སྨན་རྩིས་དྲ་བ། - གཞང་འབྲུམ།
  
གཞང་འབྲུམ་ནད།


དང་པོ། གཞང་འབྲུམ་ནད་ཀྱི་གོ་དོན།

གཞང་གི་ཁ་དང་ནང་ངོས་སུ་འབྲུམ་པ་ཆེ་ཆུང་དང་དབྱིབས་སྣ་ཚོགས་པ་སྐྱེས་ཤིང་། བཤང་བ་ཐུར་དུ་འབབ་པར་འགེགས་བྱེད་པའི་ནད་ཅིག་ལ་གཞང་འབྲུམ་ཞེས་བྱའོ།།


གཉིས་པ། གཞང་འབྲུམ་ནད་ཀྱི་གནས།

གཞང་འབྲུམ་ནད་ཀྱི་དཔར་རིས།   





ལོང་གའམ་རྒྱུ་མ་ཆེ་བ་རྫོགས་མཚམས་ནས་ཐུར་དུ་གཞང་ཁའི་བར་ཡིན་ཞིང་འདིའི་མིང་ལ་མཉེ་མ་ཞེས་ཟེར། མཉེ་མའི་ཁའམ་གཉེར་སུལ་གྱིས་བརྒྱན་པའི་གོར་གོར་དེ་ལ་གཞང་ཁ་ཞེས་བརྗོད། དཔར་རིས་སུ་གསལ་བ་ལྟར་མཉེ་མའི་ནང་དང་གཞང་གི་ཁ་ངོས་བཅས་སུ་འབྲུམ་པ་སྐྱེ་བའི་ཡུལ་ལ་འདི་སྐད་ཅེས་བྱའོ།།


གསུམ་པ། གཞང་འབྲུམ་ནད་ཀྱི་རྒྱུ་རྐྱེན།

Øཕོ་བའི་མེ་དྲོད་ཉམས་པ།
Øགྲོད་པ་བཤལ་དྲགས་པ།
Øརྒྱུན་དུ་བཤང་འགག་ནད་ལྡན་པ།
Øརང་གི་ཕ་མས་གཞང་འབྲུམ་སྐྱེ་བའི་ཟས་དང་སྐོམ་སྟེན་པ།
Øརྒྱུན་དུ་ཤ་ཡི་ཟས་སྟེན་པ་མང་དྲགས་པ།
Øབཤང་གཅིན་ཕྱེན་གསུམ་ཤུགས་ཀྱིས་བཙིར་བ།
Øབཤང་གཅིན་ཕྱེན་གསུམ་ཤུགས་ཀྱིས་བཀག་པ།
Øགཞང་གི་ནང་དུ་གནས་པའི་ཐུར་སེལ་རླུང་འཁྲུག་པ།
Øབཤང་བ་མཁྲེགས་པོ་འབབ་པས་མཉེ་མར་རྨས་པ།
Øསྣུམ་བཅུད་མེད་པའི་ཟས་སྐྱ་བོ་བསྟེན་དྲགས་པ།
Øལུས་ཤ་རྒྱག་དྲགས་པ།
Øགདན་སྲབ་མོའི་སྟེང་དུ་ཙོག་པུར་སྡོད་དྲགས་པ།
Øབཤང་ལམ་ནང་དུ་སྨན་ལྡུག་སྐབས་གཅེ་འུས་བཙན་པ།
Øརྟ་སོགས་ལ་ཡུན་རིང་བཞོན་ནས་སྐྱོད་པ།
Øརང་གི་སྐྱེ་བ་སྔོན་མའི་ལས་ཀྱིས་བྱེད་པ།
Øའཁྲིག་པ་སྤྱོད་དྲགས་པ།
Øསེམས་ལས་ཆེས་པ།
Øརྒྱུན་ལྡན་དུ་ལུས་ལ་རྩོལ་བཅག་ཉུང་དྲགས་པ།
Øཆང་རག་འཐུང་པ་མང་དྲགས་པ་བཅས་སོ།།

བཞི་པ། གཞང་འབྲུམ་ནད་ཀྱི་དབྱེ་བ།

༡། ཁྲག་མི་འཛག་ཅིང་སྐམ་པོར་གནས་པས་གཞང་འབྲུམ་སྐམ་པ། འདི་ནི་རླུང་དང་བད་ཀན་གཉིས་ལས་འགྱུར་པ་ཡིན།
༢། ཁྲག་འཛག་ཅིང་རླན་པར་གནས་པས་གཞང་འབྲུམ་གཤེར་བ། འདི་ནི་ཁྲག་དང་མཁྲིས་པ་གཉིས་ལས་འགྱུར་པ་ཡིན། སྤྱིར་དབྱེ་བ་དྲུག་ཏུ་གསུངས་ཀྱང་གཉིས་སུ་བཞག་པ་ནི་མདོར་བསྡུས་ཀྱི་དབྱེ་བ་ཡིན་ནོ།།

ལྔ་པ། གཞང་འབྲུམ་ནད་ཀྱི་རྟགས།

༡། གཞང་འབྲུམ་སྐམ་པ་ཞེས་པའི་རྟགས་ནི། རྒྱུན་དུ་མཉེ་མ་དང་གཞང་ཁ་རུ་ཟུག་ལྡང་བ། ཚ་འཁྱུག་ཡང་ཡང་ལྡང་བ། བཤང་བ་གཏོང་བའི་སྐབས་སུ་ལྷག་པར་དུ་ཟུག་ལྡང་བ་བཅས་སོ།། 
༢། གཞང་འབྲུམ་གཤེར་བ་ཞེས་བྱ་བའི་རྟགས་ནི། རྒྱུན་དུ་མཉེ་མ་དང་གཞང་ཁ་རུ་ཟུག་ལྡང་བ།
 ཚ་འཁྱུག་ཡང་ཡང་ལྡང་བ། བཤང་བ་གཏོང་བའི་སྐབས་སུ་ཟུག་མི་བཟོད་པ་ལྡང་བ། བཤང་བ་དང་མཉམ་དུ་ཁྲག་ཀྱང་འཛག་པ། གཞང་ཁ་ནས་ཆུ་སེར་ལྟ་བུ་ཞིག་ཡང་ཡང་འདོན་པ། གཞང་ཁ་ཅུང་ཟད་སྦོས་པ།   སྐབས་རེར་གཞང་གི་སྦུབས་སུ་འབུ་སྲིན་འགུལ་སྐྱོད་བྱེད་པ་ལྟ་བུའི་ཟ་འཕྲུག་ལངས་པ་བཅས་འོང་ངོ་།།


དྲུག་པ། གཞང་འབྲུམ་ནད་དུ་འགྱུར་ཚུལ།

གོང་དུ་བཀོད་པའི་རྒྱུ་རྐྱེན་དེ་དག་གིས། མཉེ་མ་དང་གཞང་གི་སྦུབས་སུ་གནས་པའི་ཐུར་སེལ་རླུང་ཞེས་བྱ་བ་འདི་ཉིད་འཁྲུག་པ་ལས་བཤང་བ་དུས་ཐོག་ལ་འབབ་མ་ཐུབ། འདིས་མཉེ་མའི་ནང་དུ་བཤང་བ་གསོག་ཅིང་འཕེལ། འདིས་གཞང་ཁའི་སྦུབས་ཀྱི་གཉེར་མའི་གསེབ་ཏུ་མི་མངོན་པའི་ངང་ནས་བཤང་བ་འགགས་ནས་དལ་གྱིས་རུལ། འདིས་མཉེ་མའི་རྩ་ཕྲ་མོ་རྣམས་དང་། སྐྱི་ལྤགས་དང་། ཚིལ་དང་། ཤ་དང་བཅས་པར་གནོན་བཙིར་ཆེས་ཆེར་བྱེད། འདི་ལ་བརྟེན་ནས་ཁ་དོག་དང་། དབྱིབས་དང་། བོངས་ཚད་མི་འདྲ་བའི་འབྲུམ་པ་སྐྱེ་བས་ན་གཞང་འབྲུམ་ནད་དུ་འགྱུར་བ་རེད། གཞན་ཡང་། བཤང་བ་མཁྲེགས་པོ་འབབ་པའམ་ཤུགས་ཀྱིས་བཙིར་བ་ལས་གཞང་གི་སྦུབས་སུ་རྨས་སྐྱོན་ཕོག་སྟེ་གཞང་འབྲུམ་ནད་དུ་འགྱུར་བའང་ཡོད་དོ།།

བདུན་པ། བུད་མེད་ལ་ནད་འདི་མང་བའི་རྒྱུ་མཚན།

སྤྱིར་ལུས་ཡོངས་དང་ཁྱད་པར་དུ་ལུས་ཀྱི་སྨད་ཆའི་ནང་ཁྲོལ་ཁ་ཁོར་ན་རླུང་གི་འཁོར་རྒྱུག་མ་སྙོམས་པར་འཁྱིལ་བའི་དཀའ་ངལ་ཡང་སེ་འཕྲད་ཀྱི་ཡོད། དེ་དང་ཆབས་ཅིག་ཏུ་རྒྱུན་དུ་བསམ་བློ་གཏོང་བ་མང་བ་སོགས་སེམས་ལས་ཀྱང་འཕར་མ་བྱེད་ཀྱི་ཡོད་པས་བཤང་འགག་ནད་ལྡན་པ་མང་ལ། དེའི་རྐྱེན་གྱིས་གཞང་འབྲུམ་ནད་ཀྱིས་ཟིན་པའི་གོ་སྐབས་ཀྱང་མང་བ་ཡོད། དེས་ན་སྐྱེས་པ་ལས་བུད་མེད་ལ་ནད་འདི་འཇུག་པའི་གོ་སྐབས་མང་བའི་རྒྱུ་མཚན་ནི་འདི་ལྟར།         
Ø    ཟླ་མཚན་འབབ་པའི་སྐབས།
Øཟླ་མཚན་དུས་སུ་མ་འབབ་པའི་སྐབས།
Øསྦྲུམ་མའི་གནས་སྐབས།
Øརྒྱུན་དུ་སེམས་ལས་ཆེས་པ་བཅས་ཀྱིས་སོ།།
བརྒྱད་པ། གཞང་འབྲུམ་ནད་ཀྱི་སྔོན་འགོག
གཞང་འབྲུམ་ནད་ཀྱི་སྔོན་འགོག་ཅེས་པའི་གོ་དོན། ལུས་ངག་ཡིད་གསུམ་གྱི་ཁམས་དང་མཐུན་པའི་ཟས་དང་སྤྱོད་ལམ་འཕྲོད་པའི་རིགས་ཚུལ་བཞིན་དུ་སྟེན་ཞིང་། ཟས་སྤྱོད་གཉིས་ཀྱིས་སྔོན་ཚུད་ནས་ནད་འདི་མི་འོང་བའི་ཐབས་ལམ་དུ་འབད་པ་ལའོ།།
སྤྱིར་འཛམ་གླིང་ཁྱོན་ཡོངས་ཀྱི་གཞང་འབྲུམ་ནད་ཀྱི་གནས་སྟངས་དང་། བྱེ་བྲག་ཏུ་བོད་མིའི་མང་ཁྲོད་དུ་ནད་འདིའི་གནས་སྟངས། ཕྱི་ལོ་ ༢༠༠༤ ལོར་ཨ་རིར་ཡོད་པའི་  The National Institutes of Health ཞེས་པས། མི་གྲངས་ས་ཡ་བཅུ་ལ་གཞི་བཞག་ནས་གནས་ཚུལ་སྤེལ་བ་ལྟར་ན། ནད་འདིའི་མངོན་རྟགས་བྱུང་བའི་མི་གྲངས་ནི་བརྒྱ་ཆ་ ༤༤ ཟིན་ཡོད། ལོ་ནའི་ཐད་ནས་བཤད་པ་ཡིན་ན་ ༤༥ ནས ༦༥ བར་དེར་ནད་འདིས་ཟིན་པའི་གོ་སྐབས་མང་བ་ཡོད། འོན་ཀྱང་ལོ་ན་ ༢༠ མན་ལ་ནད་འདི་བྱུང་ཚེ་སྤྱིར་བཏང་བ་ཞིག་མིན་པས་གཟོབས། བོད་པའི་སྤྱི་ཚོགས་ཁྲོད་དུ་མཚོན་ནའང་། སྐྱ་སེར་གཉིས་ཀར་ནད་འདི་ལྡན་པའི་གང་ཟག་མི་ཉུང་བ་ཞིག་ཡོད་ཅིང་། ཁྱད་པར་དུ་དགོན་སྡེ་ཁག་གི་བཙུན་པ་དང་བཙུན་མ་ཚོ་གདན་གྱི་སྟེང་ན་ཡུན་རིང་ཙོག་ཙོག་ཏུ་སྡོད་དྲགས་པ་ལས་ནད་འདི་ལྡན་པ་ནི་ཉུང་ངུ་མིན་ནོ།།

གཞང་འབྲུམ་ནད་འགོག་པའི་ཐབས་གཙོ་བོ་འགའ།དང་པོ་ཕོ་བའི་མེ་དྲོད་ལེགས་པར་སྲུང་བ། གཉིས་པ་བཤང་བ་སྐམ་པོ་མི་འབབ་པའི་ཐབས་སྟེན་པ། གསུམ་པ་གྲོད་ཁོག་ཡང་ཡང་མི་བཤལ་བའི་ཐབས་སྟེན་པ། བཞི་པ་ཐུར་སེལ་རླུང་མི་འཁྲུག་པའི་ཐབས་སྟེན་པ། ལྔ་པ་རྒྱུན་དུ་ལུས་ལ་རྩོལ་བཅག་རན་པར་སྟེན་པ། དྲུག་པ་བཤང་བ་དང་། གཅིན་པ་དང་། རྟུག་དྲི་སྟེ་ཕྱེན་དང་། སྦྲིད་པ་སོགས་ནན་གྱིས་བཙིར་བའམ་བཀག་པ། བདུན་པ་བུད་མེད་ཚོས་ཟླ་མཚན་ལེགས་པར་འབབ་པའི་ཐབས་སྟེན་པ། བརྒྱད་པ་སྦྲུམ་མའི་དུས་སུ་ཐུར་སེལ་རླུང་སོགས་མི་འཁྲུག་པའི་ཐབས་སྟེན་པ་བཅས་སོ།།
གཞང་འབྲུམ་ནད་དང་བཤང་འགག་ནད་དབར་གྱི་འབྲེལ་བ། སྨན་གཞུང་ཡན་ལག་བརྒྱད་པར། གཞང་འབྲུམ་ནད་ཀྱི་སྐབས་སུ་བཤད་པའི་ཟས་དང་། སྐོམ་དང་། སྨན་ལ་སོགས་པ་ཐམས་ཅད་བཤང་བ་སྐམ་པའི་ནད་ལའང་སྦྱར་དགོས་པ་མ་ཟད། གཞང་འབྲུམ་ནད་མི་འོང་བའི་ཆེད་དུ་བཤང་བ་སླ་བར་བྱེད་པའི་ཟས་སྟེན་དགོས་པ་འང་གསུངས་འདུག  གཞན་ཡང་རྒྱུ་མ་ཆེ་ཆུང་གཉིས་ཀྱི་ནང་དུ་གནས་པའི་ཐུར་སེལ་རླུང་འདི་སྙོམ་པར་བྱེད་པའི་ཆེད་དུ་དང་། དེ་བཞིན་དུ་ལུས་ཀྱི་རྒྱབ་དང་། རྐེད་པ་དང་། གཞང་གི་སྒོ་བཅས་སུའང་དྲོད་སྐྱེད་པའི་ཆེད་སྣུམ་ལེགས་པར་བྱུགས་ཤིག་ཅེས་ཀྱང་གསུངས་པས། གཞང་འབྲུམ་འགོག་པར་བྱེད་པ་ལ་བཤང་འགག་ནད་ཀྱི་སྔོན་འགོག་སྟེན་དགོས་པ་ནི་གནད་ཀའོ།།                               
བཤང་འགག་ནད་འགོག་པར་བྱེད་པའི་ཟས།སྔོ་ཚོད་དང་། ཤིང་ཏོག་དང་། གྲོ་དང་། ནས་དང་། མ་རྨོས་ལོ་ཏོག་སྟེ་དེང་སང་ཨ་ཤོམ་མམ་རྨ་ཀན་ཞེས་སུ་འབོད་པ་ལས་བཟོས་པའི་རྩམ་པ་བཅས་རྒྱུན་ལྡན་གྱི་ཟས་སུ་བཀོལ་བའི་འབྲས་བུར་བཤང་འགག་ནད་ལས་གྲོལ་བ་བྱུང་ཞིང་། འདིས་གཞང་འབྲུམ་ནད་ཀྱང་འགོག་ཐུབ་པ་བྱུང་བའི་སྐོར་རྗོད་མཁན་གྱི་ནད་པའང་མཐོང་རྒྱུ་ཡོད། བོད་ཀྱི་གསོ་རིག་གཞུང་དུའང་གཞང་འབྲུམ་ནད་ཀྱི་རྒྱུ་གཙོ་བོ་གཅིག་ནི་བཤང་འགག་ཏུ་ནན་གྱིས་གསུངས་པའི་རྒྱུ་མཚན་འང་འདི་ཉིད་དུ་ཟད་ཅིང་རིགས་པས་ཀྱང་དཔོག་ཐུབ་པ་ཞིག་གོ།
བཤང་འགག་ནད་འགོག་པར་བྱེད་པའི་སྐོམ། གསོ་རིག་གཞུང་དང་འབྲེལ་བའི་གནའ་བོའི་རྒྱ་གཞུང་དང་བོད་ཀྱི་སྨན་གཞུང་གསར་རྙིང་དག་ཏུ། བུར་ཤིང་ལས་བྱུང་བའི་ཁུ་བས་བཤང་བ་སླ་བར་བྱེད་པ་དང་། ཆུ་སྐོལ་གང་མང་འཐུང་བ་ལས་ཕོ་བའི་མེ་དྲོད་ལ་ཧ་ཅང་ཕན་པ་མ་ཟད་ཐུར་སེལ་རླུང་འཁྲུག་པ་བཀག་ནས་བཤང་བ་སླ་བར་བྱེད་པ་དང་། དར་བ་གསར་པ་ཆུ་མ་བསྲེས་པ་ཡང་སེ་འཐུང་པ་ལས་ཕོ་དྲོད་ཧ་ཅང་ཞན་པའང་གསོ་བ་ཡིན་ཞེས་གསུངས་སོ།།

གཞང་འབྲུམ་ནད་འགོག་པར་བྱེད་པའི་ཟས་དང་སྐོམ།ཟས་ནི་གོང་དུ་བཀོད་པའི་བཤང་འགག་ནད་འགོག་པར་བྱེད་པའི་ཟས་རྣམས་ཡིན་ལ། སྐོམ་ནི་དར་བ་གསར་པ་དང་དར་བ་རྙིང་པ་གང་ཡང་རུང་བ་བསྟེན་པ་འདི་ཉིད་མཆོག་ཡིན། མདོར་ན་བཤང་འགག་མི་འབྱུང་བའི་ཆེད་དུ་ཐུར་སེལ་རླུང་འཁྲུག་པ་སེལ་ཞིང་ཕོ་དྲོད་སྐྱེད་པར་བྱེད་པའི་ཟས་དང་སྐོམ་སྟེན་ཞིག་ཅེས། གསོ་རིག་གཞུང་དང་འབྲེལ་བའི་གནའ་བོའི་རྒྱ་གཞུང་དང་བོད་ཀྱི་གསོ་རིག་གཞུང་གསར་རྙིང་དག་ལས་གསལ་བར་གསུངས་སོ།།
གཞང་འབྲུམ་ནད་འགོག་པའི་ཕྱིར་དུ་ཤ་ཟས་ཉུང་ངུ་སྟེན་དགོས་པ་གལ་ཆེ་བའི་ཚུལ།ཤའི་ཟས་ཕལ་མོ་ཆེར་ནུས་པ་ལྕི་བ་དང་། སྣུམ་པ་དང་། དྲོ་བ་བཅས་ཀྱི་ཆ་མང་བ་ཡོད་པ་དེ་ཕོ་བ་དང་ཁྲག་ལ་ཤས་ཆེར་འཕེལ། འདིའི་རྐྱེན་གྱིས་ཐུར་སེལ་རླུང་གི་རྒྱུ་བ་འཁྲུག་ནས་རྒྱུ་མའི་གནས་སུ་དྲོད་ཚད་རྒྱས། དེ་ལས་བཤང་བ་མཁྲེགས་པོར་འགྱུར་བའམ་བཤང་འགག་ནད་སྐྱེ་བ་ལས་གཞང་འབྲུམ་ནད་ཀྱི་དཀའ་ངལ་ཕྲད་པའི་ནད་པ་མང་པོ་མཐོང་རྒྱུ་ཡོད། ལྷག་པར་དུ་གླང་ཤ་སྟེན་པའི་ཉིན་མོར་བཤང་བ་མཁྲེཌ་པོར་འགྱུར་བ་དང་སྦྲགས་ཁྲག་ཀྱང་འབབ་པ་དང་། གླང་ཤ་མ་བསྟེན་པའི་ཉིན་མོར་བཤང་བ་ནི་སླ་མཁྲེགས་རན་ལ་ཁྲག་ཀྱང་མ་བབས་པ་བཅས་ཀྱི་ཁྱད་པར་ལྡན་པའང་མཐོང་རྒྱུ་ཡོད་པ་དེའི་ཕྱིར་ན།
གླང་ཤ་གཙོ་བོར་འགྱུར་བའི་ཤ་ཟས་ཉུང་དུ་གཏོང་ཐུབ་ཚེ་ཆོས་དང་འཇིག་རྟེན་གང་གིས་བལྟས་ཀྱང་ཕན་ཐོགས་རབ་ཏུ་ཆེའོ།།

གཞང་འབྲུམ་ནད་སྐྱེ་བའི་རྒྱུ་གཙོ་བོ་ཇི་ལྟར་འགོག་པའི་ཚུལ་སྙིང་སྡུད།སྨན་གཞུང་ཡན་ལག་བརྒྱད་པར། གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད་རྣམས་ནི། །ཕལ་ཆེར་ཕན་ཚུན་རྒྱུར་གྱུར་ཡིན་པས་ན། །མེ་དྲོད་ཆུང་ན་ནད་སྐྱེའི་ཆེ་ན་མིན། །དེ་བས་དེ་ལ་མཆོག་ཏུ་མེ་དྲོད་བསྲུང་། །ཞེས་གསུངས་པ་ལྟར། གཞང་འབྲུམ་ནད་དང་། བཤལ་ནད་དང་། ཕོ་ནད་དང་བཅས་པ་ཕན་ཚུན་གཅིག་གི་རྐྱེན་གཅིག་གིས་བྱེད་ཅིང་། འདི་རྣམས་ཀྱང་ཕོ་བའི་མེ་དྲོད་ཞན་པོར་གྱུར་བ་ལས་སྐྱེ་བ་ཡིན་པས་ཕོ་བའི་མེ་དྲོད་སྲུང་བ་ལ་ནི་མཆོག་ཏུ་འབད་པ་བྱོས་ཞེས་སློབ་དཔོན་ཕ་ཁོལ་གྱིས་གསུངས་སོ།།
གཞང་འབྲུམ་ནད་ཀྱི་སྔོན་འགོག་ཕོ་བའི་མེ་དྲོད་སྲུང་ཐབས། དུས་རྒྱུན་དུ་ཁ་ཟས་ཉུང་ཙམ་སྟེན་ཞིང་ཕོ་བར་ཟས་དང་སྐོམ་ཆ་བགོ་བྱས་ནས་སྟེན་དགོས་པ་སོགས་ཡིན། འདིའི་སྐོར་ལ་བོད་ཀྱི་སྨན་རྩིས་ཁང་གིས་རིན་མེད་ཐོག་འདོན་སྤེལ་ཟིན་པའི་བོད་ཀྱི་གསོ་བ་རིག་པ་ལས་ནད་གཞི་སྔོན་འགོག་ཤེས་བྱའི་ཚན་པ་ལས། ཕོ་འབྲས་ཞེས་པའི་དེབ་ཆུང་ནང་དུ་གསལ་བར་བཀོད་ཡོད་པས་དེ་ལས་ཤེས་པར་གྱིས།
གཞང་འབྲུམ་ནད་ལ་ཕན་པའི་འབྱུག་སྨན་དང་སྨན་ཇ།



གཞང་འབྲུམ་སྐམ་པ་ལ་ཁྱུང་ལྔ་ནི་ལ་རིལ་བུ་གྲངས་ལྔ་ཞིབ་པར་བཅོས་ཏེ་ཟབ་ལག་བརྒྱད་པ་དང་མཉམ་དུ་བསྲེས་ནས་སྨན་པའི་ལམ་སྟོན་ལྟར་གཞང་ནང་དུ་བྱུགས།
  གཞང་འབྲུམ་གཤེར་བ་ལ་ཁྱུང་ལྔ་ནི་ལ་རིལ་ལུ་གྲངས་ལྔ་ཞིབ་པར་བཅོས་ཏེ་རྨ་སྨན་རབ་འབྱོར་དང་མཉམ་དུ་བསྲེས་ནས་སྨན་པའི་ལམ་སྟོན་བཞིན་གཞང་ནང་དུ་བྱུགས།  གཞང་འབྲུམ་སྐམ་གཤེར་གཉིས་ཀ་ལ་གཞང་འབྲུམ་འབྱུག་པ་སྨན་པའི་ལམ་སྟོན་ལྟར་བྱུགས། གཞང་འབྲུམ་སྨན་ཇའང་སྨན་པའི་ལམ་སྟོན་ཇི་བཞིན་ཆུ་ཚ་བོར་སྦང་སྟེ་ཐུངས།

མཐའ་དོན།  གཞང་འབྲུམ་ནད་ལ་གཤག་བཅོས་བྱས་ཀྱང་སླར་ཡང་ན་ལོག་རྒྱག་པ། ཟུངས་ཁྲག་འཛག་པ་ལས་ལུས་ཟུངས་ཉམས་རྒུད་དུ་ཕྱིན་པས་རུས་རྩི་ཉམས་པའམ་རུས་པ་གསོབ་པ། ལུས་ཀྱི་དྲོད་ཉམས་པ།  གྲང་ནད་ལྡང་བ། རླུང་ཁམས་མཐོ་བོར་གྱུར་པས་མགོ་ཡུག་འཁོར་བ། ལུད་ཤེད་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། ལོ་གཅིག་གི་དུས་ཡུན་ལས་མ་ཡོལ་བར་སྨན་བཅོས་བྱས་ཚེ་བོད་སྨན་གྱིས་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་གཞང་འབྲུམ་ནད་ལ་སྨན་བཅོས་དུས་ཐོག་ཏུ་མ་བྱས་པ་ཡིན་ན་གཞང་འབྲས་ (Rectum Cancer) སུ་འགྱུར་ཉེན་ཆེ། དེས་ན་གོང་གི་བརྗོད་དོན་ཆ་ཚང་ཡིད་ལ་ལེགས་པར་བཅངས་ནས་ལུས་ངག་ཡིད་གསུམ་གྱིས་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི།  གསོ་བ་རིག་པའི་མན་ངག་ཡིན་ལ་གཞང་འབྲུམ་ནད་ཀྱི་སྔོན་འགོག་མཆོག་ཀྱང་ཡིན་ནོ།། །།

དགུ་པ། སྐར་རྩིས་རིག་པའི་ཐབས་ལམ།

གཞང་འབྲུམ་སོགས་ནད་བྱེ་བྲག་གིས་མནར་བའི་སྐབས་ནད་རིགས་སོ་སོར་རིམ་གྲོ་གཏོ་བཅོས་མདོ་སྡུད་ནི། གཞང་འབྲུམ་ནད། མཆིན་པའི་ནད། མཁྲིས་པའི་ནད། ཤིང་སྡོང་སྟེང་ནས་མར་ལྷུང་བ་ལས་རྨས་སྐྱོན་ལ་སོགས་པའི་ནད། ཤིང་མཛེར་དང་ཚེར་མ་ཟུག་པའི་ནད། རྩ་རྒྱུས་ཆད་པ། མེ་སྒྱོགས་ཕོག་པ། ཁང་ཐོག་གི་འོག་ཏུ་འཚུད་པ་ལ་སོགས་པ། ཤིང་གི་རྐྱེན་བྱས་པའི་གཞི་ཆེའི་ནད་སོགས་དང་།
གཞན་ཡང་གཟའ་སྐར་ས་བདག་སོགས་ཤིང་ཁམས་ཀྱི་གནོད་པའི་ནད་རིགས་ལ་བརྒྱ་བཞི་ཐོངས། ཡང་ན་གླུད་བརྒྱ་རྩ་ཐོངས། ཆོས་སུ་གཟུངས་བསྡུས་དང་། སྡོང་རྒྱན་འདོན། གཏོ་བཅོས་སུ་གོང་ལྟར་པག་གི་གླུད་བོང་བུ་རྒྱ་བོ་གཟུགས་བཟོས། དེར་ཤིང་བཟོའི་ལག་ཆ་དང་སྐ་རགས་རྣམས་བཀལ་ལ་བརྩི་བྱ་རང་རང་གི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ། །རྒྱས་པ་ནི་ནད་རྩིས་ཐོག་གསལ་བའི་རིམ་གྲོ་བྱས་པ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་བྱ་རྒྱུ་གལ་ཆེའོ།། །།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།