སྨན་རྩིས་དྲ་བ། - སྙིང་ནད།
 

སྙིང་ནད།


དང་པོ། སྙིང་གི་གནས་ལུགས།
འགྲོ་བ་མིའི་སྙིང་ཆེ་ཆུང་ནི་རང་གི་ལག་པའི་མུར་གོང་གི་ཚད་གཞི་ཙམ་མ་གཏོགས་མེད་རུང་ལུས་ནང་གི་ཤ་སྒྲིམ་ཤུགས་ཆེ་ཤོས་དེ་ཡིན། བོད་ཀྱི་གསོ་རིག་རྒྱུད་བཞི་ལས། སྙིང་ནི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །ཞེས་དོན་སྣོད་ཀུན་གྱི་གཙོ་བོ་ཡིན་པ་ལྟར་ན་རྒྱལ་པོའི་ཚུལ་དུ་དཔེ་བཞག་ཡོད། དེ་ནི་ཉེས་པ་རླུང་རྒྱུ་བའི་གནས་གཙོ་བོ་ཡིན་པ་དང་བྱེ་བྲག་ཏུ་ཁྱབ་བྱེད་རླུང་གི་རྟེན་ཡིན་པས་ལུས་ཕྱི་ནང་གི་འགུལ་བསྐྱོད་ཆ་ཚང་གི་ལས་བྱེད་པ་དང་། ལུས་ཟུངས་མཐར་ཐུག་པ་མདངས་མཆོག་གིའང་རྟེན་བྱེད་པས་ཚེ་སྲོག་དང་གཟི་མདངས་གནས་པའི་ལས་བྱེད། གཞན་ཡང་དབང་པོ་ཀླད་པའི་བྱེད་ལས་དང་འབྲེལ་ཆེ་བས་དྲན་པའང་གསལ་བར་བྱེད་པའི་རོགས་བྱེད། གལ་ཏེ་ཕྱི་རྐྱེན་མཚོན་ལ་སོགས་པ་ཕོག་ན་ཚེ་སྲོག་ཀྱང་འདོར་སྲིད་པ་ཡིན།
སྙིང་ཐོག་མར་གྲུབ་ཚུལ་ནི། མའི་མངལ་དུ་ཉིང་མཚམས་སྦྱར་ནས་བདུན་ཕྲག་གསུམ་པ་ནས་བཞི་པའི་སྐབས་སུ་ཐོག་མར་མངལ་གནས་དེའི་སྙིང་གི་འཕར་འཚུམ་བྱེད་འགོ་འཛུགས་པ་དང་། རང་ལུགས་སུ་མངལ་གནས་བདུན་ཕྲག་བཅུ་གཉིས་སྐབས་སུ་དོན་སྙིང་གློ་མཆིན་མཆེར་མཁལ་མ་སྤྱིའི་གཟུགས་དབྱིབས་ཆགས་པ་དང་བདུན་ཕྲག་རྩ་བཞི་པ་ལ་དོན་སྣོད་དེ་དག་གསལ་བར་སྨིན་པར་བྱེད་པ་ཡིན།
རིག་གསར་སྨན་ལུགས་ལྟར་ན་སྙིང་གི་འཕར་ལྡིང་རེ་རེ་ལ་སྙིང་གིས་ལུས་ནང་ཁྲག་འཁོར་བར་བྱེད། ལག་འཁོར་ཚོུད་སྐར་མ་གཅིག་ལ་སྙིང་གི་འཕར་གྲངས་བདུན་ཅུ་ཙམ་ཡིན་ཡང་རྩོལ་བཅག་བྱེད་པའམ་སེམས་ཚོར་དྲགས་པོའི་གནས་སྐབས་སུ་འཕར་གྲངས་ལྡབ་འགྱུར་ཡང་ཡོང་སྲིད།

གཉིས་པ། སྙིང་ནད་ངོ་སྤྲོད།
·  འཛམ་གླིང་སྙིང་གི་ཉིིན་མོ་ (World Heart Day) ཞེས་ལོ་ལྟར་ཟླ་ ༩ ཚེས་ ༢༩ ལ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་དམིགས་བསལ་སྙིང་ནད་སྐོར་གོ་རྟོགས་ལས་འགུལ་རྒྱ་ཆེ་ཤོས་སྤེལ་རྒྱུའི་ཉིིན་མོ་ཞིག་ཆགས་ཡོད།
·  སྤྱི་ལོ་ ༢༠༡༥ ལོར་མི་མང་ས་ཡ་ ༡༧་༧ ཙམ་སྙིང་དང་ཁྲག་རྩའི་ནད་ཀྱི་རྐྱེན་པས་འདས་གྲོང་དུ་ཕྱིན་ཡོད་པ་དེས་རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་འདས་གྲོང་གི་བརྒྱ་ཆ་ ༣༡ ཙམ་མཚོན་ཡོད། གྲངས་ཐོ་དེ་དག་ ༢༠༣༠ ལོར་ས་ཡ་ ༢༣་༦ ལས་མང་བ་འགྱུར་ཉེན་ཡོད་པའི་ཚོད་དཔག་བྱེད།
·  ཨ་རིའི་ནང་ཉིན་ལྟར་སྐྱེས་བུ་གྲངས་ ༢༢༠༠ ཙམ་སྙིང་དང་ཁྲག་རྩའི་ནད་གཞི་རྐྱེན་པས་འདས་གྲོང་དུ་སོང་བ་དེས་དུས་ཡུན་སྐར་ཆ་༤༠ རེ་རེར་ཨ་རིའི་ནད་པ་གཅིག་འདས་གྲོང་དུ་འགྱུར་གྱི་ཡོད།
·  ད་ཡོད་གནས་ཚང་རྒྱལ་ཁབ་རྒྱ་གར་དུ་མི་མང་ས་ཡ་ ༤༠ ཙམ་སྙིང་གི་ནད་ཅན་ཡིན་པ་དང་། གྲོང་འཁྱེར་ནང་གནས་པའི་རྒྱ་གར་བ་བརྒྱ་ཆ་ ༧༤ ཙམ་སྙིང་དང་ཁྲག་རྩའི་ནད་གཞིའི་ཉེན་ཁ་ཡོད་པ་ཚོད་དཔག་བྱེད། དེ་ནས་མི་མང་གྲངས་ས་ཡ་ ༡༩ ཙམ་ནི་གྲོང་འཁྱེར་དང་མི་ས་ཡ་ ༢༡ ནི་གྲོང་གསེབ་ཁུལ་ནང་གནས་མུས་རེད།
·  བོད་ཀྱི་གསོ་རིག་གཞུང་ནས་སྙིང་ནད་ནི་སྙིང་གི་རྩ་ལ་ཉེས་པ་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར་བཅས་ཀྱི་ལྡང་ཚད་མི་སྙོམས་པ་དང་། ལྷན་སྐྱེས་སམ་ཕྱི་རྐྱེན་གྱིས་སྲིན་འཁྲུགས་པ་ལ་བརྟེན་ནས་བཞག་ཡོད། དབྱེ་བ་མཐའ་མ་སྙིང་ནད་ཁ་ལེ་ནག་པོ་ཞེས་པ་ནི་སྙིང་གི་བྱེད་ལས་ཞན་པས་ཡར་ཀླད་པའི་ཁྲག་གི་འཁོར་རྒྱུག་ལ་བར་དུ་ཆོད་ནས་ཀླད་པར་སྲོག་རླུང་དང་བཅུད་རྫས་དུས་ཐོག་མ་རག་པའི་རྐྱེན་གྱི་གནས་སྐབས་ཞིག་ཡིན། རིག་གསར་སྨན་ལུགས་སུ་ (stroke) ནད་གཞི་བརྗོད་པ་དང་དེ་གཉིས་ཤིན་ཏུ་འདྲ།
·  ནུབ་ཕྱོགས་སྨན་གྱི་ལུགས་སུ་སྙིང་ནད་ལ་ Cardiovascular Disease ཞེས་བརྗོད་ཅིང་། དེ་ནི་གཙོ་བོ་ཁྲག་རྩའི་ནད་སྤྱི་དང་། བྱེ་བྲག་སྙིང་རྩའི་ནད་དང་། (coronary artery disease) སྙིང་གི་འཕར་གྲངས་མི་སྙོམས་པའི་ནད། (heart arrhythmia) ལྷན་སྐྱེས་ཀྱི་སྙིང་ནད། (congenital heart defect) སྙིང་སྐྲངས། (cardiomyopathy) སྙིང་གཉན། (heart infection) སྙིང་གི་གཅད་སྒོ་བསྣད་པའི་སྙིང་ནད་ (valvular heart disease) བཅས་ཚུད་ཡོད།
·  སྤྱིར་སྙིང་ནད་ (heart disease) དང་ཁྲག་རྩའི་འཁོར་རྒྱུག་མ་ལག་གི་ནད་ (cardiovascular disease) གཉིས་དོན་གཅིག་མིང་གི་རྣམ་ངས་ལྟ་བུ་བརྩི་བཞིན་འདུག འོན་ཀྱང་སྙིང་གི་ཁྲག་རྩའི་ནད་གཞིའི་ (coronary artery disease) རྐྱེན་གཙོ་བོ་ནི་ཨ་ཐི་རོ་སེཀ་ལོ་རིས་ (atherosclerosis) ཞེས་སྙིང་གི་ཁྲག་རྩའི་བུ་ག་ནང་དུ་ཚིལ་ཞག་འཕེལ་བའི་དབང་གིས་རྩ་བུག་ཕྲ་རུ་ཕྱིན་ནས་ཁྲག་རྒྱུ་བར་དཀའ་ངལ་ཡོད་པ་དེ་རང་ཡིན། གལ་ཏེ་བུ་ག་དེ་དག་ཏུ་ཁྲག་རྡོག་ངོ་བོར་འགྱུར་ཚེ་ཁྲག་གི་འཁོར་རྒྱུག་འགག་པར་བྱེད་པས་སྙིང་གཟེར་དང་སྙིང་རྩ་འགག་པའམ་གྲིབ་སྐྱོན་ (heart attack and stroke) ནད་ཀྱང་ཕོག་ཉེན་ཆེ་བ་ཡོད།
 

གསུམ་པ། རྒྱུ་རྐྱེན།
མན་རྒྱུད་ལེའུ་ ༣༤ ལས། རྒྱུ་ནི་མྱ་ངན་སེམས་འཁྲུགས་ཡིད་མི་བདེ། །ལྟོ་ཆག་གཉིད་ཆག་ཞེ་སྡང་དྲག་པོས་སྐྱེད། །ཞེས་རྒྱུ་རྐྱེན་ཅི་རིགས་པ་ཞིག་གིས་སེམས་ལ་སྡུག་བསྔལ་དང་། མྱ་ངན་ཆེན་པོ་བྱེད་པ། སེམས་ཀྱི་ལས་མང་དུ་བྱས་པས་སེམས་འཁྲུགས་པ། འདོད་པའི་ལས་མ་འགྲུབ་པའམ་མ་འདོད་པ་དང་འཕྲད་པ་ལས་ཡིད་མི་བདེ་བར་གྱུར་པ། ཡུན་རིང་པོའི་བར་ལྟོ་དང་གཉིད་ཆག་པ། ཁོང་ཁྲོ་ཆེན་པོ་ལངས་པ་སོགས་ཀྱིས་སྙིང་ནད་སྐྱེད་པར་བྱེད་པ་ཡིན། ཡང་། བརྟེན་པ་ཁྱབ་བྱེད་རླུང་འཁྲུགས་པས་ཤུགས་ལ་རྟེན་སྙིང་ལ་གནོད་པར་གྱུར་བ་ཡིན། ཁྱབ་བྱེད་འཁྲུགས་པའི་རྒྱུ་ནི། འགྲོ་བསྐྱོད་དྲགས་པ་དང་། ས་རླན་ཅན་སོགས་ཀྱི་སྟེང་དུ་བསྡད་དྲགས་པ། ལུས་ཀྱི་ལས་བྱས་དྲགས་པ། འཇིགས་པ་རབ་ཏུ་སྐྱེ་བའི་གཟུགས་མཐོང་བ་དང་། སྒྲ་མི་སྙན་པ་ཐོས་པ། འབྲེལ་མེད་ཀྱི་ངག་འཁྱལ་པོ་མང་དུ་སྨྲ་བ་དང་། ཡིད་མུག་སྟེ་སྡུག་བསྔལ་གྱིས་མནར་ཞིང་། ངོ་བོ་རྩུབ་པའི་ཟས་ཟོས་པ་སོགས་རྐྱེན་གྱིས་ཁྱབ་བྱེད་རླུང་འཁྲུགས་པར་བྱེད་པ་ཡིན།
རིག་གསར་སྨན་གཞུང་གིས་སྙིང་རྩའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ (Atherosclerosis) ཞེས་འཕར་རྩ་གྱོང་པོ་ཆགས་པ་འདོད། དེ་ནི་གནོད་པའི་ཁ་ཟས་དང་། ལུས་པོར་རྩོལ་བཅག་མེད་པ། ལུས་པོ་འཚོ་ཆེ་བ། ཐ་མག་འཐེན་བའི་རྐྱེན་ལས་བྱུང་གི་ཡོད། དེ་བཞིན་བླ་གཉན་ནད་ཁྲག་རླུང་སྟོད་འཚངས་དང་། ཁྲག་ཞག་མཐོ་བ། གཅིན་སྙི་ཟ་ཁུ། ལོ་ན་རྒས་པ། ཕ་མ་བུ་རྒྱུད་ཀྱི་ནད་ལྡང་སྐྱེན་པ། འཚོ་བའི་གནས་བབ་སྐྱོ་བོ། ཤེས་ཡོན་དམན་པ། སེམས་ཁམས་ཞན་པ། ལུས་ལ་གཉན་ཤས་དང་ཁྲག་རྡོག་ནད་གཞི་བཅས་ཀྱིས་ཀྱང་སྙིང་ནད་ཀྱི་རྐྱེན་བྱེད་ཀྱི་ཡོད།

བཞི་པ། དབྱེ་བ།
བོད་ཀྱི་གསོ་བ་རིག་པའི་གཞུང་ནས་སྙིང་ནད་ལ་དབྱེ་བ་རྣམ་པ་བདུན་ཕྱེ་ཡོད་དེ། སྙིང་འཕྱོས་དང་། སྙིང་གཟེར། སྙིང་ཚད། སྙིང་ཆུ། སྙིང་འཐིབས། སྙིང་གི་སྲིན་བུ། སྙིང་ནད་ཁ་ལེ་ནག་པོ་བཅས་ཡིན། སྙིང་ནད་དབྱེ་བ་དེ་རྣམས་ཆོས་བཅུ་དང་སྦྱར་ནས་སྙིང་ནད་ཚབས་ཆེ་ཆུང་ཇི་ཡིན་མིན་ཤེས་རྟོགས་ཐུབ་སྙམ།

ལྔ་པ། རྟགས།
སྙིང་ནད་ཀྱི་དབྱེ་བ་བདུན་པོ་རྣམས་སོ་སོར་མ་འདྲེས་པར་ངོས་བཟུང་གི་རྟགས་ནི། སྙིང་སྲོག་ལོང་ལ་རླུང་ཉིད་གཙོ་བོར་བཟུང་། །ཞེས་གསུངས་ཡོད་པས། སྙིང་གི་ནད་ཕལ་ཆེར་རླུང་གི་བྱེད་པ་ལ་བརྟེན་ནས་བྱུང་བ་གཙོ་ཆེ་བ་ཡིན།

ཨང་།
དབྱེ་བ།
ནད་རྟགས།
༡།
སྙིང་ལ་རླུང་ཞུགས་པའམ་སྙིང་འཕྱོས།
མགོ་ན་བ་དང་། དྲན་པ་བརྗེད་སླ་བ། དོན་མེད་དུ་སྙིང་མི་དགའ་བ། རེས་འགའ་མ་དྲིས་པར་ཡང་མུ་ཅོར་སྨྲ་ཏེ་འཆོལ་བུར་སྨྲ་ཞིང་རེས་འགའ་དྲིས་ཀྱང་དེའི་ལན་མི་ལྡོན་པ་དང་། མི་སྙན་པའི་ཚིག་གིས་དངངས་ཞིང་ཤུས་འདེབས་ལ་དབུགས་ཐུང་ཞིང་གཉིད་ཆུང་བ་དང་། སྟོད་གང་བ། ཤེས་པ་འཕྱོ། ལུས་འདར། སྨྲ་བ་འཆལ། མགོ་འཁོར། གཉིད་ཆུང་། སྙིང་ཉིད་སྟོང་པར་འགྱུར་བ་སྙམ་པ་བཅས་ཡོང་།
༢།
སྙིང་གཟེར་ལས་རླུང་གཟེར།
མགོ་བོ་འཁོར་བ་དང་། སྟོད་གཟེར་བ། དབུགས་ཐུང་ལ་རྩེག་ཆེ། མིག་རྩ་རྒོད་པ། ཁ་ལྕེ་སྐམ་ལ་རྩུབ་པ་ཡོང་།
ཁྲག་གཟེར།
ལྕེ་སྐམ་པ་དང་། ཟུག་གཟེར་ཆེ་བ། མིག་འབུར་ཚུགས་སུ་བལྟ་བ། དབུགས་རྒོད། ནད་ཀྱིས་གདུང་བའི་སྐད་སྒྲ་འབྱིན་བཅས་ཡོང་།
༣།
སྙིང་ལ་ཚད་པ་ཞུགས་པ།
སེམས་མི་བདེ་བ་དང་། གཉིད་མང་། མིག་དམར། རོ་སྟོད་གཟེར་བ། སྙིང་འཆུ་བ། སྣ་སྐམ། བྲང་དང་རྒྱབ་ཚ་བ། སྙིང་གི་འཕར་གྲངས་མང་བ་བཅས་ཡོང་།
༤།
སྙིང་ལ་ཆུ་སེར་ཞུགས་པ།
སྨྲ་བ་མང་། ལུས་འདར། གཉིད་ཆུང་། སྙིང་གདུང་། གཡལ་སྟོང་གཡོ། གླུ་དང་དགོད་ལ་དགའ་བ་དང་། དོན་མེད་ཚིག་པ་ཟ་བའང་ཡོང་།
༥།
སྙིང་འཐིབས་སམ་སྙིང་ལ་བད་ཀན་ཞུགས་པ།
བརྗེད་ངས་ཆེ་ཞིང་། སེམས་ལས་ཆེ། དང་ག་མི་བདེ་བ། གཉིད་ཆེ། སྟོད་རྒྱངས། ལུས་སེམས་ལྕི་བའི་ཚོར་སྣང་བྱུང་།
༦།
སྙིང་གི་སྲིན་བུ་འཁྲུགས་པ།
མིག་མདོག་ནག་པོ་དང་། མཆིལ་མ་ལྗན་ལྗིན་འཛག་པ། སྙིང་གི་འཕར་གྲངས་མང་བ། མུན་འཐིབས་དང་ན་ཟུག་འདུག་སྙམ་པ་བྱུང་།
༧།
སྙིང་ནད་ཁ་ལེ་
ནག་པོ།
འཕར་རྩར་མནན་ཚེ་སྟོང་ལ་ལུས་ལ་ཚད་པ་ཆེ། སྨྲ་བ་ཉུང་ལ་སྤྲོ་ཐུང་བ། གཞན་ལ་རྡེག་འདོད་པ་དང་། མིག་འབུར་ཚུགས་སུ་ལྟ་བ། མགོ་བོ་ཕྱེད་ན་བ། ཁ་ཡོ་བར་འགྱུར་བ་བཅས་བྱུང་།
      
གཞན་ཡང་མན་རྒྱུད་མཁྲིས་པའི་ལེའུ་ལས། སྙིང་ལ་མཁྲིས་པ་བཞུགས་པའི་རྟགས་ལ། དོན་གློ་བ་དང་སྙིང་མི་བདེ་བ། སྟོད་མི་བདེ་བ། ལྕེ་སེར་ལ་གཉིད་ཆུང་། སྙིང་ལ་གྲང་མོ་འདོད་པ་བཅས་གསལ།
        རིག་གསར་སྨན་ལུགས་སུ་སྙིང་ནད་ཀྱི་མི་འགྱུར་རྟགས་ནི་བྲང་མི་བདེ་བ་དང་། ལྷག་པར་བུད་མེད་ལ་སྐྱུག་སྙམ་མམ་མ་ཞུ་བ་དང་། བྲང་ཚ་ཞིང་ཡང་ན་ཕོ་བ་ན་བ་ཡོང་། གཞན་ཡང་དཔུང་པ་གཡོན་ཕྱོགས་སུ་ན་ཟུག་འགྲམས་པ། མགོ་བོ་ཡང་ཞིང་འཁོར་བ། འགྲམ་པ་དང་མིད་པ་ན་བ། ལུས་ཤིན་ཏུ་ངལ་བ། སྔུར་བ་དྲག་པོ་འབྱིན་པ། དོན་མེད་རྔུལ་ནག་ཐོན་པ། གློ་ལུད་པ་དཀར་པོའམ་ཟིན་སྐྱ་ཡུན་རིང་ལུ་བ། རྐང་ངར་དང་བོལ་གོང་། ལོང་ཚིགས་སྐྲངས་པ། སྙིང་གི་འཕར་གྲངས་མི་སྙོམས་པ་བཅས་ཡོད། དེ་བཞིན་ (atherosclerosis) ནི་སྙིང་རྩའི་ནད་ཀྱི་རྒྱུ་རྐྱེན་ཁྱབ་གདལ་ཆེ་ཤོས་དེ་ཡིན་པར་གྲགས་པ་བཞིན་རྟགས་སུ་བྲང་ན་བ་དང་། དབུགས་རྒོད་པ། སྐེ་དང་། འགྲམ་པ། མིད་པ། ཁོག་སྟོད་ན་བ། ཡན་ལག་གི་སྡོད་རྩ་གང་ཞིག་བསྣད་ཡོད་པ་དེའི་རྐང་ལག་ན་བའམ་སྦྲིད་པ། ཡང་ན་དྲོད་ཉམས་པའི་ཚོར་བ་བྱུང་སྲིད་པ་ཡིན།
སྙིང་ནད་ཀྱི་མི་འགྱུར་རྟགས།

 

དྲུག་པ། བཅོས་ཐབས།
སྤྱིར་སྙིང་ནད་བྱེ་བྲག་སོ་སོའི་བཅོས་ཐབས་ལ་ཁྱད་པར་ཡོད། འོན་ཀྱང་སྤྱི་ཡོངས་ཀྱི་གསོ་ཐབས་ནི། དང་ཐོག་ནད་ཀྱི་རྐྱེན་དུ་གྱུར་བའི་ཟས་སྐོམ་དང་སྒོ་གསུམ་སྤྱོད་ལམ་གཉིས་ཀྱི་སྤང་བླང་མ་ནོར་བར་གནང་གལ་ཆེ་སྟེ་ཕན་པའི་ཟས་སྤྱོད་ཡང་དག་བླང་ཞིང་གནོད་པའི་ཟས་སྤྱོད་མཐའ་དག་སྤོང་དགོས། གཉིས་པ་སྨན་བཅོས་སུ་གལ་ཏེ་ཟས་སྤྱོད་ཚུལ་དང་མཐུན་པར་བསྟེན་ཡང་ནད་ཀྱི་དཔུང་གཅོག་མི་ནུས་པའི་མཚམས་སུ་སྙིང་ནད་ཀྱི་ངོ་བོའི་ཁྱད་པར་ལ་གཟིགས་ནས་གསོས་སྨན་ཐང་ཕྱེ་རིལ་བུ་སྨན་མར་ལ་སོགས་པ་གང་ལ་གང་དགོས་པ་གཏོང་བ་དང་། དེ་ནས་མཐར་གལ་ཏེ་དགོས་མཁོ་འབྱུང་ཚེ་སྨན་པས་དཔྱད་བཅོས་ཀྱི་ཐབས་ལམ་གང་ལ་གང་དགོས་པ་བེད་སྤྱོད་གནང་དགོས་པ་ཡིན།

བདུན་པ། སྔོན་འགོག
གོང་དུ་ཞུས་པའི་སྙིང་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་རྣམས་ལེགས་པར་ཤེས་ནས་སྲུང་ཐུབ་ན་སྔོན་འགོག་ཐོག་ཕན་ནུས་ཆེན་པོ་ཡོང་རྒྱུ་བརྗོད་མ་དགོས་ཀྱང་། ད་ལྟ་སླར་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཅུང་ཟད་རྒྱས་པར་ཞུ་བ་ལ།
༡། རྟག་ཏུ་སེམས་པ་སྐྱིད་པོ་གནང་དགོས། རྐྱེན་ངན་གྱིས་སྡུག་བསྔལ་དང་། གྲོགས་དང་གཉེན་ཉེ་འདས་པའི་མྱ་ངན་ཆེན་པོ། མི་སྙན་པའི་ཚིག་ཐོས་པའམ་འཇིགས་སྐྲག་ཅན་མཐོང་བ། སེམས་ཀྱི་ལས་མང་དུ་བྱས་པས་སེམས་འཁྲུགས་པ། འདོད་པའི་ལས་མ་འགྲུབ་པའམ་ལས་ཉེས་ནས་ཡིད་མི་བདེ་བར་གྱུར་པ། སེམས་ངལ་དང་། འཇིགས་དངངས། སེམས་ཞུམ་པའི་རིགས་སོགས་ཡིད་མི་བདེ་བའི་སེམས་ཚོར་དྲག་པོ་སྐྱེ་སྐབས་འདི་ཉིད་རྟག་བརྟན་ལྟ་བུའི་འདུ་ཤེས་འབྱུང་ཡང་འཁོར་བ་ནི་མི་རྟག་པས་དབང་ཡོད་ལ་སྡུག་བསྔལ་གྱི་དུས་སྐབས་འདི་ཡང་ནམ་ཞིག་འཕོ་འགྱུར་འགྲོ་ངེས་པས་སེམས་ཚོར་དེ་དག་གི་རང་ཉིད་གནོན་མ་འཇུག་པ་བྱེད་རྒྱུ་གལ་ཆེ།
༢། ལྟོ་ཆག་དང་གཉིད་ཆག་ཤོར་བ། རྟག་ཏུ་རང་ཉིད་ཀྱི་ལྟོ་བའི་ཚད་གཞི་ཇི་ཡིན་ཤེས་པའི་ཐོག་ནས་ཡུན་རིང་པོར་ལྟོ་སྟོང་བཞུགས་རྒྱུ་མེད་ལ་ཟས་ཟོས་པ་མང་དྲགས་རྒྱུ་ཡང་མེད། གཉིད་ཀྱི་དུས་ཡུན་དེ་ཡང་མང་ཉུང་རན་པོ་ཁུག་གལ་ཆེ་ཞིང་ལྷག་པར་དུ་ནམ་དུས་སོས་ཀ་རུ་ནད་གཅོང་དང་ལོ་ན་རྒས་པ་རྣམས་ནས་ཉིན་གུང་ཅུང་ཉལ་ཐུབ་ན་དགེ་མཚན་ཆེ། གལ་ཏེ་གཉིད་ཀྱི་ནང་དུ་སྔུར་བ་དྲག་པོ་འབྱུང་བ་ཡིན་ན་ལྷོད་གཡེངས་མ་གནང་བར་སྨན་པར་མཁྱེན་རྟོགས་དགོས་པ་གལ་ཆེ།
༣། ཞེ་སྡང་དྲག་པོ་སྐྱེས་པ་འགོག་པ། ཁོང་ཁྲོ་མ་ཐག་ཏུ་སེམས་ཀྱི་ལྷིང་འཇགས་དཀྲུག་ཅིང་ཡིད་མ་བདེ་བ་གྱུར་བ་མ་ཟད་ལྷག་པར་སྙིང་ལ་ཐད་ཀར་གནོད་པར་འགྱུར་བ་ཡིན། དེར་བརྟེན་སེམས་བག་ཕེབས་གནས་པའི་སྐབས་སུ་ཁོང་ཁྲོའི་ཉེས་དམིགས་ལ་ཡང་ཡང་ཐུགས་བསམ་བཞེས་པ་ཡིན་ན་དངོས་སུ་ཁོང་ཁྲོ་ལྡང་བའི་སྐབས་མགོ་གནོན་ཐུབ་པའམ་ཁོང་ཁྲོ་དྲག་པོའི་གཞན་དབང་དུ་མ་འགྲོ་བའི་དགེ་མཚན་ཡོད།
༤། རྒྱུན་གཏན་ནས་ལུས་པོར་འགུལ་བསྐྱོད་རན་པོ་བྱ་དགོས། འགྲོ་བསྐྱོད་དྲགས་པ་དང་། ས་རླན་ཅན་སོགས་ཀྱི་སྟེང་དུ་བསྡད་དྲགས་པའམ་ཡང་ན་ཡུན་རིང་དུ་གཟུགས་མཐོང་རླུང་འཕྲིན་ལ་བལྟ་བ། ལུས་ཀྱི་ལས་བྱས་དྲགས་པའམ་ཡང་ན་རྩ་བ་ཉིད་ནས་མ་བྱེད་པ་བཅས་གང་ལྟར་མཐའ་གཉིས་སུ་མ་ལྷུང་བ་དགོས་གལ་ཆེ། བདུན་ཕྲག་གཅིག་གི་ནང་དུས་ཡུན་སྐར་མ་ ༤༠ ཙམ་དེ་འདྲ་ཐེངས་ ༤ ཙམ་རྩོལ་བཅག་གནང་དགོས། དེ་ལྟར་མ་བྱུང་ནའང་ཉུང་མཐའ་སྐར་མ་ ༡༠ ཙམ་གྱི་འགུལ་སྐྱོད་བྱས་པས་ཀྱང་ལུས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད། གང་ལྟར་རྩོལ་བཅག་ལྟ་བུ་ཡུན་ཐུང་ལ་ངང་རིང་པོ་གནང་གལ་ཆེ།
༥། ཁ་ཟས་རྩུབ་པའི་རིགས་སྤོང་བ། འབྱུང་བ་ཆུ་དང་རླུང་གི་ཡོན་ཏན་ལས་གྲུབ་པའི་ཟས་སྐོམ་རོ་ཁ་བའི་ནུས་པར་རྩུབ་ཤས་ཆེ་བས་ན་སྙིང་ལ་གནོད་པར་སོང་དེ་དག་གང་ཐུབ་སྤོང་ཐུབ་ན་ཕན་ནུས་ཆེ། དཔེར་ན། ཏིག་ཚལ་ཀ་རེ་ལ་དང་། ཁུར་མང་། རྒྱ་ཁུར། ཤུ་མོ་སའི་ལོ་རྐང་། ཇ་ཐང་གར་པོ། ཀོ་ཕིའི་ཇ། སྐྱ་ཟས། ར་ཤ་དང་ཕག་ཤ སྣུམ་ནག་ཅན་གྱི་སྔོ་རིགས་མཐའ་དག་རྒྱུན་ལྡན་མ་མཆོད་པར་གང་ཐུབ་འཛེམས་པ་གནང་རྒྱུ་གལ་ཆེ།
༦། ཐ་མག་འཐེན་རྒྱུ་སྤོང་དགོས། རང་གི་དངོས་སུ་ཐ་མག་འཐེན་པའམ་ཐ་མག་འཐེན་མཁན་འཁྲིས་སུ་བསྡད་པ་ལས་ཐ་མག་གི་དུ་བའི་དུག་སྐྱོན་ཕོག་གི་ཡོད། ཐ་མ་ཁ་ནི་སྙིང་ལ་ཤིན་ཏུ་ནས་གནོད་དེ་སྙིང་རྩའི་ནང་དུ་འདྲིལ་བ་སྐྱེས་སུ་བཅུག་ནས་ཁྲག་གི་རྒྱུ་བ་འགག་ལ་ཁྲག་རྩ་གུ་དོག་པར་གཏོང་གི་ཡོད། ཐ་མག་འཐེན་མཁན་འཁྲིས་སུ་སྡོད་མཁན་རྣམས་ལོ་རེར་མི་གྲངས་ ༤༦༠༠༠ ཙམ་སྙིང་ནད་རྐྱེན་པས་འདས་གྲོངས་སུ་འགྱུར་གྱི་ཡོད།
༧། ཕན་གནོད་ཀྱི་ཟས་སྐོམ་བསྟེན་ཐབས་ཤེས་པའི་ཐོག་ཟས་ཚོད་རན་པར་བཟའ་དགོས། དེ་ཡང་ཟས་སྐོམ་དུ་སྔོ་ཚལ་རིགས་དང་། ཤིིང་ཏོག མ་བཅོས་པའི་འབྲུ་རིགས། ཞག་ཚིལ་ཉུང་བའི་དཀར་ཟས། སྲན་རིགས། ཉ་ཤ སྐོགས་མཁྲེགས་ཤིང་འབྲས་རིགས་བཟང་བས་བསྟེེན་པ་དང་། མངར་ཟས་དང་། བཅོས་མའི་བཏུང་བ་མངར་མོའི་རིགས་དང་། ཤ་དམར་དག་འཛེམས་དགོས། དེ་ལྟར་གནང་ན་ཁྲག་ཞག་མཐོ་བའི་ནད་དང་། ཁྲག་ཤེད། ཟ་ཁུ་གཅིན་སྙི། འཚོ་ཆེ་བ་བཅས་ཤུགས་སུ་འགོག་ཐུབ། ལུས་པོའི་དགོས་ངེས་ཀྱི་ལྗིད་ཚད་ལས་མང་བ་བྱུང་ན་ནི་སྙིང་ནད་ཀྱི་རྐྱེན་གཙོ་བོ་ཞིག་ཡིན། ཁ་ཟས་ཉུང་ངུ་ཟ་ཞིང་ཟས་སྐོམ་ཚད་ལས་མང་བ་སྤོང་བ་དང་ཆུ་མངར་རིགས་ཀྱི་ཚབ་ཏུ་ཆུ་ཁོ་ན་བསྟེན་ན་བཟང་། གང་ལྟར་ཡང་སྙིང་ལ་ཕན་པའི་ཟས་སྐོམ་ལོངས་སུ་སྤྱོད་པ་ཙམ་མ་ཡིན་པར་དེ་དག་མང་ཉུང་ཐལ་ཆ་མ་སོང་བར་བསྟེན་ཚད་རན་པར་དགོས་པ་གལ་ཆེ།
༨། ལུས་པོའི་ལྗིད་ཚད་སྙོམས་པོ་གནས་པའི་ཐབས་བསྟེན་དགོས། དེང་སང་རྒན་གྲས་མ་ཟད་བྱིས་པའི་ནང་དུའང་ལུས་འཚོ་ཆེ་བའི་གནས་ཚུལ་ཇེ་མང་རེད། དེ་ལྟར་མ་བྱུང་ཆེད་ཕན་པའི་ཟས་སྐོམ་དང་། ཟ་ཚོད་རན་པར་བཟའ་བ། ལུས་པོར་འགུལ་སྐྱོད་མང་ཙམ་གནང་ཐུབ་ཚེ་ལྗིད་ཚད་རན་པོ་གནས་ཐུབ། འཚོ་ཆེ་བས་ཁྲག་ཞག་དང་། ཁྲག་རླུང་སྟོད་འཚངས་ཀྱི་ནད། སྙིང་ནད། ཟ་ཁུ་གཅིན་སྙིའི་ནད་གཞི་འཕོག་རྒྱུའི་ཉེན་ཁའམ་དེའི་སློང་རྐྱེན་བྱེད་ཀྱི་ཡོད།
༩། བླ་གཉན་ནད་རིགས་གཞན་ལ་ཐུགས་སྣང་གནང་དགོས། དཔེར་ན་ཨ་རི་རྒྱལ་ཁབ་ལ་ཆ་མཚོན་ན་ནད་གཞི་འབྲས་ནད་ལས་ལྷག་པ་སྙིང་དང་ཁྲག་རྩའི་ནད་རིགས་ (གྲིབ་སྐྱོན་དང་། སྙིང་ནད། སྙིང་གི་བྱེད་ལས་འགག་པ།) ཀྱིས་མི་སྲོག་མང་ཤོས་འཕྲོག་ཡོད། ནད་འདིའི་རྐྱེན་དུ་འགྱུར་བའི་ཁྲག་ཤེད་དང་། ཁྲག་ཚིལ། ཟ་ཁུ་གཅིན་སྙི། འཚོ་ཆེ་བ། ཐ་མ་ཁ་རྣམས་ལ་ངེས་པར་དགོངས་བཞེས་དགོས།
༡༠། རྟག་ཏུ་སེམས་ངལ་ཞི་བར་བྱེད་ཐབས་ལ་ཐུགས་སྣང་གནང་དགོས། ཉམས་ཞིབ་ཀྱི་སྙན་ཐོ་ཁ་ཤས་ནང་གསལ་ལྟར་ན་སྙིང་རྩའི་ནད་དང་སེམས་ངལ་བར་འབྲེལ་བ་ཡོད་པ་དང་། སེམས་ངལ་གྱིས་དངོས་སུ་སྙིང་ནད་དང་གྲིབ་སྐྱོན་གྱི་རྐྱེན་བྱེད་སྲིད་པ་ཤེས་ཡོད། དཔེར་ན། སེམས་ངལ་ཕོག་པའི་ནད་པས་ཟ་ཚོད་མ་ཟིན་པར་ཚད་ལས་མང་བ་བཟའ་བ་དང་། ཐ་མག་སོགས་འཐེན་རྒྱུ་འགོ་འཛུགས་པའམ། རྒྱུན་གཏན་ལས་མང་བ་འཐེན་པ་ལྟ་བུ་རེད། སྐྱེས་བུ་དར་མའི་གནས་སྐབས་སུ་སེམས་ངལ་གྱིས་ཁྲག་རླུང་སྟོད་འཚངས་ནད་ཀྱི་རྐྱེན་བྱེད་སྲིད་པའང་ཤེས་འདུག དེར་བརྟེན་སེམས་ངལ་འགོག་ན་ཤུགས་སུ་སྙིང་ནད་སྔོན་འགོག་ཐོག་ཕན་ཐོགས་ཐུབ། སེམས་ངལ་འགོག་ཐབས་སུ་ནང་ཆོས་ནས་གསུངས་པའི་ཡོངས་གྲགས་དྲན་པ་ཉེར་བཞག་དང་བྱམས་སྙིང་རྗེའི་ཐོག་ཉམས་ལེན་གནང་ཐུབ་ཚེ་དགེ་ཕན་ཆེ། དེ་ཡང་ལུས་ཀྱི་ཆ་ཤས་སོ་སོར་སེམས་གཏད་པ་ནི་ལུས་དྲན་པ་ཉེར་བཞག་ཡིན་པ་དང་དེས་རང་གི་ད་ཡོད་སེམས་པའི་དཀའ་ངལ་ཡོད་པ་ཙམ་ངོས་འཛིན་ཐུབ་པར་རོགས་བྱེད། ཚོར་བ་བདེ་སྡུག་གི་དྲན་པ་ལ་སེམས་གཏད་པ་དེས་སེམས་ཀྱི་དཀའ་ངལ་གྱི་རྒྱུ་རྐྱེན་ཇི་ཡིན་མིན་ངོས་འཛིན་ཐུབ་ཐབས་རོགས་བྱེད་པ་དང་། རང་སེམས་ཀྱིས་འཆར་སྣང་ཁག་ལ་སེམས་གཏད་པས་རང་ཉིད་གནས་སྐབས་ཀྱི་སེམས་ངལ་འགོག་ཅིང་ཞི་བདེ་རྙེད་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཤེས་ཀྱི་ཡོད། ལུས་ཚོར་སེམས་སོགས་ཀྱི་གནས་ལུགས་སྤྱི་ལ་སེམས་གཏད་པ་དེས་སེམས་ཁམས་ཀྱི་བླང་དོར་རྒྱུ་རྐྱེན་ལ་འཇུག་པའི་ཤེས་རབ་རྙེད་ནས་དེ་ཉིད་གོང་ནས་གོང་དུ་འཕེལ་བ་བཅས་ཡོང་གི་ཡོད། དེ་ལྟར་རིམ་པའི་ཉམས་ལེན་གྱིས་སེམས་ངལ་སྔོན་འགོག་ཐུབ་གསུངས། གཞན་ཡང་ཉིན་ལྟར་དབུགས་གི་རྒྱུ་བ་ལ་དུས་ཡུན་ཅུང་ཟད་ཅིག་སེམས་གཏད་ཐུབ་ནའང་རེ་ཞིག་སེམས་ངལ་ལས་གྲོལ་ཐོབ་པས་སྙིང་ནད་སྔོན་འགོག་ལ་ཕན་ཐོག་ཡོང་།
༡༡། རྒྱུན་དུ་ཆང་རག་ཚོད་མེད་བཏུང་རྒྱུ་ལ་འཛེམས་དགོས། ཆང་རག་འཐུང་བ་ཐལ་དྲགས་ན་ཁྲག་ཤེད་འཕར་བ་དང་། སྙིང་སྐྲངས་པ། གྲིབ་སྐྱོན། འབྲས་ནད་ལ་སོགས་པ་འབྱུང་བ་མ་ཟད་ཁྲག་ཞག་མཐོ་བའི་ནད་དང་། སྙིང་གི་འཕར་གྲངས་མ་སྙོམས་པར་བྱེད་པ་ཡིན། གཞན་ཡང་། འཚོ་ཆེ་བ་དང་། ཆང་རག་ནད། རང་སྲོག་གཅོད་པའམ་བརྡབས་འགྲམས་བཅས་ཀྱི་ཉེན་ཁའང་ཡོད། ཉམས་ཞིབ་པ་ཁ་ཤས་ཀྱིས་ཆང་རག་ཉུང་ངུ་འཐུང་བས་སྙིང་ལ་ལེགས་པ་ཡོང་བ་བརྗོད་ཀྱང་མི་ཕལ་ཆེ་བས་ཆང་བཏུང་བ་མང་དྲགས་པས་ཁྲག་ཤེད་དང་། ཁྲག་ཚིལ་མཐོ་བར་སོང་ནས་སྙིང་གི་བྱེད་ལས་འགག་པ་ཡོང་། དེའི་སྟེང་དུ་བཏུང་བའི་ནུས་པས་ལུས་ནང་འཚོ་ཆེ་རུ་གཏོང་བས་སྙིང་གི་འཕྲོད་བསྟེན་ལ་ཉེན་ཁ་ཡོད། གལ་ཏེ་སྐབས་རེར་འཐུང་དགོས་པའི་གནས་སྟངས་ཤར་ན་ཕོས་ཕོར་པ་གཉིས་དང་མོས་ཕོར་པ་གཅིག་ལས་མི་འགལ་བ་གལ་ཆེ། (One drink means a 12-ounce beer or 4-ounce glass of wine)
༡༢། དམར་ཟས་སྙོམས་པོ་བཟའ་དགོས། སྤྱིར་དམར་ཟས་སྐབས་རེ་བསྟེན་ཆོག་ཀྱང་ཉིན་རེར་ཁ་ཟས་ཀྱི་ངོ་བོར་བསྟེན་རྒྱུ་མེད། དཔེར་ན་དམར་ཟས་ནི་སྙིང་དང་ཁྲག་རྩའི་ནད་དང་གཞང་ལོང་གི་འབྲས་ནད་འགྱུར་རྐྱེན་ཆེ་རུ་གཏོང་བ་དང་། དམར་ཟས་དང་དུད་འགྲོ་ལས་བྱུང་བའི་ཟས་རིགས་རྣམས་བརྒྱ་ཆ་ ༡༠ ལས་ཉུང་བ་ཙམ་ཡིན་ན་དགེ གང་ལྟར་ཡང་ཟས་བཅུད་དང་ལྡན་པ་ཡིན་ནའང་ཟ་ཚོད་རན་པོ་གནང་རྒྱུ་གལ་ཆེ།
༡༣། སོ་རྙིལ་ལ་གཅེས་སྤྲས་ངེས་པར་གནང་དགོས། སོ་སྲིན་གྱིས་རྙིལ་ནད་ཕོག་པར་བྱེད་པ་དང་མཉམ་དུ་ལུས་ནང་གཉན་ཤས་འཕེལ་བར་བྱེད། གཉན་ཁས་སྙིང་ནད་ཀྱི་ངེས་རྐྱེན་ཨ་ཐི་རོ་སེཀ་ལེ་རོ་སིས་ (atherosclerosis) མཐུ་ཆེ་རུ་གཏོང་བར་བྱེད་པ་ཡིན།
༡༤། སྙིང་སྨན་དང་ཁྲག་ཤུགས་གཅོག་པའི་སྨན་རང་ངོས་ནས་མཚམས་བཞག་རྒྱུ་མེད། ཉིན་ལྟར་སྙིང་ལ་ཕན་པའི་གསོས་སྨན་བསྟེན་པ་དེས་ངལ་བ་དང་། སྐབས་རེ་ལུས་པོ་བདེ་ཐང་དུ་གྱུར་བའི་ཚོར་སྣང་བྱུང་སྐབས་སྨན་བསྟེན་རྒྱུ་བརྗེད་ཡང་སྲིད། འོན་ཀྱང་ཁྲག་ཤེད་ལྟ་བུ་ནད་འདི་ལུས་པོའི་ནང་གབ་པའི་ཚུལ་དུ་གནས་པ་ཡིན་ཙང་བདེ་ཐང་གི་ཚོར་སྣང་བྱུང་བའི་སྐབས་སུའང་གསོས་སྨན་རྣམས་མ་བརྗེད་པར་མུ་མཐུད་བསྟེན་དགོས་པ་གལ་ཆེ། དེ་ཡང་སྨན་པའི་ལམ་སྟོན་ལྟར་བསྟེན་དགོས་པ་གལ་ཆེ་ཡིན།
༡༥། ཤིང་ཏོག་དང་ཚལ་རིགས་བསྟེན་དགོས་པ། སྔོ་ཚལ་ལས་བྱུང་བའི་ཁ་ཟས་ནི་སྙིང་ལ་ཤིན་ཏུ་ཕན་ཞིང་། དེའི་དོན་ནི་རྒྱུན་དུ་ནས་ཤིང་ཏོག་དང་ཚལ་རིགས། སྐོགས་མཁྲེགས་ཤིང་འབྲས། འབྲུ་རིགས། སྲན་རིགས། མཚོའི་ཟས་རིགས། ཞག་ཚིལ་ཉུང་བའི་འོ་མ་དང་། དཀར་ཟས། སྤྲི་དཀར། ཤ་དཀར། བཅུད་ལྡན་ཟས་སྐོམ་རྣམས་མི་ཉུང་བ་བསྟེན་རྒྱུ་གལ་ཆེ། ཉེ་ལམ་ཨ་རིའི་གཞུང་གིས་ཟས་སྐོམ་སློབ་སྟོན་ནང་དུ། དུས་གཅིག་གི་ཞལ་ལག་ཕྱེད་ཀ་ཙམ་ཤིང་ཏོག་དང་ཚལ་རིགས་ལས་གྲུབ་དགོས་པ་གསུངས། ཉམས་ཞིབ་སྙན་ཐོ་གཅིག་གི་ནང་ཉིན་རེར་ཤིང་ཏོག་དང་ཚལ་རིགས་ཐེངས་ལྔ་ཙམ་བཞེས་མཁན་རྣམས་ཉིན་རེར་ཐེངས་གསུམ་ཙམ་བཞེས་མཁན་གང་ཟག་ལས་བརྒྱ་ཆ་ཉི་ཤུ་ཙམ་གྱིས་སྙིང་ནད་དང་གྲིབ་སྐྱོན་ཕོག་དཀའ་བ་ཡོང་གི་ཡོད་པ་བཤད་འདུག
༡༦། ལན་ཚྭའི་ཟས་རིགས་ཉུང་ངུ་གཏོང་དགོས་པ། ཇི་ཙམ་གྱི་ལན་ཚྭ་མང་བ་བསྟེན་པ་དེ་ཙམ་གྱིས་ཁྲག་ཤེད་མཐོ་རུ་འགྲོ་ཡི་ཡོད་པས་གྲིབ་སྐྱོན་དང་། མཁལ་ནད། སྙིང་གི་བྱེད་ལས་འགག་པ་བཅས་ཀྱི་ཉེན་ཁ་ཆེ་རུ་འགྲོ་བ་ཡིན། ངེས་པར་དུ་བོད་ཇ་ཉུང་ངུ་བཏུང་བ་དང་། བཅོས་མའི་ཟས་སྐོམ་གྱི་འཐུམ་ཤོག་ཏུ་ལན་ཚྭའི་ཚད་གཞི་ཇི་ཡོད་ཤེས་གལ་ཆེ་ལ་བསྟེན་མ་དགོས་པར་གཙོ་འདོན་གནང་རྒྱུ་གལ་ཆེ། ཉིན་རེར་ལན་ཚྭའི་ཚད་གཞི་ ༢༣༠༠ མི་ལི་གྷ་རམ་ལས་མང་བ་བསྟེན་རྒྱུ་མེད་ལ་གལ་ཏེ་རང་ཉིད་ཁྲག་ཤེད་ནད་ཅན་ནམ་ལོ་ན་ ༥༠ ཡན་ཡིན་ཚེ་ལན་ཚྭའི་ཚད་གཞི་ ༡༥༠༠ མི་ལི་གྷ་རམ་ལས་མང་བར་བསྟེན་རྒྱུ་མེད།
༡༧། རླུང་ཁམས་མཐོ་བོ་ཞི་ཐབས་བསྟེན་པ། ཉེས་པ་རླུང་སྤྱི་དང་བྱེ་བྲག་ཏུ་ཁྱབ་བྱེད་རླུང་གི་རྐྱེན་རྣམས་སྤོང་བ་མ་ཟད་དེ་དག་ཞི་བྱེད་དུ་གཙོ་བོ་ཟས་སྐོམ་རོ་མངར་ལ་སྐྱུར་བའི་རིགས་ལ་ནུས་པ་སྣུམ་ཞིང་འཇམ་པ་ཡོད་པ་དཔེར་ན། འབྲུ་མར། ལོ་མར། བུ་རམ། འོ་མ། སྨན་ཆང་ལྟ་བུ་བསྟེན་པ་དང་། སྤྱོད་ལམ་དུ་གནས་དྲོ་བོ་དང་རང་གི་ཡིད་འོང་གི་གྲོགས་དང་གཉེན་སྤུན་ལྷན་དུ་བསྡད་པ་དང་། སྨན་དེ་ཡང་གཙོ་བོ་ཁུ་བ་དང་སྨན་མར་གྱི་ངོ་བོ་བྱུང་ན་བཟང་ཞིང་སྐབས་སྐབས་སུ་ནམ་དུས་དང་བསྟུན་སྦྱོང་བྱེད་འཇམ་རྩི་དང་འཇམ་དཔྱད་བསྐུ་མཉེ་བསྟེན་ན་རླུང་ཁམས་མཐོ་བོ་ཞི་བར་འགྱུར་བས་ཤུགས་སུ་སྙིང་ནད་སྔོན་འགོག་ཐོག་ཕན། མདོར་ན་ལྟོ་བར་ཟས་སྐོམ་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཕན་དང་མི་ཕན་གཉིས་ཀྱི་ཐོག་ནས་སྙིང་ནད་སྔོན་འགོག་བྱེད་ཐུབ་པ་མ་ཟད་ལུས་སེམས་བདེ་ཐང་ངང་འཚོ་ཐུབ་པའི་ཐབས་ལ་འབད་པ་གནང་དགོས།

བརྒྱད་པ། སྙིང་ལ་ཕན་པའི་ཟས་སྐོམ།
ཨ་རུ་དང་། བ་རུ། སྐྱུ་རུ་རའི་འབྲས་བུ་གསུམ་གྱི་སྨན་མར་དང་། ཛ་ཏི་དང་ཁ་རུ་ཚའི་སྨན་མར། ལོ་ལོན་པའི་མར་རྙིང་རྣམས་སྨན་གྱི་ངོ་བོར་ཙམ་མིན་པར་ཅུང་ཞིག་ཁ་ཟས་ཀྱི་ངོ་བོར་མཚམས་རེ་བསྟེན་ན་ཕན་ནུས་ཡོང་། བྱེ་བྲག་ཏུ་བོད་ཀྱི་སྨན་རྩིས་ཁང་ནས་བཟོ་བསྐྲུན་གནང་བཞིན་པའི་སྙིང་ནད་སྨན་ཇ་དེ་ཉིན་ལྟར་མཆོད་ཐུབ་ན་སྙིང་ནད་མི་ཡོང་བའི་སྔོན་འགོག་ཐུབ། གཞན་ཡང་།
༡། སྣུམ་ལས་ཨོ་མེ་ག་ ༣ omega ཅན་གྱི་རྫས་ཡོད་པའི་ཉ་ཤའི་རིགས་རྣམས་བདུན་རེར་ཐེངས་གཉིས་ཙམ་བསྟེན་པ་དང་། སེལ་མོན་ (salmon) དང་། ཏྲུ་ན།  (Tuna) མེཀེརལ། (mackerel) ཧེར་རིང་། (herring) ཏྲོཏ། (trota) དེ་བཞིན་ཨོ་ལིབ་སྣུམ་ (olive oil)དང་ཞུན་མར་རྣམས་སྙིང་ལ་བཟང་།
༢། སྐོགས་མཁྲེགས་ཤིང་འབྲས་དཔེར་ན། ཁམ་བུའི་ཚིགས་གུ་དང་། (almond) སྟར་ག (walnut) སྦ་དམ། (peanuts) པིས་ཏྲ་ཅོས། (pistachios) མེཀ་ཊམིཨ་འབྲུ་གུ (macadamia nuts) རྣམས་ཟས་ཚོད་བསྟེན་པའི་ཐོག་ཏུ་སྙིང་ལ་ལེགས་པ་ཡོད།
༣། ཚིགས་གུ་མེད་པའི་ཤིང་འབྲས་རྣམས་ནི་བཅུད་དང་སྤུ་རྩི་ (phytonutrients and soluble fibre) ལྡན་པ་ཡིན་པས་སྙིང་ལ་ཤིན་ཏུ་བཟང་བ་ཡིན། དེའི་ཁོངས་སུ་ blueberry, strawberry, cranberry, raspberry, blackberry  ལ་སོགས་ཚུད་ཡོད།
༤། འབྲུ་རིགས་ལས་ཟར་མ་ (flaxseeds) དང་། ཡང་ན་དེའི་ཕྱེ་མའི་ངོ་བོར་བསྟེན་ནའང་དགེ་མཚན་ཆེ། དེ་བཞིན་ཡུག་གུ་ཆག་ཚེ་ (oatmeal) དང་། མ་བཅོས་པའི་གྲོ་དང་ནས་འབྲུའི་ཕྱེ་མ་རྣམས་བསྟེན་དགོས།
༥། སྲན་རིགས་ཚོགས་ཚད། དེའི་ཁོངས་སུ་མཁལ་མ་ཞོ་ཤ་དང་། (kidney bean) རྒྱ་སྲན། (bean) སྲན་ཆུང་། (lentils) སྲན་ལྗང་། (peas) བྱི་སྲན། (chickpeas) ལ་སོགས་པའི་སྲན་རིགས་ལས་གཡོས་སྦྱོར་བྱེད་པའི་ཟས་རྣམས་སྙིང་ལ་བཟང་བ་ཡོད།
༦། ཁ་མདོག་དམར་པོ་དང་སེར་པོ། ལི་ཝང་བཅས་ཀྱི་སྔོ་ཚལ་ཏེ་གོང་ལ་ཕུག་དང་། (carrot) ཞོ་ཁོག་མངར་མོ། (sweet potato) སི་པན་དམར་པོ། (red capsicum) ཏྲོ་མ་ཏོ། (tomato) ཉེ་ཤིང་། (asparagus) སྦོ་འཁོར་པད་ཚལ། (broccoli) ཉུང་དམར། (beet roots) ཨ་ཤོམ། (sweet corn) སྦྲུམ་ཤ (pumpkin) རྣམས་སྙིང་ལ་ཤིན་ཏུ་ཕན།
༧། ཤིང་ཏོག་ཏུ་ཚ་ལུ་མ་དང་། (orange) ཨ་ཝོ་ཀེ་ཊོ། (avocado) ཁམ་བུ། (apricot) སྐྱུ་རུ་ར། (amla) ཨ་འབྲས། (mango) ལི། (pear) སེ་འབྲུ། (pomegranates) ཀུ་ཤུ། (apple) རྒུན་འབྲུམ། (grapes) ཆུ་རྩ། (rhubarb) པ་པ་ཡ། (papaya) ཆུ་ག་གོན། (watermelon) ཅེ་རི། (cherry) ཨམ་རུངྷ། (guava) ག་གོན་གྱི་རིགས། (cantaloupes) བཅས་སྙིང་ལ་བཟང་བ་ཡོད། 
༨། སྤོད་དུ་གོ་སྙོད་དང་། (cuminseed) སྙིང་ཞོ་ཤ (spondias axillaris) ལི་ཤི (cloves) ཀ་ཀོ་ལ། ཤིང་ཀུན། (astafoeda) པི་པི་ལིང་། (piper longum) ཁ་རུ་ཚ། (black salt) སུག་སྨེལ། (cardamom) ལ་ལ་ཕུད། (ajwain, bishop's weed) བཙོང་། (onion) སྒོག་སྐྱ་ (garlic) རྣམས་ཁ་ཟས་སུ་སྤོད་ཀྱི་ངོ་བོར་བཏབ་པའང་སྙིང་ལ་ཕན།
༩། གཞན་ཡང་ཅོག་ལེཊ་ནག་པོ་དང་། (dark chocolate 60-70% cocoa) སྲན་མའི་ཕྱུར་བ། (tofu) བཏུང་བ་སྐོམ་ལས་བོད་ཀྱི་སྨན་རྩིས་ཁང་ནས་བཟོ་བསྐྲུན་གནང་བཞིན་པའི་སྙིང་ནད་སྨན་ཇ་དང་། ཇ་ཤིང་ལྔ་པ། (garden tea) སྲན་མའི་འོ་མ། (soya milk) རྣམས་སྙིང་ལ་ལེགས་པ་ཡོད་པའི་དགོངས་འཇགས་ཀྱིས་རང་གཞན་ཀུན་ལ་སྙིང་ནད་མི་ཡོང་བའི་ཐབས་ལམ་ལ་འབད་བརྩོན་ཡོང་བའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ནོ།།


དགུ་པ། སྐར་རྩིས་རིག་པའི་ཐབས་ལམ།
སྙིང་ནད། མེ་གསུམ་ཤིང་ས་གཅིག་སྙིང་ནད། །སེམས་ནི་སྐྱོ་ཞིང་སྙིང་མི་བདེ། ནད་ནི་སྙིང་རླུང་ལ་སོགས་པ། སྟོད་བརྒྱངས་ཤེས་པ་མི་བདེ་ལ། །ཚིག་པ་ཟ་བར་བཤད་པ་ཡིན། གཞན་ཡང་། ཚད་པའི་ནད། ཡ་མ་ནག་པོ། མེས་ཚིག་པའི་རིགས་ཀྱི་ནད་སོགས་དང་། གཟའ་སྐར་ས་བདག་སོགས་མེ་ཁམས་ཀྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། མཁའ་གྲོ་གྲིབ་སེལ་ལམ། ཁྲུས་གསོལ་བྱ། བྱེད་ཐུབ་ན་མ་མོའི་མདོས་དང་དེ་མ་བྱུང་ཚེ། མ་མོ་འཁྲུལ་སྐོང་གི་གཏོར་མ་གཏོང་། ལྷ་བསངས་གཏོང་། ཆོས་སུ་ཚེ་མདོ་ཚེ་གཟུངས་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། རིམས་ནད་ཞི་བའི་གཟུངས། བརྒྱད་སྟོང་པ། གྲྭ་ཏོག་གསེར་གསུམ་ཀློག ཚེ་མདོ་ཚེ་གཟུངས་གང་མང་འདོན། སྲུང་མའི་བསྐངས་བཤགས་བགྱིས། ཟན་ནམ་སྤག་གིས་རྟའི་གླུད་ཀྱི་གཟུགས་དམར་ཞུར་གཡུ་དང་ཟངས་ཆུང་བཀལ་ལ། བརྩི་བྱ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ། །གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔགས་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་། ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ། །འདི་ནི་ནད་རིགས་བྱེ་བྲག་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་པ་དང་། འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།

 

 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།