀྱི་ལུས་ཁམས་ལ་མི་འཕྲོད་པ་དང་མ་གོམས་པའི་ཟས་སྤྱོད་ལ་ཡིད་གཟབ་བྱེད་དགོས་པ།
Øཇ་དང་ཚིག་ཇ་སོགས་ཡང་ལ་རྩུབ་པའི་ཀེ་ཕན་ (caffeine) ཕོན་ཆེན་ཡོད་པའི་ཟས་སྐོམ།
Øལེགས་པར་མ་བཙོས་པའམ་མ་བསྐོལ་བའི་ཟས་སྐོམ་གྱི་རིགས།
Øཤ་རྗེན་པའི་རིགས།
Øའཁྱགས་སྒམ་ནས་བཏོན་པའི་ཟས་སྐོམ་གྲང་མོའི་རིགས།
Øསྒོ་ང་རྗེན་པ་བསྲེས་པའི་ཟས་སྐོམ་འདྲ་མིན་རིགས།
Øལྷག་པར་བཤང་གཅི་དགག་པར་འགྱུར་བའི་ཁ་ཟས་དཔེར་ན། ཤ་དམར་པོའི་རིགས་ཟ་ཆེས་བ། ཀ་ར་དང་མངར་རྫས་རིགས་ཟ་ཆེས་བ། ཞོག་ཁོག་བརྔོས་མ་ (chips) རྫས་སྦྱོར་བསྲེས་པའི་ཟས་རིགས་བཅས།
Øརུལ་སུངས་འགོག་རྫས་ (preservatives) རིགས་ལྡན་པ་དང་ལས་སྣོན་བྱས་པའི་བཅོས་མའི་ཟས་རིགས་ (processed) ཚང་མ།
Øཟས་སྐོམ་དེ་རིགས་ཀྱིས་མའི་ལུས་ཟུངས་ལ་ཤིན་ཏུ་གནོད་པར་འགྱུར་བ་དང་། མའི་ལུས་ཟུངས་ཟད་ན་མངལ་གནས་ཀྱི་ལུས་སྟོབས་སྐྱེད་པའི་རྒྱུ་མེད་པའི་དོན་གྱིས་མངལ་འཇིག་སྟེ་དུས་མིན་དུ་ཕྱིར་འབྱུང་བའམ། ཡང་ན་རླུང་འཕེལ་བའི་དབང་གིས་མངལ་གྱི་ནང་དུ་བསྐམ་པར་འགྱུར་བའི་ཕྱིར་ཇི་སྐད་བཤད་པའི་སྤང་བླང་གི་རིམ་པ་རྣམས་ལ་འབད་དགོས་པ་ཡིན།
 
བཅུ་པ། སྦྲུམ་མའི་གནས་སྐབས་སུ་སྤོང་དགོས་པའི་སྤྱོད་ལམ་རིགས།
Øསྨན་པའི་ལམ་སྟོན་མེད་པར་སྨན་གང་བྱུང་བསྟེན་པ།
Øསྤྱིར་ཉལ་པོ་སྤྱོད་པ་དང་། དམིགས་བསལ་མངལ་དུ་བྱིས་པ་ཆགས་ནས་ཐོག་མའི་ཟླ་གསུམ་རིང་ལ་ཁྱོ་ག་དང་ལུས་འབྲེལ་རྩ་བ་ནས་བྱེད་མི་རུང་།
Øལུས་ཤ་རྒྱས་པར་བྱེད་པའི་ཟས་སྤྱོད་རྣམས།
Øམཚན་མོ་གཉིད་མི་ལོག་པ་དང་ཉིན་གཉིད་ལོག་ཆེས་པ།
Øབརླན་གཤེར་སོགས་ཀྱི་སྟེང་སྟན་མེད་པར་འདུག་པ། ཆུ་གྲང་མོའི་ནང་དུ་བཞུགས་པ་དང་བསེར་བུས་བུད་ནས་ལུས་པོ་འཁྱགས་ཆེས་པ།
Øདངོས་པོ་ལྕི་བོའི་རིགས་མི་ཐེག་བཞིན་དུ་འདེགས་པ། ལུས་ཁམས་བརྡབ་འཁྲུག ལྟོ་བ་གནོན་བཙིར། གོས་ཐུང་ (pants) གི་རྐེད་རགས་བསྡམ་ཆེ་བ་བཅས།
Øལུས་ཀྱི་རྩོལ་བཅག་ཆེ་དྲགས་པའམ་རྩོལ་བཅག་རྩ་བ་ནས་མེད་པར་དལ་བར་བསྡད་པ།
Øསྦྲུམ་མའི་དུས་སུ་རྟིང་ཀ་མཐོ་བའི་ལྷམ་གྱོན་པ།
Øཕྲུ་གུ་སྐྱེས་རྒྱུ་ཡོད་རིང་ལམ་ཐག་རིང་པོར་མེ་འཁོར་དང་ལྷག་པར་དུ་སྣུམ་འཁོར་ནང་འགྲོ་བ།
Øལམ་ཐག་རིང་པོ་མེད་ནའང་སྣུམ་འཁོར་ནང་ཞུགས་ནས་ལམ་རྩུབ་པོ་ཡོད་པའི་སྟེང་དུ་འགྲོ་བ།
Øབཤང་གཅི་ཡོང་བཞིན་དུ་བཀག་པ་དང་མི་འོང་བཞིན་དུ་ནན་གྱི་བཙིར་བ།
Øསྨྱུང་བར་གནས་པ། གན་རྐྱལ་ཏུ་ཉལ་བ། སྐྱུག་གཏོང་བ་དང་། བཤལ་གཏོང་བ། མས་བཏང་སྟེ་ནི་རུ་ཧ་བྱེད་པ། གཏར་ག་གདབ་པ་སོགས་མ་དང་མངལ་གནས་ཕྲུ་གུར་གནོད་པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་སྤང་བར་བྱ་དགོས་སོ།།
 
བཅུ་གཅིག་པ། སྐར་རྩིས་རིག་པའི་ཐབས་ལམ།
བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་སྦྲུམ་མའི་འཕྲོད་བསྟེན་དང་འབྲེལ་བའི་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ།
ཚེ་རབས་ལས་རྩིས་ནི། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུ་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་མཚན་གང་གི་ཕྱིར་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་སོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད། དེའི་སྐབས་ཞབས་རིམ་སོགས་གསུངས་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན་པ་དང་། སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་བར་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན།
སྐེག་རྩིས་ནི། ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད་འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔགས་ཏེ་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།
བག་རྩིས་ནི། ལྷག་པར་དུ་ཕོ་མོ་གཉེན་སྒྲིག་སྐབས། བག་རྩིས་བསྐོར་རྒྱུ་ནི། བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་གནས་ཐབས་ཙམ་མ་ཟད། བཟའ་ཚང་གཉིས་ཀྱི་ལོ་རྟགས་དང་ཁམས་མི་མཐུན་ན། བཟའ་ཟླ་གཉིས་ལ་ནད་དང་བར་ཆད་ཡོང་བ་མ་ཟད། ཕྲུ་གུ་དབང་པོ་སྐྱོན་ཅན་འོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བག་རྩིས་བསྐོར་རྒྱུ་སྣང་མེད་ཏུ་བཞག་རྒྱུ་མེད་པས། དེར་དོ་སྣང་གིས་ལོ་རྟགས་དང་ཁམས་མི་མཐུན་པ་བཟློག་ཐབས་ཀྱི་རིམ་གྲོ་སོགས་གནང་བ་ཡིན་ན། བོད་མི་རིགས་ཀྱི་སོན་རྩ་ཕྲུ་གུ་མ་སྐྱེ་གོང་ནས་ནད་སོགས་སྔོན་འགོག་ཐུབ་པ་མ་ཟད། ཕ་མ་དང་ཕྲུ་གུ་རང་རང་སོ་སོའི་མི་ཚེ་ལ་ཕན་པ་དང་། བོད་མི་རིགས་ལ་ཡང་ཕན་ཐོགས་ཡོང་གི་ཡོད།
ནད་རྩིས་ནི། ནད་བྱེ་བྲག་གང་རུང་གི་མནར་བ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོ་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བ་ཙམ་གྱིས་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཚབས་ཆེན་པོ། ནད་གཞི་ཛ་དྲག་ཅན་དུ་གྱུར་སྐབས་ནད་རྩིས་བསྐོར་གྱི་ཡོད། རབ་བྱུང་ན་ནད་ཐོག་མར་མནར་བའི་སྐབས་སུ་ནད་རྩིས་བསྐོར་བ་ཡིན་ན། ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཐོག་ལ་སྨན་གྱིས་ནུས་པ་མྱུར་བ་དང་། ནད་དྲག་སྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་གྱུར་གྱི་ཡོད།
 
ཁྱད་པར་དུ་སྦྲུམ་མའི་གནས་སྐབས་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས།
སྦྲུམ་མར་ཕྲུ་གུ་བཙས་མ་ཐུབ་པར་འགགས་པ་དང་། ཕྲུ་གུ་སྐྱེས་ནས་མ་དང་ཕྲུ་གུ་གཉིས་གང་ཡང་རུང་བ། བྱིང་བ་དང་། འཐིབས་པ། ཡོར་ཐོམ་མམ་མགོ་ཡུ་འཁོར་བ། ལུས་ལྕི་བ་རྣམས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བྱེད་ཐུབ་ཚེ་ས་བདག་གཏེར་མདོས་བྱ། དེ་ལྟར་མ་ཐུབ་ཚེ་རྒྱལ་མདོས་གཏོང་། ཆོས་སུ་ཁང་བུ་བརྩེགས་པའི་མདོ་དང་། གླང་རུ་ལུང་བསྟན་འདོན། ཕྲུ་གུ་བུ་ལ་ཕལ་པོ་ཆེའི་མདོ་དང་། ཕྲུ་གུ་བུ་མོར་ཉི་ཁྲི་འདོན། གོང་ལྟར་པག་གི་གླུད་གཟུགས་གླང་ངམ་ཁྱི་སེར་པོ་ལ། བནྡེའི་གོས་གྲྭ་ཆས་དང་རང་ཐག་ཙམ་པ་ཐག་བྱེད། རྡོ་རྗེ་དང་གྲིལ་བུ་བཀལ་ལ་ཤར་ལྷོར་བསྐྱལ་བར་བྱའོ། །འདི་ནི་མ་དང་བྱིས་བར་ནད་རིགས་སོགས་མི་ཡོང་ཆེད་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་ལྟར་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།