སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

ཨ་ཤྭ་གནྡྷ་ངོས་འཛིན་ཚུལ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.04.2014
བོད་ཀྱི་སྨན་རྫས་རིག་པ། >>


༄༅།།བོད་ཀྱི་གསོ་རིག་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ནང་སྨན་མིང་གཅིག་མཚུངས་སུ་འདོད་པ་

ཨ་ཤྭ་གནྡྷའི་སྐོར་མདོར་ཙམ་དཔྱད་པ།


སྨན་པ་ཚེ་བརྟན་མི་འགྱུར།

 

སྤྱིར་ཨ་ཤྭ་གནྡྷ་ཞེས་པའི་སྨན་མིང་འདི་ནི་རྒྱ་གར་ལེགས་སྦྱར་སྐད་ལས་བྱུང་ཞིང་། དེ་ཡང་སྨན་མིང་འདི་ཉིད་བོད་ཀྱི་གསོ་རིག་གཞུང་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཀའི་ནང་ཐུན་མོང་དུ་བེད་སྤྱོད་བྱེད་པའི་ཡོངས་གྲགས་སྨན་མིང་ཞིག་ཡིན་རུང་དངོས་སུ་སྨན་རྒྱུ་ངོས་འཛིན་སྐབས་གཞུང་ལུགས་འདི་གཉིས་ཀྱི་ངོས་འཛིན་ཡོངས་སུ་ཐ་དད་དུ་མཆིས་པའི་གནས་སྟངས་ཤིག་མངོན། དེ་ཡང་བོད་སྨན་ནང་ཨ་ཤྭ་གནྡྷར་རྒྱུན་སྤྱོད་མིང་གཞན་ཞིག་ནི་བ་སྤྲུ་ཞེས་ཀྱང་བརྗོད་པ་ཡིན།

བོད་སྨན་གྱི་ཨ་ཤྭ་གནྡྷའམ་བ་སྤྲུ། Mirabilis himalaica var. chinensis Heimerl / Oxybaphus himalaicus var. chinensis (Heim.)
(བོད་སྨན་གྱི་ཨ་ཤྭ་གནྡྷའམ་བ་སྤྲུ། Mirabilis himalaica var. chinensis Heimerl / Oxybaphus himalaicus var. chinensis (Heim.)

བོད་ཀྱི་གསོ་རིག་གཞུང་ལས་ངོས་འཛིན་གནང་བཞིན་པའི་ཨ་ཤྭ་གནྡྷ་ནི། འཁྲུངས་དཔེར། ཨ་ཤྭ་གནྡྷ་རྒྱ་ཤོད་སྐྱེ། །རྩ་བ་ཐང་ཕྲོམ་རྩ་བ་འདྲ། །ལོ་མ་སྔོ་སྐྱ་འབྱར་རྩི་ཅན། །ཞེས་དང་། བཻ་སྔོན་ལས། མེ་ཏོག་གིས་ཕྱེ་བའི་རིགས་གཉིས་ཀྱི་དཀར་པོ་ལོ་མ་ལྗང་སྐྱ་སྒོར་མོ་འབྱར་རྩི་ཅན་རྐང་ཕྲ་ལ་མེ་ཏོག་དམར་སྐྱ་འཆར་ཞིང་རོ་མངར་ལ་རྩ་བ་ཆེ་བ་ཞེས། དེ་བཞིན་ཤེལ་ཕྲེང་ལས། འདི་ཐང་ཕྲོམ་པའི་ཚ་བོར་བཤད་ལ་ལོ་སྡོང་སོགས་དབྱིབས་ཐང་ཤོ་འདྲ་བས་རབ་འབྲིང་ཐ་གསུམ་དུ་ཕྱེ་བའི་རབ་མེ་ཏོག་དཀར་པོ་ཅན་དང་། འབྲིང་དམར་པོ། ཐ་མ་མེ་ཏོག་དམར་ནག་ཅན་ཐང་ཤོར་ཉེ་ཆེ་བས་སྨན་དུ་གཏོང་མི་ཉན། ཞེས་གསལ། དེ་ལ་དེང་དུས་སྐྱེ་དངོས་རིག་པའི་སྨན་མིང་ནི་(Mirabilis himalaica / oxybaphus himalaicus) ཟེར་ཞིང་། དེ་ནི་བོད་ཀྱི་ལྷ་ས་དང་། ཁམས། ཉིང་ཁྲི། རྒྱ་ནག ཀ་ཤི་མིར་ནས་འབྲུག་བར་གྱི་ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་སྐྱེ་ལ། རོ་མངར་ཞིང་ཚ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྐམ་ཞིང་ཡང་བའོ། །ཕན་ཡོན་ནི། མཁལ་མའི་དྲོད་ནུས་དང་ལུས་སྟོབས། རོ་ཙ་ཉམས་པ་གསོ་ལ། སྐྱ་རྦབ་དང་། རུས་ཚིགས་ལ་ཆུ་སེར་འཁོར་བ་སོགས་སེལ་བའི་ནུས་པ་གསལ།

(རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ཨ་ཤྭ་གནྡྷ། Withania somnifera (L.) Dunal)

དེ་ཡང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱིས་ངོས་འཛིན་གནང་བཞིན་པའི་ཨ་ཤྭ་གནྡྷ་ནི། སྡོང་ཐུང་ཤིང་ཆེ་བའི་རིགས་(shrub) ཡིན་ཞིང་། སྡོང་པོ་ཕྲན་བུའི་འདྲོང་ལ་རིང་ཚད་ ༣༠ ནས་ ༥༠cm ཅན། རྩ་བ་སྲ་ཞིང་མཐུག་པ་མདོག་སྨུག་ལ་སྐྱ་ཤས་དང་ལྡན་པ། ལོ་མ་སྒོང་དབྱིབས་ཅན་ལ་ཉ་ག་མེད་པ། འབྲས་བུ་ཆུང་ལ་ཟླུམ་རིལ་ཅན་སྨིན་ཚེ་ཁ་མདོག་དམར་སེར་དུ་འགྱུར་བ། ནང་གི་འབྲུ་གུ་སེར་མདོག་དང་ལྡན་པ། དེང་དུས་སྐྱེ་དངོས་རིག་པའི་སྨན་མིང་ནི་(Withania somnifera (L.) Dunal)ཞེས་པ་འདི་ཉིད་ཡིན་ཞིང་། ཐོག་མའི་སྐྱེ་གནས་ནི་རྒྱ་གར་གྱི་ཡུལ་ལུང་སྐམ་ཤས་ཅན་དང་། ཨེ་ཤི་ཡའི་དབུས་དང་། ཨེ་ཤི་ཡའི་ནུབ་ཕྱོགས་ཁུལ་གྱི་ཡུལ་ལུང་རྣམས་ཡིན་པ་དང་། དེང་གི་ཆར་སྨན་རྒྱུ་འདི་འདེབས་ལས་ཀྱི་ཁུངས་སུའང་ཡོད་པ་གསལ། རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སྨན་གཞུང་ནང་རྩ་བ་དང་། ལོ་མ། སོན་བཅས་སྨན་དུ་བེད་སྤྱོད་བྱེད་ཅིང་། དེ་ཡང་རྩ་བས་དྲོད་དང་རོ་ཙ། ལུས་ཟུངས་བཅས་གསོ་ལ། གཅིན་འབབ་པར་བྱེད། ལོ་མས་ཚད་པ་དང་། སྐྲངས་གཟེར། མིག་གི་གཉན་ཁ། ཁྲག་འཛག་སོགས་སེལ། སོན་གྱིས་གཅིན་འབབ་པར་བྱེད་པ་དང་། གཟི་བ། ནུ་ཞོ་འགོག་ནུས་པ་བཅས་གསལ།

གང་ལྟར་བོད་ཀྱི་གསོ་རིག་གཞུང་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཀྱིས་ངོས་འཛིན་གནང་བཞིན་པའི་ཨ་ཤྭ་གནྡྷ་ནི་གོང་དུ་གསལ་བའི་སྨན་རྒྱུ་སོ་སོའི་སྐྱེ་གནས་དང་སྐྱེ་དབྱིབས་སོགས་ཡོངས་སུ་ཐ་དད་ཅིག་ཡིན་པ་གསལ་པོར་ར་འཕྲོད་ཐུབ་སྲིད། འོན་ཀྱང་སྨན་རྒྱུ་དེ་གཉིས་ཀྱི་ཕན་ནུས་རྣམས་ཕན་ཚུན་ཤིན་ཏུ་མཚུངས་ཤིང་། དེ་ཡང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱིས་ངོས་འཛིན་གནང་བཞིན་པའི་ཨ་ཤྭ་གནྡྷ་ནི་རྒྱ་གར་དང་དེའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་སྐྱེ་བའི་ས་སྐྱེས་རྡོ་སྐྱེས་ཀྱི་སྐྱེ་དངོས་སྨན་རྒྱུ་ཞིག་ཡིན་པ་ལས་བོད་ས་མཐོའི་ལྗོངས་སུ་སྐྱེ་བའི་སྐྱེ་དངོས་སྨན་རྒྱུ་ཞིག་མ་ཡིན། འོན་ཀྱང་སྨན་རྒྱུ་གཉིས་ཀའི་ཕན་ནུས་གཅིག་མཚུངས་ཡོད་པའི་དབང་གིས་བོད་སྨན་ནང་ངོས་འཛིན་པའི་སྨན་རྒྱུ་བ་སྤྲུ་ཉིད་ལ་ཨ་ཤྭ་གནྡྷ་ཞེས་མིང་འདོགས་པར་སྣང་ལ། དེ་ལྟར་ཕན་ནུས་གཅིག་མཚུངས་ཡིན་པ་ལ་བརྟེན་ནས་བ་སྤྲུའི་ཚབ་དུ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱིས་ངོས་འཛིན་གནང་བཞིན་པའི་ཨ་ཤྭ་གནྡྷ་ཉིད་བེད་སྤྱོད་ཆོག་པར་སྣང་བས་ད་དུང་དཔྱད་པར་འཚལ།

 


དཔྱད་གཞིའི་ཡིག་ཆ་ཁག་གཤམ་གསལ།

༄༅།།ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས། མི་རིགས་དཔེ་སྐྲུན་ཁང་།

༄༅།།གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

༄༅།།བདུད་རྩི་སྨན་གྱི་འཁྲུངས་དཔེ། ཀརྨ་ཆོས་འཕེལ། མི་རིགས་དཔེ་སྐྲུན་ཁང་།

༄༅།།བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང་། དེབ་ཕྲེང་དང་པོ། ཟླ་བ། རྡ་ས་བོད་ཀྱི་སྨན་རྩིས་ཁང་།

༄༅།།སྐྱེ་དངོས་སྨན་རྫས་ཀྱི་དཔར་རིས་དང་ལག་ལེན་གཅེས་བཏུས།སྨན་པ་ཚུལ་ཁྲིམས་སྐལ་བཟང།རྡ་ས་སྨན་རྩིས་ཁང་།

༄༅།།བོད་ལུགས་གསོ་བ་རིག་པའི་སྐྱེ་དངོས་སྨན་རྫས་སྔོ་འབུམ་ཀུན་བཏུས།དེབ་ཕྲེང་གཉིས་པ། སྨན་རམས་པ་ཚེ་རིང་ནོར་བུ། རྡ་ས་བོད་ཀྱི་སྨན་རྩིས་ཁང་།

(Tibetan Medicinal Plants by Kletter.Kriechbaum(Eds), medpharm Scientific Publishers)

(Data Base on Medicinal Plants Used in Ayurveda and Siddha, vol 3.)

(www.ndhealthfacts.org/wiki/Withania_somnifera)

མཐའ་མའི་འདོན་ཐེངས་།: 15.04.2014 ཉིན། 9:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།