སྨན་རྩིས་དྲ་བ། - པགས་ནད།

 

པགས་ནད།
དང་པོ། པགས་ནད་ཀྱི་ངོ་སྤྲོད།
ཕྱིའི་པགས་པ་ནི། ལུས་མཛེས་པར་བྱེད་པའི་ཡན་ལག་ཙམ་མ་ཡིན་པར་ནད་གཞི་པགས་འགྲམས་ཤར་རྒྱས་སོགས་ནད་འཇུག་པའི་སྒོ་ཐོག་མ་དེ་ཡིན་པར་བརྟེན་འཕྲོད་བསྟེན་གཅེས་སྲུང་ལ་བལྟོས་པའི་དམིགས་བསལ་གྱི་ཆ་ཤས་གལ་ཆེན་པོ་ཞིག་ཀྱང་ཡིན། ཡང་འཇིག་རྟེན་དུ་པགས་པའི་ཁ་དོག་ལ་དམིགས་ཏེ་སྒྲོ་བཏགས་སྣ་ཚོགས་པ་ཞིག་ཡོད་པ་ནི། མི་རིགས་སོ་སོའི་ལྷན་སྐྱེས་ཀྱི་པགས་པའི་ཁ་དོག་གང་ཡིན་པ་དེར་བློ་ཡིད་མ་ཚིམ་པར་རྟོག་པའི་གཞན་དབང་གིས་ཁ་དོག་གཞན་དུ་སྒྱུར་བའི་དོན་མེད་ཀྱི་ལས་ལ་ཞུགས་པ་མང་པོ་མངོན་རྒྱུ་ཡོད། ཕལ་ཆེར་འཇིག་རྟེན་པའི་ཁམས་དང་མོས་པ་དེ་དག་ལ་ཐུགས་རྗེས་གཟིགས་ནས་འཇིག་རྟེན་མགོན་པོས་ངེད་ཅག་ལམ་སྣ་འདྲེན་པའི་སླད་དུ་མཆོག་གི་སྤྲུལ་སྐུའི་པགས་པ་སྲབ་ཅིང་འཇམ་ལ་གསེར་གྱི་ཁ་དོག་འདྲ་བ་དང་། སྨན་བླའི་སྐུ་མདོག་བཻཌཱུརྱ་སྔོན་པོའི་ཚུལ་འཛིན་པ་ཡིན་སྙམ།                   

གཤམ་གསལ་ཡ་ང་བའི་པགས་ནད་ཡོད་པ་རྣམས་ལ་ནི་རང་གི་ལྷན་སྐྱེས་ཀྱི་ཁ་དོག་དེ་ནམ་འཐོབ་སྙམ་པ་ཡོད་ན། ད་ལྟ་ནད་མེད་ཐ་མལ་ཀྱི་པགས་པ་ཡོད་པ་དེ་ཉིད་གཅེས་པར་བཟུང་དགོས་པ་གལ་ཆེ། གང་ལགས་ཤེ་ན། ནད་མེད་ཕྱི་པགས་དེ་ནི་ཕྱི་རོལ་ཁམས་ཀྱི་གནོད་པའི་རིགས་ལས་སྲུང་སྐྱོབ་བྱེད་མཁན་རིམ་པ་དང་པོ་ལྟ་བུ་ཞིག་ཡིན་པ་མ་ཟད། ནང་གི་གཟུགས་ཁམས་བདེ་ཐང་གི་ལྐོག་གྱུར་གནས་ཚུལ་གསལ་བར་སྟོན་པའི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན།
བོད་ཀྱི་གསོ་བ་རིག་པའི་ལུགས་སུ་པགས་པ་ནི་ཉེས་པ་རླུང་མཁྲིས་གཉིས་ཀྱི་ཐུན་མོང་གི་གནས་ཤིག་ཡིན། ཁྱད་པར་མཁྲིས་པ་མདོག་གསལ་གྱི་གནས་ཡིན་ལ་དེའི་བྱེད་ལས་པགས་པའི་མདོག་གསལ་བར་བྱེད་པ་ཡིན་པ་དང་། དེ་བཞིན་ཁྱབ་བྱེད་རླུང་རྒྱུ་བར་བྱེད་པ་དང་། གྱེན་རྒྱུའི་རླུང་གིས་ལུས་ཀྱི་མདངས་དང་ཁ་དོག་གསལ་བར་བྱེད་པས་པགས་པའི་ནད་ལ་ཉེས་པ་རླུང་མཁྲིས་གཉིས་ཀ་ལའང་དོ་སྣང་བྱེད་དགོས།
མདོར་ན་ལུས་ལ་གནས་པའི་ལྷན་སྐྱེས་ཀྱི་སྲིན་དང་ཆུ་སེར་གདོན་ལ་སོགས་རྐྱེན་གྱིས་ལུས་ཡོངས་ལ་འདག་ཞལ་བྱས་པ་ལྟ་བུའི་པགས་པའི་གནས་གང་ཡང་རུང་བར་ཟ་འཕྲུག་ལངས་ཤིང་ཆུ་སེར་འཛག་པ་དང་། རང་མདོག་གཞན་དུ་འགྱུར་བ། བ་སྤུ་འབྱི་བ། ཤུ་ཐོར་ཐོན་པ་སོགས་མི་བཟོད་པའི་ཟུག་རྔུ་འབྱིན་པའི་གནས་སྐབས་ཤིག་ལ་པགས་ནད་ཅེས་བརྗོད་པ་ཡིན།

གཉིས་པ། རྒྱུ་རྐྱེན།
པགས་པའི་ནད་ལ་རྒྱུ་རྐྱེན་གཙོ་ཆེ་ཤོས་བཞི་ཡོད་དེ། ལྷན་སྐྱེས་སྲིན་དང་། ཆུ་སེར་གཉིས་འཕེལ་བ། གློ་བུར་གདོན་གྱིས་གཙེས་པ། ཟས་སྤྱོད་བསྟེན་ཚུལ་ལོག་པས་འདུ་བ་རླུང་མཁྲིས་བད་ཀན་གསུམ་འཁྲུགས་པ་བཅས་ཡིན།
དང་པོ་སྲིན་ནི། ཟས་སྤྱོད་མི་མཐུན་པ་དཀར་མངར་འོ་མ་དང་ཞོ། ཀ་ར། བུ་རམ་ལ་སོགས་པ་བསྟེན་དྲགས་པའི་དབང་གིས་ལྷན་སྐྱེས་སྲིན་འཁྲུགས་པ་ཡིན། དེ་ཡང་མཁྲིས་པའི་སྲིན་ནི་པགས་པ་ལ་གནས་པ་ཡིན་པས་འདིའི་སྐབས་མཁྲིས་སྲིན་འཁྲུགས་པའི་དོན་ཡིན་པ་དང་།
གཉིས་པ་ཆུ་སེར་ནི།ཟས་སྐོམ་གཉིས་ལེགས་པར་ཞུ་བ་ལས་བྱུང་བའི་ལུས་ཟུངས་བདུན་གྱི་ཐོག་མ་དྭངས་མ་དང་། དེའི་དྭངས་མ་ཁྲག་ཡིན་པ་དང་། ཁྲག་ལའང་དྭངས་སྙིགས་གཉིས་སུ་ཕྱེ་བའི་དྭངས་མ་ཤ་དང་། སྙིགས་མ་སྣོད་མཁྲིས་སུ་གསོག སྣོད་མཁྲིས་ཀྱི་དྭངས་མ་ཆུ་སེར་དུ་གྱུར་བ་ཡིན། དེ་ལ་ལྡང་ཚད་གང་ཟག་སོ་སོའི་སྙིམ་པ་བཞི་རེ་ཡོད་པར་གསུངས། ཆུ་སེར་འཕེལ་བའི་རྒྱུ་རྐྱེན་གཙོ་བོ་ནི་མ་ཞུ་བ་ཡིན་ཏེ། སྣུམ་བཅུད་སོགས་ཟོས་དྲགས་པས་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་པར་བྱེད་པ་ཡིན། ཆུ་སེར་དེ་ཁྱད་པར་ཕྱི་པགས་ཤ་མདངས་ཀྱི་བར་དུ་གནས་པ་དེ་ལྷག་པར་འཕེལ་བ་ལས་པགས་ནད་རྣམ་པ་སྣ་ཚོགས་ཤིག་སྟོན་པ་ཡིན།

གསུམ་པ་གདོན་ནི།
པགས་ནད་ལ་ཟས་སྤྱོད་སྨན་དཔྱད་ཀྱི་གཉེན་པོའི་རིམ་པ་ཇི་ཙམ་བསྟེན་ཀྱང་ཕན་སྐྱེད་མངོན་གསལ་མེད་པ་ཡིན་ན་ནད་འདི་ཕྱི་རྐྱེན་གློ་བུར་གདོན་གྱིས་གཙེས་པ་ཞིག་ལ་ངོས་འཛིན་ནས་དེ་ལྟར་མཐུན་པའི་ཆོ་ག་ཕྱག་ལེན་རྣམས་བསྟེན་དགོས། དེ་ཡང་གདུག་པ་ཀླུའི་གདོན་ལ་ཕོག་ཐུག་བྱུང་བས་ཁྲག་མཁྲིས་ལས་བྱུང་བའི་ཆུ་སེར་ནག་པོ་ལུས་ལ་རྒྱས་པ་དང་། ཆུ་སེར་བསྲུལ་བས་ལུས་ཀུན་མ་རུང་བར་བྱེད་པ་གསུངས་པ་ཡིན།

བཞི་པ་འདུ་བ་འཁྲུགས་པ་ནི།
སྤྱིར་རྣམ་པར་མ་གྱུར་བའི་གནས་སྐབས་སུ་ཉེས་པ་རླུང་མཁྲིས་བད་ཀན་གསུམ་བརྩེ་གདུང་ཆེ་བའི་ཕ་སྤུན་དང་འདྲ་བར་མཐུན་པར་གནས་པ་ཡིན་ལ། གལ་ཏེ་ཡང་ཞིང་གཡོ་བའི་རླུང་དང་། རྣོ་ཞིང་ཚ་བའི་མཁྲིས་པ། ལྕི་ཞིང་བསིལ་བའི་བད་ཀན་གྱི་མཚན་ཉིད་འཕེལ་ཟད་འཁྲུགས་པའི་ཟས་སྐོམ་དམན་ལྷག་ལོག་པར་བསྟེན་པ་ཡིན་ན། དེ་དག་ནད་དུ་རྣམ་པར་གྱུར་ཏེ་རླུང་པགས་ལ་འགྲམས་པས་རེག་བྱ་རྩུབ་ལ་བརྩེ་བ་དང་། དེ་བཞིན་མཁྲིས་པས་ཟ་འཕྲུག་བྱེད་པ་དང་། ཤུ་བ་ཐོར་པ་ཐོན་ཅིང་ཆུ་སེར་དང་ཁྲག་མཁྲིས་འཛག་པ་ཡིན། བད་ཀན་གྱིས་པགས་ནད་བས་བལྡགས་དང་གཡའ་བ་བཅས་མངོན་དུ་གྱུར་བ་ཡིན། དེ་དང་ཟས་སྤྱོད་ཁྱད་པར་སྤོད་སྣ་མང་བའི་ཁ་ཟས་དང་། དྲོད་བཅུད་ཆེ་བའི་ཤ་རིགས། ཆང་ལ་སོགས་སྐྱུར་རིགས། འོ་མ་ལས་བཟོས་པའི་མངར་ཤས་ཆེ་བའི་ཁ་ཟས། ནམ་དུས་ཚ་བའི་སྐབས་རྩོལ་བཅག་དྲགས་པ་སོགས་མདོར་ན་གཙོ་བོ་ཁྲག་མཁྲིས་ཁམས་ལྷག་པར་འཕེལ་བའི་ཟས་སྤྱོད་རྣམས་ཀྱིས་པགས་ནད་སྐྱེད་པར་བྱེད་པ་ཡིན།

གསུམ་པ། དབྱེ་བ།
མན་རྒྱུད་ལེའུ་ ༦༡ ལས། པགས་ནད་ལ་དབྱེ་བ་ནི་ཤ་བཀྲ་དང་། གླང་ཤུ། མཛེར་པ། ཟ་རྐོང་། ཤུ་བ། སྲིན་ཐོར། ངོ་ཤིག ངོ་ཁབས། ཁྱེ་མ་བཅས་དབྱེ་བ་དགུ་ཕྱེ་ཡོད།

བཞི་པ། ནད་རྟགས།

༡ ཤ་བཀྲ།
Øཤ་བཀྲ་ནི་ཐོག་མ་ལུས་ཀྱི་གནས་ངེས་མེད་ལ་སྐྱ་ཐིག་དོན་ཏེ་རྗེས་སུ་རིམ་བཞིན་མཆེད་ཅིང་ཚ་དུབ་འབྱུང་བ་དང་ཟ་འཕྲུག་ལངས་ནས་ཤུན་པགས་ཕྲན་བུ་ཕྱེ་གཏོར་བ་ལྟར་ཀོག་པ།
Øདེ་བཞིན་ལུས་པོའི་ཤ་མདོག་འགྱུར་ཏེ་ཤ་ཁྲ་ཁྲར་འགྱུར་བ། 
Øབྱེ་བྲག་ཏུ་རླུང་ལས་གྱུར་བའི་ཤ་བཀྲའི་པགས་མདོག་ནི་སྨུག་ལ་ནག་ཅིང་རྩུབ་པ་དང་། མཁྲིས་པ་ལས་གྱུར་བ་ནི་བ་སྤུ་འབྱི་ཞིང་མདོག་དམར་ལ་ཚ་འབྲབ་བྱེད་པ། བད་ཀན་ལས་གྱུར་བའི་པགས་པ་གཡའ་བ་སྟེ་ཟ་འཕྲུག་ཆེ་ཞིང་པགས་མདོག་སྐྱ་ལ་མཐུག་པ་ཡོང་།
༢ གླང་ཤུ། 
Øཔགས་ནད་གླང་ཤུ་ནི་གླང་གི་གཉའ་བའི་པགས་པ་ལྟར་རྩུབ་པོ་ཆགས་པའི་པགས་ནད་ཅིག་རེད།
Øཐོག་མར་སྐེ་དང་། མཇིང་པ། ལྟག་པའི་གནས་སུ་ཟ་འཕྲུག་ལངས་པ་དང་འབྲུམ་སིབ་ཐོན་གྱི་ཡོད།
Øཟ་འཕྲུག་ལངས་ནས་ཚ་འུར་རྒྱག་པ་དང་། སྦར་བྲད་བརྒྱབ་རྗེས་རྨ་སྐོགས་ལིང་ལིང་དུ་བུད་ནས་འོག་གི་པགས་མདོག་དམར་སྨུག་ཆགས་ཏེ་ཁྲག་འཛགས་པ།
Øཔགས་མདོག་སྐྱ་ལ་དཀྱིལ་སྲབ་པ་དང་། འཇམ་ཞིང་མཐའ་རྩུབ་ལ་མཐུག་པ། མཆེད་པར་བྱེད་པས་བས་བལྡགས་ཀྱང་ཟེར་གྱི་ཡོད།        

༣ མཛེར་པ།
Øཔགས་ནད་མཛེར་པ་ལ་ར་མཛེར་དང་ལུག་མཛེར་གཉིས་ཀྱིས་དབྱེ་ཡོད།
Øམཛེར་པའི་རང་བཞིན་ནི། པགས་མདོག་དཀར་འཇམ་ཆུང་བ་ཕལ་ཆེར་རྐང་མཐིལ་སོགས་སུ་བྱུང་བ་ལུག་མཛེར་དང་། རྒྱ་མཛེར་རམ་ར་མཛེར་ནི་ནག་ལ་ཆེ་བ་ཡོད།
Øམཛེར་པ་སེལ་བའི་སྔགས་བཅོས་མན་ངག་ཏུ། ཁྱེད་ཀྱི་ཕ་ནི་ར་ཛ་ཛ། ཁྱེད་ཀྱི་མ་ནི་རུ་ཛུ་ཛུ། ཁྱེད་རང་སྟེང་ཁོང་ཁོག་རུལ་ཡིན། ཞེས་པའི་སྔགས་འདི་ཐོ་རངས་ལྟོ་སྟོང་དུས་གྲངས་མང་འདོན་དགོས་པ་ཡིན། གལ་ཏེ་དེས་བས་ཀྱང་སེལ་དཀའ་ཚེ་མཛེར་ཁྲག་དབྱུང་བས་ཕན་པ་གསུངས།


༤  ཟ་རྐོང་།
Øཟ་རྐོང་ངམ་རྔོ་ནི་ཕྱིའི་རྟགས་ལ་བལྟས་ནས་བཏགས་པའི་ནད་ཀྱི་མིང་ཞིག་ཡིན།
Øཔགས་ནད་དེ་ལྟ་བུ་ནི་ལུས་ཀྱི་ཆ་ཤས་མགོ་བོ་དང་། བྱང་ཁོག ཡན་ལག་སྟེང་སྐྱི་སྐོགས་དཀར་པོ་གོན་པ་ལྟར་གནས་ངེས་མེད་དུ་བཟོད་གླགས་མེད་པའི་ཟ་འཕྲུག་ལངས་ཞིང་སྦར་འབྲད་བཏང་དགོས་པའི་གནས་སྐབས་རྗེས་སུ་ཁྲག་དང་ཆུ་སེར་འཛགས་པ་ཡིན།
Øམཐར་སྐྲ་དང་བ་སྤུ་བུད་པ་དང་། པགས་ཤུན་ཕྱིར་ལྷུང་བ། པགས་པ་སེར་ག་གས་པ་སོགས་འགོས་ཁྱབ་ཆེ་བའི་པགས་ནད་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

༥ ཤུ་བ།
Øཔགས་ནད་ཤུ་བ་ནི་ཐོག་མར་ལུས་ཀྱི་པགས་པ་གས་ཤིང་རྩུབ་ལ་དྲོད་ཆེའམ་ཡང་ན་གྲང་ཞིང་གཡའ་བ་སྟེ་ཟ་འཕྲུག་ཆེ་བ་ཡོང་།
Øཤུ་བ་ཟེར་བ་དེ་ནི་མགོ་བོ་དང་། སྣ་ཁུང་། ཁའི་མཐའ་འཁོར། ཡན་ལག་སོགས་ཀྱི་པགས་པའི་ཐོག་ཆུ་བུར་ཅན་གྱི་འབྲུམ་ཐོར་དོན་ནས་རྣག་ཆུ་འཛག་པ་དང་། འགོས་ཁྱབ་ཆེ་བའི་ནད་ཅིག་རེད།
Øལྷག་པར་བྱིས་པའི་ཁྲོད་དུ་མཐོང་བའམ་བྱུང་བ་མང་བའི་པགས་ནད་ཅིག་རེད།
འཁྲུལ་སོ་བསལ་བ། གླང་ཤུ་དང་། གཡན་པ། ཟ་རྐོང་སོགས་ཟ་འཕྲུག་ཅན་གྱི་པགས་ནད་ཡིན་པ་འདྲ་ཡང་། གླང་ཤུ་ནི་སྐྱི་སྐོགས་དཀར་ཡང་རྨའི་པགས་པ་ནི་མཐུག་ལ་མཁྲེགས་པ་མེས་འཚིག་པ་ལྟར་གྱི་ཐོར་པ་བྱུང་ནས་རིམ་བཞིན་རྨ་རུ་འགྱུར་བ་དང་། གཡན་པ་ནི་སྐྱི་སྐོགས་དཀར་པོ་ལངས་པའམ་མངོན་ཡང་རྨ་དང་པགས་པ་སྙོམས་པ་དང་། པགས་ནད་ཟ་འཕྲུག་འབྱུང་ཞིང་ཆུ་སེར་འཛག་པའི་ནད་ཞིག་ཡིན། ཟ་རྐོང་ནི་རྨའི་པགས་པ་ལས་དམའ་བའམ་རྐོང་བུ་ཆགས་པ། བ་སྤུ་བྱི་ཞིང་གཡའ་བའམ་ཟ་བ། ཤ་མདོག་སྔོ་ནག་འགྱུར་ཞིང་གཞན་ལ་འགོ་བར་འགྱུར་བའི་པགས་ནད་ཅིག་ཡིན།

༦ སྲིན་ཐོར།
སྲིན་ཐོར་ནི་གདོང་སྐྲངས་ཏེ་ཐོར་པ་རྩེ་དཀར་ཞིང་ནག་ལ་ཆོ་ལེབ་ཅན་དུ་བྱུང་བའི་པགས་ནད་ཅིག་ཡིན།




༧ ངོ་ཤིག
Øངོ་ཤིག་ནི་གདོང་ལ་སྨེ་བ་ལྟ་བུ་སྲབ་མོས་ཁྱབ་པའི་པགས་ནད་རིགས་ཤིག་ཡིན།
Øདེ་ལ་ངོ་ཁབ་གྲོ་ཐིག་ཅན་ཡང་ཟེར།


༨ ཁབས།
Øཁབས་ནི་པགས་མདོག་དཀྱུས་མ་དང་མི་འདྲ་བར་སྐྱ་ཐེར་སྣ་ཚོགས་ཤར་བ་ཡིན།



༩ ཁྱེ་མ།
Ø ཁྱེ་མ་ཟེར་བ་ནི་ངོ་གདོང་སོགས་ལ་པགས་མདོག་གཅིག་གིས་མ་ ཁེབས་པར་སྲུབས་ལུས་པའི་ནད་ཅིག་རེད།
Øཁབས་དང་ཁྱེ་མ་གཉིས་ཀྱི་པགས་མདོག་ནི་སྐྱ་ལ་རྩུབ་པ་ཡོང་ཞིང་རིམ་བཞིན་གློག་པ་ཅན་དུ་འགྱུར་གྱི་ཡོད།




ལྔ་པ། བཅོས་ཐབས།
པགས་ནད་བྱེ་བྲག་སོ་སོའི་བཅོས་ཐབས་ཅུང་ཟད་མི་འདྲ་བ་ཡོད་མོས་ཀྱང་། སྤྱི་ཡོངས་ཀྱི་བཅོས་ཐབས་ནི་གཅིག་མཚུངས་ཡིན། ཐོག་མར་ཟས་སྐོམ་སྙོམས་པ་དང་བྱ་སྤྱོད་ཚུལ་ལྡན་ཞིག་བསྟེན་རྒྱུ་གལ་ཆེ། གལ་ཏེ་དེ་དག་གྱིས་ཀྱང་བཅོས་མ་ཐུབ་ཚེ་གསོ་རིག་གཞུང་ལས་གསུངས་པ་ལྟར་ཁོང་སྨན་བསྟེན་པའམ། ཕྱི་ནས་པགས་ནད་ཡོད་སར་བྱུག་སྨན་རྒྱག་པ་དང་། ཆུ་ལུམས་བཅས་རིམ་བཞིན་སྨན་བཅོས་གནང་རྒྱུ་ཡོད།

དྲུག་པ། སྔོན་འགོག
གནོད་པའི་ཟས་སྐོམ་རིགས།
གནོད་པའི་ཟས་སྐོམ་རྣོ་ལ་ཚ་བ་སྤོད་སྨན་རིགས།(Spices) དང་། སྐྱུར་རིགས་སྦི་ཡར་དང་ཆང་། སྐྱུར་རུམ་སྦྱོར་བ།(Pickles) ད་ཏྲིག་གམ་ཨིམ་ལི།(Tamarind) བཅས་དང་། བཏུང་བ་སྐོམ་ལས་ཆུ་མངར་མོའི་རིགས་དང་།(Aerated drinks) འཚིག་ཇ།(Coffee) འོ་མའི་ཐོན་རྫས་རིགས།(Dairy Products) དཔེར་ན། ཞོ། ཕྱུར་བ། དར་བ། འོ་མའི་སྤྲིས་དང་བཅས། བརྔོས་བསྲེགས་བྱས་པའི་ཞོག་ཁོག(Chips) དྭངས་འབྱེད་བྱེད་པའི་མངར་རིགས།(Refined Sugar) རྫས་སྦྱོར་བྱས་པའི་བཅོས་མའི་ཁ་ཟས།(Processed foods with chemical additives) ཁ་ཟས་འཚོས་དྲགས་པ།(Overcooked) སྣུམ་ཚིལ་དང་བརྔོས་འཚིག་ཅན་གྱི་ཁ་ཟས། (Oily and fried food) སྒོག་བཙོང་། རྡོ་ལུམ་མ།(Brinjal) ཤ་རིགས་ལས་ཕག་ཤ་དང་། ཉ་ཤ གླང་ཤ སྡིག་སྲིན། འབུ་ཤཱ་མིག(Shrimp) བཅས་དང་། གཡོས་སྦྱོར་ཆེད་དུ་ཇང་ཡུས་(Soy) དང་།  ཚུའུ།(Vinegar) མ་ཡོ་ནིས།(Mayonnaise) སྒོ་ང་། ཤིང་ཏོག་འབྲི་ཏ་ས་འཛིན་དང་། ཆུ་ག་གོན།(Watermelon) དང་སྐོགས་མཁྲེགས་ཤིང་འབྲས་ཀཱ་ཇུ། ཨལ་མོན། བཱ་དཱམ་ལ་སོགས་པ་པགས་ནད་ཅན་ལ་གནོད་པས་ངེས་པར་སྤོང་དགོས།
ཕན་པའི་ཟས་རིགས།
སྤྱིར་རླུང་སོགས་ཀྱིས་རྐྱེན་པས་པགས་པའི་རེག་བྱ་རྩུབ་ལ་སྐམ་ཞིང་གས་པར་འགྱུར་བ་དང་། དེའི་གཉེན་པོར་འཐུང་བ་གང་མང་བསྟེན་ན་ལུས་པོའི་པགས་པ་རྣམས་མཉེན་པོར་གྱུར་ཐུབ། དམིགས་བསལ་ལེ་མོན་(Lemon) ཆུ་ཡིས་ཁྲག་གཙང་མ་བཟོ་པ་དང་། བྲུམ་ཤ་འམ་ཕར་ཤིའི་འབྲུ་དང་།(Pumpkin seeds) སོ་མ་ར་ཛའི་འབྲུ།(Hemp seeds) སྲན་མ་ཅ་ནདང་སྲན་མའི་རིགས། ཉ་ཕྱིས་(Oyster) ཀྲོ་མ་ཀྲོ། སྐྱུར་འབྲས།(Amla) ཨེ་ཝོ་ཁ་ཌོ།(Avocado) ཀུ་ཤུ ཚ་ལུ་མ། སྟར་ཀ(Walnut) ཨོ་ལིབ་སྣུམ།(Olive Oil) ཤིང་ཏོག་ཀི་བི།(Kiwi) ཤི་ཏ་ཀི་ཤ་མོང་།(Shitake Mushroom) སྔོ་ཚལ་ལྗང་ཁུ་རིགས།(Green Leafy Vegetables) བཅས་པགས་ནད་ལ་བཟང་བ་དང་སླར་པགས་ནད་མ་འབྱུང་བའི་སྔོན་འགོག་ཐོག་ཕན་ཐུབ།
སྤང་བླང་བསྟན་པའི་སྤྱོད་ལམ།
Øརང་ཉིད་སེམས་ཞི་བདེ་དང་བག་ཕེབས་ལྷོད་པོ་གནས་རྒྱུ་གལ་ཆེན་ཡིན།
Øདེ་ལས་ཟློག་པ་དངངས་སྐྲག་དང་། སེམས་ངལ། དྲག་ཤུལ་གྱི་བྱ་བ་རྣམས་སྤོང་དགོས།
Øགནས་རླན་གྲང་དུ་ཡུན་རིང་གནས་པ་སོགས་སྤོང་དགོས།
Øཞོགས་པའི་ཉི་འོད་ལ་བདུག་ན་པགས་ནད་གསོ་བར་ཕན།
Øཔགས་ནད་རྙིང་པའི་རིགས་ལ་བདུད་རྩི་ལྔ་ལུམས་དང་ཡང་ན་རང་བྱུང་ཆུ་ཚན་གྱིས་ཕན་ཡོན་ལྡན་པས་བསྟེན་ན་ལེགས།
 
བདུན་པ། ཐུགས་སྣང་དགོས་པ།
Øརྒྱུན་དུ་པགས་པའི་ནད་ཅན་རྣམས་ནས་བཟའ་བཏུང་ཚ་སྐྱུར་རིགས་དང་སྤྱོད་ལམ་རླན་གྲང་ལས་ངེས་པར་འཛེམ་དགོས།
Øཁ་ཟས་ནང་ལན་ཚྭ་རིགས་ཉུང་ཙམ་བསྟེན་རྒྱུ་གལ་ཆེ།
Øརྒྱུ་ཆུ་སེར་དཀར་ནག་གི་རྐྱེན་པས་པགས་ནད་གང་ཡིན་རུང་རླུང་ལ་མར་རྙིང་དང་། མཁྲིས་པར་ཕག་ཚིལ། བད་ཀན་ལ་སྦྲང་རྩི་བྱུག་ན་ཕན།
Øགཉན་རིམས་པགས་ལ་བབས་པ་མེ་དབལ་ལམ་མེ་ལྕེ་འཁོར་ལོ་ནི་འགོ་ནད་ཅིག་ཡིན། དེ་དམིགས་བསལ་གདོང་དང་། མཇིང་པ། ཡན་ལག་སོགས་ལ་པགས་དབྱིབས་ཟུར་མང་ཅན་གྱི་འབྲུམ་ཐོར་ཐོན་པ་ཡིན། དེ་ཡི་ནད་རྟགས་སུ་བརྩེ་འདར་དང་། ཤ་པགས་གཡའ་ལ་ཚ་ཙག་བྱེད་པ། ལྷག་པར་དུ་མཚན་མོ་ཟ་འཕྲུག་དེ་བས་ཆེ་བ་དང་བྲད་བྲད་བཏང་རྗེས་སྒོར་དབྱིབས་ཟུར་མང་ཅན་གྱི་འབྲུམ་ཐོར་དམར་པོ་ལེབ་མོ་ཐོན་པ་དང་ཚ་ཟུག་རྒྱག་པ། འབྲུམ་པ་དམར་ཞིབ་ཅན་དེ་རྐེད་པར་འཁོར་ན་ཤིན་ཏུ་ངན་པས་ཡིད་གཟབ་གནང་དགོས།
Øབྱིས་པའི་ནང་དུ་བྱེ་བྲག་ཁ་ཟས་འོ་མ་དང་། སྒོ་ང་། བཱ་དམ། གྲོ། ཇང་ཡུས། སྐོགས་མཁྲེགས་ཤིང་འབྲས་རིགས་དཔེར་ན། སྟར་ཀ པེ་ཀན་སྟར་ཀ ཨལ་མོན། རྣམས་བརྒྱ་ཆ་ ༩༠ ཙམ་ཁ་ཟས་མི་འཕྲོད་པ་(Food allergy) ཁོངས་སུ་གཏོགས་པས་མ་མཆོད་པར་ཡིད་གཟབ་དང་། ཕྲུ་གུ་པགས་ནད་ཡོད་པ་རྣམས་ནས་ཟས་སྐོམ་དེ་རིགས་ངེས་པར་སྤོང་དགོས།
Øཟ་ཁུ་གཅིན་སྙིའི་ནད་ཅན་འགའ་རེར་པགས་པ་རྩུབ་ལ་ཟ་འཕྲུག་མང་བ་དང་། ཐོར་པ་རྨ་ཅན་རིགས་སྣ་ཚོགས་ཐོན་སྲིད་པས་དུས་དུས་སུ་ཟ་ཁུ་གཅིན་སྙིའི་བརྟག་དཔྱད་དང་སྨན་བཅོས་མུ་མཐུད་གནང་རྒྱུ་གལ་ཆེ།
Øསྤྱིར་ཟ་འཕྲུག་ལ་ཞོའི་རུ་མའམ་རྩབས་ཀྱིས་བཀྲུས་རྗེས་ནིམ་པ་དང་། ནག་མཚུར། ཏིལ། གི་ཝང་བཅས་རྩབས་དང་སྦྱར་བའི་ལྡེ་གུས་བྱུགས།
Øགཞན་ཡང་སོ་མ་ར་ཛ་དང་། ཤུ་དག ཙི་ཏྲ་ཀ ལི་ཤི་བཅས་ལས་སྒྲུབ་པའི་ཟོ་མར་དང་སྦྱར་ནས་བྱུགས་ན་ཤུ་བ་དང་ཟ་རྐོང་པགས་ནད་རིགས་སེལ་ནུས།
Øདེ་བཞིན་དུས་རྒྱུན་དུ་མགོ་དང་ལུས་པོ་སོགས་གཡེར་མའི་ཆུའམ། ཡང་ན་ཤུག་ཆུས་ཟླ་རེར་ཐེངས་གཉིས་སམ་གསུམ་བཀྲུས་ཐུབ་ན་པགས་ནད་རིགས་ཀུན་ལས་སྔོན་འགོག་ཐུབ། མཐར་གོང་གི་བྱ་སྤྱོད་ཐུགས་སྣང་དང་མཉམ་དུ་པགས་པའི་ནད་ཅན་རྣམས་ནས་ཁོང་དུ་བོད་སྨན་དང་ཕྱི་རུ་བོད་ཀྱི་སྨན་རྩིས་ཁང་ནས་བཟོ་བསྐྲུན་གནང་བཞིན་པའི་གཤམ་ཏུ་གསལ་བའི་བྱུག་སྨན་དང་ལུམས་སོགས་བསྟེན་ན་པགས་པའི་ནད་གཞི་ལས་གྲོལ་བར་རོགས་བྱེད་དོ།།

བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།
པགས་ནད།  སྐྲན་དང་ཟ་འཕྲུག་ས་ཕུག་རྡིབ། །པགས་ནད་ཤུ་བ་ལ་སོགས་པ། ཤ་པགས་ཕྱི་ཡི་ནད་བདུན་ནི། རྨེན་བུ་ན་བ། ཤ་རྨེན་སྐྲངས་པ། མཁྲིས་པ་རྣག་ཏུ་གྱུར་པ། མེས་ཚིག་པ། རྒྱ་ཤུ། ཟ་རྐོང་། ཆུ་སེར། པགས་འགྲམ་དག་གི་ནད་ཡིན་ནོ། །གཟའ་སྐར་ས་བདག་སོགས་ས་ཁམས་ཀྱི་གནོད་པའི་ནད་རིགས་སོགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བྱེད་ཐུབ་ཚེ་མ་མོ་སྲིད་པའི་ཁྲོམ་མདོས་གཏོང་། དེ་ལྟར་མ་ཐུབ་ཚེ་མ་མོའི་འཁྲུལ་སྐོང་གཏོར་མ་གཏོང་། ཆོས་སུ་གཙུག་གཏོར་གདུགས་དཀར་དང་། སྤྲིན་ཆེན། ཀླུའི་སྤངས་སྐོང་། མཆུ་སྡེ་ལྔ། རྣམ་འཇོམས། ཕྱག་རྡོར་གྱི་གཟུངས་གང་མང་འདོན། ཀླུ་བསངས་དང་ཀླུ་གཏོར་གཏོང་། ཟན་ནམ་སྤག་གི་གླུད་མཛོ་འམ་ལུག་གི་གཟུགས་ལ། དར་མཚོན་སྣ་ལྔ་དང་། དར་ཟབ་གོས་ཆེན། དམག་ཆས་ཀྱི་ཕུབ། ནད་པའི་གོས་དང་བཅས་པ་ནད་པ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱ། དེའི་རྗེས་སུ་བྱེད་ཐུབ་ཚེ་བདུད་ཀྱི་ཞལ་བསྒྱུར་བྱ། དེ་ལྟར་མ་ཐུབ་ཚེ་ཤེས་སྙིང་བདུད་བཟློག་བྱའོ། གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔགས་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་། ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ། །འདི་ནི་ནད་རིགས་བྱེ་བྲག་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་པ་དང་། འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།     
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།