སྨན་རྩིས་དྲ་བ། - ཆེད་རྩོམ།

ཨ་གར་སོ་ལྔ་འམ་ཚངས་ལྷའི་གཏམ་རྒྱུད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.12.2017
ཆེད་རྩོམ། >>


ཨ་གར་སོ་ལྔ་འམ་ཚངས་ལྷའི་གཏམ་རྒྱུད།

                                                                                       - སྨན་པ་ངག་དབང་ཆོས་གྲགས།
 

ངོས་ཀྱི་དེ་རིང་འདིར་གླེང་བར་བྱ་བའི་ནང་དོན་གཙོ་བོ་ནི་ཚད་ལྡན་ཨ་གར་སོ་ལྔ་ཞེས་ཡོངས་སུ་གྲགས་པའི་སྨན་སྦྱོར་དེའི་སྨན་ནུས་ཇི་ལྟར་ཐོན་སྐོར་རིག་བྱེད་གཏམ་རྒྱུད་དང་འབྲེལ་ནས་བརྩམ་སྒྲུང་ཐུང་ངུ་ཞིག་སྨྲ་བར་བྱའོ།།
 

འགྲོ་དྲུག་གཙོ་བོར་གྱུར་བ་མིའི་འགྲོ་བ་ཐོག་མར་བྱུང་བའི་ཚེ་ཤེད་བུ་ཟེར་བའི་གང་ཟག་ཅིག་བྱུང་།  དེའི་ཚེ་དེའི་དུས་སུ་འགྲོ་བ་རྣམས་ཤེས་རིག་གི་དཔལ་ཡོན་ཡོངས་སུ་རྨོངས་པའི་ཆེད་མུན་ནག་གི་དུས་སྐབས་ཞིག་ཡིན་ལ་རིན་ཐང་བྲལ་བའི་ཟས་ཀྱིས་འཚོ་ཐབས་ཟས་ཚུལ་ཟས་བསྡམ་ཟ་ཚོད་རན་པར་བཟའ་བ་ལ་སོགས་ཤེས་རྟོགས་མེད་པར་རྗེན་ཟས་རྐྱང་པར་ལོངས་སུ་སྤྱད། ནམ་ཞིག་གློ་བུར་དུ་ཤེད་བུ་ཟུག་རྔུ་དྲག་པོའི་ནད་ཀྱིས་མནར་ནས་མེས་པོ་ཚངས་པའི་དྲུང་དུ་བཅར། ཚངས་པས་དེ་ནི་མ་སྨིན་ཁ་ཟས་བསྟེན་དྲགས་པས་ཟུག་རྔུ་དྲག་པོ་འབྱུང་བར་ཤེས་ནས་ནད་བཅོས་བྱས་པས་ནད་པ་ལ་སྔ་བ་ཤེད་བུ་དང་། སྨན་པ་ལ་སྔ་བ་ཚངས་པ་ཞེས་བྱུང་། རྗེན་ཟས་ལོངས་སྤྱད་པའི་དབང་གིས་མ་ཞུ་བ་ཆགས་ནས་ནད་ལ་སྔ་བ་མ་ཞུ་བ་བྱུང་། དེར་ཚངས་པའི་ཕྱག་ནང་བདུད་རྩི་དྲོད་མོ་བུམ་པ་གང་བསྣམ་པ་དེས་ཤེད་བུ་ནད་ལས་མྱུར་དུ་སྐྱོབ་ཕྱིར་སྦྱིན་ཀྱང་མི་རྣམས་སྔོན་བསགས་ལས་དབང་གིས་ལྷ་ཡི་བདུད་རྩི་མི་ལ་ཆུ་རུ་སྣང་ཞེས་པ་ལྟར་བདུད་རྩི་དྲོད་མོ་དེ་ཡང་ཆུ་ཁོལ་བུམ་པ་གང་དུ་གྱུར་ནས་སྨན་ལ་སྔ་བ་ཆུ་བསྐོལ་ཞེས་ཡན་ལག་བཞི་ལྡན་ཐོག་མར་འཇིག་རྟེན་དུ་བྱུང་ཚུལ་དེ་ལྟར་གྲགས་སོ།།
 

དེ་ནས་བཟུང་ཤེད་བུས་ཆུ་ཁོལ་སྨན་མཆོག་ཡིན་པ་ཤེས་རྟོགས་བྱུང་རྗེས་རྒྱུན་ལྡན་འཚོ་བའི་ནང་ཆུ་ཁོལ་འཐུང་ཆེས་པས་མཚན་ཉིད་ཡང་གཡོ་སོགས་འཕེལ་ནས་ཉེས་པ་རླུང་འཕེལ། རླུང་ནི་ནད་ཀུན་སྣ་འདྲེན་མཇུག་སྡུད་བྱེད་པའི་རྩ་བ་ཡིན་ཕྱིར་འདུ་བ་མི་སྙོམས་འཕེལ་ཟད་འཁྲུགས་གསུམ་བྱུང་། འབྱུང་འཁྲུགས་འདུ་བ་སྙོམས་ཕྱིར་འབྲས་བུ་གསུམ་ཐང་དང་དབང་པོ་དོན་ལྔ་སོ་སོར་བཟང་དྲུག་ཁ་ཚར་བསྟེན། ཡང་ཤེད་བུ་མ་སྨིན་ཚ་བ་རྒྱས་པས་འབྲས་བུ་གསུམ་ཐང་སྟེང་མ་ནུ་བཞི་ཐང་བསྣན་པས་ནོར་བུ་བདུན་ཐང་ཞེས་པའི་ཐང་སྨན་དེ་འདུ་བ་སྙོམས་ལ་ཚ་བ་སེལ། དེ་ནས་རླུང་ཁ་གནོན་པའི་ཕྱིར་རིགས་ལྡན་དྲང་སྲོང་ཨ་གར་བརྒྱད་པའི་སྟེང་ནོར་བུ་བདུན་ཐང་བསྣན་པས་ཨ་གར་བཅོ་ལྔའི་སྦྱོར་བ་བྱུང་། དེས་རླུང་ཁ་མནན་ནས་གློ་སྐམ་ཐེས་སྲུད་ནད་རྣམས་སེལ།
 

ཡང་ཤེད་བུ་ཡུན་རིང་ནད་ཀྱི་མནར་བས་སྙིང་ཁ་མི་བདེ་ཞིང་ནུ་མ་གཟེར་བ་དེ་ལ་གཉེན་པོ་ཨ་གར་བརྒྱད་པ་ཤ་ཆེན་བཏང་། ཤེད་བུ་ནད་ལས་གྲོལ་ཏེ་སྨན་པ་ཆེན་པོ་ཚངས་པ་ལྷ་ཡི་བཀའ་དྲིན་གསོ་ཕྱིར་མི་ཡུལ་ནས་དུས་རྟག་ཏུ་དྲི་མཆོག་སྤོས་ཀྱི་མཆོད་པ་ཕུལ་བས་ཨ་གར་སོ་གཅིག་ཞེས་པ་དེ་ཡང་བྱུང་། 
 

ཇི་སྐད་དུ། ཨ་གར་སོ་ལྔ་འམ་ཚངས་ལྷ་ནི།

ལྕི་སྣུམ་བསིལ་བ་ཨ་གར་རིགས་གསུམ་དང་། །ཁྱད་པར་བསིལ་ལ་རྟུལ་བའི་ཙན་དན་གཉིས། །འདུ་བ་ཆ་སྙོམས་བཟང་དྲུག་འབྲས་བུ་གསུམ། །སྦྱོར་བ་འདི་ལ་རབ་ཏུ་གཅེས་པའི་གཙོ། །བློན་འབངས་འཁོར་དུ་བཀོད་པ་ཉི་ཤུ་གཅིག  །མ་ནུ་ཀཎྜ་ཀ་རི་སླེ་ཏྲེས་དང་། །ཏིག་ཏ་ཧོང་ལེན་སྒ་སྐྱ་བ་ཤ་ཀ །གུ་གུལ་དཀར་ནག་གླ་རྩི་ཀོ་བྱི་ལ། །ཤ་ཆེན་འཛིན་པ་ཚེར་སྔོན་སྙིང་ཞོ་ཤ  །ནྰ་ག་གེ་སར་རུ་རྟ་ཨ་བྱག་གཉིས། །སེ་འབྲུ་སྲོ་ལོ་དཀར་པོ་ཀ་ར་སྦྱར། །ཚད་ལྡན་ཨ་གར་སོ་ལྔའི་སྦྱོར་བ་འདི། །གཉན་ཚད་རླུང་གསུམ་འཐབ་དང་རི་ཐང་མཚམས། །གློ་སྐམ་ཐེས་སྲུད་གྲུམ་བུ་བར་རྟ་དང་། །སྙིང་ཚད་རླུང་ལྡན་རྣམས་ལ་བསྔགས་པ་སྟེ། །སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང་། །དེ་ཕྱིར་སྟོད་འཚངས་ངོས་མ་ཟིན་པ་དང་། །ཉེས་མེད་ཡིན་ཡང་ཕན་པ་ཉམས་མྱོང་གནས། །ཞེས་ཨ་གར་སོ་ལྔའི་སྦྱོར་བའི་ནང་།
 

འབྲས་བུ་གསུམ་ཐང། མ་ནུ་བཞི་ཐང་། ནོར་བུ་བདུན་ཐང་། སླེ་ཏྲེས་ལྔ་ཐང་། ཀོ་བྱི་ལྔ་ཐང་། དྲང་སྲོང་ཨ་གར་བརྒྱད་པ། ཨ་གར་བཅོ་ལྔ། ཕྱི་རྒྱུད་ཨ་གར་བརྒྱད་པ། ཨ་གར་སོ་གཅིག་ལ་སོགས་ཀྱི་སྦྱོར་བ་མཉམ་སྡེབ་བྱས་པ་ཞིག་ཡིན། གཉན་ཚད་རླུང་གསུམ་ལ་ཕན་པའི་རྒྱུ་མཚན་ནི། གཉན་ལ་མ་གི་ཏ་དང་། ཚད་པར་ནོར་བུ་བདུན་ཐང་། རླུང་ལ་དྲང་སྲོང་ཨ་གར་བརྒྱད་པ་དང་། ཕྱི་རྒྱུད་ཨ་གར་བརྒྱད་པ་ཨ་གར་སོ་གཅིག་ལ་སོགས་ལྡན་པའི་ཕྱིར། གློ་སྐམ་ཐེས་སྲུད་ལ་ཕན་པ་ནི་ཨ་གར་བཅོ་ལྔའི་སྦྱོར་བ་ཚང་བའི་ཕྱིར། གྲུམ་བུ་བར་རྟ་ལ་ཕན་པའི་རྒྱུ་མཚན་ནི་སླེ་ཏྲེས་ལྔ་ཐང་གི་སྦྱོར་བ་ལྡན་པའི་ཕྱིར། སྙིང་ཚད་ལ་ཕན་པ་ནི་ཨ་གར་བརྒྱད་པ་དང་ནོར་བུ་བདུན་ཐང་ལྡན་པའི་ཕྱིར། སྨན་གཏང་ལོག་པའི་ཉེས་པ་མ་བྱུང་བའི་རྒྱུ་མཚན་ནི་ཚ་གྲང་སྙོམས་པའི་ཕྱིར། སྟོད་འཚངས་ངོས་མ་ཟིན་ལ་ཕན་པ་ནི་མ་ནུ་བཞི་སྟེང་ཀོ་བྱི་བསྣན་པས་ཀོ་བྱི་ལྔ་ཐང་ལྡན་པའི་ཕྱིར། མདོ་དོན་ཨ་གར་སོ་ལྔ་ནི་མེས་པོ་ཚངས་པ་ནས་རིམ་པས་དྲང་སྲོང་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་སྨན་མཆོག་ཡིན་ཕྱིར་དེ་ལ་ཚངས་ལྷ་ཞེས་ཀྱང་བརྗོད་དོ།།

 

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 18.12.2017 ཉིན། 10:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།