སྨན་རྩིས་དྲ་བ། - གྲུམ་བུ།

  

གྲུམ་བུ།


དང་པོ། གྲུམ་བུའི་ནད་ཀྱི་ངོ་སྤྲོད།
གསོ་རིག་གཞུང་ལས། ཚིགས་མིག་ཆུ་སེར་འཕེལ་བ་ཡིས། །འབྱོར་བྱེད་བྱེད་ལས་ཉམས་འགྱུར་ཏེ། །ཚིགས་རྣམས་ཆག་གྲུམ་ཤོར་བ་ལྟར། །གྱུར་བས་གྲུམ་བུ་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་གྲུམ་བུའི་ནད་ནི་རྒྱུན་མཐོང་རང་བཞིན་གྱི་རུས་ཚིགས་ལ་ཕོག་པའི་ནད་ཅིག་ཡིན་པས། ཕོ་བའི་མེ་དྲོད་ཉམས་པ་སོགས་ཀྱིས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་ཚིགས་གཞིར་ཞུགས་ཏེ། བད་ཀན་འབྱོར་བྱེད་ཀྱི་ནུས་མཐུ་ཉམས་པར་གྱུར་ནས་ཡན་ལག་གི་ཚིགས་ཀུན་ཆག་གྲུམ་ཤོར་བ་ལྟར་གྱུར་པས་གྲུམ་བུ་ཞེས་རུས་ཚིགས་རྣམས་ལ་ནད་བྱུང་ནས། མཐར་རུས་ཚིགས་ཀྱི་བཟོ་དབྱིབས་འགྱུར་བ་དང་སྦོས་སྐྲངས་ཆགས་ནས་ཡན་ལག་བརྐྱང་བསྐུམ་དཀའ་བར་གྱུར་བ་བཅས་ན་ཟུག་ཛ་དྲག་པོ་གཏོང་བ་ཞིག་ཡིན། ནད་འདི་གློ་བུར་དུ་སྲོག་ལ་རྒོལ་བ་ལྟ་བུའི་ཉེན་ཁ་ཆེར་མེད་ཀྱང་ཡུན་རིང་ནད་མནར་གྱིས་རྐྱེན་པས་ལུས་སེམས་གཉིས་ལ་དཀའ་ངལ་ཆེ་ཞིང་སྨན་བཅོས་ཀྱང་རྒྱུན་རིང་བྱེད་དགོས་པ་ཡིན། འདི་ནི་མི་རིགས་དང་ཕོ་མོ་རྒན་གཞོན་སོགས་དབྱེ་བ་མེད་པར་སུ་ལའང་ཕོག་སྲིད་པའི་ནད་ཅིག་ཡིན་ཏེ། ལྷག་པར་དུ་ལོ་ན་རྒན་པ་དང་། ལུས་ཁམས་འཚོ་ཆེ་ཞིང་རླུང་ཤས་ཆེ་བ་རྣམས་ལ་ཚིགས་གྲུམ་ནད་འབྱུང་བ་མང་ངོ་།།

གཉིས་པ། གྲུམ་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ།
གསོ་རིག་གཞུང་ལས། རྒྱུ་རྐྱེན་རླན་སྣུམ་ཡུལ་དང་སྣུམ་བཅུད་ཟས། །དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས། །ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་སྐྱེད། །ཅེས་པ་སྟེ། གྲུམ་བུའི་ནད་འདི་རྒྱུ་རྐྱེན་གང་ལས་བྱུང་ཞེ་ན། བརླན་གཤེར་ཆེ་བའི་ཡུལ་དང་། སྣུམ་པ་སྟེ་རྩི་ཤིང་ནགས་ཚལ་མང་བའི་ཡུལ་དུ་ཡུན་རིང་བསྡད་དྲགས་པ། ཁ་ཟས་ཀྱང་སྣུམ་བཅུད་ཆེ་བའི་རིགས་དཔེར་ན་ཤ་དང་མར་སོགས་ཟོས་དྲགས་པའི་རྐྱེན་ལས། ཁ་ཟས་ཟོས་པའི་དྭངས་མ་ཚུལ་བཞིན་རང་གནས་སུ་མ་སྨིན་པར་ཆུ་སེར་ཚད་ལས་བརྒལ་བ་དེ་ཉིད་ཤ་དང་རུས་པ།  རྩ་དང་ཆུ་རྒྱུས་ཚིགས་རྣམས་ལ་གནས་ནས་གྲུམ་བུའི་ནད་སྐྱེད་པར་བྱེད། གྲུམ་བུའི་ནད་འདི་ནི་ཐོག་མར་ཆམ་པ་དང་རིམས་ཚད་སོགས་མ་སྨིན་པའི་སྐབས་བཅོས་སྔས་པའམ་བཅོས་ཉེས་ཤོར་བ། ཕྲུ་གུ་བཙས་རྗེས་ཟས་སྤྱོད་ལོག་པ། ཆུ་གྲང་ནང་ལས་ཀ་བྱས་དྲགས་པ། ལུས་ཁམས་འཁྱགས་པ། བཞའ་ཚན་ཆེ་སར་བསྡད་ཆེས་པ། ལུས་ཤིན་ཏུ་ངལ་བ། འཚོ་བཅུད་མི་འདང་བ། ལུས་བརྡབ་རྨས་བྱུང་བ། སེམས་ཁམས་ལ་ཕོག་ཐུག་ཤུགས་ཆེན་བྱུང་བ། ཡང་སྒོས་སུ་གྲང་ལྷག་ཆེ་བའི་ས་གནས་དང་གནམ་གཤིས་ཀྱི་འགྱུར་ལྡོག་མང་ཞིང་བརླན་གཤེར་ཆེ་བའི་ས་ཆར་ནད་འདི་སློང་བ་ཧ་ཅང་མང་བ་ཡིན། ནད་འདིས་ནི་བད་ཀན་འབྱོར་བྱེད་ཀྱི་བྱེད་ལས་ཉམས་ཏེ་ཁྲུང་རུས་ཟད་ནས་ཚིགས་མིག་ཀུན་བརྐྱང་བསྐུམ་དཀའ་ཞིང་འགྲོ་བསྐྱོད་མ་ཐུབ་པ་ན་ཟུག་དྲག་པོ་བཏང་བ་ཞིག་ཡིན་པ་མ་ཟད།  དེང་སྐབས་ཕྱིའི་གནམ་གཤིས་ཀྱི་གྲང་ངར་ཙམ་མིན་པར་ཡུལ་ཚ་དྲོད་ཆེ་སར་ཁང་པ་དང་ལས་ཁུངས་སོགས་ཀྱི་ནང་རླུང་འཁོར་དང་། གྲང་གློག་རྒྱུན་རིང་བཏང་བའི་འོག་སྡོད་ཆེ་བ་སོགས་ཀྱིས་ས་ཁུལ་དམའ་སར་ཡིན་ཡང་གྲུམ་བུའི་ནད་པ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། མདོར་ན་མི་སོ་སོའི་རིགས་རྒྱུད་དང་རང་བཞིན་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་ཀྱང་གྲུམ་ནད་སློང་ངེས་ཡིན་ནོ།།

གསུམ་པ། གྲུམ་ནད་ཀྱི་རྟགས་བསྟན་པ།
གསོ་རིག་གཞུང་ལས། སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་པགས་བརྩེ། །གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག །ཤེད་ཆུང་སྒྱིད་སྐྱུར་ཤ་འབྲོས་རྔུལ་ཁ་སྙི། །རུས་ཚིགས་ཤ་རུས་འཁོལ་ཞིང་ཆུ་རྒྱུས་གྱོང་། །འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར། །ཆུ་དམར་རྩ་འཁྱུག་ཕྲ་མགྱོགས་གཏིང་ན་རྒྱུག །ཅེས་གསུངས་པ་ལྟར་གྲུམ་ནད་ཀྱི་སྤྱིའི་རྟགས་སུ་རླུང་ཚད་དང་འདྲ་བའི་ལུས་གྲང་ཤུམ་ཡུན་རིང་བྱེད་ཅིང་ཤ་པགས་བརྩེ་བ། ངོ་གདོང་ལ་སྣུམ་བག་བྱུང་བ། མགོ་བོ་དང་རྐེད་པ། དཔྱི་མིག་རྣམས་སུ་ན་ཟུག་ཡོད་པ། ལུས་ཤེད་ཆུང་ལ་སྒྱིད་ལུག་སྟེ་བྱ་བ་གང་ལ་ཡང་འཇུག་པ་མི་སྤྲོ་བ། ལུས་ཀྱི་ཤ་རིམ་གྱིས་འབྲོས་པ་སྟེ་སྐམ་པ། རྔུལ་ཁ་སྙི་བ་སྟེ་འགུལ་སྐྱོད་ཅུང་ཟད་ཙམ་གྱིས་ཀྱང་ལུས་རྔུལ་བ། རྐང་ལག་བཞི་བོ་རེས་མོས་བྱེད་པའམ་ཡང་ན་ཆ་སྒྲིག་ནས་ན་རེས་བྱེད་པ། རུས་ཚིགས་དང་ཤ་རུས་སོགས་ཁོལ་ཞིང་ན་བ། ཆུ་རྒྱུས་གྱོང་པོ་ཆགས་ཏེ་མཉེན་པོ་མེད་པར་གྱུར་པ། ལུས་འགུལ་སྐྱོད་བྱས་ཚེ་ལྷག་པར་ན་ཟུག་དྲག་པོས་སྐད་ངན་འཆོར་བ། མཚན་མོ་ལྷག་པར་ན་བ། ཉིན་མོ་གཉིད་མི་ཐུབ་ཅིང་མཚན་མོ་བྱ་ལྟར་ཡེར་བ་མ་ཟད། ཚིགས་རྣམས་གཡས་གཡོན་དུ་འཁྱོག་ཅིང་ཐུར་དུ་བབས་སྐབས་པུས་མོས་གཟུགས་པོའི་ལྗིད་ཁྱོག་དཀའ་ཞིང་པུས་ཚིགས་སུ་ན་ཟུག་ཤིན་ཏུ་ཆེ་བ་བཅས་གྲུམ་ནད་ཀྱི་ཟིན་པའི་རྟགས་ཡིན་པས་སྔ་ས་ནས་དུས་འགྱངས་སུ་མ་སོང་བར་སྨན་པ་བསྟེན་གཏུག་བྱ་གལ་ཆེ་བ་ཡིན།

ལྷག་པར་གྲུམ་ནད་ཚ་གྲང་གཉིས་ལས་ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་རྐྱེན་གྱིས་ཏྲེམ་ནག་གམ་ཚ་གྲུམ་ནི། ཐོག་མར་ཆམ་པ་དང་རིམས་ཚད་རིགས་ཀྱིས་ཆུ་སེར་གཡོས་ནས་ཚ་བ་རྒྱག་པ་དང་སྦྲགས་དཔུང་ཚིགས་དང་། གྲུ་ཚིགས། པུས་ཚིགས་སོགས་ལྷུ་ཚིགས་ཆེ་གྲས་ཁག་གཡོ་སྐྲངས་བྱེད་ཅིང་གཡས་གཡོན་ཆ་བསྒྲིགས་ནས་རེས་མོས་ཀྱིས་ན་ཟུག་གཏོང་བ་མ་ཟད། ནད་གཞི་ལྕི་རུ་འགྲོ་སྐབས་ཚ་དྲོད་ཆེ་རུ་ཕྱིན་ནས་རུས་ཚིགས་རྣམས་སྐྲངས་ཤིང་དམར་སྨུག་ཆགས་པ་དང་། རུས་ཚིགས་འཁོལ་བའམ་ཁ་འབྱེད་པ་ལྟ་བུའི་ཟུག་གཟེར་ལྡང་དུབ་ཅན་གཏོང་བ། ཤ་པགས་བརྩེ་ཞིང་སྦྲིད་པ། ལྷག་པར་དུ་སྟོན་དཔྱིད་གཉིས་དང་།  གནམ་གཤིས་འགྱུར་ལྡོག་བྱུང་བ། མཚན་མོའི་དུས། ལུས་འཁྱགས་པ་བཅས་ཀྱི་སྐབས་སུ་ནད་གཞི་ལྷག་པར་ལྡང་ཡོང་གི་ཡོད་པ་རེད།  ནད་ཡུན་རིང་ཙམ་སོང་བའི་རྗེས་ཡན་ལག་དང་། མཁལ་རྐེད།  སྐེ་མཇིང་སོགས་ཀྱི་ཚིགས་རྣམས་བཟོ་དབྱིབས་རིམ་ཤོར་གྱིས་གྲུམ་ནད་ཀྱི་ནད་རྟགས་གསལ་བར་མངོན་ཐུབ་པ་ཡོད་ཀྱང་སྨན་གྱི་བཅོས་ཐབས་ཡོད་པས་སེམས་ལ་བཅང་དགོས། །གསོ་རིག་གཞུང་ལས། གྲུམ་ནག་ཁྲག་མཁྲིས་ཚ་བ་ཤས་ཆེ་བས། །སྐྲངས་མདོག་ནག་ཅིང་ཟུག་ཆེ་རྩ་ཆུ་ཚ། །ཞེས་སོ།།

བད་རླུང་གྲང་བ་ཤས་ཆེ་བའི་རྐྱེན་གྱིས་ཏྲེམ་དཀར་རམ་གྲང་གྲུམ་ནི། ནད་འདི་ལྡང་བཞིན་པའི་སྐབས་སུ་ནད་རྟགས་རྣམས་ཚ་གྲུམ་དང་དབྱེ་བ་ཆེར་མེད་ཅིང་། ཐོག་མར་རྐང་ལག་གི་ཚིགས་ཕྲན་ཁག་གཡས་གཡོན་འཁོད་སྙོམས་པར་ན་ཞིང་སྐྲངས་པོ་ཆུང་ལ་རིམ་བཞིན་ལྷུ་ཚིགས་ཆེ་གྲས་ཁག་ལ་མཆེད་པ་མ་ཟད། ཟས་སྐོམ་གྱི་དང་ག་ཞན་ལ་ལུས་སྟོབས་དང་རྐང་ལག་གི་ཤ་ཤུགས་ཉམས་པ། ལྷག་པར་དགུན་དུས་གྲང་ངར་ཆེ་སྐབས་ན་བ། ཞོགས་པ་ཆུ་རྒྱུས་གྱོང་ཞིང་རེངས་པ། སྒུལ་སྐྱོད་བྱེད་སྐབས་ན་ཟུག་གཏོང་བ། གཞན་ཡང་དྲོད་བཅོས་དང་ཚ་བའི་ཡུལ་དུ་བདེ་སྙམ་བྱེད་པ། ཁ་ཟས་ཀྱང་ནུས་པ་ལྕི་ལ་བསིལ་བའི་རིགས་གནོད་པར་བཤད་པ་ཡིན།  མཐར་བད་ཀན་འབྱོར་བྱེད་ཀྱི་བྱེད་ལས་ཉམས་ནས་ཡན་ལག་རེངས་འཁུམས་ཆགས་ཏེ་སྒུལ་སྐྱོད་དང་བརྐྱང་བསྐུམ་གྱི་ནུས་པ་ཡོངས་སུ་ཤོར་ནས་ཉལ་སར་ལུས་པ་དང་། ལུས་སྟོབས་ཉམས་པ་སོགས་ལ་བཅོས་ཐབས་དཀའ་བས་སྨན་ཡུན་མུ་འཐུད་གང་ཐུབ་གཏོང་དགོས་པ་ཡིན་ནོ། །གསོ་རིག་གཞུང་ལས། གྲུམ་དཀར་བད་རླུང་གྲང་བ་ཤས་ཆེ་བས། །སྐྲངས་མདོག་དཀར་ཞིང་ཟུག་ཆུང་རྩ་ཆུ་གྲང་། །ཞེས་སོ།།

བཞི་པ། ཟས་སྤྱོད་ཀྱི་ཕན་གནོད།
གྲུམ་ནད་ལ་ཕན་པའི་ཟས་སྤྱོད།
ཕན་པའི་ཟས་སྐོམ་ཐད་རོ་ཚ་སྐྱུར་རྣོ་བའི་རིགས་ཏེ་སུར་པན་དང་ཆང་སྐྱུར་སོགས་མ་ཡིན་པ་འཇུ་སླ་བའི་རིགས་ཏེ་རྩམ་ཐུག་དང་ལ་ཕུག་གི་ཐུག་པ་དེ་བཞིན་འབྲས་ཐུག་ལ་ཤ་གསར་སོགས་ཀྱི་སྡོར་རྒྱབ་ཏེ་སྐོལ་ནས་བསྟེན་པ་དང་། ཚད་མཐུན་སྒོ་ནས་འཚོ་བཅུད་ལྡན་པའི་ཟས་རིགས་ཏེ་སྔོ་ཚལ་རིགས་དང་། འོ་མ་དང་། རུས་ཐང་སོགས་བསྟེན་ཚེ་ལུས་ཀྱི་ནད་འགོག་ནུས་པར་ཡང་ཕན་ཐོགས་ཆེན་པོ་ཡོང་ཞིང་ཟུངས་ཞན་དང་རུས་སོབ་སོགས་ཀྱི་ནད་གཞི་འགོག་པའི་ནུས་པའང་ཡོད།

ཕན་པའི་སྤྱོད་ལམ་ནི་ཉི་མའི་འོད་ལ་རན་ཙམ་བསྲོ་ལ་སྣུམ་དང་རྩི་མར་སོགས་བསྐུ་ནས་ཅུང་ཟད་མཉེད་དགོས་པ་མ་ཟད་རྒྱུན་དུ་གྲང་ངད་འགོག་ཐུབ་པའི་སྲིན་བལ་གྱིས་བཟོས་པའི་ཉལ་གོས་སོགས་གོན་པ་དང་།  སྡོད་ཁང་ཡང་རབ་བྱུང་ན་ས་ཡི་ཁང་བ་ཉིས་རིམ་དང་དེ་མིན་དྲོད་ཆེ་བའི་ཁང་པའི་ནང་དུ་བསྡད་ནས་གྲང་བའི་ནད་གཞི་མི་འབྱུང་བར་འབད་དགོས་པ་ཡིན། དེ་མིན་སྐབས་སྐབས་སུ་པུས་མོ་དང་མཁལ་རྐེད་སོགས་སུ་དྲོད་མེད་པའི་སྣང་ཚུལ་ཐོན་པའི་གནས་སུ་ཚྭའམ་བྱེ་མ་རྔོས་པའི་དྲོད་དུགས་རྒྱག་པ་དང་རུས་ཚིགས་ཁག་ལ་ན་ཟུག་ལྡང་ན་ཆུ་ཚ་པོའི་ནང་སྦངས་ནས་ན་ཟུག་འཇག་ཐབས་བྱ་དགོས། མདོར་ན་དུས་ཚིགས་བཞིའི་ཟས་སྐོམ་དང་སྤྱོད་ལམ་གྱི་སྤང་བླང་ནི་དུས་ཚིགས་སོ་སོས་ཁྱད་ཆོས་དང་སྦྱར་ཏེ་དབྱར་དགུན་གཉིས་ལ་ཟས་སྤྱོད་དྲོ་བའི་རིགས་དང་སྟོན་དཔྱིད་གཉིས་ལ་ཟས་སྤྱོད་བསིལ་བའི་རིགས་བསྟེན་འོས་པ་ཡིན་ནོ།།

གྲུམ་ནད་ལ་གནོད་པའི་ཟས་སྤྱོད།
གནོད་པའི་ཟས་སྐོམ་ཐད་ནད་ལྡང་བཞིན་པའི་དུས་རོ་ཚ་བ་དང་རྣོ་བའི་རིགས་ཏེ་སུར་པན་དང་སྒོག་བཙོང་། ཆང་རག་དང་ཐ་མག་གི་རིགས། སྨན་སྣ་གར་པོ། ཚིལ་ཞག་ཆེ་བའི་རིགས། ཞོག་ཁོག ཉུངས་མ། སྲོག་ཆགས་ཀྱི་ནང་ཁྲོལ་སོགས་མདོར་ན་རུལ་སྐྱུར་སྣུམ་ལྕི་ཚྭ་སོགས་དུག་འདྲ་ཤིན་ཏུ་གནོད་པས་སྤང་དགོས།

གནོད་པའི་སྤྱོད་ལམ་ཡང་དགུན་དུས་སྔ་དགོང་གཉིས་སོགས་སུ་ལུས་ཁམས་འཁྱགས་པ། ཞོར་དུ་འོས་འཚམས་ཀྱིས་ལུས་སྦྱོང་རན་ཙམ་མི་བྱ་བ་ལུས་འགུལ་སྐྱོད་ཉུང་བ། རྒྱུན་དུ་ཆུ་གྲང་ནང་ཞུགས་ཆེ་བ་དང་། རླན་སྟེང་དུ་ཉལ་བ་དང་བསྡད་དྲགས་པ། གྲང་མོའི་རིགས་ཀུན་ལ་གཟབ་ཅིང་གྲུམ་ནད་ཙམ་མ་ཟད་ནད་རིགས་གང་ཞིག་ཡིན་ཡང་དགོང་མོ་ཕྱི་པོར་ཆང་རག་དང་རྒྱན་པོ་འགྱེད་ནས་ནམ་བསྐྱལ་བ་སོགས་ཀྱིས་གནོད་པའི་སྤྱོད་ལམ་ཁག་སྤོང་དགོས་སོ།།

ལྔ་པ། གྲུམ་ནད་སྔོན་འགོག་བྱ་ཚུལ།
སྨན་བཅོས་ལས་སྔོན་འགོག་གལ་ཆེ་བའི་དཔེ་བཞིན་ནད་གང་འདྲ་ཞིག་ཡིན་རུང་སྤྱིར་རང་ཉིད་ཀྱི་ལུས་ལ་ནད་མ་བྱུང་སྔོན་དུ་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་ནི། གསོ་རིག་གཞུང་ལས། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤངས། །ཞེས་བསྟན་པ་ལྟར། མིའི་འཚོ་བ་དང་བསམ་བློའི་འཕེལ་འགྱུར་གྱི་རྒྱུད་རིམ་ཁྲོད་ནས། ཆེས་ཐོག་མར་མི་རྣམས་གྲོད་ཁོག་འགྲང་རྒྱུ་གཙོ་བོར་དམིགས་ནས་ཟ་མ་བཟས་ཤིང་། དེ་ནས་རིམ་བཞིན་ཞིམ་པའི་རོ་བཅུད་ཉམས་སུ་མྱོང་རྒྱུ་གཙོ་བོར་དམིགས་ནས་ཟ་མ་བཟས་པ་རེད།  ད་ཆ་འཚོ་བ་དང་བསམ་བློ་ཡར་རྒྱས་སུ་ཕྱིན་ཡོད་པའི་མི་རྣམས་ཀྱིས་ཟས་བཅུད་གཙོ་བོར་དམིགས་ནས་ཟ་མ་བཟའ་བཞིན་ཡོད་ཀྱང་དེང་སྐབས་སྔར་དང་མི་འདྲ་བ་སྤྱི་ཚོགས་ནང་རང་བྱུང་མིན་པའི་ཟས་སྐོམ་འདྲ་མིན་སྣ་ཚོགས་ཡོད་པ་དང་། མིའི་སྤྱོད་ལམ་ཡང་ཧ་ཅང་གི་འཁྲུག་ཆ་ཆེ་བའི་དུས་འདིར། རྒྱུན་ལྡན་འཚོ་བའི་ནང་ཟས་མི་མཐུན་པ་དང་སྤྱོད་ལམ་མི་མཐུན་པ་གཉིས་རང་རང་སོ་སོའི་དྲན་ཤེས་དང་ལྡན་པ་བྱ་དགོས།  ལྷག་པར་གྲུམ་བུའི་ནད་རིགས་གང་ཞིག་ཡིན་ཡང་རྒྱུན་དུ་སྔོན་འགོག་བྱ་དགོས་པ་སྟེ། ཆམ་པ་དང་རིམས་ཚད་སོགས་ཀྱི་ནད་ཕོག་སྐབས་དུས་ཐོག་ཏུ་སྨན་བཅོས་བྱ་དགོས་པ་དང་། ཟས་སྤྱོད་ལོག་པ། ལུས་ཁམས་འཁྱགས་པ། བཞའ་ཚན་ཆེ་སར་བསྡད་ཡུན་རིང་བ།  གྲང་ལྷག་ཆེ་བའི་གནས་དང་ཡང་སྒོས་སུ་གནམ་གཤིས་ཀྱི་འགྱུར་ལྡོག་མང་ཞིང་བརླན་གཤེར་ཆེ་བའི་ས་ཆར་སློང་བ་ཧ་ཅང་མང་བས་དེ་དག་ལ་དོ་སྣང་བྱ་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཆ་རྐྱེན་དང་ཕན་ཐོགས་ཆེ་ཡང་ཚ་དྲོད་ཆེ་བའི་ཡུལ་དུ་ཁང་པ་དང་ལས་ཁུངས་སོགས་སུ་རླུང་འཁོར་དང་གྲང་གློག་བེད་སྤྱོད་ཤུགས་ཆེན་བྱེད་པའི་འོག་བསྡད་ཡུན་རིང་བ། ཡང་གྲོང་གསེབ་ས་ཁུལ་དུ་ཞིང་ལས་དང་གོས་སོགས་འཁྲུ་སྐབས་ལག་ཤུབ་མེད་པར་ཆུ་ནང་ཡུན་རིང་ལས་ཀ་བྱེད་པ་བཅས་གྲུམ་ནད་སློང་གཞི་ཡིན་ཏེ། དུས་རྒྱུན་དུ་དྲན་ཞིང་ཤེས་པའི་སྒོ་ནས་དོ་སྣང་དང་། རྒྱུན་ལྡན་ཚིགས་དམིགས་སུ་གྲུམ་བུའི་བྱུག་སྣུམ་གྱིས་བསྐུ་མཉེ་བྱ་ཐུབ་ཚེ་རང་ཉིད་ལ་གྲུམ་བུའི་ནད་མི་འབྱུང་བར་དགེ་ཕན་དང་། ལྷག་དོན་ལུས་འཚོ་ཆེ་བས་ལུས་ཀྱི་ལྗིད་ཚད་མཐོ་དྲགས་པ་རྣམས་ལ་ཚིགས་གྲུམ་ནད་འབྱུང་ཉེན་ཆེ་བས་རྒྱུན་དུ་རང་གི་ལུས་བོངས་ལ་གཞིགས་ཏེ་ལྗིད་ཚད་རན་པ་བཟོ་གལ་ཆེ།  མདོར་ན་གོང་གི་གྲུམ་ནད་སློང་རྐྱེན་དང་གནོད་པའི་ཟས་སྐོམ་དང་སྤྱོད་ལམ་བཤད་པ་རྣམས་ལ་དོ་སྣང་བྱ་རྒྱུ་དང་། གོང་གསལ་ནད་རྟགས་རྣམས་རང་ཉིད་ལ་ཆ་ཚང་ངམ་རེ་གཉིས་བྱུང་འཕྲལ་ནད་ཀྱི་ཟུག་འཇགས་ཐབས་ཀྱི་སྨན་བསྟེན་པ་ཙམ་མ་ཡིན་པར།  དུས་འགྱངས་སུ་མ་སོང་བར་སྨན་པ་བསྟེན་གཏུགས་ཀྱིས་སྨན་པའི་ངག་བཞིན་སྨན་བཅོས་མུ་མཐུད་ལྷོད་མེད་བྱས་ནས་ནད་འདི་མི་འབྱུང་བའི་ཐབས་ལ་འབད་དགོས་ཏེ། ནད་འདིའི་རིགས་ལ་ཕྱི་ལུགས་ནས་གནས་སྐབས་ནད་ཟུག་འཇགས་ཐབས་ཀྱི་སྨན་དང་ཁབ་འདྲ་མིན་ཡོད་པ་རྣམས་ཛ་དྲག་བྱུང་ན་ལས་དེ་མིན་ཡུན་རིང་བེད་སྤྱོད་མ་དགོས་པ་གཙོ་འདོན་བྱ་དགོས། གང་ལ་ཞེ་ན་བོད་སྨན་གྱི་སྨན་བཅོས་བྱེད་སྐབས་ཕན་སྐྱེད་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་པས་དེ་དོན་སེམས་ལ་བཅང་དགོས་པ་ཡིན་ནོ།།
           
གཤམ་གསལ་གྲུམ་བུའི་ནད་ལ་ཕན་པའི་གསོ་རིག་སྨན་ཇ་དང་བྱུག་སྣུམ་རྒྱུན་དུ་འོས་འཚམས་བེད་སྤྱོད་བྱ་ཐུབ་ཚེ་གྲུམ་ནད་འཕེལ་རྒྱས་མི་འགྲོ་བའི་སྔོན་འགོག་ལ་ཕན།










དྲུག་པ། གྲུམ་ནད་སོགས་ལ་ཕན་པའི་ཆུ་ལུམས་སྐོར།
 
བདུད་རྩི་ལྔ་ལུམས། བཅོས་མའི་བདུད་རྩི་ལྔ་ལུམས་ནི་སྨན་རྫས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པ་མ་ཟད། གཙོ་བོ་རྩ་ནད་དང་། རུས་ནད། པགས་ནད་སོགས་བཅོས་དཀའ་བའི་ནད་རིགས་གསོ་བཅོས་བྱེད་རྒྱུར་རང་བྱུང་ཆུ་ཚན་ལས་ཀྱང་སྟབས་བདེ་ཞིང་ཕན་ནུས་ཆེ་བ་ཡོད་ལ་ཐལ་ཆའི་སྐྱོན་ཆ་ཡང་ཆུང་བའི་ཁྱད་ཆོས་ལྡན་ཡོད། བདུད་རྩི་ལྔ་ལུམས་ཤོག་ཐུམ་འདི་ནི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་སོགས་ནས་ཐོབ།
བདུད་རྩི་ལྔ་ལུམས་ཀྱི་ཕན་ཡོན། སེམས་ཀྱི་ངལ་གསོ་བ་དང་། ལུས་ཀྱི་འདུ་བ་སྙོམས་པ། ལུས་སྟོབས་འཕེལ་ཞིང་རོ་ཙ་སྐྱེད། ཚེ་མདངས་རྒྱས། དྲེག་གྲུམ་དང་རྐང་འབམ་ནད་མཇུག་སོགས་ཀྱིས་ཆུ་རྒྱུས་རེངས་ཤིང་འཁུམས་པ་དང་། ལུས་སྒུར་པོར་སོང་བ། རུས་ཚིགས་སྦོས་ཤིང་སྐྲངས་པ། གྲིབ་སྐྱོན་དང་རྩ་དཀར་ནད་རིགས་ཀྱིས་ཡན་ལག་ཞ་བ། ཤ་སྐམ་ཞིང་རིད་པ། ཤ་སྒྲིམ་ཉམས་རྒུད་དུ་གྱུར་པ། ཁྲག་རྩར་ཚ་བ་བྱེར་ནས་འབུར་འཁྱོག་ཏུ་སོང་བ། རྐེད་རྩ་འཆུས་པ། ཤ་བཀྲ་སོགས་པགས་ནད་ཆུ་སེར་གྱི་ནད། རྨ་རྙིང་པ་དང་། རྨ་འབྲས། དོན་སྣོད་ཀྱི་སུར་ཡ། དུག་གི་ནད་རོ། རླུང་གི་སྐྲངས་སྦོས། བུད་མེད་ཀྱི་རླུང་ཚབས། དེ་མིན་པགས་མདངས་ཉམས་པའམ་རྩུབ་པོ་ཆགས་པ་སོགས་མདོར་ན་ནད་རྙིང་བཅོས་དཀའ་བའི་རིགས་ལ་ཕན་ནུས་མངོན་གསལ་དོད་པ་དང་ལག་ལེན་སྟབས་བདེ་བའི་ཁྱད་ཆོས་ལྡན་ཡོད།
བདུད་རྩི་ལྔ་ལུམས་རྒྱག་སྟངས། ལུམས་རྒྱག་སའི་སྣོད་ནི་ནད་པའི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། དཔེར་ན། ལུས་སྨད་ཡོངས་རྫོགས་ལ་ལུམས་རྒྱག་དགོས་པའི་རིགས་ཡིན་ན་ཆེད་མངགས་བཟོས་པའི་གཟུགས་པོ་འཁྲུ་ས་ལྟར་ལྕགས་གཞོང་ཁེབས་གཅོད་ཡོད་པ་ཞིག་དགོས་པ་དང་། ཆུ་ལི་ཀྲར་སུམ་ཅུ་ཙམ་ནང་དུ་སྨན་ཁུག་དེ་བླུག་ནས་སྐར་ཆ་ཉི་ཤུ་ཙམ་ཐེངས་གསུམ་ཙམ་བཙོས་པའི་སྨན་ཁུ་ཁྲུས་གཞོང་ནང་བླུགས་ལ་དེའི་སྟེང་ཁ་ཚར་མེ་ཏོག་སྣ་ཚོགས་འདེབས་དགོས་ཤིང་། ཚ་དྲོད་རན་པའི་སྨན་ཆུའི་ནང་ནད་པའི་མགོ་སྐེ་མན་ཆད་ཞུགས་དགོས། ནད་པ་སྨན་ཆུའི་ནང་འཛུལ་ཁར་མགོ་དང་སྙིང་གར་ཆུ་ལྕག་ཐེངས་ཁ་ཤས་བརྒྱབ་ཐོག་ནད་གཞི་ཡོད་སར་དལ་བུས་འཕུར་མཉེ་གང་མང་གཏོང་དགོས། ཆུ་ལུམས་རྒྱག་པའི་ཉིན་དང་པོར་སྨན་ཆུའི་དྲོད་ཆུང་ཙམ་ཡིན་པ་ནས་རིམ་པས་ཉིན་རེ་བཞིན་ཚ་རུ་གཏོང་དགོས་ལ། ཆུ་ལུམས་ནང་ཞུགས་ཡུན་ཡང་སྐར་མ་སུམ་ཅུ་ནས་ཉིན་རེ་བཞིན་དུས་ཚོད་རིང་དུ་བཏང་སྟེ་ཆུ་ཚོད་གཅིག་བར་སྡོད་པ་དང་། ཆུ་ལུམས་རྒྱག་ཡུན་ནད་བབས་དང་ཕན་སྐྱེད་ལ་གཞིགས་ཏེ་བདུན་ཕྲག་གཅིག་ནས་གསུམ་བར་བརྒྱབ་ཆོག
རང་བྱུང་ཆུ་ཚན། རང་བྱུང་ཆུ་ཚན་ཞེས་པ་དེ་ནི་བོད་ཀྱི་གསོ་རིག་གཞུང་ལུགས་ལས་ནད་གསོ་ཐབས་ཀྱི་ལག་ལེན་བཅོ་བརྒྱད་ནང་གི་གལ་ཆེ་ཤོས་གྲས་ཤིག་ཡིན་ཞིང་དེས་དྲེག་གྲུམ་གྱི་ནད་དང་། རྩ་དཀར་ནད། རུས་ནད་སོགས་ཀྱི་རྐྱེན་པས་ཡན་ལག་ཞར་བ། པགས་ནད་སོགས་ནད་རྙིང་བཅོས་དཀའི་རིགས་ལ་ཕན་ནུས་མངོན་གསལ་དོད་པ་དང་། ནད་པ་རང་ཉིད་ཀྱི་འཚོ་བ་དང་། དཔལ་འབྱོར་གྱི་རྐྱེན་ལ་མ་བལྟོས་པར་སྟབས་བདེ་ཞིང་ཟད་གྲོན་ཆུང་བའི་ཁྱད་ཆོས་ལྡན་པ་ན་དབུལ་ཕྱུག་ཚང་མས་བསྟེན་ཆོག་པ་ཡིན། རང་བྱུང་ཆུ་ཚན་དེ་ཚོ་དོན་སའི་འོག་ལ་དྲོད་ཆེ་བའི་གཏེར་དངོས་སྣ་ཚོགས་ཡོད་པ་དེ་ཚོས་ཆུ་ཚ་པོ་ཆགས་ཏེ་རང་བྱུང་ཆུ་ཚན་བྱུང་བ་དང་སྦྲགས་དེའི་ནང་མུ་ཟི་དང་། ཅོང་ཞི། བྲག་ཞུན། རྡོ་ཞོ། བྲག་མཚུར་སོགས་གཏེར་དངོས་སྨན་རྫས་མང་པོ་ཡོད་པ་དེ་ཚོ་བཞུར་ནས་འདྲེས་ཡོང་གི་ཡོད་སྟབས་དེས་ནད་རིགས་བཅོས་ཐུབ་པ་བྱུང་བ་མ་ཟད། འདྲེས་པའི་གཏེར་དངོས་མི་འདྲ་བར་བརྟེན་ནས་ཆུ་ཚན་སོ་སོའི་དྲི་མ་དང་། མདོག རོ་ནུས་སོགས་མི་འདྲ་བ་ཡོད་ལ། དེ་དག་གི་ནད་རིགས་མི་འདྲ་བ་བཅོས་ཐུབ་པའི་ཁྱད་ཆོས་ཀྱང་ཡོད་པ་རེད།

ཆུ་ཚན་གྱི་དབྱེ་བ་དང་ཕན་ཡོན།

༡། གཙོ་བོ་མུ་ཟི་དང་འདྲེས་པའི་ཆུ་ཚན་ཡིན་ན་ཆུ་མདོག་སེར་ཞིང་རོ་ཁ་བ་དང་། མུ་ཟིའི་དྲི་མནམ་པ། ཁོར་ཡུག་ཏུ་མུ་ཟི་མཐོང་རྒྱུ་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ། དེས་གཙོ་བོ་ཤ་བཀྲ་དང་། མཛེ་ནད། ཆུ་སེར་གྲང་བའི་ནད་བཅས་ལ་ཕན་ཞིང་རླུང་ནད་ཀྱི་རིགས་ལ་གནོད་ཀྱི་ཡོད་པ་རེད།

༢།   གཙོ་བོ་ཅོང་ཞི་དང་ཞ་ཉེ་འདྲེས་པའི་ཆུ་ཚན་ཡིན་ན་ཆུ་མདོག་དྭངས་ཤིང་དྲི་མ་མེད་པ་དང་། ཇ་ཆང་ལ་བླུགས་ན་མདོག་མི་འགྱུར་བ། ཁོར་ཡུག་ཏུ་ཅོང་ཞི་མཐོང་རྒྱུ་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ། དེས་གཙོ་བོ་ཕོ་བ་སྨུག་པོའི་ནད་དང་། དུག་ནད། ཚད་རྙིངས་ཀྱི་ནད་བཅས་ལ་ཕན་གྱི་ཡོད་པ་རེད།
༣།  གཙོ་བོ་བྲག་མཚུར་དང་འདྲེས་པའི་ཆུ་ཡིན་ན་ཆུའི་མདོག་སྔོ་ནག་ཅན་ལ་ངོ་བོ་ཉོག་པ་མཚུར་གྱི་རོ་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ། དེས་གཙོ་བོ་འབྲས་སྐྲན་དང་ཕོ་བའི་ནད་རྙིང་ལ་ཕན་གྱི་ཡོད་པ་རེད།
༤། གཙོ་བོ་བྲག་ཞུན་དང་འདྲེས་པའི་ཆུ་ཚན་ཡིན་ན་ཆུའི་མདོག་སྨུག་ལ་རོ་ཁ་ཞིང་དྲི་མི་ཞིམ་པ་དང་། ཁོར་ཡུག་ཏུ་བྲག་ཞུན་མཐོང་རྒྱུ་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ། དེས་གཙོ་བོ་ཕོ་བ་སྨུག་པོའི་ནད་དང་། དྲེག་ནད། ཆུ་འགགས་ཀྱི་ནད་བཅས་ལ་ཕན་གྱི་ཡོད་པ་རེད།
༥།   གཙོ་བོ་རྡོ་ཞོ་དང་འདྲེས་པའི་ཆུ་ཚན་ཡིན་ན་གཞོབ་དྲི་ཁ་བ་དང་། ཁོར་ཡུག་ཏུ་རྡོ་སྐྱ་བོ་མཐོང་རྒྱུ་ཡོད་པའི་ཁྱད་ཆོས་ལྡན་པ། དེས་གཙོ་བོ་ཕོ་བའི་དྲོད་ཉམས་པ་དང་། ཟས་མི་འཇུ་བ། གྲང་སྐྲན་བཅས་ཀྱི་ནད་ལ་ཕན་གྱི་ཡོད།
ཆུ་ཚན་བཟང་ངན་ནི། ཆུ་ཚན་ཡོད་པའི་ས་ཕྱོགས་དེར་སྐམ་གཤེར་སྙོམས་ཤིང་། དུག་རིགས་ཉུང་བ། ཤིང་ནགས་ཧ་ཅང་མཐུག་པོ་མེད་པ། ཆུ་གཞན་དང་མ་འདྲེས་པ། ཆུ་ཚན་རང་གི་ངོ་བོ་གསལ་བ། རྒྱུན་རིང་འཁྱིལ་ཞིང་རུལ་བ་མ་ཡིན་པ། རླངས་པ་མ་འཁྱིལ་བ་གྱེན་ལ་ཕྱིར་ཐོན་ནས་འགྲོ་ས་ཡོད་པ། མཁས་གྲུབ་སྐྱེས་ཆེན་དམ་པས་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་རླབས་པའི་གནས་ཡིན་པ་བཅས་ཤིན་ཏུ་བཟང་། དེ་ལས་ལྡོག་པ་རྣམས་ངན་པས་སྤང་བླང་རིག་པས་དཔྱད་པར་བྱའོ།།
ཆུ་ཚན་རྒྱག་པའི་ནམ་དུས།  དཔྱིད་ཀ་དང་སྟོན་འཇུག་གི་དུས་གཉིས་ལ་འཚམ་པ་ཡོད་དེ། དེའི་རྒྱུ་མཚན་ནི་དབྱར་དུས་ཚ་སྟོབས་ཆེ་བ་དང་། ཆར་ཆུ་འདྲེས་པས་ཆུ་ཚན་གྱི་ནུས་པར་ཤུགས་རྐྱེན་ངན་པ་ཐེབས་པ་དང་། དགུན་དུས་གྲང་སྟོབས་འཕེལ་ཞིང་ས་ཆུ་འཁྱག་པས་སྡོམ་པ་སོགས་ཀྱིས་ཆུ་ཚན་གྱི་ནུས་པར་བགེགས་འབྱུང་བར་བརྟེན། དཔྱིད་ཀ་དང་སྟོན་ཀའི་དུས་དེར་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པ་དང་། ལྷག་པར་དུ་ཆུ་ཚན་གྱི་ནུས་པ་ཆེ་བ། ནད་པའི་ལུས་ཁམས་དང་འཕྲོད་པ་བཅས་ཀྱི་དགེ་མཚན་ལྡན་ཡོད།
ཆུ་ཚན་བསྟེན་ཐབས། ནད་གཞི་ཅི་འདྲ་ཞིག་ཡིན་ནའང་ཆུ་ཚན་གྱི་ཡོན་ཏན་དང་རྗེས་སུ་མཐུན་པའི་སྒོ་ནས་ཆུ་ཚན་དུ་གཞུག་དགོས་པ་ལས། ནད་དང་ཡོན་ཏན་གཉིས་པོ་གོ་ལྡོག་ཏུ་སོང་ན་ཆུ་ཚན་གྱི་ཆུས་ནད་གཞིར་ཕན་པའི་སྨན་མི་བྱེད་པར་དེ་ལས་ལྡོག་ཏེ་གནོད་སྐྱོན་ཡོང་སྲིད་པ་ཡིན། ཆུ་ཚན་ནང་ཞུགས་ཡུན་ཡང་ངེས་པར་དུ་སྨན་པའི་མངགས་བྱ་དང་ནད་བབས་ཚབས་ལྕི་ཡང་ལ་དམིགས་ཏེ་ཉིན་ལྔ་ནས་ཟླ་བ་གཅིག་བར་གཞུག་དགོས། ཆུ་ཚན་ནང་ཉིན་དང་པོར་ཆུ་ཚོད་སྐར་མ་ ༣༠ ཙམ་སྡོད་པ་ནས་ཉིན་རེ་བཞིན་དུས་ཚོད་རིང་དུ་བཏང་སྟེ་ཆུ་ཚོད་གཅིག་བར་སྡོད་པ་དང་། དེ་ནས་རིམ་བཞིན་དུས་ཚོད་ཐུང་དུ་བཏང་སྟེ་མཚམས་གཅོད་དགོས།

དོ་སྣང་བྱེད་དགོས་པ།
བུད་མེད་སྦྲུམ་མ། ཁྲག་ཤེད་མཐོ་བ། སྙིང་གི་ནད། གང་ཡང་མ་ཟོས་པ་ལྟོ་སྟོང་དང་ཚ་བ་ན་བའི་སྐབས་ལ་ལུམས་དང་ཆུ་ཚན་ལ་ཞུགས་མི་རུང་བ་མ་ཟད། ཆུ་ཚན་ནང་ཞུགས་ནས་དུས་ཡུན་ཉིན་གཉིས་གསུམ་སོང་ཡང་ད་དུང་མགོ་ཡུ་འཁོར་བ་དང་། སྙིང་གི་འཕར་གྲངས་མགྱོགས་པ། སེམས་འཚབ་པ། ལུས་ཁམས་ལྕི་པོར་གྱུར་པ་སོགས་བྱུང་ན་ཆུ་ཚན་རྒྱག་མཚམས་འཇོག་དགོས། ཆུ་ཚན་ནས་ཐོན་མཚམས་ལུས་ལ་རླུང་གྲང་མོ་མ་འཕོག་པ་ལམ་སང་ཞྭ་ལྷམ་གྱོན་གོས་དྲོ་པོས་ལེགས་པར་བཏུམས་ནས་གཟུགས་པོ་དྲོ་བོ་བྱེད་དགོས། ཐུག་པ་དང་ཁུ་བ་ཚ་བོ་འཐུང་ནས་ཡུད་ཙམ་གཉིད་ལོག་ན་ཕན་ཆེ་བར་གསུངས། རབ་བྱུང་ན་ཁྲག་ཤེད་མཐོ་དམའི་བརྟག་དཔྱད་ཡང་ཡང་བྱེད་དགོས་སོ།།                            

བདུན་པ། ཞར་བྱུང་སྔོ་ཚལ་ཁག་ཅིག་གི་ཕན་ཡོན།
ཞོག་ཁོག (Potato)
ཕན་ཡོན། བད་ཀན་སྨུག་པོ་དང་ཕོ་བའི་ཟུག་གཟེར་འཇོམས། སྐྱུག་མེར་འགོག བཤང་འགག་སེལ། བཞན་ཡང་རྗེན་པ་ལེབ་གཏུབ་བྱས་པ་ལུས་པགས་དང་རུས་ཚིགས་ལ་སྦྱར་བས་པགས་ཁྲ་དང་སྐྲངས་གཟེར་འཇོམས་པ་ལ་ཡང་ཕན།
དོ་སྣང་། ཕོ་དྲོད་ཞན་ཞིང་གྲང་བའི་རིགས་ཏེ། ལུས་ཤ་འཚོ་ཆེ་བ་དང༌། དབུགས་མི་བདེ་བའི་ནད། གསང་གནས་ནད། ཟ་ཁུ་གཅིན་སྙིའི་ནད། རོ་ཙ་ཉམས་པ་བཅས་ལ་གནོད་ཅིང༌། ཞོག་ཁོག་ལྗང་ཁུའམ་སྤུ་རྡོག་ཡོད་པ་རྣམས་ལ་དུག་རྫས་ཀྱི་ཆ་ཡོད་པས་རྒྱུན་དུ་འཛེམ་དགོས།
ལ་ཕུག (Radish)
ཕན་ཡོན།  ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་འཇུ། ལུད་པ་འདོན། ལྐོག་ནད་དང་སྐད་འགགས་སེལ། རྨ་རིགས་འཇོམས། རླུང་ནད་སེལ། ཆམ་ནད་དང་སྐྲན་ནད་སྔོན་འགོག་བྱེད། དབུགས་བསགས་ནད་དང༌། འབམ་ནད་དང་འཁྲུ་བ་གཅོད་པར་ཡང་ཕན།
དོ་སྣང་། ཁྲག་མཁྲིས་ཚ་བའི་ནད་རིགས་དང་ཕོ་བའི་ནད་ལ་གནོད།
མེ་ཏོག་པད་ཚལ། (Cauliflower)
ཕན་ཡོན། ཁྲག་དང་ཟུངས་སྟོབས་སྐྱེད། གཉན་ཁ་འཇོམས། རླུང་ནད་སེལ། གཞན་ཡང་ལུས་པོའི་ལྗིད་ཚད་སྲུང་འཛིན་དང་འབྲས་ནད་སྔོན་འགོག་བྱེད་པར་ཡང་ཕན།
དོ་སྣང་། བད་ཀན་གྲང་བ་དང་དྲེག་གྲུམ་ནད་རིགས་ལ་གནོད།
ལོ་འཁོར་པད་ཚལ། (Cabbage)
ཕན་ཡོན། ཕོ་བའི་སྦོ་འཁྲོག་དང་ཟུག་གཟེར་འཇོམས། གཉིད་འགུག ཕོ་ནད་སྨུག་པོ་སེལ། གཞན་ཡང་སྙིང་རླུང་དང་འབྲས་ནད་སྔོན་འགོག་བྱེད་པར་ཕན་ཞིང༌། ལོ་མ་སྣུམ་ལ་ཆེ་བ་རྣམས་ཀྱིས་ལུས་ཕྱི་ལ་འབྱར་བྱས་པས་རྨ་འབྲུམ་དང༌། ཆུ་སེར་སྲིན་ཐོར། ཟ་རྐོང་བཅས་ལ་ཕན་པར་བཤད།
དོ་སྣང་། ཕོ་བའི་འཇུ་སྟོབས་ཞན་པ་དང་གྲང་བའི་ནད་རིགས་ལ་གནོད།
སོ་ལོ་སྔོན་པོ། (Capsicum)
ཕན་ཡོན། གཞང་འབྲུམ་སེལ། སྲིན་གསོད། ཆུ་སེར་འོར་ནད་དང་མཛེ་ནད་འཇོམས། འབྲས་དང་སྐྲན་འགོག་པ་བཅས་ལ་ཕན།
དོ་སྣང་། ཚལ་འདི་འཇུ་དཀའ་ཞིང་གྲང་བ་མཁལ་རྐེད་ན་བའི་རིགས་ལ་གནོད།
པ་ལག (Spinach)
ཕན་ཡོན། མཆིན་སྟོབས་སྐྱེད་ཅིང་ཟུངས་ཁྲག་གསོ། ཁ་སྐོམ་པ་སེལ། ཟས་འཇུ་བའི་གྲོགས་བྱེད། བཤང་འགག་སེལ། མཚན་ལོང་དང་གཞང་འབྲུམ་སེལ། ཁ་ལྕེ་དང་པགས་པའི་རྨ་ཚད་འཇོམས། གཞན་ཡང་ཕྲུ་གུ་འཚར་སྐྱེད་བྱེད་པར་ཕན།
དོ་སྣང་། ཁྲག་ཤེད་དང་བཤལ་ནད་རིགས་ལ་གནོད།
བཙོང༌། (Onion)
ཕན་ཡོན།  ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་འཇུ། དང་ག་འབྱེད། གཉིད་འགུག རླུང་དང་བད་ཀན་སེལ། སྲིན་ཐོར་འཇོམས། རྐང་འབམ་སེལ། རོ་ཙ་སྐྱེད། གཞན་ཡང་ཁྲག་ཤོར་གཅོད་ཅིང་ཕོ་ལོང་གི་འབྲས་ནད་སྔོན་འགོག་བྱེད་པ་ལ་ཡང་ཕན།
དོ་སྣང་། མཁྲིས་ཚད་དང༌། ལུས་པོར་དྲིས་མནམ་པ། རྔུལ་ནག་མང་བའི་རིགས་ལ་གནོད།
ཁ་ཏིག་ཚལ། (Bitter gourd)
ཕན་ཡོན། ཚ་བ་དང༌། དུག་རིགས། སྐོམ་ཚད། རླུང་ཚད་དང་མཁྲིས་པའི་ནད་བཅས་ལ་ཕན་ཞིང༌། ཟ་ཁུ་གཅིན་སྙིའི་ནད་ལ་ཕན་པོ་ཡོད།
དོ་སྣང་། ཕོ་བའི་མེ་དྲོད་ཞན་པོ་དང་ཕོ་བ་ན་བ། རླུང་ཤས་ཅན་ལ་གནོད།
གོང་ལ་ཕུག (Carrot)
ཕན་ཡོན། ཟུངས་ཁྲག་གསོ་བ། མཆིན་སྟོབས་སྐྱེད། ཚ་བ་སེལ། དུག་འཇོམས། མིག་གསལ་བར་བྱེད། མཚན་ལོང་སེལ། པགས་པ་རྩུབ་པོ་འཇམ་པར་བྱེད། གཞན་ཡང་བཤང་འགག་སེལ་ཞིང༌། འབྲས་ནད་སྔོན་འགོག་བྱེད་པ་བཅས་ལ་ཕན།
དོ་སྣང་། ཕོ་བའི་མེ་དྲོད་ཞན་པའི་རིགས་ལ་གནོད།
སྒ་སྨུག (Ginger)
ཕན་ཡོན། ཕོ་བའི་སྦོ་འཁྲོག་དང་གཟེར་ཟུག་འཇོམས། བད་ཀན་བེ་སྣབས་དང་ལུད་པ་སེལ། ཁ་ཟས་འཇུ། མེ་དྲོད་སྐྱེད། འཁྲུ་སྐྱུགས་གཅོད། ཁྲག་གར་པོ་སླ་བར་གཏོང༌། ཟླ་མཚན་འགག་པ་འདྲེན། གློ་ལུ་བ་སེལ། རོ་ཙ་གསོ། བད་རླུང་མགོ་འཁོར་བཅས་ལ་ཕན།
དོ་སྣང་། སྒ་སྨུག་གིས་ལུས་དྲོད་ཚ་བ་སློང༌། ཁ་སྐམ་པ་དང༌། བཤང་བ་འགག་པར་བྱེད།

བརྒྱད་པ། སྐར་རྩིས་རིག་པའི་ཐབས་ལམ།
བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ་ལགས་ན།
    
ཚེ་རབས་ལས་རྩིས་ནི།
འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུ་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་ཚན་གང་གི་ཕྱིར་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་ཟོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད། དེའི་སྐབས་ཞབས་རིམ་སོགས་གསུང་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན་པ་དང་། སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་གལ་ཆེན་པོ་ཡིན། མི་ཚེ་གཅིག་གི་ནང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཀྱང་ཡིན།
     
སྐེག་རྩིས་ནི། ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད། འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔགས་པའི་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།
     
ནད་རྩིས་ནི། ནད་བྱེ་བྲག་གང་རུང་གི་མནར་པ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོའི་བོད་མིའི་གོམས་གཤིས་ལ་ནད་ཐོག་མར་མནར་བའི་སྐབས་སུ་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཚབས་ཆེན་པོ། ནད་གཞི་ཛ་དྲག་ཅན་དུ་གྱུར་སྐབས་ནད་རྩིས་བསྐོར་གྱི་ཡོད། ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཐོག་ལ་སྨན་གྱིས་ནུས་མཐུ་མྱུར་བ་དང་། ནད་དྲག་སྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་གྱུར་གྱི་ཡོད།
ཁྱད་པར་དུ་གྲུམ་བུའི་ནད་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི།
གྲུམ་བུའི་ནད་དང་ཁྲག་རླུང་སྟོད་འཚངས་ཀྱི་ནད། སྤྱིར་བཏང་གི་རིམས་ནད་སོགས་དང་། སྲིན་ཐོར་རིགས། རྒྱུ་ནད་རྒྱུ་ཟེར་གག་པའི་ནད་དང་། བསམ་སེའུ་ནད། གཟེར་ཐུང་ཡམས་ནད། སྙིང་རླུང་། ཚད་པའི་ནད། ཡ་མ་ནག་པོ། མེས་ཚིག་པའི་རིགས་ཀྱི་ནད་སོགས་དང་། གཟའ་སྐར་ས་བདག་སོགས་མེ་ཁམས་ཀྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། མཁའ་གྲོ་གྲིབ་སེལ་ལམ། ཁྲུས་གསོལ་བྱ། བྱེད་ཐུབ་ན་མ་མོའི་མདོས་དང་དེ་མ་བྱུང་ཚེ། མ་མོ་འཁྲུལ་སྐོང་གི་གཏོར་མ་གཏོང་། ལྷ་བསངས་གཏོང་། ཆོས་སུ་ཚེ་མདོ་ཚེ་གཟུངས་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། རིམས་ནད་ཞི་བའི་གཟུངས་རྣམས་འདོན། གོང་ལྟར་པག་གི་རྟའི་གླུད་ཀྱི་གཟུགས་དམར་ཞུར་གཡུ་དང་ཟངས་ཆུང་བཀལ་ལ། བརྩི་བྱ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ།།

གྲང་གྲུམ། བྱིང་ཞིང་འཐིབས་ནས་འགྲོ་མི་ཤེས་པའི་ནད་དང་། གྲང་གྲུམ་གྱི་ནད། མཆེར་པའི་ནད། གད་པའི་ཁ་ནས་ལྷུང་བའི་རྨས་སྐྱོན་གྱི་ནད། སྐྲན་གྱི་ནད། ཟ་འཕྲུག་གི་ནད། ས་ཕུག་དང་བྲག་ཕུག་རྡིབ་ནས་རྨས་སྐྱོན་ཤོར་བ་རིགས། པགས་ནད། ཤུ་བ་ལ་སོགས་པ་དང་། གཟའ་སྐར་ས་བདག་སོགས་ས་ཁམས་ཀྱི་གནོད་པའི་ནད་རིགས་སོགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། བྱེད་ཐུབ་ཚེ་མ་མོ་སྲིད་པའི་ཁྲོམ་མདོས་གཏོང་། དེ་ལྟར་མ་ཐུབ་ཚེ་མ་མོའི་འཁྲུལ་སྐོང་གཏོར་མ་གཏོང་། ཆོས་སུ་གཙུག་གཏོར་གདུགས་དཀར་དང་། བགྲེས་མོས་ཞུས་པའི་མདོ་གང་མང་ཀློག གོང་ལྟར་པག་གི་གླུད་མཛོ་འམ་ལུག་གི་གཟུགས་ལ། དར་མཚོན་སྣ་ལྔ་དང་། དར་ཟབ་གོས་ཆེན། དམག་ཆས་ཀྱི་ཕུབ། ནད་པའི་གོས་དང་བཅས་པ་ནད་པ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱ། དེའི་རྗེས་སུ་བྱེད་ཐུབ་ཚེ་བདུད་ཀྱི་ཞལ་བསྒྱུར་བྱ། དེ་ལྟར་མ་ཐུབ་ཚེ་ཤེས་སྙིང་བདུད་བཟློག་བྱའོ།།

འདི་ནི་གྲུམ་བུའི་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་བསྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།།  །།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།