སྨན་རྩིས་དྲ་བ། - མོ་ནད།
 
མོ་ནད།

དང་པོ། མོ་ནད་ཀྱི་ངོ་སྤྲོད།
སྤྱིར་བུད་མེད་ཀྱི་ལུས་ཀྱི་གྲུབ་ཆ་ནི་སྐྱེས་པ་ལས་ཅུང་མི་འདྲ་བ་ཡོད་དེ། བུད་མེད་ལ་ནུ་མ་དང་། མངལ། ཟླ་མཚན་བབས་པ་བཅས་ཁྱད་པར་དུ་ལྷག་པ་ཡོད་པ་དང་། ལུས་ཟུངས་བདུན་གྱི་ཕྱི་མ་ཁུ་བ་དཀར་དམར་གཉིས་ཡོད་པ་ལས། བུད་མེད་ལ་དམར་ཆའི་སྙིགས་མ་ཟླ་མཚན་དམར་པོར་གྱུར་ནས་སྤྱིར་ལོ་བཅུ་གཉིས་ལོན་ནས་ལྔ་བཅུའི་བར་དུ་ཟླ་རེ་བཞིན་འཛག་པ་དང་། དམར་ཆའི་དྭངས་མས་མངལ་ནང་དུ་ཁུ་བ་འཛིན་ཞིང་ཕྲུ་གུ་ཆགས་པའི་རྒྱུ་བྱེད་པ། མངལ་གནས་ཀྱི་ཤ་ལ་སོགས་པའི་ལུས་ཟུངས་རྣམས་སྐྱེད་པར་བྱེད་པ་ཡིན། ཁམས་དཀར་པོ་ནི་མངལ་དང་ལྡན་པའི་སྐབས་སུ་ནུ་མ་ལ་རྒྱས་ཏེ་གནས་ལ་ཕྲུ་གུ་བཙས་ནས་འོ་ཐག་མ་ཆོད་བར་དུ་ཕྲུ་གུའི་གསོས་སུ་འགྱུར་པ་བཅས་བྱེད་པ་ཡིན། དེ་ལྟར་ན་བོད་ཀྱི་གསོ་བ་རིག་པ་ལས་མོ་མཚན་དང་། མངལ། ནུ་མ། ཟླ་མཚན། མངལ་ཆགས་པ་བཅས་བུད་མེད་ཁོ་ནར་ཡོད་པའི་ཆ་ཤས་རྣམས་དང་འབྲེལ་བའི་ནད་ལ་མོ་ནད་ཅེས་གོ་དགོས་ལ། རིག་གསར་སྨན་ལུགས་སུ་བསམ་སེའུ་དང་། མངལ། མོ་མཚན། ནུ་མ་བཅས་བུད་མེད་ཀྱི་སྐྱེ་འཕེལ་མ་ལག་ལས་བྱུང་བའི་ནད་རྣམས་ལ་མོ་ནད་ཅེས་ཟེར།
གཉིས་པ། མོ་ནད་ཀྱི་དབྱེ་བ།
མོ་ནད་ལ་སྤྱིར་མངལ་ནད་ལྔ། (རླུང་དང་། མཁྲིས་པ། བད་ཀན། ཁྲག རླུང་མཁྲིས་བད་ཀན་གསུམ་འདུས་པ་ལས་གྱུར་བའི་མངལ་ནད་ལྔ)ང་། ཁྲག་ཚབས་བཅུ། (གློ་སྙིང་མཆིན་མཆེར་སྣོད་མཁྲིས་མཁལ་མ་རྒྱུ་མ་འོ་མ་ནུ་མ་གོར་པ་བཅས་བཅུ་)རླུང་ཚབས་དྲུག(མགོ་རུས་པ་སྙིང་མཁལ་མ་ཕོ་བ་རྒྱུ་མའི་ཚབས་བཅས་དྲུག་) ཚབས་སྐྲན་དགུ (ཆུ་བུར་ཅན་དང་། ཁྲག་སྐྲན་ཧྲེམ་པོ། ཤ་སྐྲན་བེམ་པོ། རྨེན་སྐྲན། ཕོ་སྐྲན། སྐྲན་རོ་ནག་པོ། རྩ་སྐྲན་ལིང་པ། ས་བོན་གྱི་སྐྲན། ཁྲག་སྐྲན་ཟ་ཁུ་བཅས་དགུ་ སྲིན་ནད་གཉིས། (མངལ་གྱི་སྲིན་བུ་ལངས་པ་དང་། ཁྲོས་པ་གཉིས་)བཅས་མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང་། མངལ་ནད་ཕལ་པ་བརྒྱད། (མཚན་མའི་ནད་དང་། བུ་མ་ཕྱིན་པ། མགོ་འཇུག་ལོག་པ། རོག་མ་ཕྱིན་པ། བུ་སྣོད་ལུག་པ། ཁྲག་མ་ཆོད་པ། ནད་གཞུག་ལུས་པ། དུག་ཐབས་སུ་གྱུར་པ་)བཅས་བསྒྲིལ་བས་མོ་ནད་རིགས་བཞི་བཅུ་ཐམ་པ་གསུངས་ཡོད།

གསུམ་པ། མོ་ནད་ཀྱི་རྒྱུ་རྐྱེན།
སྤྱིར་ཟས་སྤྱོད་དམན་ལྷག་ལོག་པ་དང་མི་མཐུན་པའི་རྒྱུ་རྐྱེན་ཉལ་པོ་སྤྱད་དྲགས་པ། ཟླ་མཚན་འཛག་པའི་དུས་དང་། བུ་བཙས་པའི་རྗེས་ལ་ཟས་དང་སྤྱོད་ལམ་ལོག་པར་གྱུར་བ། བད་ཀན་སྨུག་པོ་གཞན་གནས་མངལ་དུ་བྱེར་བ། གཞན་ཡང་ཁྱོ་གའི་ས་བོན་ཉེས་པ་དང་ལྡན་པའམ་དུག་ཅན་གྱིས་མོ་མཚན་ལ་རེག་པར་བྱ་བ་དང་། ཡུན་རིང་དུ་རེག་པ་ཤིན་ཏུ་རྩུབ་པས་འདར་བ། སྔོན་ལས་རྣམ་པར་སྨིན་པ་བཅས་ཀྱིས་མངལ་ནད་ཀྱི་རིགས་མ་ལུས་པ་སྐྱེད་པར་བྱེད་པ་དང་། རྒྱུ་ཟླ་མཚན་དེ་ཉིད་ཆུ་སེར་དང་རླུང་གིས་བསྐྱོད་དེ་རྩ་དང་དོན་སྣོད་ལ་བྱེར་བ་ལས་ནད་གསར་པའི་དུས་སུ་ཁྲག་ཚབས་རིགས་བཅུ་དང་། ཡུན་ལོན་ཏེ་རྙིངས་ནས་ལུས་ཀྱི་ཟུངས་བཅུད་ཉམས་ཤིང་རླུང་དང་བསྡོངས་པས་རླུང་ཚབས་རིགས་དྲུག་ཏུ་འགྱུར་བ། རྒྱུ་ཟླ་མཚན་དང་ཆུ་སེར་བཅས་རླུང་གིས་མངལ་དུ་བསྒྲིལ་བ་ལས་ཚབས་སྐྲན་དགུ་རུ་འགྱུར་བ་དང་། རྒྱུ་མངལ་གྱི་སྲིན་བུ་མ་རུ་ཙེ་དང་ཨ་སོ་གཉིས་ལངས་པ་ལས་ཚ་བའི་ནད་ཀྱི་ངོ་བོར་འགྱུར་བ་དང་། མངལ་སྲིན་ལངས་པའི་སྐབས་སུ་སྐྱེས་པ་དང་མ་ཕྲད་པའི་རྐྱེན་གྱིས་མཛུབ་མོ་དང་ཤིང་བུ་སོགས་ཀྱིས་མཚན་མ་ཕྲུགས་པས་སྲིན་དེ་ཁྲོས་ཏེ་མངལ་ནང་ཀུན་དུ་རྒྱུགས་པའི་སྲིན་ནད་གཉིས་བྱུང་བ། བུད་མེད་མངལ་འཁྲི་ནས་ཕྲུ་གུ་བཙའ་བའི་བར་དུ་བྱུང་བ་ལས་དུས་རྒྱུན་མི་འབྱུང་བའི་མོ་ནད་ཕལ་པ་བརྒྱད་བཅས་ཡིན།

བཞི་པ། ཁྱབ་གདལ་ཆེ་བའི་མོ་ནད་འགའི་སྔོན་འགོག་ཤེས་བྱ།
ཀ མངལ་ནད།
མངལ་ལམ་བུ་སྣོད་ནི་སྐྱེས་པ་ལ་མེད་ཅིང་བུད་མེད་ལ་ལྷག་པའི་ཆ་ཤས་ཤིག་ཡིན། དེ་ནི་རྒྱུ་སྨད་ཀྱི་ཕྱོགས་ཏེ་ལྒང་པ་དང་གཞང་གི་བར་ན་གནས་ཡོད། སྦྲུམ་མའི་གནས་སྐབས་སུ་མངལ་ནང་ཕྲུ་གུ་ཆགས་པའི་རྐྱེན་གྱིས་མངལ་ཆེར་རྒྱས་ཀྱི་ཡོད། བསམ་སེའུ་ནི་མངལ་གྱི་གཞོགས་གཡས་གཡོན་ན་གནས་ཡོད། མངལ་ལམ་བུ་སྣོད་དང་། བསམ་སེའུ་བཅས་ཀྱི་ཕྱི་ནང་བར་གསུམ་ལ་བྱུང་བའི་ནད་ལ་མངལ་ནད་ཅེས་ཟེར། མངལ་ནང་ཉེས་པ་རླུང་མཁྲིས་བད་ཀན་དང་། ཁྲག་ལས་གྱུར་བའི་མངལ་ནད་འདྲ་མིན་བྱུང་སྲིད།
མངལ་ནད་ཀྱི་སྤྱི་རྟགས།
Øམངལ་ནང་ཚ་འབྲབ་བམ་ཟ་འཕྲུག་བྱེད་པ་དང་། ཟུག་གཟེར་ལྡང་བ།
Øཟླ་མཚན་སླ་ཞིང་ལྦུ་བ་བཅས་ཉུང་ངུ་རེ་འཛག་པའམ་ཟླ་མཚན་དུས་སུ་མི་ཆད་པར་རྟག་ཏུ་ཕྱིར་རླུགས་སམ་ཡང་ན་ནང་དུ་འཁྱིལ་ནས་དུས་སུ་མི་འབྱུང་བ།
Øཟླ་མཚན་ཁ་དོག་སེར་ནག་ཏུ་འབྱུང་བ་དེ་ཡང་ནམ་རྒྱུན་དང་མི་འདྲ་བར་དྲི་མ་ཤིན་ཏུ་ཆེ་བ། ཚ་བ་སྐྱེ་ཞིང་སྐབས་འགར་རྣག་ཏུ་འཛག་པ་འོང་།
Øཆུ་ཁ་སྙི་ཞིང་། ཆུ་ཁ་དང་མངལ་ནང་དུ་འབུ་གྲོག་མ་ལྟ་བུའི་སེམས་ཅན་ཞིག་ཡོད་པའི་ཚོར་སྣང་བྱུང་།
Øཡང་ན་སྐྲན་དུ་འདྲིལ་བ་(སྐྲན་ཆེར་རྒྱས་པ་ལས་མངལ་དུ་བྱིས་པ་ཆགས་པ་ལྟར་སྣང་ཞིང་ངོ་བོ་སྲ་ལ་འདྲིལ་བ་དང་། སྐབས་སུ་ལྟོ་བ་སྦོ་ཞིང་ན་ལ་གཟེར་བ་དང་། ཆུ་སེར་འཛག་པར་བྱེད་པ་བཅས་བྱུང་།)མངལ་ཁ་འཆུས་ནས་སྐྱེས་པའི་ཁུ་བ་མངལ་དུ་མི་ཆགས་པའམ་མི་གནས་པར་ཕྱིར་འཛག་པ་ཡིན།
Øལུས་ཀྱི་སྨད་གྲང་ལ་ན་ཟུག་ཆུང་ཞིང་སྤྱིན་བག་སྟེ་གཤེར་ཁུ་ཚི་ཅན་ཟད་མེད་འཛག་པའོ།།
༡། མངལ་སྐྲན་རྩ་རྒྱུས་འདྲ་བ། (Uterine fibroid)
 སྐྲན་འདི་བུད་མེད་ཀྱི་མངལ་གྱི་ཕྱི་ནང་སྐྱི་ལྤགས་ཀྱི་ལྡེབས་ངོས་ལ་ཆགས་ཞིང་དེའི་བོངས་ཚད་ཤིན་ཏུ་ཆུང་བ་སྲན་མའི་འབྲུ་ཙམ་ནས་ཤིན་ཏུ་ཆེ་བ་ཆུ་ག་གོན་(water melon)ཙམ་ཡོང་སྲིད། སྐྲངས་འབུར་འདི་སྐྲན་གྱི་ངོ་བོ་ཡིན་ཡང་འབྲས་ནད་མིན། ནད་གཞི་འདི་བུད་མེད་ལོ་ན་ ༣༥ མན་ལ་བརྒྱ་ཆ་ ༣༠% ཙམ་དང་། སྤྱིར་བུད་མེད་བརྒྱ་ཆ་ ༧༠% ནས་ ༨༠% ཙམ་ལ་ནད་འདི་ཕོག་སྲིད་པ་ཞིག་ཡིན། འོན་ཀྱང་སྐབས་རེ་ནད་རྟགས་དམིགས་བསལ་མི་མངོན་པ་ཡང་ཡོད། ཕྱི་ལུགས་སྨན་གྱི་རིག་པ་ལས་མངལ་སྐྲན་འདི་མོའི་སྐུལ་རྒྱུ་ཨེས་ཊྲོ་ཇིན་(estrogen)དང་། པོ་རོ་ཇེས་ཊི་རོན་(progesterone)གཉིས་ཀྱི་བྱེད་ལས་མི་སྙོམས་པ་ལས་བྱུང་བར་བཤད་ཀྱི་ཡོད། བོད་ལུགས་གསོ་རིག་ལས་ཟླ་མཚན་དང་ཆུ་སེར་གཉིས་རླུང་གིས་མངལ་དུ་བསྒྲིལ་བ་ལས་སྐྲན་དུ་འགྱུར་བ་བཤད་ཡོད། ཕྲུ་གུ་ཆགས་མྱོང་བའི་བུད་མེད་ལ་ནད་འདི་བྱུང་དཀོན་པོ་ཡོད། སྐྲན་འདི་འབྲས་ནད་དུ་འགྱུར་བའི་ཉེན་ཁ་དེ་ཙམ་མེད་ཀྱང་། གལ་ཏེ་སྐྲན་འདི་འཕེལ་རྒྱས་མྱུར་ཚད་ཤིན་ཏུ་ཆེ་བ་ཡོད་ཚེ་མངལ་གྱི་འབྲས་ནད་དུ་འགྱུར་སྲིད་པས་ངེས་པར་དུ་བརྟག་དཔྱད་ནན་ཏན་བྱ་རྒྱུ་གལ་ཆེ།
ནད་རྟགས།
Øཟླ་མཚན་མི་སྙོམས་པར་འབྱམས་པའམ་རྒྱུན་རིང་པོར་བབས་པ།  ཡང་ན་ཉུང་ལ་མདོག་ནག་པོ་སྐབས་རེ་ཁྲག་འཁྱག་རྙོག་པོ་ཡོང་བ། ཟླ་མཚན་གྱི་དུས་མ་ཡིན་པར་ཁྲག་འཛག་པ།
Øགློ་བུར་དུ་ཟླ་མཚན་གྱི་གནས་བབ་ལ་འགྱུར་བ་བྱུང་བ། ཟླ་མཚན་སླེབས་སྐབས་ཟུག་གཟེར་ཤུགས་ཆེར་ལྡང་བའམ་ཟླ་མཚན་རྒྱུན་ལྡན་ལས་མང་བར་བབས་པ།
Øདཔྱི་རུས་ལ་ཟུག་གཟེར་ལྡང་བའམ་ཚང་རའི་འཁོར་ལྕི་བར་འགྱུར་བ།
Øགཅིན་པ་ཡང་སེ་བྲོ་བའམ་སྐྲན་དེ་ཆེར་རྒྱས་ཏེ་ལྒང་པ་གཙིར་པའི་རྐྱེན་གྱིས་གཅིན་པ་གཏོང་དཀའ་བ།
Øབཤང་བ་འགགས་པ།
Øགྲང་བ་མང་པོ་འཛག་པ།
Øརོ་རྒྱབ་གཟེར་བ།
Øཉལ་པོ་སྤྱོད་སྐབས་ཟུག་གཟེར་ཆེ་བ།
Øམངལ་དུ་ཕྲུ་གུ་མི་ཆགས་པའམ་ཡང་སེ་མངལ་ཤོར་བ།
Øཟླ་བ་མ་ཚང་གོང་ཕྲུ་གུ་བཙའ་བའི་རྟགས་རྣམས་བྱུང་བ་ཡིན།
སྔོན་འགོག་བྱ་ཚུལ།
¨སྐྲན་འདི་སྤྱིར་བུད་མེད་འཚོ་ཆེ་བར་མང་བ་ཡོང་གི་ཡོད་པས་རང་གི་གཟུགས་པོའི་ལྗིད་ཚད་སྙོམས་ཐབས་སུ་དུས་རྒྱུན་དུ་རང་གི་ལུས་ཁམས་ཀྱི་རང་བཞིན་དང་། སྔ་དགོང་གི་དུས་ཚོད། ནམ་དུས། ན་ཚོད་བཅས་ལ་དཔག་པའི་རྩོལ་བཅག་རན་པོ་བྱ་རྒྱུ་གལ་ཆེ།
¨ རྒྱུན་དུ་སྐོམ་རན་པོ་འཐུང་དགོས་པ།
¨ ཤ་དམར་པོའི་རིགས་འཛེམ་ཞིང་སྔོ་ཚལ་ལྗང་ཁུའི་རིགས་མང་དུ་བསྟེན་དགོས།
¨ཟས་སུ་བཅུད་རྫས་ཌི་(Vitamin D)ཡོད་པའི་ཟས་རིགས་དཔེར་ན་ཚིལ་ཅན་གྱི་ཉ་ཤ་སེལ་མོན་(salmon)དང་ཊུ་ན་(tuna)། མ་ཀེ་རེལ་(mackerel)སོགས་བསྟེན་དགོས།
¨ འོ་མའི་ཐོན་རྫས་རིགས་དཔེར་ན། འོ་མ། ཕྱུར་བ། སྤྲིས་མ་བཅས་བསྟེན་དགོས།
¨ སྤྱིར་རྒྱུན་དུ་ཟས་སྐོམ་ལ་དོ་སྣང་དང་རྩོལ་བཅག་སོགས་ཚུལ་བཞིན་བྱེད་ཐུབ་ཚེ་སྐྲན་འདི་སྔོན་འགོག་བྱེད་ཐུབ།

༢། བསམ་སེའུའི་ཆུ་སྐྲན།
Ovarian cyst
བསམ་སེའུའི་ཆུ་སྐྲན་ནི་མངལ་གྱི་གཞོགས་གཡས་གཡོན་གཉིས་ལ་གནས་པའི་བསམ་སེའུ་གཉིས་ཀའམ་གང་རུང་ཞིག་ལ་ཆུ་སྐྲན་ཏེ་ཆུ་བུར་གྱི་ངོ་བོའི་སྐྲན་ཞིག་ཆགས་པ་ལ་ཟེར། ཆུ་སྐྲན་འདི་ལ་བོངས་ཚད་ཀྱི་རྣམ་པ་དང་རིགས་ཀྱི་དབྱེ་བ་མང་པོ་ཡོད། ཡང་བསམ་སེའི་ནང་ཆུ་བུར་ཅན་གྱི་སྐྲན་འདི་ལྟ་བུ་དུ་མ་ལྷན་ཅིག་ཚོགས་པ་ལས་ཆུ་བུར་དུ་མའི་ནད་རྟགས་(polycystic ovary syndrome)བྱུང་གི་ཡོད།
ནད་རྟགས།
Øཆུ་སྐྲན་ཆུང་ངུའི་གནས་སྐབས་སུ་དམིགས་གསལ་ནད་རྟགས་མི་མངོན་ཡང་། རིམ་བཞིན་ཆེར་བསྐྱེད་པ་ལས་ནད་རྟགས་མངོན་གསལ་དོད་པོ་བྱུང་།
Øཆུ་སྐྲན་ཆུ་བུར་ལྟར་ཆགས་ཤིང་ཆུ་སེར་ཕྱིར་བབས་པས་རྒྱུ་སྨད་སྦོ་བ།
Øཟླ་མཚན་ཆུ་སེར་ཀྱི་ངོ་བོར་འཛག་པར་བྱེད་པ།
Øཆབ་ཆེན་འདོར་སྐབས་ཟུག་གཟེར་ཆེ་བ།
Øཟླ་མཚན་མ་འབབ་གོང་ངམ་འབབ་བཞིན་པའི་གནས་སྐབས་སུ་དཔྱི་མིག་ཟུག་གཟེར་ལྡང་བ།
Øཆགས་སྤྱོད་སྐབས་ཟུག་གཟེར་ཆེ་བ།
Øལུས་ཀྱི་སྨད་དང་བརླ་རྣམས་སུ་ཟུག་གཟེར་ལྡང་བ།
Øནུ་མར་རེག་ཚེ་ན་ཟུག་ལྡང་བསྐྱེན་པ།
Øཞེ་མེར་ལངས་ཤིང་སྐྱུག་པ།
Øདཔྱི་རུས་ལ་ཟུག་གཟེར་དྲག་པོ་འམ་ཚབས་ཆེན་ལྡང་བ། ཚ་བ་འཕར་བ། མགོ་ཡུ་འཁོར་བ་འམ་དྲན་མེད་བརྒྱལ་གྲབས་བྱེད་པ། དབུགས་སྐྱེན་པ་བཅས་ཆུ་སྐྲན་གས་པའམ་བསམ་སེའུ་གཅུ་སྒྲིམ་ཤོར་བའི་ནད་རྟགས་ཚབས་ཆེན་དེ་དག་ལྡང་ཚེ་སྨན་པ་གང་མགྱོགས་བསྟེན་དགོས།
སྔོན་འགོག་བྱ་ཚུལ།
¨ ཕྲུ་གུ་བཙས་ནས་ཟླ་བ་དྲུག་གི་བར་ངེས་པར་ནུ་མ་བསྣུན་ཐབས་བྱེད་དགོས།
¨ཟླ་མཚན་ཟླ་རེ་བཞིན་བབ་དུ་བཅུག་དགོས་པ་ལས་དེ་འགག་པར་བྱེད་པའི་སྨན་དང་སྐྱེ་འགོག་སྨན་རྣམས་སྨན་པའི་ལམ་སྟོན་མེད་པར་གང་བྱུང་བསྟེན་རྒྱུ་མེད།
¨གཅིན་དང་བཤང་བ་ལ་སོགས་པ་འབབ་བཞིན་དུ་བཀག་པ་དང་མི་འབབ་བཞིན་དུ་ནན་གྱིས་བཙིར་རྒྱུ་མེད།
¨བཤང་བ་རྒྱུན་ལྡན་འབབ་པའི་ཕྱིར་ལུས་ཀྱི་རྩོལ་བཅག་རན་པར་བྱེད་པ་དང་། ཉིན་རེར་ཆུ་ལི་ཊར་ ༡ ནས་ ༢ བར་ངེས་པར་བཏུང་བ། ཟས་སུ་རྒུན་འབྲུམ་སྐམ་པོ་དང་སྔོ་ཚལ་རིགས། འབྲུ་རིགས་འདྲ་མིན། དུས་སུ་བཏུས་པའི་ཤིང་ཏོག་སོས་པའི་རིགས་བཅས་བསྟེན་དགོས།
¨ངོ་བོ་ཡང་ལ་རྩུབ་པའི་ཟས་སྐོམ་དུ་རྫས་ཀེ་ཕན་(caffeine)ལྡན་པའི་ཅོག་ལེ་ཊི་(chocolate)དང་། འཁྱགས་པ་བྱེ་རིལ་(ice-cream)ཇའི་རིགས། ཚིག་ཇ་(coffee)རྫས་སྦྱོར་བྱས་པའི་བཏུང་བའི་རིགས་(soft drinks)བཅས་སྤོང་དགོས།
¨རྒྱུན་དུ་སེམས་ཞི་བདེ་བག་ཕེབས་ངང་གནས་ཕྱིར་རང་རང་གི་ཁམས་དང་མཐུན་པའི་བྱ་བར་འཇུག་པ་དང་། སེམས་ཁྲལ། འཇིགས་སྐྲག སྡུག་བསྔལ་སོགས་ཀྱིས་རབ་ཏུ་མ་མནར་བའི་ཐབས་ཤེས་བྱེད་དགོས།
¨མངལ་སྐྲན་ཆུ་བུར་ཅན་གྱི་ནད་རྟགས་དང་བསམ་སེའུའི་འབྲས་ནད་ཀྱི་ནད་རྟགས་རྣམས་ཤིན་ཏུ་འདྲ་ཆེ་བས་ངོས་འཛིན་མི་ནོར་ཕྱིར་ངེས་པར་དུ་སྨན་པ་ཚད་ལྡན་གྱི་ལམ་སྟོན་ལྟར་གནང་དགོས།
¨ཟླ་མཚན་ལ་འགྱུར་ལྡོག་བྱུང་བ། དཔྱི་རུས་ལ་ཟུག་གཟེར་མུ་མཐུད་ལྡང་བ། དང་ག་འགག་པ། དོན་མེད་ལུས་ཀྱི་ལྗིད་ཚད་ཆག་པ། ལྟོ་བ་སྦོ་བ་བཅས་ཀྱི་ནད་རྟགས་བྱུང་ཚེ་ངེས་པར་དུ་སྨན་པ་བསྟེན་དགོས།
༣། བསམ་སེའུའི་ཆུ་བུར་དུ་མའི་ནད་རྟགས།Polycystic Ovary Syndrome(PCOS)
 








ཕྱི་ལུགས་སྨན་གྱི་རིག་པ་ལས་བསམ་སེའུའི་ཆུ་བུར་དུ་མའི་ནད་རྟགས་ (polycystic ovary syndrome) འདི་མོའི་སྐུལ་རྒྱུ་ཨེས་ཊྲོ་ཇིན་(estrogen)དང་། པོ་རོ་ཇེས་ཊི་རོན་ (progesterone) གཉིས་ཀྱི་བྱེད་ལས་མི་སྙོམས་པ་ལས་བྱུང་བར་བཤད་ཡོད། ནད་གཞི་འདི་ཡོད་པའི་བུད་མེད་རྣམས་ལ་མངལ་མི་ཆགས་པ་དང་། ཁྲག་ཤེད་ཀྱི་ནད། (hypertension) ཁྲག་ཚིལ་མཐོ་བའི་ནད། (high cholesterol) སྲོག་རླུང་གི་ནད་དམ་སེམས་ངལ། (depression) གཉིད་ཁུག་སྐབས་དབུགས་འགག་པའི་ནད་ (sleep apnea) མངལ་གྱི་ནང་ཤའི་འབྲས་ནད། (endometrial cancer) སྙིང་རྩ་འགག་པའི་ནད། (heart attack) གཅིན་སྙི་ཟ་ཁུའི་ནད། (diabetes) ནུ་མའི་འབྲས་ནད། (breast cancer) བཅས་ན་བའི་ཉེན་ཁ་ཆེ་བ་ཡོད། དེ་མིན་སྦྲུམ་མའི་གནས་སྐབས་སུ་ཕྲུ་གུ་ཤོར་བ་དང་། སྦྲུམ་མའི་གནས་སྐབས་ཀྱི་གཅིན་སྙི་ཟ་ཁུའི་ནད།(gestational diabetes)ཟླ་བ་མ་ཚང་གོང་ཕྲུ་གུ་བཙའ་བ་བཅས་བྱུང་སྲིད།
ནད་རྟགས།
Øམཚན་མ་སྙོམས་པའམ་སྐབས་རེ་ཟླ་མཚན་རྩ་བ་ནས་མ་བབས་པ།
Øལུས་ངལ་ཆེ་བ།
Øམགོ་ན་བ།
Øགཉིད་ཡེར་བའམ་གཉིད་སད་རྗེས་ཁུག་དཀའ་བ།
Øམངལ་ནང་བུ་མི་ཆགས་པའི་དཀའ་ངལ་བྱུང་སྲིད་པ།
Øསྙིང་གི་བྱེད་ལས་ཉམས་པ།
Øཔགས་པའི་གཟི་མདངས་ཉམས་ཤིང་སྲིན་ཐོར་བྱུང་བ།
Øམོའི་སྐུལ་རྒྱུ་ཉམས་པ་ལས་ཕོའི་ཁྱད་ཆོས་འགའ་མངོན་པ་དཔེར་ན། གདོང་དང་། ལག་ངར། བྲང་ཁོག གྲོད་ཁོག རྐང་ལག་གི་སོར་མོ་བཅས་ལ་སྤུ་མང་པོ་སྐྱེས་པ། ནུ་མ་ཆུང་དུ་འགྲོ་བ། སྐད་ཀྱི་གདངས་དྲག་ཏུ་ཕྱིན་པ།
Ø མགོའི་སྐྲ་བྱི་བའམ་སྲབ་ཏུ་ཕྱིན་པ།
Ø ལུས་ཀྱི་ལྗིད་ཚད་འཕར་བ།
Ø ཟླ་མཚན་འབབ་པའི་སྐབས་སམ་ཡང་ན་མ་འབབ་པའི་སྐབས་སུ་དཔྱི་རུས་ལ་ཟུག་གཟེར་ལྡང་བ།
Ø ཡིད་མུག་གི་རྣམ་འགྱུར་ཡང་སེ་དོད་ཅིང་དངངས་འཚབ་སྐྱེས་པ།
Ø སྲོག་རླུང་གི་ནད་བྱུང་བ།
སྔོན་འགོག་བྱ་ཚུལ།
¨བཟའ་བཏུང་རྙིང་ནས་དྲི་ངན་ཁ་བ། མ་ཚོས་པ་དང་། ཚིག་ཆེས་པ། སྙོམ་པར་ཚོས་ཀྱང་ཡུན་ལོན་པས་ཁེངས་པོར་གྱུར་པའི་ཟས་རིགས་མཐའ་དག་དང་། དེ་བཞིན་ལུས་འཚོ་ཆེ་བའི་ཟས་སྐོམ་དཔེར་ན་ཀ་ར་དང་མངར་རྫས་ཕོན་ཆེན་ཡོད་པའི་བཅོས་མའི་ཟས་རིགས། ཆུ་མངར་མོ་ (soft drinks/packed fruit juices) ཞག་ཚིལ་ཆེ་བའི་ཤ་དམར་པོ་དང་འོ་མའི་རིགས། ཞོག་ཁོག་བརྔོས་མ་ (chips) སོགས་བརྔོས་པའི་ཟས་རིགས་བཅས་སྤོང་དགོས། དེ་མིན་བཟའ་བཏུང་སོས་པ་དང་སྙོམ་པར་ཚོས་པ། ཐུག་པ་བཅས་འཇུ་བདེ་བའི་རིགས་ཚུལ་བཞིན་བསྟེན་ན་ཕན་ཆེ་བ་ཡོད།
¨ ཕོ་བའི་མེ་དྲོད་གསོ་ཐབས་སུ་དྲོད་སྨན་རིགས་བསྟེན་པའམ་རྒྱུན་དུ་ཟས་གང་ཟོས་ཀྱང་སོས་ཡག་པོ་ལྡད་པ་དང་། ལྷོད་པོར་བཟའ་དགོས་ལ། བཅོས་མིན་གྱི་ཟས་སྐོམ་སོས་པ་དང་། དུས་སུ་བཏུས་པའི་རིགས་བསྟེན་དགོས།
¨ ལུས་ཀྱི་རྩོལ་བཅག་རན་པར་བྱེད་པ།
¨ ཟླ་མཚན་མ་སྙོམ་པའི་སྐབས་སུ་མོ་ནད་སྨན་པར་བསྟེན་ནས་སྨན་བཅོས་ལམ་སྟོན་ཞུ་དགོས།
¨ ཐ་མག་གི་རིགས་དང་། ལྡད་བྱེད་རིགས་(Gutka, madhu, paanparak)ཆང་རག་བཅས་སྤོང་དགོས།
¨འབྲས་དམར་པོའམ་ཡུལ་འབྲས། ཞོག་ཁོག་མངར་མོ། གང་བུ་ཅན་གྱི་འབྲུའི་རིགས་(legumes)སྲན་མའི་རིགས། སྔོ་ཚལ་ལྗང་ཁུའི་རིགས། གྲོ་དང་གྲོ་ཆག ཐེའུ་པད་ཚལ་(broccoli) སྔོ་པཱ་ལག་(spinach) བཙོང་། སྐོགས་མཁྲེགས་ཤིང་འབྲས་རིགས་(nuts)དཔེར་ན། ཨལ་མོནྜ་འམ་རྒྱ་གར་སྟར་ཁ་(almond) སྟར་ཀ་(walnut) ཕར་ཤིའི་འབྲུ་(pumpkin seed) སོ་མ་ར་ཙའི་འབྲུ་ (hempseed) ཟར་མའི་འབྲུ་(flaxseed) སྲན་དཀར་(soya bean) བེ་ཏའི་འབྲས་བུའི་སྣུམ་(coconut oil) ཨོ་ལིབ་སྣུམ་(olive oil) ཞོ། དུས་སུ་བཏུས་པའི་ཤིང་འབྲས་སོས་པའི་རིགས་དཔེར་ན། ཀུ་ཤུ། སེའུའི་རིགས་(cherries) ཨེ་ཝོ་ཁ་ཌོ་(avocado) ཚ་ལུ་མ་སོགས་ཤིང་འབྲས་སྐྱུར་མོའི་རིགས། ཀུ་ཤུ་སྙལ་བའི་ཚུའུ་(apple cider vinegar) སོགས་རན་པར་བསྟེན་དགོས། སྤྱིར་ཤིང་ཏོག་ཁུ་བ་འཐུང་བ་ལས་ཤིང་ཏོག་རང་བཟའ་ན་གཟུགས་པོར་ཕན་རླབས་ཆེ་བ་ཡོད།
མངལ་ནད་སྤྱིའི་བཅོས་ཐབས་བྱ་ཚུལ།
བོད་ལུགས་གསོ་རིག་ལས་མངལ་ནད་དེ་དག་ལ་ཟས་སྤྱོད་གསར་ལ་འཇམ་པ་བསྟེན་དགོས་པ་དང་། དཔྱད་བཅོས་ལ་སྣུམ་འཆོས་དང་སྣུམ་དུགས། འཇམ་རྩི་(mild purgation) མས་བཏང་(enema) བོད་སྨན་ལས་སྦྱོར་བཟོ་བྱེད་པའི་སྨན་ཁོང་དུ་བཏང་བའམ་སྨན་སྦྱོར་སྲིན་བལ་གྱི་ཡེའུ་ལ་བྱུགས་ནས་མངལ་ནང་འཇུག་ཐབས་བྱེད་པ་དང་། མངལ་སྐྲན་རིགས་བཤིག་ཐབས་སུ་ཞི་སྦྱང་གི་སྨན་བཏང་བ། འབྲུ་སྣའི་ལུམས་ཀྱི་ལུས་ཀུན་དྲིལ་ཞིང་ཁྱད་པར་དུ་ཚང་ར་རྒྱུ་ཞབས་སུ་དྲོད་ཀྱིས་བདུག་པ། སྒ་དང་ཚྭ་མར་བཅས་སྦྱར་ནས་བསྐུ་མཉེ་དང་། དྲོད་དུགས་སོགས་འཇམ་པོའི་དཔྱད་དང་། གཏར་བསྲེག་སོགས་རྩུབ་པའི་དཔྱད་བྱེད་སྲོལ་ཡོད། ཕྱི་ལུགས་སྨན་གྱི་ལུགས་ལས་སྨན་བཏང་ནས་མངལ་ནད་ལས་གྱུར་བའི་ཟུག་གཟེར་དང་ཁྲག་འབྱམས་པ་སོགས་ཀྱི་ནད་རྟགས་འཇོམས་པའམ་སྐྲན་ཇེ་ཆུང་དུ་བཏང་བ། གཤག་བཅོས་རྒྱུད་སྐྲན་ཕྱིར་དབྱུང་བ་སོགས་ཀྱི་ཐབས་ཤེས་ཡོད། དེ་མིན་སྐྲན་ནད་འདི་བཅོས་པའི་ཐབས་སུ་མངལ་གྱི་སྐྱི་པགས་གཏོར་བའམ་གཤག་བཅོས་རྒྱུད་མངལ་དང་བསམ་སེའུ་སོགས་ཕྱིར་འབྱིན་སྲོལ་ཡོད་པ་ལག་བསྟར་གནང་བ་ཡིན་ན་མ་འོངས་པར་མངལ་ཆགས་པར་སྐྱོན་བྱེད་པ་ཡིན།

ཁ། ཟླ་མཚན་ལས་གྱུར་བའི་ནད།
ཟླ་མཚན་གྱི་ངོ་སྤྲོད།












ཟླ་མཚན་ནི་སྤྱིར་བུད་མེད་ལོ་ན་བཅུ་གཉིས་ལོན་པའི་དུས་ནས་སམ། བྱེ་བྲག་ཏུ་བུད་མེད་སོ་སོའི་ལུས་ཟུངས་དང་། རྩ་རླུང་གི་སྟོབས་ནམ་རྫོགས་མཚམས་ནས་ལོ་ངོ་ལྔ་བཅུ་ཡས་མས་ལུས་ཀྱི་སྟོབས་འབྲི་བ་ལ་ཕྱོགས་པའི་བར་དུ་ཟླ་རེར་འཛག་པ་ཡིན། དེ་ནི་ཟས་སྐོམ་གྱི་དྭངས་མ་རྣམས་ལས་རིམ་བཞིན་བྱུང་བའི་ཐ་མ་ཁམས་དཀར་དམར་གྱི་ཆ་ཤས་གཉིས་སུ་ཡོད་པའི་དམར་ཆ་དེ་བསམ་སེའུ་ནས་བུ་སྣོད་གཡས་གཡོན་དུ་འབྲེལ་བའི་རྩ་ཆེན་གཉིས་པོ་བརྒྱུད་མངལ་ལམ་བུ་སྣོད་ཀྱི་ནང་དུ་རིམ་པར་གསོག་པ་ཁྲག་ཐུམ་དུ་གྱུར་བ་དེ་ཉིད་བུ་སྣོད་ནས་རྣག་རྡོལ་བ་ལྟ་བུར་མངལ་གྱི་སྒོར་འབྱིན་ནས་ཉི་མ་ཉི་ཤུ་རྩ་བརྒྱད་ཀྱིས་ཁ་རེ་སྐོར་ནས་ཟླ་རེར་ཞག་གསུམ་མམ་ལྔའི་བར་འཛག་གི་ཡོད།
ཟླ་མཚན་བབས་པའི་གནས་སྐབས་སུ་ལུས་ཀྱི་སྟོབས་ནམ་རྒྱུན་ལས་ཞན་ཞིང་བཞིན་རས་མདོག་ངན་པར་སྣང་བ་དང་། ནུ་མ་ཆེར་སྐྱེ་བ། རྐེད་པ་འགུལ་ཞིང་ན་བ། མིག་ལྕིབས་དང་མངལ་ཁ་སྦོས་པ། སྐྱེས་པ་དང་འཁྲིག་པར་འདོད་པ་བཅས་བྱུང་སྲིད་པ་དང་། ཟླ་མཚན་མ་འབབ་གོང་གི་བདུན་ཕྲག་གཅིག་གཉིས་ནང་བུད་མེད་འགའ་རེར་གདོང་ལ་སྲིན་ཐོར་བྱུང་བ་དང་། ལུས་ངལ་ཞིང་དུབ་པ། གཉིད་ཁུག་དཀའ་བ། བཤང་བ་འགག་པའམ་གྲོད་ཁོག་བཤལ་བ། གྲོད་ཁོག་སྦོས་པ། མགོ་ན་བ། ལུས་ཀྱི་རྒྱབ་གཟེར་བ། མངར་བ་སོགས་རོ་འགར་སྲེད་པ་སྐྱེས་པ། ཚིགས་གཞི་འམ་ཤ་སྒྲིམ་ན་བ། དོ་སྣང་དང་དྲན་ཤེས་ཞན་པར་གྱུར་བ། སེམས་ངལ་ཆེ་བ་བཅས་ཡོང་སྲིད།
བུད་མེད་ཀྱི་ཟླ་མཚན་དེ་ཡང་རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་མདོག་སྨུག་པ་དང་། ཡང་ན་རི་བོང་གི་ཁྲག་དང་འདྲ་བར་དམར་ལ་ངོ་བོ་དྭངས་ཞིང་གོས་ལ་འགོ་བ་རྣམས་ཆུ་གྲང་མོས་བཀྲུས་པར་ཁྲག་གི་ཤུལ་མེད་ཅིང་དག་པར་འགྱུར་ན་ཟླ་མཚན་དེར་ནད་ཀྱི་སྐྱོན་མེད་པའི་རྟགས་ཡིན་པས་དེས་མངལ་ཆགས་པའི་ས་བོན་གྱི་དོན་ཚུལ་བཞིན་དུ་བྱེད་ནུས་པ་ཡིན།

ཟླ་མཚན་ཆད་མཚམས་
(Menopause)གོང་འོག་གི་གནས་སྐབས་བཞི།
བུད་མེད་ལོ་ངོ་ལྔ་བཅུ་ཡས་མས་རྣམས་ཀྱི་ལུས་སྟོབས་འབྲི་བ་ལ་ཕྱོགས་པའི་ཚེ་ཟླ་རེར་འཛག་པའི་ཟླ་མཚན་ཡང་རིམ་བཞིན་ཆད་འགྲོ་ཡི་ཡོད། ཟླ་མཚན་ཆད་མཚམས་ཀྱི་གོང་འོག་གི་གནས་སྐབས་བཞིར་དམིགས་བསལ་གྱི་ནད་རྟགས་འདྲ་མིན་བྱུང་ཚུལ་ནི།
དང་པོ། ཟླ་མཚན་མ་ཆད་སྔོན་གྱི་གནས་སྐབས་སུ་རྒྱུ་ཞབས་དང་མངལ་ལ་ཟུག་གཟེར་ལྡང་བ། སེམས་མ་སྐྱིད་པ་དང་དོན་མེད་ཁོང་ཁྲོ་ལངས་པ། སུན་སྣང་སྐྱེ་བ། ཞེ་མེར་ལངས་པ་བཅས་བྱུང་།
གཉིས་པ། ཟླ་མཚན་ཆད་མཚམས་ཀྱི་ཡུད་ཙམ་སྔོན་གྱི་གནས་སྐབས་སུ་དོན་མེད་ཁོང་ཁྲོ་ལངས་པ། རླུང་ཚད་ལྟ་བུའི་ཚ་འུར་གྱི་ཚོར་སྣང་hot flashes)བྱུང་བ། མཚན་མོ་ཉལ་དུས་རྔུལ་ནག་མང་པོ་དོན་པ། ལུས་འདར་བ། མཚན་མ་སྐམ་པོ་ཆགས་པ། ཟླ་མཚན་མི་སྙོམས་པ། ཆགས་སྲེད་ཉམས་པ།
གསུམ་པ། ཟླ་མཚན་ཆད་མཚམས་དངོས་ཀྱི་གནས་སྐབས་སུ་རླུང་ཚད་ལྟ་བུའི་ཚ་འུར་གྱི་ཚོར་སྣང་(hot flashes)བྱུང་བ། མཚན་མོ་ཉལ་དུས་རྔུལ་ནག་མང་པོ་དོན་པ། ཆགས་སྲེད་ཉམས་པ།
བཞི་པ། ཟླ་མཚན་ཆད་མཚམས་ཀྱི་རྗེས་ཀྱི་གནས་སྐབས་སུ་རུས་པའི་རྩི་ཟད་པའི་ནད་(osteoporosis) སྙིང་གི་ཁྲག་རྩ་འགག་པའི་ནད་(coronary artery diseases) གཅིན་ལམ་གཉན་ནད་(urinary tract infections) བཅས་ན་བའི་ཉེན་ཁ་ཆེ་བ་ཡོད།
ཁྲག་ཚབས་དང་རླུང་ཚབས་ཀྱི་ནད།
ཟླ་མཚན་གྱིས་རྐྱེན་པས་བུད་མེད་ལ་ཁྲག་ཚབས་དང་རླུང་ཚབས་ཀྱི་ནད་བྱུང་གི་ཡོད། ཟླ་མཚན་དེ་ཉིད་ཆུ་སེར་དང་རླུང་གིས་བསྐྱོད་དེ་རྩ་དང་དོན་སྣོད་ལ་བྱེར་བ་ལས་ནད་གསར་པ་ཁྲག་གི་ཤས་ཆེ་བའི་དུས་སུ་ཁྲག་ཚབས་རིགས་བཅུ་(གློ་སྙིང་མཆིན་མཆེར་སྣོད་མཁྲིས་མཁལ་མ་རྒྱུ་མ་འོ་མ་ནུ་མ་གོར་པ་)དང་། ཁྲག་ཚབས་ཀྱི་ནད་མ་བཅོས་པར་ཡུན་ལོན་ཏེ་རྙིངས་ནས་ལུས་ཀྱི་ཟུངས་བཅུད་ཉམས་ཤིང་རླུང་དང་བསྡོངས་པས་རླུང་ཚབས་རིགས་དྲུག་(མགོ་རུས་པ་སྙིང་མཁལ་མ་ཕོ་བ་རྒྱུ་མ་)ཏུ་འགྱུར་བ་ཡིན།
ཁྲག་ཚབས་ཀྱི་སྤྱི་རྟགས།
Ø རྐེད་པ་དང་ཆུ་སོ་མན་ཆད་ཀྱི་རུས་པ་རྣམས་འཁོལ་ཞིང་ན་བ།
Øརྒྱུ་ཞབས་(རྒྱུ་མའི་སྨད་)ཚ་འབྲབ་ཅེས་ཚེར་མའི་ལྕག་གིས་བྲབ་པ་ལྟ་བུའི་ན་ཟུག་གཏོང་བ།
Øལུས་ཀྱི་རྒྱབ་དང་མཆིན་དྲིའི་ཡུལ་དུ་གཟེར་བ།
Øརྩ་རྣམས་ཚ་འཁྱུག་བྱེད་པ།
Øཕྱི་ངོས་སུ་ཤུ་བ་དང་འབྲུམ་ཕྲན་འོང་བ།
Øཟླ་མཚན་དུས་མིན་དུ་འཛག་གམ་ཡང་ན་དུས་བཞིན་དུ་མ་འབབ་པར་ནང་དུ་འཁྱིལ་བ། ཡང་ན་འཛག་ཀྱང་ངོ་བོ་རྣག་ཏུ་འགྱུར་བ།
རླུང་ཚབས་ཀྱི་སྤྱི་རྟགས།
Øསྙིང་མི་བདེ་བ།
Øརུས་པ་འཁོལ་ཞིང་ན་བ།
Øམགོ་ཡུ་འཁོར་ཞིང་མགོ་ཡི་རུས་པ་གྲང་སི་ལེ་བ་བྱེད་པ།
Øཤ་ཡི་ཤེད་ཤུགས་ཉམས་པའི་སྣང་ཚུལ་ལ་ཤ་དང་པགས་པའི་བར་དུ་ན་བ། ཤ་རྣམས་གཡོ་ཞིང་སྦོ་བའི་རྣམ་པ་བྱེད་པ།
Øལུས་དང་ཡན་ལག་སྦྲིད་པ།
Øམིག་འགྲིབ་པ།
Øཤེས་པ་སྨྱོ་བའམ་འབོག་གམ་ཡང་ན་བརྗེད་ངེས་ཆེ་བ།
Øསེམས་མི་སྐྱིད་པ་དང་སུན་སྣང་སྐྱེ་བ། གཉིད་མི་ཁུག་པ།
Øཆུ་སོ་རྒྱུ་ཞབས་སོགས་བསྡམ་ཞིང་ཟ་ཁུར་འབབ་པ།
Øཟླ་མཚན་དུས་སུ་མི་ཆོད་པར་རྒྱུན་དུ་འབབ་པས་ལུས་ཀྱི་ཟུངས་ཀུན་ཉམས་ནས་ཟད་པར་བྱེད་དོ།།

སྔོན་འགོག་བྱ་ཚུལ།
¨ཁྲག་ཚབས་དང་རླུང་ཚབས་གཉིས་ཀའི་རྒྱུ་ཟླ་མཚན་ཡིན་པས་རྒྱུན་དུ་ཟླ་མཚན་འབབ་པའི་ན་ཚོད། ཟླ་མཚན་མང་ཉུང་གི་ཚད་གཞི་དང་དུས་ཡུན་བཅས་ལ་དོ་སྣང་ཁྱད་པར་བྱ་རྒྱུ་གལ་ཆེ། སྤྱིར་བུད་མེད་ལོ་ན་བརྒྱད་ལས་ཆུང་བར་ཟླ་མཚན་འབབ་པའམ་ལོ་ན་བཅོ་ལྔ་བརྒལ་ཡང་ཟླ་མཚན་མ་འབབ་པ། ཟླ་མཚན་ཚད་མེད་འབབ་པའམ་དུས་སུ་མ་འབབ་པར་ཆད་པ་བཅས་བྱུང་ཚེ་ངེས་པར་དུ་སྨན་པར་བསྟེན་གཏུགས་ཀྱིས་བརྟག་དཔྱད་བྱེད་དགོས།
¨ དེ་མིན་ཟླ་མཚན་འབབ་པའི་གནས་སྐབས་སུ་ཁྲག་མཁྲིས་འཕེལ་བའི་ཟས་སྐོམ་རོ་ཚ་བ་དང་སྐྱུར་བའི་རིགས་དཔེར་ན་སྡོར་རམ་སྨན་སྣ་མང་པོ་ཡོད་པའི་ཟས། སུར་པན་(སི་པན་) ནིམ་བུ། སྙལ་ཚལ་(pickle) སོགས་དང་། ཡང་གྲང་བ་འཕེལ་བར་བྱེད་པའི་རོ་མངར་བའི་ཟས་སྐོམ་རྒྱ་གར་གྱི་མངར་ཟས་རིགས་(Jalebi, ladoo etc) དང་ཆུ་མངར་མོ་(cold drinks, fruit juices) ལྟ་བུ། འཁྱགས་སྒམ་ནས་བཏོན་པའི་ཆུ་གྲང་མོ། འཁྱགས་པ་བྱེ་རིལ་སོགས་ལ་འཛེམ་དགོས།
¨ཟླ་མཚན་འཛག་བཞིན་པའི་གནས་སྐབས་སུ་སྤྱོད་ལམ་མི་རྔུལ་ཙམ་བཅག་པ་ལས་ལུས་རྩལ་ཤིན་ཏུ་དྲག་པོའམ་ཉིན་གང་ཉལ་བ་སོགས་རྩོལ་བཅག་རྩ་བ་ནས་མེད་པ་མིན་པ། གོས་སྲབ་པོ་སོགས་གྱོན་ནས་ལུས་ཡོངས་སམ་ལྷག་པར་དུ་རྒྱུ་ཞབས་དང་མཁལ་རྐེད་རྐང་པ་སོགས་ལུས་སྨད་གྲང་དུ་མི་བཅུག་པ། འཁྲིག་སྤྱོད་སྤོང་བ། སྐྱེ་ལམ་དང་མཚན་ཁར་ཆུ་དྲོན་མོས་ཉིན་ལྟར་བཀྲུས་ནས་གཙང་མ་ཉར་བ། འདོམས་ཤོག་(Sanitary napkin/pad)གམ་སྲིང་བལ་(tampon)གཙང་མ་བེད་སྤྱོད་བྱེད་པ་མ་ཟད། ཆུ་ཚོད་གསུམ་བཞིའི་ནང་ཚུན་ལ་འདོམས་ཤོག་ཐེངས་རེ་བརྗེ་བོ་རྒྱག་ཐབས་བྱེད་དགོས།
¨ཟླ་མཚན་འཛག་སྐབས་རྒྱུ་ཞབས་དང་རྐེད་པར་ན་ཟུག་ཆེར་ལྡང་ཚེ་སྨན་པར་བསྟེན་གཏུགས་མ་བྱེད་པར་ཐད་ཀར་ཟུག་བཅག་གི་སྨན་ (over the counter, OTC drugs) འདྲ་མིན་བསྟེན་པའམ་གཞོན་དུས་སྐྱེས་འགོག་གི་སྨན་ཚོད་མེད་བསྟེན་ཚེ་བུད་མེད་ཀྱི་སྐུལ་རྒྱུའི་(hormone)བྱེད་ལས་ཉམས་པས་ཟླ་མཚན་མི་སྙོམས་པ་སོགས་བྱུང་།
¨ཁྲག་ཚབས་ཀྱི་སྔོན་འགོག ཁྲག་ཚབས་ཀྱི་ནད་ནི་ན་ཚོད་ཀྱི་ཆ་ནས་དར་མའི་གནས་སྐབས་སུ་བྱུང་བ་མང་བ་དང་། ཁྲག་དང་མཁྲིས་པ་ཤས་ཆེ་བ་ལས་གྱུར་པས་ཟས་སྐོམ་ཚ་སྐྱུར་དཔེར་ན། སྨན་སྣའི་རིགས་(spices)སུར་པན་རིགས། སྐྱུར་འབྲས་རིགས་ (citric fruits) སྐྱུར་རྩི་རྒྱབ་ནས་སྙལ་སྦྱོར་བྱེད་པའི་ཟས་རིགས་(fermented foods) སྙལ་ཚལ་འདྲ་མིན་(kimchi, pickle) ཆང་རག(alcohol)བཅས་དང་། དྲོད་ཆེ་བའི་ཟས་ལུག་ཤ་དང་། ཤ་རྙིང་། མར་རྙིང་། བུ་རམ་ལ་སོགས་པ་བཟའ་བཏུང་བསྟེན་དྲགས་རྒྱུ་མེད་པ་ཡིན། སྤྱོད་ལམ་དུ་བང་རྒྱུག་གཏོང་བ་དང་། དྲག་ཤུལ་བྱས་པ། མི་ཐེག་བཞིན་དུ་ཁུར་བ། ས་བརྐོས་པ། འཛིང་ག་བཀྱེ་བ་སོགས་རྩོལ་བཅག་དྲག་པོའི་རིགས་དང་། རང་གི་རྒྱུད་ལ་གློ་བུར་དུ་ཞེ་སྡང་དྲག་པོ་སྐྱེས་པ་དང་ཉིན་གུང་ཚ་བའི་དུས་གཉིད་ལོག་པ་སོགས་སྤོང་དགོས། དེ་དག་ལས་ལྡོག་སྟེ་ཟས་སྐོམ་སྙོམས་ཤིང་བཅུད་དང་ལྡན་ལ་སྤྱོད་ལམ་དྲག་ཤུལ་མིན་པར་དལ་བར་འདུག་དགོས་སོ།།
¨རླུང་ཚབས་ཀྱི་སྔོན་འགོག རླུང་ཚབས་ཀྱི་ནད་ནི་རླུང་ཤས་ཆེ་བ་ལས་གྱུར་པ་ཡིན་པས་རོ་ཁ་བ་དང་ནུས་པ་ཡང་ལ་རྩུབ་པའི་ཟས་རིགས་དཔེར་ན། བྷོག་ཅོཡེ་(bok choy)དང་པཱ་ལག་(spinach) ལ་སོགས་པ་སྔོ་ཚལ་ལྗང་ཁུའི་རིགས། ཚལ་ཁ་ཏིག ཐེའུ་པད་ཚལ་(broccoli) དི་བའི་ཏོག་མ་(artichoke) ཤིང་འབྲས་ཚ་ལུ་མ་དང་ནིམ་བུ། སྣེའུ་འབྲུ་(amaranth) མོན་ཆག་(millet) པི་པི་ལིང་(pepper) ལ་སོགས་པའི་སྨན་སྣའི་རིགས་བཅས་སྤོང་བའམ་ཉུང་ངུ་ལས་བསྟེན་མི་རུང་། བཏུ་བའི་དུས་ལས་ཡོལ་བའི་འབྲུ་དང་། ཤིང་འབྲས་སོགས་མ་སྨིན་པ། ཡུན་ལོན་པས་ཁེངས་པོར་གྱུར་པའི་ཟས་རིགས་(stale)རུལ་སུངས་འགོག་རྫས་(preservatives)རིགས་ལྡན་པ་དང་ལས་སྣོན་བྱས་པའི་བཅོས་མའི་ཟས་རིགས་(processed)བཅས་བཅུད་ཞན་པའི་ཟས་སྐོམ་ཁོ་ན་ཡུན་རིང་མི་བསྟེན་པ། སྤྱོད་ལམ་དུ་འཁྲིག་པ་སྤྱད་དྲགས་པས་ལུས་ངལ་ཞིང་ཆད་པ། ཡུན་རིང་པོར་ཁ་ལག་མི་བཟའ་བར་ལྟོ་ཆག་པ། མཚན་མང་པོར་གཉིད་མེད་པར་གཉིད་ཆག་པ། གྲོད་ཁོག་སྟོང་པར་ལུས་ངག་གི་བྱ་བ་དྲག་ཅིང་ནན་གྱིས་འཇུག་པའི་དྲག་ཤུལ་བྱས་པ། གཏར་བ་དང་རྨས་སྐྱོན་བྱུང་བ་ལས་ཁྲག་མང་དུ་ཟགས་པ། ལྷག་པས་བུས་ཏེ་ལུས་གྲང་བ། འཁྲུ་སྐྱུག་དྲག་པོས་བཏབ་པ། མྱ་ངན་དང་སེམས་ཀྱི་ལས་ཆེ་བ། ཉིན་མཚན་བསྟུད་ནས་ཁ་ཡི་ལས་ཧ་ཅང་ཆེས་པ་སོགས་སྤང་ལ། བཤང་བ་དང་གཅིན་པ་ལ་སོགས་པ་ཆེད་དུ་བཀག་པ་དང་། མི་འབྱུང་བཞིན་དུ་ནན་གྱིས་བཙིར་བ་སོགས་མཐའ་དག་སྤོང་དགོས། དེ་དག་ལས་ལྡོག་ཏེ་ཟས་དྲོད་བཅུད་དང་ལྡན་པ་དང་སྤྱོད་ལམ་གྲང་ལྷགས་དང་རླན་གཤེར་སྤང་སྟེ་དྲོད་ཅན་བསྟེན་དགོས་སོ།།
ག ནུ་མའི་ནད།
ནུ་མའི་ངོ་སྤྲོད།







ནུ་མ་ནི་བྲང་ཁོག་གི་ཤ་སྒྲིམ་འགེབས་པའི་ཚིལ་གྱི་ཕུང་གྲུབ་ལས་གྲུབ་པའི་ཆ་ཤས་ཤིག་ཡིན། ཕྲུ་གུར་མཁོ་བའི་འོ་མ་སྐྲུན་པའི་དམིགས་བསལ་ཁྱད་ཆོས་ལྡན་ཡོད། འོ་མ་སྐྲུན་མཁན་གྱི་ནུ་མའི་ཆ་ཤས་རྣམས་ལོབྷ་
(lobe)ཞེས་པའི་ཚན་པ་ ༡༥-༢༠ ནང་སྒྲིག་ཅིང་། ཚན་པ་རེ་རེའི་ནང་ཚུད་ལ་ཡང་ལོབྷུལ་(lobules)ཞེས་པ་འོ་མ་བཟོ་སྐྲུན་བྱེད་སའི་ཆ་ཤས་ཆུང་བ་མང་པོ་ཡོད། འོ་མ་ནི་ཐོག་མར་ཌྐཊ་(duct)ཞེས་པའི་འོ་མའི་བུ་གུ་ཤིན་ཏུ་ཕྲ་བ་དང་། དེ་ནས་རིམ་བཞིན་བུ་གུ་སྦོམ་པ་རྒྱུད་པགས་པའི་ཁར་ནུ་ཏོག་ཏུ་ཐོན་ཡོད། ནུ་ཏོག་གི་མཐའ་འཁོར་དུ་པགས་མདོག་ནག་པོས་སྐོར་བ་དེ་ལ་ཨ་རིཡོ་ལ་(areola)ཞེས་ཟེར། སྦྲེལ་བྱེད་ཕུང་གྲུབ་དང་ཆུ་རྒྱུས་ཀྱིས་ནུ་མར་སྐྱོར་ཏེ་བཟོ་དབྱིབས་གཏོད་པ་དང་། དབང་རྩས་ཚོར་བ་བྱིན་གྱི་ཡོད། ནུ་མར་ཁྲག་རྩ་དང་རྨེན་རྩ། རྨེན་བུ་བཅས་ཀྱང་ཡོད།
ཟས་སྐོམ་གྱི་དྭངས་མ་རྣམས་ལས་རིམ་བཞིན་འབྱུང་བའི་ཐ་མ་ཁམས་དཀར་དམར་གྱི་ཆ་ཤས་གཉིས་སུ་ཡོད་པའི་ཁམས་དཀར་པོ་ནི་མངལ་དང་ལྡན་པའི་སྐབས་སུ་ནུ་མ་ལ་རྒྱས་ཏེ་གནས་ལ་ཕྲུ་གུ་བཙས་ནས་འོ་ཐག་མ་ཆོད་བར་དུ་ཕྲུ་གུའི་གསོས་སུ་གྱུར་གྱི་ཡོད། དེ་ལྟར་ན་རྟག་ཏུ་ཟས་སྐོམ་འཇུ་སླ་ཞིང་། དུས་སུ་བཏུས་པ། ཟ་ཚོད་ཤེས་པ་དགོས་ཤིང་སྤྱོད་ལམ་མཐའ་གཉིས་སུ་མ་ལྷུང་བར་དགོས་གལ་ཆེ། བུད་མེད་སྦྲུམ་མའི་གནས་སྐབས་སུ་ནུ་མར་དམིགས་བསལ་གྱི་དོ་སྣང་བྱ་སྲོལ་ཡོད་ཀྱང་། རྒྱུན་དུ་ནུ་མའི་འཕྲོད་བསྟེན་ལ་དེ་བས་དོ་སྣང་བྱ་རྒྱུ་གལ་ཆེ། ནུ་མའི་འཕྲོད་བསྟེན་ཚུལ་བཞིན་མ་བྱེད་ཚེ་ནུ་མའི་ཁྲག་ཚབས་དང་། ནུ་མའི་སྐྲན་གྱི་རིགས། ནུ་མའི་འབྲས་ནད་སོགས་ནུ་མ་དང་འབྲེལ་བའི་ནད་ཕོག་སྲིད་པ་ཡིན།
ནུ་མའི་ནད་ཀྱི་སྔོན་འགོག་བྱ་ཚུལ།
ནད་མེད་ཐ་མལ་སྐབས་ཀྱི་ནུ་མའི་ཁྱད་ཆོས་རྣམས་ལེགས་པར་ཤེས་པ་གལ་ཆེ་སྟེ། གལ་ཏེ་འབྱུང་འགྱུར་ནུ་མར་ནད་བྱུང་ཚེ་དུས་ཐོག་ངོས་འཛིན་བྱེད་ཐུབ། ནུ་མར་དུས་རྒྱུན་མ་ཡིན་པའི་སྐྲངས་པོ་སོགས་བྱུང་ཡོད་མེད་བརྟག་ཕྱིར་རང་ངོས་ནས་ནུ་མ་བརྟག་དཔྱད་བྱེད་སྟངས་ཤེས་དགོས།
ནུ་མ་གཉིས་དབར་ཆེ་ཆུང་ཡོད་པ་དང་། ནུ་མ་གཅིག་ནུ་མ་གཞན་དེ་ལས་ཅུང་འོག་ཏུ་འཕྱང་བ། ནུ་ཏོག་གི་མཐའ་འཁོར་ལ་སྤུ་ཡོད་པ། ཟླ་མཚན་གྱི་སྔོན་རྗེས་སུ་ནུ་མར་ན་ཟུག་ལྡང་བའམ་ནུ་མ་སྐྲངས་བ་སོགས་ནི་རྒྱུན་ལྡན་ཡིན།
སྦྲུམ་མའི་གནས་སྐབས་སུ་ནུ་མ་ཆེར་རྒྱས་པ་དང་། ནུ་ཏོག་ནག་ཏུ་ཕྱིན་པ། ནུ་མའི་གཡས་གཡོན་གྱི་ཁྲག་རྩ་རྣམས་གསལ་བ་བཅས་བྱུང་གི་ཡོད་པ་ཡང་རྒྱུན་ལྡན་ཡིན།
ཕྲུ་གུ་བཙས་རྗེས་ནུ་མ་དེ་བས་ཆེར་རྒྱས་ཏེ་འོ་མས་ཁེངས་པའི་རྐྱེན་གྱིས་ནུ་མ་མཁྲེགས་པོར་གྱུར་བ་དང་། ཕྲུ་གུར་ནུ་མ་སྣུན་འགོ་འཛུགས་མཚམས་ནུ་མ་ལྷོད་དུ་འགྲོ་ཡི་ཡོད། ནུ་མ་བསྣུན་པའི་དུས་ཡུན་ནང་ནུ་མར་རྨ་ཆགས་པ། ནུ་ཏོག་གས་པ། འོ་མའི་བུ་གུ་འགག་པ། ནུ་མར་གཉན་ཁ་རྒྱས་པ་བཅས་བྱུང་སྲིད།
ཡང་ནུ་མར་དུས་རྒྱུན་མ་ཡིན་པའི་གོང་བུ་མཁྲེགས་པོ་ལྟ་བུ་མངོན་པ། ནུ་མའི་མཐའ་འཁོར་དང་། སྒྲོག་རུས། མཆན་ཁུང་བཅས་སུ་སྐྲངས་པ་བྱུང་བ། ནུ་ཏོག་གི་མཐའ་འཁོར་གི་པགས་པ་རྣམས་སྐམ་པ་དང་། གས་པ། མཐུག་པོ་ཆགས་པ། ནུ་ཏོག་ནས་ཁྲག་དང་རྣག་འཛག་པ། ནུ་མ་ཚ་དྲོད་ཆེ་ལ་ཟ་འཕྲུག་ལངས་པ་སོགས་བྱུང་ཚེ་ངེས་པར་དུ་སྨན་པར་བསྟེན་དགོས།
སྤྱིར་བཏང་བུད་མེད་ཐ་མག་འཐེན་མཁན་དང་ཆང་རག་འཐུང་མཁན། བུད་མེད་ཕྲུ་གུ་མེད་པའམ། ལོ་ན་ ༣༠ རྗེས་ཕྲུ་གུ་བཙས་པ། ལོ་༡༢ གོང་ལ་ཟླ་མཚན་དང་པོ་དེ་བབས་པའམ་ཟླ་མཚན་ཆད་མཚམས་ཀྱི་ཡོངས་གྲགས་དུས་ཚོད་ལས་འགྱངས་པ། ཟླ་མཚན་ཆད་མཚམས་ཀྱི་དུས་སུ་སྐུལ་རྒྱུའི་སྨན་འགའ་ཞིག་ལོ་ལྔ་ལས་མང་བ་ཟོས་པ། སྐྱེས་འགོག་གི་སྨན་ཚོད་མེད་བསྟེན་པ་བཅས་ལ་ནུ་མར་ནད་འཕོག་སླ་བ་ཡོད།
བུད་མེད་རྣམས་ལོ་ན་ཇི་ཙམ་རྒས་པ་དེ་ཙམ་དུ་ནུ་མའི་འབྲས་ནད་སོགས་འཕོག་ཉེན་ཆེ་བ་ཡོད་པས་སྨན་པར་བསྟེན་གཏུགས་རྒྱུད་ལོ་ན་ ༥༠ ཡན་གྱི་བུད་མེད་རྣམས་ནས་ནུ་མའི་བརྟག་དཔྱད་(mammogram) ངེས་པར་དུ་ལོ་གཅིག་གཉིས་ནང་ཚུད་ཐེངས་རེ་ཙམ་བྱ་རྒྱུ་གལ་ཆེ།
ཐ་མག་དང་ཆང་རག་སྤང་བ། ལུས་ཀྱི་ལྗིད་ཚད་སྙོམ་པོར་གནས་ཐབས་བྱེད་པ། ཉིན་ལྟར་རྩོལ་བཅག་རན་པར་བྱེད་པ། དུས་སུ་བཏུས་པའི་ཤིང་ཏོག་དང་སྔོ་ཚལ་རིགས་སོས་པ་བསྟེན་པ། རྒྱུན་དུ་རང་ངོས་ནས་ནུ་མ་བརྟག་དཔྱད་བྱེད་པ་བཅས་ཀྱིས་ནུ་མའི་ནད་གཞི་སྔོན་འགོག་གང་འཚམ་བྱེད་ཐུབ།
རང་ངོས་ནས་ནུ་མ་བརྟག་དཔྱད་བྱེད་སྟངས།
 རང་ངོས་ནས་ནུ་མ་བརྟག་དཔྱད་བྱ་བར་སྲོལ་ལུགས་འདྲ་མིན་ལ་ཐབས་ལམ་སྣ་ཚོགས་སྒོ་ནས་བྱེད་སྲོལ་ཡོད།
དང་པོ། གན་རྐྱལ་དུ་ཉལ་ནས་བརྟག་པ།
གན་རྐྱལ་དུ་དྲང་ཐད་ཉལ་ན་ནུ་མའི་ཕུང་གྲུབ་ལ་བརྟག་དཔྱད་བྱེད་སླ་བ་ཡོད། ནུ་མ་གཡས་པ་བརྟག་ཕྱིར་རང་གི་ལག་པ་གཡས་པ་མགོ་བོའི་འོག་ཏུ་བཞག་ཏེ་ལག་པ་གཡོན་པའི་སོར་མོ་རྣམས་ཀྱིས་ནུ་མ་གཡས་པའི་མཐའ་འཁོར་ལ་གནོན་ཤུགས་འཇམ་ལ་བརྟན་པའི་ཐོག་སྟེང་ནས་འོག་དང་མཐའ་ནས་མཐའ་བར་རྒྱ་ཁྱོན་ཆུང་ངུར་སྒོར་སྒོར་བྱེད་དེ་མར་གནོན་དགོས། བརྟག་དཔྱད་དེ་བྱེད་སྐབས་སྒྲོག་རུས་ནས་བྲང་ཁའི་བར་དང་མཆན་ཁུང་ནས་བྲང་དཀྱིལ་བར་ཁྱབ་ཐུབ་པ་དགོས། ནུ་མའི་ཕུང་གྲུབ་ཀྱི་ཆགས་རིམ་འདྲ་མིན་རྣམས་མྱོང་ཕྱིར་གནོན་ཤུགས་ཀྱང་འདྲ་མིན་སྤྲད་དགོས། ཕྱིར་ཆགས་པའི་ནུ་མའི་ཕུང་གྲུབ་ཆེད་གནོན་ཤུགས་ཆུང་བ་དང་། བར་དུ་ཆགས་པའི་ནུ་མའི་ཕུང་གྲུབ་ཆེད་གནོན་ཤུགས་འབྲིང་བ། གཏིང་ལ་གནས་པའི་ནུ་མའི་ཕུང་གྲུབ་ཆེད་གནོན་ཤུགས་དྲག་ལ་བརྟན་པ་བཅས་སྤྲད་དགོས་སོ།།
གཉིས་པ། ཙོག་པུར་འདུག་པའམ་ཡར་ལངས་ཏེ་བརྟག་པ།
༡། ནུ་མའི་ཕུང་གྲུབ་མཆན་ཁུང་ངོས་སུ་ཁྱབ་ཡོད་པས་དེར་འཆང་དགོས། ནུ་ཏོག་ག་ལེར་བཙིར་ཏེ་གཤེར་ཁུའི་རིགས་འཛག་མིན་བརྟག་པ།
ལག་པ་གཡས་པ་བེད་སྤྱོད་བྱེད་དེ་གོང་གི་བྱ་རིམ་ཡོངས་རྫོགས་ནུ་མ་གཡོན་པར་བསྐྱར་ཟློས་བྱེད་དགོས། བུད་མེད་འགའ་ཤས་ཀྱིས་བརྟག་དཔྱད་འདི་ལུས་པོ་ཆུ་ཆར་འོག་ཁྲུས་སྐབས་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ལུས་པོ་ཆུས་སྦང་སྐབས་ནུ་མ་འཕུར་མཉེ་རྒྱུད་སྐྲངས་པོ་དང་གོང་བུ་སོགས་མྱོང་ཚོར་ཐུབ་སླ་བ་ཡོད།
༢། མེ་ལོང་མདུན་དུ་ལངས་ཏེ་བརྟག་པ། མེ་ལོང་མདུན་དུ་ཡར་ལངས་ཤིང་ལག་པ་གཉིས་ཁ་ཐུག་མར་བཞག་སྟེ་ནུ་མའི་པགས་པ་ཀོང་ཀོང་ཆགས་པ། གཉེར་འཁུམ་བྱེད་པ། ཉག་འབུར་བྱུང་བ། ཚ་ལུ་མའི་ཤུན་པགས་ལྟ་བུར་འགྱུར་བ་སོགས་དང་། ནུ་མའི་དབྱིབས་དང་ཕྱི་ཐིག ནུ་ཏོག་གི་ཁ་ནང་དུ་གཏད་པ་བཅས་ཀྱི་ནུ་མར་འགྱུར་ལྡོག་ཡོད་མེད་བརྟག་པ། ཡང་ལག་པ་གཉིས་ཀ་ཡར་རྐྱོང་པའམ་ལག་པ་གཉིས་དཔྱི་མགོར་བཞག་སྟེ་གོང་གི་བརྟག་ཐབས་དེ་ལྟར་བྱེད་དགོས།
བརྟག་དཔྱད་དེ་དག་རྒྱུད་ནུ་ཏོག་ནས་གཤེར་ཁུའི་རིགས་འཛག་པ་དང་། ནུ་མའི་དབྱིབས་དང་ཁ་དོག ཆེ་ཆུང་བཅས་ལ་འགྱུར་བ་མངོན་པ། ནུ་ཏོག་དམར་པོར་འགྱུར་བ། ནུ་མར་དུས་རྒྱུན་མ་ཡིན་པའི་གོང་བུ་མཁྲེགས་པོ་ལྟ་བུ་མངོན་པ་བཅས་བྱུང་ཚེ་ངེས་པར་དུ་གང་མྱུར་སྨན་པར་བསྟེན་དགོས། རང་ངོས་ནས་ནུ་མ་བརྟག་དཔྱད་བྱ་འདོད་མེད་པའི་བུད་མེད་རྣམས་ཀྱིས་ཀྱང་རང་གི་ནུ་མ་འཆར་ཅན་ཇི་ལྟར་མངོན་པ་དང་ཚོར་བ་བཅས་ལ་རྟག་ཏུ་དོ་སྣང་ཡོད་པའི་ཐོག་ནུ་མར་རྒྱུན་ལྡན་མ་ཡིན་པའི་མངོན་ཚུལ་དང་ཚོར་སྣང་བཅས་བྱུང་ཚེ་སྨན་པར་ངེས་པར་བསྟེན་གཏུགས་བྱེད་དགོས། ཡང་ནུ་མར་འགྱུར་བ་བྱུང་བ་ཙམ་གྱིས་ནད་ཡོད་པའི་ཁྱབ་པ་མེད།
ཟླ་མཚན་བབས་པའི་གནས་སྐབས་སུ་བརྟག་དཔྱད་དེ་ཟླ་མཚན་ཆད་ནས་ཉིན་ལྔ་ཙམ་རྗེས་བྱེད་པ་དང་། ཟླ་མཚན་ཆད་མཚམས་ཀྱི་གནས་སྐབས་སུ་ཟླ་རེའི་ཉིན་མ་གཅིག་རང་ལ་བརྟག་དཔྱད་འདི་བྱེད་དགོས། བརྟག་དཔྱད་དེ་དག་རྒྱུད་ནུ་འབྲས་ལྟ་བུ་ནུ་མའི་ནད་སྔ་རོལ་ནས་ངོས་འཛིན་ཐུབ་པ་དང་དེ་ལ་བཅོས་ཐབས་ཀྱང་མྱུར་བ་ཡོང་གི་ཡོད།
ལྔ་པ། སྐར་རྩིས་རིག་པའི་ཐབས་ལམ།
མོ་ནད། སྨུག་པོ་དལ་ཡམས་སྦྲུམ་མའི་ནད། རིམས་ནད་ཁྲག་ནད་རྨ་ནད་དང་། །བུད་མེད་ཁྲག་ཚབས་མོ་ནད་རིགས། གཟའ་སྐར་ས་བདག་སོགས་མེ་ཁམས་ཀྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། མཁའ་གྲོ་གྲིབ་སེལ་ལམ། ཁྲུས་གསོལ་བྱ། བྱེད་ཐུབ་ན་མ་མོའི་མདོས་དང་དེ་མ་བྱུང་ཚེ། མ་མོ་འཁྲུལ་སྐོང་གི་གཏོར་མ་གཏོང་། ཤ་བརྒྱ་ཟན་བརྒྱ་འམ་འཆང་བུ་བརྒྱ་ཚར་གཏོར་མ་གཏོང་། །ཀླུ་བསངས་དང་ཀླུ་གཏོར་གཏོང་། ལྷ་བསངས་གཏོང་། ཆོས་སུ་ཚེ་མདོ་ཚེ་གཟུངས་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། རིམས་ནད་ཞི་བའི་གཟུངས་རྣམས་འདོན། ཟན་ནམ་སྤག་གི་རྟའི་གླུད་ཀྱི་གཟུགས་དམར་ཞུར་གཡུ་དང་ཟངས་ཆུང་བཀལ་ལ། བརྩི་བྱ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ། །གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔགས་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་། ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ། །འདི་ནི་ནད་རིགས་བྱེ་བྲག་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་པ་དང་། འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།   
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།