སྨན་རྩིས་དྲ་བ། - ཁྲག་རླུང་སྟོད་འཚངས།

 

ཁྲག་རླུང་སྟོད་འཚངས།


དང་པོ། གོ་དོན།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་ན་ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞི་འདི་ནི། རྣམ་པར་མ་གྱུར་བའི་ལུས་ཀྱི་ཁྲག་གི་ལྡང་ཚད་གང་ཟག་སོ་སོའི་སྙིམ་པ་བདུན་རེ་དང་རླུང་གི་ལྡང་ཚད་དྲི་ཆུའི་སྣོད་ལྒང་ཕུག་གང་རེ་ཡོད་པར་བཤད་པ་དེ་ཉིད་དུས་གདོན་ཟས་སྤྱོད་རྐྱེན་པས་འཕེལ་བའམ་ཟད་པ། ཡང་ན་འཁྲུགས་པར་གྱུར་བ་ཞིག་ཡིན། ཁྱད་པར་དུ་རླུང་ལ་བྱེ་བྲག་དབྱེ་བ་ལྔ་ཡོད་པའི་ནང་ནས། སྙིང་ལ་གནས་པའི་ཁྱབ་བྱེད་རླུང་དེ་རྣམ་པར་གྱུར་བས་ལུས་ཀྱི་སྟོད་དུ་འཚངས་པའམ། དེའི་རྟེན་ངན་ཁྲག་ལ་རླུང་གིས་བུས་པའི་ནད་ཅིག་ལ་ཁྲག་རླུང་སྟོད་འཚངས་ཞེས་བརྗོད་པ་ཡིན།


དེང་རབས་ཕྱི་ལུགས་སྨན་གྱིས་ནད་འདི་ལ་
hypertension ཞེས་པའམ། ཡང་ན་དམངས་ཁྲོད་དུ་ high blood pressure (BP) ཞེས་འབོད་སྲོལ་ཡོད། ནད་འདི་ཕོག་ཡོད་མེད་བརྟག་ཐབས་སུ། ཁྲག་རླུང་བརྟག་ཐབས་ཡོ་བྱད་དུ་སྟེང་དང་འོག་གཉིས་ཀྱི་གྲངས་ཚད་དེ་ ༡༤༠༩༠ ཡིན་པའམ་དེ་ལས་མང་བ་ཡོད་པ་གང་ཞིག་སྔ་དགོང་སོགས་བརྟག་དུས་ཐེངས་གསུམ་ཙམ་བརྟག་པས་གྲངས་ཚད་དེ་ལྟར་མུ་མཐུད་ནས་གཅིག་མཚུངས་སུ་སྟོན་པ་ཡིན་ན་ནད་གཞི་འདི་ཡོད་པར་ངོས་འཛིན་བྱེད་པ་ཡིན། ནད་འདི་ལ་རྒྱུན་གཏན་གྱི་གནས་ཚུལ་འོག་བཟོད་དཀའ་བའི་ན་ཟུག་དང་། ལུས་ཤེད་ཉམས་པ་སོགས་ནད་རྟགས་དམིགས་བསལ་གང་ཡང་མངོན་གྱུར་བ་མེད་སྟབས་ནད་པ་མང་པོ་ཞིག་ནད་འདིའི་བཅོས་ཐབས་ཐད་ལྷོད་གཡེང་དུ་འགྲོ་བཞིན་ཡོད།


གཉིས་པ། ཐུགས་སྣང་དགོས་པ།

སྤྱི་ལོ་ ༢༠༠༤ ནས་ ༢༠༠༨ བར་བོད་ཀྱི་སྨན་རྩིས་ཁང་ནས་རྒྱ་གར་ལྷོ་བྱང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྡོད་ལོ་ན་ ༣༠ ནས་ ༧༠ བར་གྱི་མི་མང་གྲངས་འབོར་ ༦༩༣༤ ལ་ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞི་ཁྱབ་གདལ་ཞིབ་གཤེར་ཞུས་པས། བོད་མི་བརྒྱ་ཆ་ ༤༦ ཙམ་ལ་ཁྲག་རླུང་སྟོད་འཚངས་ནད་གཞི་ཡོད་པ་ཤེས་རྟོགས་བྱུང་ཡོད། དེ་ནི་བརྒྱ་ཆ་མཐོ་བོ་ཡིན་ལ་སེམས་ཚབས་བྱ་དགོས་པའི་གནས་སྟངས་ཞིག་ཀྱང་ཡིན། ཞིབ་གཤེར་དེ་ཡིས་རང་རེའི་སྤྱི་ཚོགས་ནང་དུའང་ཆང་རག་དང་། ཤ་ཡོད་ཀྱི་ཁ་ཟས། བོད་ཇ་འཐུང་དྲགས་པ། ཤུགས་ལས་དང་དལ་ལྷོད་ཀྱི་འཚོ་བ་བཅས་ཀྱིས་ཁྲག་རླུང་སྟོད་འཚངས་ནད་གཞི་བསྐྱེད་པའི་རྐྱེན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ནམ་རྒྱུན་ནས་ཟས་སྤྱོད་ཐོག་ལ་ཐུགས་སྣང་བྱེད་དགོས་པ་གལ་ཆེ་ཡིན་པ་ཤེས་ཡོད།


སྤྱི་ལོ་ ༢༠༠༩ ལོར་ཁྲག་རླུང་སྟོད་འཚངས་ནད་གསར་པའམ་བཅོས་མྱོང་མེད་པའི་ནད་པ་གྲངས་ ༡༥༠ ལ་ཟླ་དྲུག་རིང་བོད་སྨན་དང་ཟས་སྤྱོད་སློབ་སྟོན་སྒོ་ནས་ནད་བཅོས་ཉམས་ཞིབ་བྱས་པས་ཁྲག་རླུང་སྟོད་འཚངས་བརྟག་ཐབས་ཆ་བྱད་ཀྱི་སྟེང་གི་གྲངས་ཚད་སྔ་མ་ལས་མར་བཅག་ཐུབ་པ་བྱུང་ཡོད། བོད་ལུགས་ཀྱི་བཅོས་ཐབས་རྒྱུན་བསྲིངས་ནས་བསྟེན་ན་ནད་འདི་ལ་ཕན་འབྲས་ཡག་པོ་ཡོད་པ་ར་འཕྲོད་བྱུང་བ་རེད།


རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་སྤེལ་བ་ལྟར་ན། འཛམ་གླིང་ནང་མི་གྲངས་ས་ཡ་ ༩༧༠ ཙམ་ཁྲག་རླུང་སྟོད་འཚངས་ནད་ཀྱིས་མནར་བཞིན་ཡོད་པ་དང་། འབྱུང་འགྱུར་ ༢༠༢༥ བར་མི་གྲངས་བྱེ་བ་ ༡་༥༦ ཙམ་ལ་ནད་འདི་འཕོག་རྒྱུའི་ཚོད་དཔག་བྱས་ཡོད།

ཁྲག་རླུང་སྟོད་འཚངས་ནད་གཞིའི་དབང་གིས་འཛམ་གླིང་ནང་དུ་ལོ་ལྟར་མི་གྲངས་ས་ཡ་ ༧་༥ ཙམ་འདས་གྲོངས་སུ་གྱུར་གྱི་ཡོད་པ་མ་ཟད། ལྷག་པར་དུ་ནད་འདི་ལ་དུས་ཐོག་སྨན་བཅོས་མ་གནང་བ་ཡིན་ན་རིམ་པས་མཐུ་ཆེ་རུ་སོང་ནས་སྙིང་རྩ་འགག་པ་དང་། ཀླད་གྲིབ། མཁལ་སྐྱོན། མིག་རྩ་བརྡོལ་བ་སོགས་གནོད་སྐྱོན་ཚབས་ཆེ་ཕོག་ནས་འཆི་བཞིན་པའི་ནད་པའི་གྲངས་འབོར་ཤིན་ཏུ་མང་བར་བརྟེན། ནད་འདིའི་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་རྣམས་འཐུས་ཤོར་མེད་པ་གནང་རྒྱུ་གལ་ཆེན་པོ་ཡིན།

 

གསུམ་པ། རྒྱུ།

མན་ངག་ལྷན་ཐབས་སུ། རྒྱུ་ནི་ཐ་མལ་ལུས་འདིའི་རླུང་དང་ཁྲག །ཅེས་གསུངས་པ་ལྟར། ཉེས་པ་རླུང་ལ་མཚན་ཉིད་དྲུག་ཡོད་དེ། རྩུབ་པ་དང་། ཡང་བ། གྲང་བ། ཕྲ་བ། སྲ་བ། གཡོ་བ་བཅས་ཀྱི་རང་བཞིན་ཤེས་པའི་ཐོག་ནས་རླུང་ངོས་འཛིན་གནང་དགོས། དེའི་ནང་ནས་རྩུབ་པ་དང་། ཡང་བ། གྲང་བའི་རང་བཞིན་དེ་གསུམ་དང་། ཁྱད་པར་དུ་རླུང་གི་བྱེ་བྲག་དབྱེ་བ་ལྔ་ལས། སྙིང་ལ་གནས་པའི་ཁྱབ་བྱེད་རླུང་དེ་ནད་འདིའི་རྒྱུ་རུ་འདོད་པ་ཡིན། ལུས་ཟུངས་གཉིས་པ་ཁྲག་གི་འབྱུང་ཁུངས་ནི་ཟས་སྐོམ་ལེགས་ཉེས་གང་ཟོས་པ་རྣམས་ཕོ་བའི་མེ་དྲོད་ཀྱིས་མྱག་བཞུ་དྭངས་སྙིགས་བྱས་རྗེས་ཁ་ཟས་ཀྱི་དྭངས་མ་ལས་ཁྲག་དང་། སྙིགས་མ་ལས་ཕོ་བའི་བད་ཀན་དང་བེ་སྣབས་སྐྱེས་པར་བྱེད་ཀྱི་ཡོད། ཁ་ཟས་ཀྱི་ངོ་བོ་དང་མེ་དྲོད་ཀྱི་བྱེད་ལས་ཚུལ་མཐུན་མ་བྱུང་བ་ལ་བརྟེན་ནས་སྙིགས་མ་དང་དྭངས་མ་གཉིས་འདྲེས་པས་ངན་ཁྲག་འཕེལ་བ་དེ་ནད་འདིའི་རྒྱུ་ཡིན། སྤྱིར་ཁྲག་གི་ལས་ནི་ལུས་ཀྱི་བརླན་པའི་ཆ་ཕལ་ཆེར་སྐྱེད་པར་བྱེད་ཅིང་སྲོག་གི་རྟེན་གཙོ་བོར་བྱེད་ཀྱི་ཡོད།

 

བཞི་པ། རྐྱེན།

དེ་ལྟར་རྣམ་པ་མ་གྱུར་བའི་རླུང་དང་ཁྲག་གཉིས་འཕེལ་བར་བྱེད་པའི་རྐྱེན་རྣམ་པ་བཞི་ཡོད་དེ། དུས་དང་གདོན་དང་ཟས་དང་སྤྱོད་ལམ་བཅས་ཡིན།

ཉེས་པ་རླུང་འཕེལ་བའི་རྐྱེན།

Ø    དུས་ཀྱི་རྐྱེན། སྤྱིར་ཉེས་པ་རླུང་དེ་ནམ་ཟླ་དབྱར་ཁ་ཆར་རླུང་གྲང་བའི་དུས་དང་། ཉིན་ཞག་གཅིག་གི་ནང་དུ་དགོང་མོ་དང་ཐོ་རངས་གཉིས་སུ་ལྡང་བ་ཡིན་ཏེ། དེའི་དུས་ཕྱིའི་ཁོར་ཡུག་ཏུ་རླུང་རང་གི་མཚན་ཉིད་དང་ཆོས་མཐུན་པའི་ཆ་རྩུབ་ཅིང་ཡང་བ་དང་། གྲང་བ་རྣམས་འཕེལ་བ་བཞིན་ལུས་ནང་རླུང་གི་མཚན་ཉིད་དེ་དག་ཀྱང་ཆེར་འཕེལ་བར་འགྱུར་བ་ཡིན།

Ø   ཟས་སྤྱོད་ཀྱི་རྐྱེན། རླུང་རང་གི་མཚན་ཉིད་ཡང་རྩུབ་དང་ཆོས་མཐུན་པའི་ཟས་སྐོམ་ཇ་གར་པོ་དང་། ཕག་ཤ ར་ཤ ནིམ་པ། ཏིག་ཚལ་སོགས་རོ་ཁ་བ་བསྟེན་དྲགས་པ་དང་། དེང་དུས་ཀྱི་ཟས་སྐོམ་ཡུན་བསྲིང་བྱེད་པའི་རུལ་སུངས། སྔོ་ངད། བཅུད་མེད་ཀྱི་ཁ་ཟས་ཡུན་རིང་བསྟེན་དྲགས་པ། ལུས་དང་ངག་གི་སྤྱོད་ལམ་དམན་པའམ་ལྷག་པ་དང་ལོག་པར་གྱུར་བ་དཔེར་ན། ཁ་ཟས་དུས་ཐོག་ཏུ་མ་ཟོས་པར་ཡུན་རིང་ལྟོ་སྟོང་བཞུགས་པ་དང་། གཉིད་དུས་ཐོག་ཏུ་མ་ཉལ་བར་གཉིད་ཆག་པ། རླུང་འཁོར་དང་གྲང་གློག་ཅན་གྱི་རླུང་བསེར་བུ་ཡུན་རིང་ཕོག་པ། ངག་གི་སྨྲ་བ་མང་བ། རང་གི་ཡིད་དུ་མ་བབས་པའི་གཏམ་ཐོས་པ། མྱ་ངན། སེམས་ལས་ཆེ་བ། ཆུ་ཀླུང་གི་སྒྲ་ཆེ་བ་ཐོས་པ། སྣ་ཁྲག་གམ་མངལ་ཁྲག་མཚོན་ཁྲག་སོགས་ཁྲག་མང་དུ་ཟགས་པ། ནད་ཀྱི་འཁྲུ་སྐྱུག་དྲག་པོ་བཏབ་པ། ཆགས་པ་སྤྱོད་དྲགས་པ། བཤང་གཅི་གཉིས་ཀ་ཡོང་བཞིན་དུ་བཀག་པའམ་མ་འཐོན་བཞིན་དུ་ཧ་ཅང་ཤུགས་ཀྱིས་བཙིར་བ་བཅས་ཀྱིས་རླུང་འཕེལ་བར་བྱེད་པས་རླུང་ཤས་ཆེ་བའི་སྟོད་འཚངས་ཀྱི་ནད་འདི་འབྱུང་བར་གྲོགས་བྱེད་ཀྱི་ཡོད།


ཁྲག་འཁྲུགས་པའི་རྐྱེན། 

Ø   དུས་ཀྱི་རྐྱེན། རླན་གཤེར་མེད་ཅིང་རེག་བྱ་ཚ་གདུང་ཆེ་བའི་གནས་སུ་དུས་རྐྱེན་སོ་ག་ལྟ་བུ་ཉི་མའི་འོད་ཟེར་རབ་ཏུ་ཚ་བས་ཡང་ལ་རྩུབ་ཅིང་དྲོ་བ་དང་། སྟོན་ཚད་ནི་སྣུམ་ལ་དྲོ་བའི་ཡོན་ཏན་ལྡན་ཞིང་། ཉིན་ཞག་གཅིག་གི་ནང་དུ་ཉིན་གུང་དང་། མཚན་གུང་གཉིས་བཅས་ལ་ཕྱི་རོལ་ཁམས་སུ་སྣུམ་ཞིང་ཚ་རྣོ་ཡོན་ཏན་འཕེལ་བ་བཞིན་ལུས་ནང་གི་ཁྲག་དང་མཁྲིས་པའི་སྣུམ་དྲོ་ཚ་བའི་མཚན་ཉིད་ཀྱང་འཕེལ་བར་བྱེད་ཀྱི་ཡོད།

Ø   ཟས་སྤྱོད་ཀྱི་རྐྱེན། ཚ་སྐྱུར་ལན་ཚྭ་བྲོ་བའི་རོ་ཡོད་པའི་ཟས་སྐོམ་ལོངས་སྤྱོད་ཐལ་དྲགས་པས་ལུས་ནང་གི་ཁྲག་འཁྲུགས་ཞིང་ངན་ཁྲག་འཕེལ་བར་བྱེད་ཀྱི་ཡོད། རོ་ཚ་བའི་ཁོངས་སུ་ཙི་ཏྲ་ཀ་དང་། ན་ལེ་ཤམ། པི་པི་ལིང་ལྟ་བུ་སྤོད་སྣ་དང་། ནམ་རྒྱུན་ནས་ཁ་ཟས་སུ་ལན་ཚྭ་མང་པོ་བེད་སྤྱོད་པ། སྐྱུར་བའི་ཤིང་ཏོག་དང་སྙལ་ཚལ་རིགས་བསྟེན་དྲགས་པ། དེ་བཞིན་ཤ་དང་ཚིལ། གར་ཆང་། ཞོ་དར། ཆང་རྒན་པོ། བུར་རྙིང་། ལོ་མར། མར་རྙིང་ལ་སོགས་པའི་དྲོད་བཅུད་ཀྱི་ཟས་སྐོམ་རིགས་བསྟེན་དྲགས་པ་དང་། སྤྱོད་ལམ་དུ། རྒྱུན་དུ་ནས་སེམས་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང་། མེ་དང་ཉི་མའི་འོད་ལ་བསྲོས་དྲགས་པ། ཚ་བའི་དུས་སུ་ཉིན་མོར་གཉིད་ཁུག་པ། ལུས་ཀྱི་བྱ་བ་དྲག་ཤུལ་གྱི་རིགས་ཏེ་བང་དང་མཆོང་སོགས་ལུས་རྩལ་བྱེད་དྲགས་པ་དང་། མི་ཐེག་བཞིན་དུ་དངོས་པོ་ལྕི་བོ་ཁུར་བ། ས་སྲན་བརྐོས་པ། བརྡབས་ལྷུང་བྱུང་བ། རྡོ་དང་དབྱུག་པས་བརྡུངས་པ། སྣུམ་འཁོར་རིགས་ཡུན་རིང་གཏོང་བའམ་ཡང་ན་འགྲོ་འོང་བྱེད་དྲགས་པ། རྒྱུན་དུ་ཐ་མག་མང་པོ་འཐེན་པ་བཅས་ཟས་སྤྱོད་ལོག་པའི་རྐྱེན་གྱིས་ཁྲག་འཁྲུགས་ཤིང་ཁྲག་ངན་རྒྱས་ནས་ཁྲག་ཤས་ཆེ་བའི་སྟོད་འཚངས་ཀྱི་ནད་འབྱུང་བར་གྲོགས་བྱེད་ཀྱི་ཡོད། གཞན་ཡང་། ཁྲག་རླུང་སྟོད་འཚངས་ནད་འདི་ཁྱབ་བྱེད་རླུང་གི་ནད་བྱེ་བྲག་པ་ཞིག་ཡིན་པར་བརྟེན། འགྲོ་བསྐྱོད་དྲགས་པ་དང་། ས་རླན་ཅན་སོགས་ཀྱི་སྟེང་དུ་བསྡད་དྲགས་པ། ལུས་ཀྱི་ལས་དྲགས་པ། འཇིགས་སྐྲག་ཆེ་བའི་སྒྲ་སོགས་མི་སྙན་པའི་རིགས་ཐོས་པ། ཡིད་མུག་སྟེ་སྡུག་བསྔལ་གྱིས་མནར་བའི་རྐྱེན་གྱིས་ཁྱབ་བྱེད་རླུང་འཁྲུགས་པ་ལ་བརྟེན་ནས་ཁྲག་རླུང་སྟོད་འཚངས་ཀྱི་ནད་འབྱུང་བའང་ཡོད། ལྷག་པར་ན་སོ་ཇི་ཙམ་མཐོ་བ་དེ་ཙམ་གྱིས་ཁྲག་རླུང་སྟོད་འཚངས་ཀྱི་ནད་འདི་འབྱུང་ཉེན་ཆེ་བ་ཡོད་ལ་རིགས་རྒྱུད་ནས་འབྱུང་བའང་ཡོད་པར་བཞེད།

ལྔ་པ། དབྱེ་བ།

མན་ངག་ལྷན་ཐབས་སུ། དབྱེ་ན་ཁྲག་རླུང་གཉིས་པོ་ཤས་ཆེ་རེ། །ཞེས་གསུངས་པ་ལྟར་ཁྲག་ཤས་ཆེ་བའི་སྟོད་འཚངས་དང་། རླུང་ཤས་ཆེ་བའི་སྟོད་འཚངས་བཅས་རིགས་གཉིས་སུ་དབྱེ་བ་ཡིན། གཞན་ཡང་། ཁྲག་རླུང་གཉིས་སྡོམ་གྱི་སྟོད་འཚངས་དང་། བླ་གཉན་གྱི་ཁྲག་རླུང་སྟོད་འཚངས་ཞེས་དེང་དུས་ནད་ཐོག་ལག་ལེན་སྐབས་དངོས་སུ་མཐོང་རྒྱུ་ཡོད།

 

དྲུག་པ། ནད་རྟགས།

དང་པོ་མངོན་ཚུལ་གྱི་རྟགས་སུ། མགོ་བོ་དང་མིག་རུས། སོ། མུར་འགྲམ། སྒྲོག་རུས། དཔྱི་རྐེད། རྐང་ངར། ཚིགས་གཞི་རྣམས་ན་བ་དང་། གྲང་ཤུམ་བྱེད་པ། ལུས་ལ་རྔུལ་མང་བ། གཉིད་མེད་པ། གཡལ་འདར་བྱེད་པ། མེ་དང་ཉི་མར་བསྲོར་འདོད་པ། ཁོང་པ་སྟོང་པ་དང་གྲང་མོ་ཚོར་བ། སེམས་མ་སྐྱིད་པ་བྱུང་གི་ཡོད། དེ་ནས་ནད་གཞི་མཐུ་ཆེ་རུ་སོང་བའི་སྐབས་སུ་ལུས་ནང་དུ། མདུན་གྱི་བྲང་ཁོག་དང་རྒྱབ་ཀྱི་རོ་སྟོད་གཟེར་བ་དང་། ལྟག་པའི་སྡུད་སྒོ་ན་བ། དབུགས་ནང་དུ་སྡུད་པ་དཀའ་བ། ལུས་དགྱེ་གུག་དཀའ་བ། དབུགས་རྔམ་ཞིང་སྐེ་ལ་སོགས་པའི་རྩའི་འཕར་སྒོ་དྲག་པ། དབུགས་འབྱིན་རྔུབ་མི་བདེ་ཞིང་སྟོད་དུ་འཚངས་པ་སོགས་རླུང་འཁྲུགས་པ་དང་ཁྱད་པར་ཁྱབ་བྱེད་རླུང་གི་ནུས་པ་རྣམ་པར་གྱུར་བའི་རྟགས་མཚན་ཡོད། ནད་འདི་ཉིད་ལ་གཙོ་བོ་ནང་གསེས་དབྱེ་བ་གཉིས་ཡོད་པ་ལས་ཁྲག་ཤས་ཆེ་བའི་སྟོད་འཚངས་ཀྱི་མི་འགྱུར་རྟགས་ངེས་ཅན་དུ། གཟེར་ཆེ་བ་དང་། རླུང་ཤས་ཆེ་བའི་མི་འགྱུར་རྟགས་ངེས་ཅན་དུ། སྟོད་དུ་འཚང་ཤས་ཆེ་བའི་ཁྱད་ཡོད་པ་རེད། ཡང་། སྨན་གཞུང་དུ་ཉེས་པ་རླུང་དང་ཁྲག་འཕེལ་བའི་རྟགས་གཞན་གསུངས་པ་ནི། ལུས་ཀྱི་ཡན་ལག་གི་ཆ་སྐེམ་ནས་ལྗིད་ཚད་ཆག་པ་དང་། ལྤགས་མདོག་ནག་པོ་འགྱུར་བ་དང་། ལྟོ་བ་སྦོ་ཞིང་བཤང་བ་སྲི་བ་དང་། མགོ་བོ་ཟི་ཐོམ་དུ་འཁོར་བ་དང་། ལུས་སྟོབས་དང་མིག་ལ་སོགས་པའི་དབང་པོ་རྣམས་ཉམས་ཏེ་རང་རང་གི་ཡུལ་ལ་མི་འཇུག་པ་དང་། སོ་རྙིལ་སྐྲངས་པ། ལུས་བསྐྱོད་པར་དཀའ་ཞིང་། མིག་དང་གཅིན་དང་པགས་པ་རྣམས་དམར་པོར་འགྱུར་བ་དང་། རེས་འགའ་གཉིད་ལྷག་པར་ཆེ་བའམ་གཉིད་མེད་པ་བཅས་དེང་རབས་སྨན་ལུགས་ཀྱི་ hypertension ནད་རྟགས་རྣམས་དང་གཅིག་མཚུངས་མངོན་བཞིན་ཡོད།

 




བདུན་པ། བཅོས་ཐབས།

སྤྱིར་ཡོངས་གྲགས་སུ་ནད་ཀྱི་གཉེན་པོར་སྨན་དཔྱད་ཟས་སྤྱོད་བཞི་གསུངས་ཡོད་པ་ལས། སྨན་དང་དཔྱད་ཀྱི་བཅོས་ཐབས་ནི་བརྟག་དཔྱད་སྨན་པས་ཁྲག་རླུང་སྟོད་འཚངས་ཀྱི་ནད་པ་སོསོའི་ནད་གཞི་ཚབས་ཆེ་ཆུང་དང་། ནད་རྟགས། ལུས་ཁམས། ན་ཚོད་ལ་སོགས་པ་ཆོས་བཅུ་དང་བསྟུན་ནས་གང་ལ་གང་འཚམས་ཀྱི་སྨན་བཅོས་དང་དཔྱད་བཅོས་ལག་ལེན་གནང་བཞིན་པ་ཡིན་མོས་ཀྱང་དེ་དང་མཉམ་དུ་ནད་པ་རང་ངོས་ནས་ཀྱང་ཟས་དང་སྤྱོད་ལམ་གཉིས་སྨན་པས་ལམ་སྟོན་གང་གནང་བ་བཞིན་སྤང་བླང་འཆོལ་མེད་ལག་བསྟར་གནང་དགོས།

 

བརྒྱད་པ། སྔོན་འགོག

སྤྱིར་ཟས་སྤྱོད་ནི་རང་ཉིད་ཐ་མལ་ནད་མེད་ཡིན་པའི་སྐབས་སུ་འཚོ་བའི་གྲོགས་བྱེད་པ་ཡིན་ལ། འདུ་བ་འཁྲུགས་པའི་རྐྱེན་ཡང་བྱེད་པ་ཡིན། ལྷག་པར་རྣམ་གྱུར་ནད་ཀྱི་གཉེན་པོའི་རིམ་པ་དང་པོ་ཡང་དེ་ཉིད་ཡིན། ནད་གཞི་འདིའི་སྔོན་འགོག་ཆེད་དུ་ཟས་སྤྱོད་ཕན་པའི་ཆ་ཐམས་ཅད་བླང་བྱ་དང་གནོད་པའི་རིགས་རྣམས་སྤོང་དགོས་པ་ནི་ནད་གཞི་གཞན་ཚང་མ་དང་གཅིག་མཚུངས་ཡིན། ཁྲག་རླུང་སྟོད་འཚངས་ཀྱི་ནད་གཞིའི་བཅོས་ཐབས་ཀྱི་བརྒྱུད་རིམ་ཁྲོད་གསོ་ཐབས་ཚུལ་དང་མཐུན་པ་མ་བྱུང་བ་ཡིན་ན་བླ་གཉན་ནད་དེ་ནད་འཕར་མའམ་བསྣོན་མ་བྱུང་སྟེ། ཁྲག་རླུང་རྐྱེན་པས་སྙིང་ནད་དང་། ཀླད་གྲིབ། མཁལ་ནད། མིག་རྩ་དང་རྐང་ངར་གྱི་ཁྲག་རྩའི་ནད་བཅས་ཕོག་ཉེན་ཆེ་བར་བརྟེན། ངེས་པར་དུ་ཁྲག་རླུང་སྟོད་འཚངས་ཙམ་མིན་པར་བླ་གཉན་གྱི་ནད་དེ་དག་ཀྱང་སྔོན་འགོག་བྱེད་ཐུབ་པས་སྔོན་འགོག་གི་ཆ་ལ་ལྷོད་གཡེང་མ་ཤོར་བ་བྱེད་དགོས་པ་ཡིན། མན་ངག་ལྷན་ཐབས་ལས། ཟས་ནི་གསར་བཅུད་བསྟེན་ཞིང་རྩུབ་ཡང་སྤང་། །ཞེས་གསུངས་པ་ལྟར་གཤམ་དུ་ཕྱི་ནང་གི་གསོ་རིག་གཞུང་ལུགས་ལས་བཏུས་པའི་ཁྲག་རླུང་སྟོད་འཚངས་ནད་བཅོས་ལ་ཕན་གནོད་ཀྱི་ཟས་སྐོམ་ཤེས་བྱ་མཁོ་སྒྲུབ་ཞུས་ཡོད་པ་ལ།

 

གནོད་པའི་ཟས་སྐོམ།

ནད་གཞི་འདིའི་རྒྱུ་ནི་རླུང་དང་ཁྲག་གཉིས་ཡིན་པས། ཉེས་པ་རླུང་ནི་སྤྱིར་ནུས་པ་ལྕི་སྣུམ་གཉིས་ཀྱིས་སེལ་བར་བྱེད་ཅིང་ཡང་རྩུབ་བསིལ་བ་གསུམ་གྱིས་སྐྱེད་པར་བྱེད་ཀྱི་ཡོད། ནད་གཞི་འདིར་དེང་རབས་ཕྱི་ལུགས་སྨན་གྱིས་རོ་ལན་ཚྭ་ (salt) ངེས་པར་འཛེམ་དགོས་པ་གདམས་ཡོད། ཡང་རྩུབ་ཀྱི་ནུས་པ་ནི་རོ་ཚ་བས་བསྐྱེད་ཀྱི་ཡོད། འབྱུང་བ་མེ་རླུང་ལས་གྲུབ་པའི་རོ་ཚ་བའི་ཁྱད་ཆོས་དང་། འབྱུང་བ་ཆུ་མེ་ལས་རོ་ལན་ཚྭ་བ་གྲུབ་ཀྱི་ཡོད་པའི་ཕྱིར་ན་རོ་གཉིས་པོ་དེར་འབྱུང་བ་མེ་དང་འབྲེལ་བ་ཡོད་པར་བརྟེན་འབྱུང་བ་མེ་ཡི་ཡོན་ཏན་ཏེ་ཚ་རྣོ་སྐམ་རྩུབ་ལ་སོགས་པ་རྣམས་ཀྱི་ཟས་སྐོམ་མཐའ་དག་གནོད་པར་བྱེད་ཀྱི་ཡོད། དེ་བཞིན་ཆང་དང་ཞོ་སོགས་རོ་སྐྱུར་བ་དང་། ནིམ་པ་དང་ཏིག་ཚལ་སོགས་རོ་ཁ་བའི་ཟས་སྐོམ་རིགས་བསྟེན་དྲགས་ནའང་ཡང་རྩུབ་སྐྱེད་ཀྱི་ཡོད། དེར་བརྟེན་གཤམ་དུ་གསལ་བའི་རོ་ཚ་བ་དང་། སྐྱུར་བ། ཁ་བ་ཡོད་པའི་ཟས་སྐོམ་རྣམས་ནད་འདི་ལ་གནོད་ཆེ་བས་སྤང་དགོས། ཕྱོགས་མཚུངས་ངན་ཁྲག་སྐྱེས་པར་བྱེད་པའི་ཟས་སྐོམ་བྱེ་བྲག་ཆང་དང་ཚིལ་སྣུམ་ལ་སོགས་པའང་ངེས་པར་དུ་འཛེམ་ཏེ་སྤང་དགོས།

Ø གནོད་པའི་ཟས་སྐོམ་རོ་སྐྱུར་བའི་རིགས། རོ་སྐྱུར་བའི་ཟས་སྐོམ་གྱི་འབྱུང་ཁུངས་གཙོ་བོ་ནི་གམ་བུ་རའི་རིགས་ཀྱི་ཤིང་འབྲས་(citrus fruits) དང་། འོ་མ་དང་དེ་འབྲེལ་གྱི་ཟས་སྐོམ་སྙལ་བ། གཞན་སྙལ་བའམ་བཅོས་མའི་ཁ་ཟས་བཅས་ཡིན། དེ་ཡང་། ཤིང་འབྲས་ཚ་ལུ་མ་དང་། གམ་བུ་ར། (lemon) སྐྱུར་འབྲས། (limes) སྙལ་བའི་ལོ་འཁོར་པད་ཚལ། (sauerkraut) ཚུའུ། (vinegar) སྙལ་བའི་བཏུང་བ་འོ་མ་དང་དེ་འབྲེལ་གཡོས་སྦྱོར་གྱི་ཁ་ཟས། ཞོ། དར་བ། ཡུན་རིང་བསྙལ་བའི་གཡོས་སྦྱོར་བྱེད་པའི་ཟས་སྐོམ་ཡོངས་རྫོགས། སྐྱུར་རུམ་སྦྱོར་བ། (pickles) གཞན་ཡང་ཆུ་རྩ་དང་། སྐྱུར་ཏོག (wild bush fruit) ད་ཏྲིག་གམ་ཨིམ་ལི་ (tamarind) བཅས་ངེས་པར་འཛེམ་དགོས།

Ø   གནོད་པའི་ཟས་སྐོམ་རོ་ཚ་བའི་རིགས། སི་པན་ལྗང་ཁུ་དང་། དམར་པོ། སེར་པོ་ལ་སོགས་པའི་ལྡེ་གུའམ་ཕྱེ་མ། ཙི་ཏྲ་ཀ ལ་ལ་ཕུད། (carum) ཕོ་བ་རིས་དམན་པ། (java pepper) ན་ལེ་ཤམ། (black pepper) པི་པི་ལིང་། (long pepper) ཤིང་ཚ། (cinnamon) ཤིང་ཀུན། (asafetida) བཅས་འཛེམ་བྱ་ཡིན།

Ø  གནོད་པའི་ཟས་སྐོམ་རོ་ཁ་བའི་རིགས། འབྱུང་བ་ཆུ་རླུང་ཤས་ཆེ་བ་ལས་གྲུབ་པའི་ཁ་བའི་ཟས་སྐོམ་རིགས་ནི་སྔོ་ཚོད་ཀྱི་རིགས་དཔེར་ན། ཁུར་མང་དང་། པད་ཚལ། ཟ་ཚོད། པོ་ཚལ། སྣེའུ། ལྟ་བུ་དང་། སྤོད་སྣའི་རིགས་ལས་གཡེར་མ། ཀེ་ཕིན་ (caffeine) ལས་ཟས་སྐོམ་གཡོས་སྦྱོར་མཐའ་དག (cocoa, chocolates, coffee) དང་། ཤིང་ཏོག་དང་ཚལ་དུ་ནིམ་པ། (Neem) ཏིག་ཚལ། (bitter gourd) བཅས་འཛེམ་བྱ་ཡིན་ནོ།།

Ø  སྣུམ་རིགས། གཞན་ཡང་དེང་རབས་སྨན་ལུགས་ནས་གསུངས་པ་ལྟར། སྣུམ་གྱི་ངོ་བོ་དང་འབྱུང་ཁུངས་ལ་གཞིགས་པའི་ལོངས་སྤྱོད་ཐལ་དྲགས་ན་ཁྲག་ངན་གྱི་རྒྱུ་རུ་འདོད་པར་བརྟེན་ལྷག་པར་མར་རྙིང་དང་། རྐང་མར། གཡག་དང་རྟ་ཡི་ཤ་དང་ཚིལ། ཏིལ་དཀར་ནག་གི་སྣུམ། ལུག་དང་ཕག་ཤའི་སྣུམ་བསྲེགས་བྱེད་པ། ཤིང་མར། དུད་འགྲོའི་དོན་སྣོད་ལས་གཡོས་སྦྱོར་བྱེད་པའི་ཁ་ཟས་གློ་བ་དང་རྒྱུ་མ་ཁ་ཚ། མར་དང་ཞུན་མར་རྙིང་པ་བཅས་ལས་བཟོས་པའི་ཟས་སྐོམ་རིགས། སྣུམ་བརྔོས་ཁ་ཟས། (samosa, pakora, tika) སྒོ་ང་སེར་རིལ་བཅས་འཛེམ་དགོས།

Ø  འབྲུ་རིགས། དེང་གི་བཅོས་མའི་འབྲུ་ནི་བཅུད་མེད་ངོ་བོར་ས་ཆུ་སྙིང་པོའི་མངར་བཅུད་ (carbohydrate) ཤས་ཆེ་བའི་མཻདཱ་(white flour) ཕྱེ་མ་ལྟ་བུ་དང་། བྱེ་མ་ཀ་ར། བག་ཟན་རིགས། (bakery products eg. cookies, pastries, cakes) ཆབ་བསིལ། (cold drinks) རྒྱ་གར་བས་མངར་ཟས་ (Jalebi, kalaazar, sonpari, ladoo) ལ་སོགས་པ། ཐུག་པ་གར་པོ། ཟས་ལྷག་འཕྲོ་དང་རྙིངས་པ་དག་འཛེམ་དགོས།

Ø བཏུང་བ་སྐོམ་ལས། བོད་ཇ་ཉིན་ཞག་གཅིག་ལ་ཕོར་པ་གསུམ་ཙམ་སྐྱོན་མེད། དང་། བཅོས་མའི་ཐང་ངམ་ཁུ་བ། (ready to make soups) རུས་ཐང་། ཆང་གར་མོ། ཇ་གར་པོ། འཚིག་ཇ་འཐུང་རྒྱུ་བཅས་འཛེམ་གནང་དགོས།

Ø ལན་ཚྭ།(Salts) དེང་དུས་ལྕགས་ཀྲིན་ནང་དུ་ཡོད་པའི་བཅོས་མའི་ཟས་སྐོམ་ (canned, seasoned or preserved food) དང་། དེ་བཞིན་ཚྭ་ཤས་ཆེ་བའི་ཁྱེའུ་སུས་ཟས་སམ་ཞལ་ཏོག (salty and spicy snacks) བ་དཱམ་དང་ཞོག་ཁོག་ལ་སོགས་པ་སྐམ་བརྔོས་བྱས་རྗེས་ཚྭ་རིགས་བསྣན་པའི་ཟས། (peanut, potato, banana, tapioca chips) རྣམས་སྤང་དགོས། མདོར་ན་ཉིན་རེར་ཚྭ་གྷ་རམ་ ༢་༥ ལས་མི་བརྒལ་བར་བྱ་དགོས་པའི་ཐུགས་གཟབ་གནང་དགོས།

Ø  སྨྱོ་ཆུ།(Alcohol) ནད་གཞི་འདིར་སྔོན་འགོག་ཡོང་བར་སྔ་ས་ནས་ཆང་དང་ཨ་རག་འཐུང་བའི་གོམས་གཤིས་ཡོད་པ་དེ་ངེས་པར་སྤང་དགོས། གལ་ཏེ་མཐའ་གཅིག་ཏུ་སྤངས་མ་ཐུབ་པའི་གནས་སྐབས་སུ་ཉིན་རེར་ཝཨེན། (wine-240 ml) དང་། ཡང་ན་ཨ་རག (alcohol-60 ml) སྦི་ཡར། (beer-720 ml) ལས་མ་བརྒལ་བ་བྱ་རྒྱུའི་ཐུགས་གཟབ་གནང་གལ་ཆེ།

Ø  རྡོ་ཐ། (Tobacco) དེའི་རིགས་སུ་གཏོགས་པའི་ཁ་ཟས་དང་ལྡད་བྱེད་པ་ (Gutka, madhu, paanparak) ལ་སོགས་པ་དང་། དུ་བའི་ངོ་བོར་ལོངས་སུ་སྤྱོད་པའི་ཐ་མག་རིགས་ངེས་པར་སྤང་དགོས།

Ø སྨན། མའི་མངལ་དུ་ཕྲུ་གུ་ཆགས་པ་འགོག་པའི་སླད་དུ་སྐྱེ་འགོག་སྨན། (birth control pills) དང་། ཕྱོགས་མཚུངས་སྨན་པ་བསྟེན་གཏུགས་བྱེད་མི་དགོས་པ་ཐད་ཀར་བཞེས་ཆོག་པའི་ཆམ་སྨན་དང་། གློ་སྨན། ཚ་སྨན། མིག་སྨན་ (over the counter, OTC drugs) ལ་སོགས་པ་ཁྲག་རླུང་སྐྱེད་པར་བྱེད་པ་ན་ནད་གཞི་འདི་ཡོད་མཁན་རྣམས་ཀྱིས་བེད་སྤྱོད་མ་གནང་བའི་སྔོན་དུ་སྨན་པའི་ལམ་སྟོན་ཞུ་རྒྱུ་གལ་ཆེན་པོ་ཡིན།

 

ཕན་པའི་ཟས་སྐོམ།

ནད་གཞི་འདིར་གསར་བཅུད་བསྟེན་དགོས་པ་གདམས་པ་ལྟར་ཤ་གསར་དང་། མར་གསར། ཆང་གསར། སོགས་གསར་བཅུད་ཐམས་ཅད་ནུས་པ་ཤིན་ཏུ་སྙོམས་པས་བཟང་བ་ཡོད་པ་བསྟེན་དགོས་ཀྱང་ཟས་ཚོད་རན་པར་བསྟེན་དགོས་པ་གལ་ཆེ། དེ་བཞིན་དེང་སང་ཟས་སྐོམ་འདྲ་མིན་སྣ་ཚོགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ལས་ནད་གཞི་འདི་ལ་དམིགས་གསལ་དུ་ཕན་པའི་ཆ་རྣམས་བཀོད་པ་ལ།

Ø ཤིང་ཏོག རྒྱུན་ལྡན་ནས་དུས་སུ་སྨིན་པའི་ཤིང་ཏོག་བཞེས་རྒྱུ་གལ་ཆེ་སྟེ། ལྷག་པར་དུ་ཤིང་ཏོག་སྙིང་ཞོ་ཤ་ (hog plum) དང་།  རྒུན་འབྲུམ། (grapes) ཀུ་ཤུ། (apple) ཁམ་བུ། (peach) མངར་ཁམ། (apricot) བསེ་ཡབ། (quince) འབྲ་གོ་དམན་པ། (jujube or Chinese date) ཆུ་ག་གོན། (water melon) རྒུན་འབྲུམ་སྐམ་པོ། (resin) ཤིང་ཏོག་ཀི་ཝི། (kiwi) སྐོགས་མཁྲེགས་ཤིང་འབྲས་སྟར་ག་ (walnut) ལ་སོགས་པ། ངང་ལག (banana) སེའུ། (cherry) ཚིགས་གུ་མེད་པའི་ཤིང་འབྲས་དར་ཤིང་ (mulberry) ལ་སོགས་པ། (raspberries, strawberries) ཨ་འབྲས། (mango) ཨམ་རུད། (guava) བཅས་བཟང་བ་ཡོད།

Ø   ཚལ། སྐྱུ་ཚལ། (celery) པད་སིབ། (lettuce)  ཊོ་མ་ཊོ། (tomato) མཛུབ་ཚལ། (lady finger) ཕར་ཤིའམ་བྲུམ་ཤ (pumpkin) ཞོག་ཁོག་ཚོད་པོ། (baked potato) ཉུང་དམར་གྱི་རྩ་བ། (beet root) ཀ་པེད། (bottle gourd) གུང་ལ་ཕུག (carrot)  མེ་ཏོག་པད་ཚལ། (cauliflower) ཐེའུ་པད་ཚལ། (broccoli) མ་ཤའམ་མོན་སྲན་གྲེའུ། (kidney bean) རྒྱ་སྲན། (broad bean) མོན་སྲན་ལེབ་མོ། (flat beans) མོན་སྲན་གྲེའུ། (French bean) ཏོ་ཕུ་ཕྱུར་བ་ (tofu) བཅས་བཞེས་ཆོག

Ø   ཤ་ཟས། སྤྱིར་ཤ་ལ་ཚིལ་ཡོད་མེད་ལས་དཀར་དམར་དང་། དུས་ཀྱིས་གསར་རྙིང་གཉིས་སུ་ཕྱེ་བ་ལས་ཉ་ཤ་དང་ཤ་གསར་རིགས་ཟས་ཚོད་ཤེས་པའི་ཐོག་རན་ཙམ་བསྟེན་ན་བཟང་བ་ཡིན།

Ø   ཟ་འབྲུ། གྲོ་ཞིབ་དང་། ཡུག་པོའི་ཆག་ཚེ། ནས་ལ་སོགས་པའི་གཡོས་སྦྱོར་བགྱིས་པའི་ཟས་རིགས། ཨ་ཤོམ་མམ་མ་རྨོས་པའི་ལོ་ཏོག་གི་རྩམ་པ་རྣམས་བཟང་བ་ཡོད།

Ø   ཟས་བྲོ་སྨན་སྣ།(Masala)  ལི་ཤི། (clove) ཟི་ར་ནག་པོ། (black cumin) སྒོག་སྐྱ། (garlic) ཛ་ཏི། (nutmeg) རྣམས་ཁ་ཟས་སུ་གཡོས་སྦྱོར་གནང་ན་དགེ་མཚན་ཡོད།

Ø   སྣུམ། གསོ་རིག་གཞུང་དུ་སྣུམ་ལ་དབྱེ་བ་བཞི་གསུངས་པ་ལྟར། སྔོ་ལས་བྱུང་བའི་རིགས་སྟེ་ཉི་མ་མེ་ཏོག་གི་སྣུམ་དང་། ཏིལ་དཀར་ནག་གི་སྣུམ། (sesame) ཡུངས་ནག (mustard) སྟར་གའི་སྣུམ་དང་། འབྲི་དང་མཛོའི་མར་གསར་བཅས་བཟང་།

Ø   བཏུང་བ་སྐོམ། དེའི་ཁོངས་སུ་གོང་འཁོད་ཀྱི་ཕན་པའི་ཤིང་ཏོག་རང་གི་ཁུ་བ་དང་། བོད་ཀྱི་སྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བཞིན་པའི་ཁྲག་ཤེད་སྨན་ཇ། བེ་ཏའི་འབྲས་བུའི་ཆུ། (coconut water) ཉིན་གཅིག་མེ་ཏོག་གི་ཇ་ (hibiscus tea) བཅས་ཁྲག་རླུང་སྟོད་འཚངས་ནད་ཀྱི་སྔོན་འགོག་ཐོག་ཕན་ཐོགས་ཆེ།

 

རྒྱུན་དུ་སྲུང་དགོས་པའི་སྤྱོད་ལམ།

གོང་འཁོད་ནད་ཀྱི་རྐྱེན་བཤད་པའི་སྐབས་སུ་རླུང་ཁྲག་གཉིས་པོའི་སློང་རྐྱེན་གྱི་སྤྱོད་ལམ་ཡོད་དོ་ཅོག་གནོད་པའི་སྤྱོད་ལམ་ཤ་སྟག་ཡིན་པས་དེ་དག་ངེས་པར་སྤང་དགོས་པ་ཡིན། དང་ཐོག་ནད་པ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ཞི་དུལ་བག་ཕེབས་ངང་གནས་དགོས་པ་གལ་ཆེ། ཁྱིམ་དུ་རླུང་འགྲོ་དང་ཉི་དྲོད་ཕོག་པའི་ཁང་པ་སྟེང་རིམ་དང་། བཞའ་རློན་མེད་པའི་དྲོ་བའི་གནས་སུ་བཞུགས་དགོས། ཕྱི་དུས་ཀྱི་གནམ་གཤིས་ཚ་གྲང་འགྱུར་བ་དང་བསྟུན་གོས་སོགས་སྲབ་མཐུག་རན་པོ་གྱོན་དགོས། རང་གི་བློ་དང་མཐུན་པའི་གྲོགས་པོ་དང་གྲོགས་མོ། དེ་བཞིན་བྱམས་བརྩེ་ཆེ་བའི་ནང་མི་སྤུན་མཆེད་ཀྱིས་ལྟ་སྐྱོང་ཡོད་པ་དང་ལྷན་དུ་གནས་ཤིང་། གསོས་སྨན་ཡང་དུས་ཐོག་ཏུ་བཞེས་པར་འབད་དགོས། མདོར་ན། ལུས་ཀྱི་དྲག་ཤུལ་དང་ངག་གི་སྨྲ་བ་མང་ཞིང་སྐད་ཆེར་འདོན་པ། སེམས་འཁྲུགས་པའི་སྤྱོད་ལམ་མཐའ་དག་འཛེམས་ནས་ལུས་སེམས་དལ་པོར་གནས་དགོས། ཆང་རག་རིགས་ཤིན་ཏུ་གནོད་ཆེ་བས་མཐའ་གཅིག་ཏུ་འཛེམ་པ་གནང་དགོས། ཕྱོགས་མཚུངས་འགྲོ་བསྐྱོད་ཚད་གཞི་སྙོམས་པོ་གནང་ཞིང་ལྷག་པར་གྱེན་གཟར་པོར་འགྲོ་བ་སྤང་དགོས།


རང་གི་ལུས་བོངས་ལ་གཞིགས་ནས་ལྗིད་ཚད་སྟངས་འཛིན།

རང་གི་ལུས་ཀྱི་རིང་ཚད་ལ་གཞིགས་ནས་ལྗིད་ཚད་གཏན་འབེབས་བྱེད་པའི་སྟབས་བདེ་ཐབས་ལམ་ (Body Mass Index, BMI) འདི་ཉིད་ནུབ་ཕྱོགས་སུ་ཤིན་ཏུ་ནས་དར་ཁྱབ་ཆེ་བར་ཡོད་ཀྱང་། རང་རེའི་བོད་མིའི་སྤྱི་ཚོགས་སུ་རིག་པ་དེར་གཏན་འབེབས་གནང་བའི་ཚད་གཞི་གཅིག་མཚུངས་དཔེ་བཀབ་ན་ནུབ་ཕྱོགས་པ་དང་བོད་མིའི་གཟུགས་གཞི་ཐ་དད་ཡིན་པས་ཕལ་ཆེར་མ་ངེས་ཀྱང་། ཚད་གཞི་དེ་དང་ཉེ་བ་གང་ཞིག་ལ་རིག་པས་དཔྱད་དེ་བཟུང་དགོས་པ་ཡིན། སྤྱིར་ BMI བརྩི་ཚུལ་ནི་ལུས་ཀྱི་ལྗིད་ཚད་ Kg དང་། རིང་ཚད་ Metre ནང་དུ་ལྡབ་གཉིས་སྒྱུར་གྱིས་ཕབ་ཏེ་ Kg/m² དེ་གཉིས་འགོས་རྩིས་བརྒྱབ་པའི་གྲངས་ཐོ་གང་སླེབས་པ་དེར་ BMI བརྗོད་པ་ཡིན། གལ་ཏེ་གྲངས་ཐོ་དེ་ ༡༨་༥ ལས་ཉུང་བ་ཡིན་ན་ལུས་ཀྱི་ལྗིད་ཚད་ཉུང་དྲགས་པ་དང་། ༡༨་༥-༢༥ བར་ལུས་ཀྱི་ལྗིད་ཚད་རན་པོ་ཡིན་པ་དང་། ༢༥-༣༠ བར་ལ་ལུས་ཀྱི་ལྗིད་ཚད་མང་དྲགས་པ་དང་། ༣༠ ཡན་ལ་ཤིན་ཏུ་འཚོ་ཆེ་བའི་ཁོངས་སུ་རྩིས་པ་ཡིན། དེར་བརྟེན་རྟག་ཏུ་རན་པའི་ལྗིད་ཚད་སྙོམས་པོ་ཞིག་གནས་པའི་ཐབས་ལ་ལུས་རྩལ་གནང་བའམ་ཡང་ན་ཁ་ཟས་རན་པོ་བཞེས་དགོས་པར་འབད་དགོས།

 

ཡུན་རིང་བསྡད་པ་མ་ཡིན་པར་འགུལ་བསྐྱོད་རན་ཙམ་གནང་དགོས།

དེང་དུས་འགྲོ་འོང་གི་གོམས་འགྲོས་ཚབ་ཏུ་རླང་འཁོར་དང་། འཕྲུལ་རྟ། འགྱོག་སླེབས། (lifts, escalator) ལ་སོགས་པ་བེད་སྤྱོད་དང་། ཉིན་ལྟར་འགུལ་བསྐྱོད་ཧ་ཅང་ཉུང་བ་རྣམས་ཀྱིས་ལུས་རྩལ་རན་པོ་གནང་དགོས། ལུས་རྩལ་གྱི་དུས་ཡུན་དེ་ཡང་ཉིན་རེར་སྔ་དགོང་གང་རུང་ལ་ཆུ་ཚོད་ཕྱེད་ཀ་ལས་མི་ཉུང་བ་གནང་དགོས་སྟེ་རང་རེའི་སྤྱི་ཚོགས་ཀྱི་ཐུན་མོང་མིན་པའི་གོམས་གཤིས་བཟང་པོའི་ཆ་ཤས་སུ་དགོན་པ་མཆོད་རྟེན་སོགས་ལ་ཞབས་སྐོར་དང་གླིང་སྐོར་དུ་ཕེབས་པ་དང་། བརྐྱང་བསྐུམ་གྱི་ཕྱག་ཐེངས་ ༡༠ ནས་འགོ་འཛུགས་ཀྱིས་ཉིན་རེ་བཞིན་མང་དུ་བཏང་བ་དང་། ཁང་པའི་མཐའ་སྐོར་གཙང་བཟོ། འཆམ་འཆམ་ལ་ཕེབས་པ། ཞབས་བྲོ་བརྒྱབ་པ། རྐང་འཁོར་བེད་སྤྱོད་པ། མདོ་དོན་ལུས་པོ་དེ་ཉིད་མཐའ་གཅིག་ཏུ་འགུལ་བསྐྱོད་མེད་པ་བཞུགས་རྒྱུ་མེད།


ལུས་སེམས་ཞི་དུལ་ངང་གནས་དགོས་པ།

རང་གི་ལུས་ངག་ཡིད་གསུམ་ཞི་དུལ་བག་ཕེབས་ཡོང་བའི་ཆེད་དུ་ལུས་སྦྱོང་དང་། དབུགས་སྦྱོང་། བློ་སྦྱོང་གི་ལག་ལེན་ཐོག་འབད་དགོས། ལྷག་པར་དུ་བློ་སྦྱོང་གི་ལག་ལེན་ཇི་ཙམ་གནང་བ་དེས་ནད་རིགས་སྤྱི་དང་བྱེ་བྲག་ཏུ་ཁྲག་རླུང་སྟོད་འཚངས་ནད་པར་ཕན་ཐོགས་ཡོང་རྒྱུ་ཐེ་ཚོམ་མེད་པ་ཡིན། ཡང་ནད་པ་མང་པོ་ཞིག་ནད་འདིའི་དབང་གིས་སེམས་འཚབ་དང་སེམས་ཁྲལ་སྣོན་མ་ཞིག་ཡོད་པ་དངོས་ཡོད་ཡིན་ཏེ་ཁོང་རྣམས་ཀྱིས་འདི་ལྟར་ཐུགས་བསམ་བཞེས་དགོས། ཇི་སྐད་དུ། སློབ་དཔོན་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱ་ཅི་ཕན། །ཞེས་གསུངས་པ་ལྟར་སློབ་དཔོན་གྱིས་སེམས་རྒྱུད་གུ་ཡངས་པོ་ནམ་མཁའ་ལྟར་དང་། སྐྱོན་མེད་པ་དྭངས་གཙང་གི་འབབ་ཆུ་བཞིན་དུ་ཡོད་དགོས་པ་གདམས་པ་དེ་ལྟར་འབད་དགོས་པ་ཡིན། དེ་བཞིན་ལུས་མལ་དུ་གསོ་བ་དང་། དབུགས་སྦྱོང་གནང་བ་ལ་སོགས་པ་བྱས་ན་དགེ་མཚན་ཆེ། གཞན་ཡང་རང་གང་དུ་གནས་པའི་སྤྱི་ཚོགས་དེ་ལ་ཞབས་འདེགས་ཞུ་སྙམ་པའི་བསམ་པ་བཟང་པོ་དང་། དེ་བཞིན་སྔ་དགོང་ཞལ་འདོན་དང་། སྨོན་ལམ་ཚོགས་སར་མཉམ་ཞུགས། གཞན་དང་མཐུན་སྒྲིལ་ལེགས་པོ་གནང་དགོས། རང་རེའི་བླ་མའམ་དགེ་བའི་བཤེས་གཉེན་གྱི་མདུན་སར་དུས་ནས་དུས་སུ་བློ་སྦྱོང་གི་ལག་ལེན་གལ་ཆེན་ཡིན་པའི་བསྐུལ་མ་ཡོང་བའི་ཆེད་དུ་ཆོས་ཞུ་བར་བཅར་བ་དང་། རྒྱུན་དུ་ནས་རང་གི་སྒོ་གསུམ་གྱི་སྤྱོད་པ་འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་དང་མཐུན་པར་སྤྱོད་གལ་ཆེ།

 

རྟག་ཏུ་ཕན་པའི་ཟས་སྐོམ་དེ་བཞིན་རང་གི་ལྟོ་བ་དང་བསྟུན་ནས་ཟ་ཚོད་རན་པ་བསྟེན་ཅིང་སྤྱོད་ལམ་རན་པོ་དགོས་པ།

ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ཞེས་གསུངས་པ་ལྟར་གོང་འཁོད་ཕན་གནོད་ཀྱི་ཟས་སྤྱོད་རྣམས་ཉིན་ཞག་རེ་གཉིས་ཙམ་མིན་པར་ཁྲག་རླུང་སྟོད་འཚངས་ཀྱི་ནད་ལས་མ་གྲོལ་བར་དུ་སྲུང་དགོས་ལ་ཕན་པའི་ཟས་སྐོམ་ཡིན་ཡང་ཟས་ཚོད་རན་པོ་བསྟེན་དགོས། རོ་སྐྱུར་ཚ་ཁ་བ་གསུམ་གྱི་ཟས་སྐོམ་བསྟེན་དྲགས་པ་མ་ཡིན་ལ་རོ་ལན་ཚྭ་བ་ཡང་གང་ཉུང་ཉུང་བསྟེན་དགོས། དེ་བཞིན་སྤྱོད་ལམ་དུ་གནས་སྡོད་ཁང་ཁྱིམ་ཚ་གྲང་རན་པོ་དང་ལུས་ངག་ཡིད་གསུམ་གྱི་བྱ་བ་དམན་ལྷག་ལོག་གསུམ་གྱི་ཕྱོགས་སུ་མ་སོང་བར་ཡིད་གཟབ་དགོས། ཁྲག་རླུང་སྟོད་འཚངས་ཀྱི་ནད་པ་རྣམས་ནས་ཀྱང་དེང་དུས་ཀྱི་སྤྲོ་གནས་ཆུ་ཚ་པོའམ། རང་བྱུང་ཆུ་ཚན་བརྒལ་པ། ཡང་ན། རླངས་ཁྲུས་བྱེད་པ་དེ་རིགས་ཉེན་ཁ་ཆེ་བས་ངེས་པར་དུ་སྤང་བླང་མི་ནོར་བ་གནང་རྒྱུ་གལ་ཤིན་ཏུ་ཆེ།

 

དུས་ནས་དུས་སུ་སྨན་པ་བསྟེན་གཏུགས་དགོས་པ།

རང་རེའི་སྤྱི་ཚོགས་ནང་དུ་ནད་གཞི་མ་ལྡང་བའི་གོང་ནས་སྨན་པ་བསྟེན་གཏུགས་ཆེད་ཕེབས་རྒྱུའི་གོམས་གཤིས་ཧ་ཅང་ཞན་པོ་ཡོད། དེས་འཕྲོད་བསྟེན་ཐོག་ཐུགས་སྣང་ཡང་ཆུང་ཆུང་ཡིན་པ་མཚོན་ཐུབ། ལྷག་པར་ཁྲག་རླུང་སྟོད་འཚངས་ནད་པས་དུས་ཐོག་ཏུ་སྨན་པ་བསྟེན་གཏུགས་དང་། གསོ་སྨན་བཞེས་རྒྱུ། ཕན་གནོད་ཀྱི་ཟས་སྤྱོད་སྤང་བླང་ལམ་སྟོན་ཞུ་རྒྱུའི་ཐོག་ལྷོད་གཡེང་མ་ཤོར་བ་གནང་གལ་ཆེ། དེ་ལྟར་ཐུགས་སྣང་གནང་ཚེ་ཁྲག་རླུང་སྟོད་འཚངས་ཀྱི་ནད་སྔོན་འགོག་ཐུབ་ལ་ནད་གསར་པ་གཞན་འབྱུང་ཉེན་ཡོད་པ་རྣམས་ཀྱང་ངེས་པར་འགོག་ཐུབ་པས་ཚང་མས་ཁྲག་རླུང་སྟོད་འཚངས་ནད་ཀྱི་སྔོན་འགོག་ཤེས་བྱའི་ཐོག་ཐུགས་སྣང་གནང་དགོས་སོ།།


དགུ་པ། སྐར་རྩིས་རིག་པའི་ཐབས་ལམ།

བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་རིག་པའི་སྒོ་ནས་ནད་རིགས་སྔོན་འགོག་བྱ་ཚུལ་སྙིང་པོ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ།

ཚེ་རབས་ལས་རྩིས་ནི། འགྲོ་བ་མིར་དབུགས་ལེན་པའི་ཐོག་མ་ཕྲུ་གུ་སྐྱེས་ནས་ཚེ་རབས་ལས་རྩིས་བསྐོར་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་མཚན་གང་གི་ཕྱིར་ཞེ་ན། ནད་དང་བར་ཆད་སོགས་མི་ཡོང་གོང་ནས་དེའི་ནང་སྔོན་འགོག་གི་ཐབས་ལམ་ཟབ་མོ་བསྟན་ཡོད། གཟའ་དགུ་དང་དབྱངས་འཆར་གནས་མལ་བཅུ་གཉིས་སྐབས་ཁྱིམ་དང་པོ་ལུས་ཀྱི་ས་རུ་གཟའ་སྐར་དྲག་པོའི་སྐབས་ནད་དང་བར་ཆད་སོགས་ཡོང་སྲིད་པའི་སྔོན་བརྡ་བཏང་ཡོད། དེའི་སྐབས་ཞབས་རིམ་སོགས་གསུངས་ཡོད་པས། དེ་དག་གནང་བ་ཡིན་ན་ནད་དང་བར་ཆད་སོགས་སྔོན་འགོག་གི་ཆེད་དུ་ཡིན་པ་དང་། སོ་སོའི་མི་ཚེའི་ནང་ལ་ལས་དོན་བྱ་བ་ལམ་ལྷོང་ཡོང་བའི་ཆེད་དུ་ཚེ་རབས་ལས་རྩིས་བསྐོར་བར་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། མི་ཚེ་གཅིག་གི་ནང་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཀྱང་ཡིན།

སྐེག་རྩིས་ནི། དེ་བཞིན་ང་ཚོའི་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་གཉིས་སུ་ལོ་སོ་སོར་སྐེག་རྩིས་ཀྱི་འབྲས་བུ་ལོ་སྐེག་དང་དགུ་མིག་སོགས་ཀྱི་ཞབས་རིམ་སོགས་བཀོད་ཡོད་པས་དེ་དག་ནི། ནད་རིགས་སྔོན་འགོག་ཙམ་མ་ཡིན་པར་ལས་དོན་སོགས་ལ་འགལ་རྐྱེན་བར་ཆད་མི་ཡོང་ཆེད། འགོག་ཐབས་ཀྱི་སྔོན་འགོག་ཀྱང་ཡིན་པས། དེ་དག་ལ་རང་རང་སོ་སོས་དོ་སྣང་དང་། སོ་སོའི་དཔལ་འབྱོར་ལ་དཔག་པའི་ཞབས་རིམ་རྒྱས་འབྲིང་བསྡུས་གསུམ་གང་རུང་གནང་རྒྱུ་གལ་ཆེན་པོ་ཡིན། དེ་ནི་ལོ་གཅིག་ནང་གི་ནད་དང་བར་ཆད་སོགས་ཀྱི་སྔོན་འགོག་ཡིན།

བག་རྩིས་ནི། ལྷག་པར་དུ་ཕོ་མོ་གཉེན་སྒྲིག་སྐབས། བག་རྩིས་བསྐོར་རྒྱུ་ནི། བོད་ཀྱི་རིག་གནས་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་གནས་ཐབས་ཙམ་མ་ཟད། བཟའ་ཚང་གཉིས་ཀྱི་ལོ་རྟགས་དང་ཁམས་མི་མཐུན་ན། བཟའ་ཟླ་གཉིས་ལ་ནད་དང་བར་ཆད་ཡོང་བ་མ་ཟད། ཕྲུ་གུ་དབང་པོ་སྐྱོན་ཅན་འོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བག་རྩིས་བསྐོར་རྒྱུ་སྣང་མེད་ཏུ་བཞག་རྒྱུ་མེད་པས། དེར་དོ་སྣང་གིས་ལོ་རྟགས་དང་ཁམས་མི་མཐུན་པ་བཟློག་ཐབས་ཀྱི་རིམ་གྲོ་སོགས་གནང་བ་ཡིན་ན། བོད་མི་རིགས་ཀྱི་སོན་རྩ་ཕྲུ་གུ་མ་སྐྱེ་གོང་ནས་ནད་སོགས་སྔོན་འགོག་ཡིན་པ་མ་ཟད། ཕ་མ་དང་ཕྲུ་གུ་རང་རང་སོ་སོའི་མི་ཚེ་ལ་ཕན་པ་དང་། བོད་མི་རིགས་ལ་ཡང་ཕན་ཐོགས་ཡོང་གི་ཡོད།

ནད་རྩིས་ནི། ནད་བྱེ་བྲག་གང་རུང་གི་མནར་པ་ཡིན་ན། ནད་གཞི་ཆེ་རུ་མི་འགྲོ་བ་དང་། ནད་ཛ་དྲག་ཏུ་མི་འགྲོ་བའི་སྔོན་འགོག་སོགས་ཡིན་པ་མ་ཟད། ང་ཚོ་བོད་མིའི་གོམས་གཤིས་ལ་ནད་ཀྱི་མནར་བ་ཙམ་གྱིས་ནད་རྩིས་བསྐོར་རྒྱུའི་དོ་སྣང་དེ་ཙམ་མེད། ནད་མནར་ཡུན་རིང་བྱུང་བ་དང་། ནད་གཞི་ཚབས་ཆེན་པོ། ནད་གཞི་ཛ་དྲག་ཅན་དུ་གྱུར་སྐབས་ནད་རྩིས་བསྐོར་གྱི་ཡོད། རབ་བྱུང་ན་ནད་ཐོག་མར་མནར་བའི་སྐབས་སུ་ནད་རྩིས་བསྐོར་བ་ཡིན་ན། ནད་རྩིས་སུ་གསལ་བའི་རིམ་གྲོ་གཏོ་བཅོས་གནང་བ་ཡིན་ན། ནད་མནར་ཡུན་རིང་མི་འབྱུང་བ་དང་། ནད་ཚབས་ཆེན་པོར་མི་འགྱུར་བ། ནད་གཞི་ཛ་དྲག་ཅན་དུ་མི་འགྲོ་བ་སོགས་ཀྱི་སྔོན་འགོག་ཡོང་གི་ཡོད་པ་མ་ཟད། ནད་ཐོག་ལ་སྨན་གྱིས་ནུས་པ་མྱུར་བ་དང་། ནད་དྲག་བསྐྱེད་མྱུར་བ་སོགས་ཀྱི་གྲོགས་སུ་འགྱུར་གྱི་ཡོད།


ཁྱད་པར་དུ་ཁྲག་རླུང་སྟོད་འཚངས་ནད་ཀྱི་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི།

སྤྱིར་བཏང་གི་རིམས་ནད་སོགས་དང་། གྲུམ་བུའི་ནད། སི་ཐོར་རིགས། རྒྱུ་ནད་རྒྱུ་གཟེར་གག་པའི་ནད་དང་། བསམ་སེའུ་ནད། གཟེར་ཐུང་ཡམས་ནད། སྙིང་རླུང་། ཁྲག་རླུང་། ཚད་པའི་ནད། ཡ་མ་ནག་པོ། མེས་འཚིག་པའི་རིགས་ཀྱི་ནད་སོགས་དང་། གཟའ་སྐར་ས་བདག་སོགས་མེ་ཁམས་ཀྱི་གནོད་པའི་ནད་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། མཁའ་གྲོ་གྲིབ་སེལ་ལམ། ཁྲུས་གསོལ་བྱ། བྱེད་ཐུབ་ན་མ་མོའི་མདོས་དང་དེ་མ་བྱུང་ཚེ། མ་མོ་འཁྲུལ་སྐོང་གི་གཏོར་མ་གཏོང་། ལྷ་བསངས་གཏོང་། ཆོས་སུ་ཚེ་མདོ་ཚེ་གཟུངས་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། རིམས་ནད་ཞི་བའི་གཟུངས་རྣམས་འདོན། གོང་ལྟར་པག་གི་རྟའི་གླུད་ཀྱི་གཟུགས་དམར་ཞུར་གཡུ་དང་ཟངས་ཆུང་བཀལ་ལ། བརྩི་བྱ་རང་རང་སོ་སོའི་སྤར་ཁའི་བདུད་གཅོད་ཕྱོགས་སུ་བསྐྱལ་བར་བྱའོ།།


འདི་ནི་ཁྲག་རླུང་སྟོད་འཚངས་ཀྱི་ནད་ལ་སོགས་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན།
ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས།ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདི་ནད་དང་གནོད་པས་མི་གོས་ཤིང་།ལུས་སེམས་བདེ་བར་གནས་ཤིང་འདི་ཕྱིའི་འདོད་དོན་ལེགས་པར་བསྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་ནོ།།།།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།