སྨན་རྩིས་དྲ་བ། - ཆེད་རྩོམ།

སྲོག་རླུང་བཅོས་ཚུལ་སྙིང་པོར་དྲིལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.11.2015
ཆེད་རྩོམ། >>


སྲོག་རླུང་གི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་དོ་ཤལ།

- འཇིགས་མེད་མཁྱེན་བརྩེ།

 


ནམོ་གུརུ་བྷཻཥཛྱེ།

མཚན་སྙན་ཟླ་ཤེལ་གསར་པ་བཞུ་བའི་རྒྱུན།།

ཐོས་འཛིན་ཀུནྡའི་འཇོ་སྒེག་གིས་བཏུད་པས།།

དུག་གསུམ་གདུང་བ་རིང་བཅིལ་ཕན་དང་བདེའི།།

ལང་ཚོ་གསར་དུ་བཞད་དེས་ཤེས་པ་སྐྱོངས།།

སྲོག་རླུང་ནད་ལ་རྒྱུ་རྐྱེན་བརྟགས་ཚུལ་དང་།། བཅོས་ཐབས་རྗེས་གཅོད་རྣམ་པ་ལྔ་ཡིས་བསྟན།།


རྒྱུ།

རྒྱུ་ནི་མ་རིག་ལས་བྱུང་འདོད་ཆགས་ཀྱིས།། བསྐྱེད་པའི་རླུང་ནད་ཐ་མལ་གནས་གནས་པ་ཉིད།།



སློང་རྐྱེན།

སློང་རྐྱེན་མྱ་ངན་སེམས་ལས་མི་སྙན་གཏམ།། མཚན་གཉིད་མེད་དང་འཇིགས་པའི་བྱ་སྤྱོད་སོགས།། ཡིད་ལ་འཁྲུགས་པ་སྟེར་བའི་ཕྱོགས་ཀུན་དང་།། ཁྱད་པར་འབྱུང་གདོན་སྤྱི་དང་རྒྱལ་པོ་ཡིས།། རྒྱབ་བརྟེན་བྱས་ནས་མངོན་ཚུལ་སྣ་ཚོགས་སྟོན།།


 

རྟགས་ཚུལ།

རྟགས་ནི་རྩ་རྒྱུད་སྟོང་ཞིང་རྐྱལ་བ་ལ།། སྐད་ཅིག་ཙམ་ཡང་མི་གནས་འགྱུར་ལྡོག་མང་།། ཆུ་མདོག་སྔོ་ཞིང་ཅུང་ཟད་དམར་བའི་མདངས།། སྒྲ་བཅས་ལྦུ་བ་མྱུར་ཡལ་ཁྱད་པར་དུ།། དབུས་སུ་མེ་ཏོག་སྲན་ཙམ་རྒྱུན་དུ་འབྱུང་།། དྲི་བ་ཟས་རྩུབ་སྨྱུང་དང་གཏམ་གྱིས་སློང་།། ཡིད་མི་བདེ་ཞིང་རྒྱུ་མེད་འཇིགས་སྐྲག་འཆར།། གཉིད་ཆུང་ལུས་འདར་རྨི་ལམ་ཟ་ཟི་མང་།། དབུགས་སྡུད་འབྱིན་པར་དཀའ་ཞིང་རྔུལ་མང་འབྱུང་།།


 

བཅོས་ཐབས།

བཅོས་ཐབས་སྨན་སྔགས་ཟས་སྤྱོད་རྣམ་པ་བཞི།། དང་པོ་སྒ་སྐྱ་ཛྰ་ཏི་ཁ་རུ་ཚ།། གོ་སྙོད་ལི་ཤི་ཤིང་ཀུན་པི་པི་ལིང་།། རུས་བཅུད་རྣམ་གསུམ་ཚད་ལྡན་སྦྱར་བ་ཉིད།། གར་ཆང་གདུས་ཐང་དགོང་དང་ཐོ་རངས་སུ།། རིམ་པར་ཆ་བསྐྱེད་བཏང་ལ་རྔུལ་མང་འབྱུང་།། ཡང་ན་སྒ་དང་ཤིང་ཀུན་གསང་བའི་སྨན།། གདུས་ཐང་ཁ་རུ་ཚ་བཏབ་རླུང་དུས་བསྟེན།། དེ་རྗེས་ཕྱེ་མའི་སྦྱོར་བ་ཨ་གར་དང་།། ཛྰ་ཏི་སྙིང་ཞོ་ཅུ་གང་སྤོས་དཀར་དང་།། རུ་རྟ་ཨ་རུ་སྦྱར་བ་[ནྰ་ག་]བརྒྱད་པ་ ཕྱི་རྒྱུད་ཀྱི་ཨ་གར་བརྒྱད་པ་ ཡིན།། དེ་སྟེང་ལི་ཤི་ཤ་ཆེན་ཤིང་ཀུན་བསྣན།། སྲོག་འཛིན་བཅུ་གཅིག་ཅེས་གྲགས་ནུ་འགྱིང་དང་།། སྙིང་ག་རྩིབས་ལོགས་གཟེར་ཆེན་དབུགས་མི་ཐོན།། དེ་སོགས་སྟོད་གཟེར་སྨྱོ་ལྐུག་ནད་ལ་བསྔགས།། ཡང་ན་ཙན་དན་གི་ཝཾ་ལི་ཤི་དང་།། བསེ་ཡབ་གུར་གུམ་མ་ནུ་རི་བོང་སྙིང་།། བསེ་རུ་ཉ་ཕྱིས་ཀོ་བྱི་འབྲི་ཏ་དང་།། སྐྱུ་རུ་བསྣན་པའི་ཉི་ཤུའི་སྦྱོར་བ་འདིས།། རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་རིགས།། དྷུ་ཏྰིར་རླུང་ཞུགས་སྨྱོ་འབོག་བརྒྱལ་བ་དང་།། ཡན་ལག་རེངས་དང་ཞ་སྦྲིད་གཟེར་བ་སོགས།། གསོ་དཀའི་ནད་རྣམས་སེལ་བའི་བདུད་རྩི་ཡིན།། ཤིན་ཏུ་གཟེར་ཆེ་ཨ་གར་སྙིང་ཞོ་ཤ། ཙནྡན་དཀར་དམར་ཛྰ་ཏི་སྲོ་ལོ་དཀར།། ཅུ་གང་གུར་གུམ་སྦྱོར་བའི་ཕྱེ་མ་ སྦྱོར་སྡེ་འདི་ལ་དྲང་སྲོང་ཨར་བརྒྱད་ཟེར་ བསྟེན།། གཞན་ཡང་ཀོ་བྱི་རུ་རྟ་ཨ་གར་ནག། ཅུ་གང་གུར་གུམ་གསེར་མདོག་སྤོས་དཀར་སྦྱར།། བདུན་པའི་སྦྱོར་བས་ཁྲག་ངན་སྟོད་རྒྱས་དང་།། དབུགས་འཐུམ་འགྲམ་འཁྲུགས་སྟོད་གཟེར་ནད་ལ་བསྔགས།། ཡང་ན་ཀོ་བྱི་གསེར་མདོག་ཨ་གར་ནག། ཅུ་གང་རུ་རྟ་སྤོས་དཀར་ཛྰ་ཏི་སྦྱར།། ཆང་གིས་ཕུལ་བཏང་དཔུང་མིག་སྒྲོག་རུས་གཟེར།། ངན་ཁྲག་སྟོད་འཕེལ་ཤིན་ཏུ་ཟུག་པ་སེལ།། དེ་སྟེང་གཟེར་འཇོམས་སྙིང་ཞོ་སྒང་ཐོག་འབྲུ།། ཏང་ཀུན་ཤ་ཆེན་ལི་ཤི་ཁ་རུ་ཚ།། རི་བོང་ཙིཏྟ་བསྣན་པའི་བཅོ་ལྔ་པས།། སྙིང་རླུང་གཉིད་ཆེ་སྨྱོ་འབོག་བརྒྱལ་བ་དང་།། མགོ་གཟེར་གཟའ་ནད་སྙིང་ལ་བབ་པའང་སེལ།། ཛྰ་ཏི་ཨ་རུ་སྤོས་དཀར་ཨ་གར་ནག། གི་ཝཾ་ཤིང་ཀུན་བཟང་དྲུག་ཙནྡན་གཉིས།། བར་སྐྱུར་སྙིང་ཞོ་གོ་སྙོད་ལི་ག་དུར།། སེང་ལྡེང་སྒོག་སྐྱ་ནུས་བསྲེགས་ཕྱེ་མ་ནི།། དགོང་དང་ཐོ་རངས་ཆང་གིས་ཕུལ་ལ་བཏང་།། སྙིང་སྲོག་གཟེར་ནད་ཀུན་གྱི་གཉེན་པོ་སྟེ།། འཕགས་ཡུལ་པཎ་ཆེན་བི་མ་[བིམལ]མི་ཏྲའི་ལུགས།། ལི་ཤི་ཛྰ་ཏི་གུ་གུལ་ཨ་གར་ནག། སྙིང་ཞོ་རུ་རྟ་གེ་སར་སྤོས་དཀར་དང་།། ཅ་གང་ཤུ་དག་གི་ཝཾ་ཙནྡན་དམར།། ཤ་ཆེན་ལན་ཚྭ་སྒ་སྐྱ་པི་པི་ལིང་།། ཤང་དྲིལ་མེ་ཏོག་སྦྱར་བའི་སྨན་མཆོག་འདི།། སྲོག་རླུང་འཇོམས་པའི་རྡོ་རྗེ་ཞེས་བྱ་སྟེ།། གྲིབ་གདོན་རྒྱུ་ལས་བྱུང་བའི་རིགས་ཀུན་འཇོམས།། ཚབས་ཆེ་རི་བོང་ཙིཏྟ་བསྣན་པ་བསྔགས།། གུ་གུལ་ལི་ཤི་སྙིང་ཞོ་ཙན་དན་གཉིས།། ཛྰ་ཏི་ཨར་ནག་སྤོས་དཀར་གེ་སར་གསུམ།། ཅུ་གུར་རུ་རྟ་གི་ཝཾ་གླ་རྩི་དང་།། འབྲས་གསུམ་གསང་སྨན་ཀ་ར་སྦྱར་བ་ཡིས།། སྙིང་ཚད་སྙིང་གཟེར་སྨྱོ་འབོག་ཚོགས་ཀུན་སེལ།། སྦྱོར་སྡེ་འདི་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་མ་ནས་བྱུང་། ཁྱད་པར་རིལ་བུའི་སྦྱོར་བ་ སྦྱོར་སྡེ་འདི་ལ་སེམས་ཀྱི་བདེ་སྐྱིད་ཟེར་ ཟབ་མོ་ནི།། མཁལ་ཞོ་ཨར་ནག་ཛྰ་ཏི་ལི་ཤི་དང་།། ཤིང་ཀུན་རུ་རྟ་སྙིང་ཞོ་ཚ་བ་གསུམ།། སྨན་ཆེན་འབྲི་ཚིལ་ཁ་རུ་ཚ་རྣམས་སྦྱར།། ཚབས་ཆེ་རི་བོང་ཙིཏྟ་གྲི་སྙིང་སོགས།། སྙིང་སྣ་གང་འཛོམ་ཁ་ཚར་ལེགས་གདབ་སྟེ།། བུར་སྨུག་སྦྱར་བ་རིལ་བུ་སྲན་ཙམ་དྲིལ།། ན་ཚོད་སྟོབས་དང་བསྟུན་ཏེ་དགོང་ཐོ་རངས།། ཤ་མར་བུར་རྙིང་ཆང་རྒན་གདུས་པས་དབུལ།། ཕན་ཡོན་རླུང་ནད་སྤྱི་དང་ཁྱད་པར་དུ།། སྲོག་རྩར་རླུང་ཞུགས་སྙིང་འཕྱོས་ཡིད་མི་བདེ།། འཕྱོ་འདར་སྨྱོ་ལྐུགས་ཀུན་ལ་བདུད་རྩིར་མཚུངས།། ཨ་རུ་ཤ་ཆེན་ཚི་གུ་སྤངས་པ་བཞི།། དེ་དང་ལྗིད་མཉམ་ཤུ་དག་པི་པི་ལིང་།། ལི་ཤི་རུ་རྟ་ཁ་རུ་ཚ་བཅས་པ།། ཀུན་མཉམ་བི་ཥའི་རྩ་བ་དེ་ཀུན་དང་།། མཉམ་པའི་ཛྰ་ཏི་དེ་བཞིན་གསང་བའི་སྨན།། གཙོ་བོའི་ལྗིད་མཉམ་ལོ་བརྒྱད་ཨེ་ཀྲོ་ དྲི་ཆུ་ ཡིས།། འདམ་བཏགས་བུར་སྨུག་གིས་གདུས་རིལ་བུར་དྲིལ།། སྨན་ནད་ཐོན་ཙམ་དགོང་དང་ཐོ་རངས་བསྟེན།། སྙིང་སྲོག་ནད་རིགས་སྤྱི་དང་བྱེ་བྲག་ཏུ།། སྨྱོ་འབོག་སེལ་བའི་བདུད་རྩི་དམ་པ་ཡིན།། ཁྱད་པར་གསང་སྨན་རྒྱལ་པོ་གཙོ་བོ་ལ།། དངུལ་ཆུ་ཛྰ་ཏི་མུ་ཟི་བསྣན་པ་ཉིད།། ལོ་བརྒྱད་དྲི་ཆུ་མི་བསྐྱོད་པ་ཡིས་འདམ་བཏགས་བྱ།། དེ་སྟེང་བཙན་དུག་ཤིང་ཀུན་གེ་སར་དང་།། ཞོ་ཤ་རི་བོང་ཏེ་ལོ་གཡག་རྒོད་སྙིང་།། ཡུངས་དཀར་ཤུ་དག་གླ་རྩི་ཨ་རུ་ར།། རུ་རྟ་སྤོས་དཀར་སྒང་ཐོག་ཨ་གར་ནག། ཚེར་སྔོན་གུལ་ནག་ཀོ་བྱི་ཁ་རུ་ཚ།། མངལ་ཁྲག་ནུས་ལྡན་རྣམ་སྣང་བཅས་པ་ཡིས།། སྦྱོར་བ་ཉེར་ལྔའི་རིལ་བུ་ཚད་ལྡན་སྦྱར།། སྨན་ནད་ཐོན་ཙམ་ལན་འགའི་བར་དུ་བཏང་།། འདིས་ནི་གནོད་བྱེད་བགེགས་འདུལ་སྲོག་རླུང་འཇོམས།། ལུས་ཀྱི་བཅུད་རྒྱས་རྣམ་རྟོག་བག་ལ་ཕེབས།། གཉིད་ཡེར་འགུག་ཅིང་ཁྲག་གིས་གཟེར་སྟོབས་འབྲི།། ཁྱད་པར་སྟེང་འོག་འབྱུང་པོའི་གདོན་ཀུན་འཇོམས།། སྙན་བརྒྱུད་སྙིང་གི་ཐིག་ལེའི་མན་ངག་གོ།།

ཡང་ན་ཨར་ནག་ཛྰ་ཏི་སྙིང་ཞོ་ཤ། ཤིང་ཀུན་ཁ་རུ་ཚ་དང་སུག་སྨེལ་རྣམས།། ཐུན་རེ་ལང་ཐང་རྩེ་ནི་ཉིས་འགྱུར་དང་།། ཤ་ཆེན་མཐེབ་ཙམ་སྦྱར་བའི་ཕྱེ་མ་ནི།། ནུ་ཞོས་རིལ་བུ་དྲིལ་ཏེ་ཆང་གིས་ཕུལ།། འདིས་ཀྱང་སྲོག་རླུང་ནད་ཀུན་ངེས་པར་འཇོམས།། ཁྱུང་སྟེང་གསང་སྨན་ཛྰ་ཏི་ལི་ཤི་བཅས།། སྦྱོར་བའི་རིལ་བུ་གསང་སྟེ་གཏོང་བ་ཡི།། གདོན་སྟོབས་ཆེ་དང་གསོ་དཀའི་རིགས་ཀུན་སེལ།། སྙིང་ཞོའི་སྨན་མར་ཤིང་ཐོག་རྒྱལ་པོ་ནི།། བརྒྱ་ཕྲག་གསུམ་མམ་མ་འབྱོར་བཅུ་ཕྲག་ལྔ།། ཆུ་བྲེ་གསུམ་ལ་བྲེ་གང་བར་དུ་གདུས།། དྭངས་མ་ལེགས་བཞུར་འབྲི་འོ་ཕུལ་དོ་དང་།། མར་སྲང་བདུན་ཕྲག་རུས་སྣ་གདུས་པ་ཡིས།། ཁུ་བ་ཕུལ་གང་བུ་རམ་སྲང་དགུ་བཅས།། བཏབ་དཀྲུག་གར་སླ་ཞོ་ཙམ་སོང་བའི་དུས།། སྤོས་དཀར་རུ་རྟ་སྒོ་སྐྱའི་ཐལ་བ་གསུམ།། ཤིང་ཀུན་ཏང་ཀུན་ཁ་རུ་ཚ་དང་གསུམ།། བི་ཥ་དར་མའི་གྲི་སྙིང་ཚེར་སྔོན་གསུམ།། དབང་པོ་ལག་པ་ཤུག་ཚེར་ཀོ་བྱི་གསུམ།། པི་པི་ལིང་དང་ཕོ་རིལ་བཅའ་སྒ་གསུམ།། གོ་སྙོད་ཀ་ར་སྦྲང་རྩི་རྣམ་པ་གསུམ།། སྦྱར་བའི་གྱད་རིགས་ཉི་ཤུ་རྩ་གཅིག་པོ།། གོང་དང་བསྲེས་དང་ཐོ་རངས་དུས་སུ་བསྟེན།། སྲོག་རླུང་ནད་ལ་སླེབས་ཆོག་བདུད་རྩི་ཡིན།། ཛྰ་ཏིའི་སྨན་མར་ཨ་རུའི་ཁུ་བ་ཉིད།། ལེགས་པར་བཞུར་ཏེ་འབྲི་མར་འོ་མ་བསྲེ།། དེ་སྟེང་སྣ་མའི་འབྲས་བུ་ཁ་རུ་ཚ།། ཤིང་ཀུན་སྦྱར་བའི་ཞིབ་བཏགས་ཁ་ཚར་གདབ།། ཡུན་དུ་བསྟེན་པས་ནད་སེལ་བཅུད་ལེན་འགྱུར།། གཞན་ཡང་གསང་སྔགས་འབྲུ་བཅུ་ ཛྙྷྣྙྣྨྣྦྶ བསྲེག་ཐལ་ལ།། གུར་གུམ་གི་ཝཾ་གྲི་ཤ་སྦྱར་བ་ཉིད།། སྲོད་དང་ཐོ་རངས་ཆང་གིས་ཕུལ་ལ་བཏང་།། ཡང་ན་དཔའ་བོ་འབྲ་ལྔ་ ཨྐྸྴྶ བརྩེགས་མར་བྲིས།། སིནྡུར་དང་ཁ་ཆེའི་རྫས་ཀྱི་བྱུག། གྲི་ཤ་བི་ཥས་དྲིལ་ལ་བདུན་བདུན་བཟའ།། དེ་བཞིན་ཐོ་རངས་དུས་སུ་ཡིག་འབྲུ་འདི། སྷྣྷྙྣ། གོང་གི་རྫས་དང་སྦྱར་ཏེ་ཁོང་དུ་བཏང་།། སྲོག་རླུང་སྨྱོ་འབོག་ནད་རྣམས་སེལ་བར་བྱེད།། ཁ་ཟས་དྲོད་བཅུད་བསྟེན་ཞིང་བསིལ་བ་སྤངས།། སྤྱོད་ལམ་གོས་དྲོ་བག་ཕེབས་དལ་བར་སྡོད།། མི་སྙན་ཚིག་སྤངས་མཐུན་པའི་གྲོགས་ཀྱང་བསྟེན།།


 

རྗེས་གཅོད།

རྗེས་སུ་སེ་འབྲུ་ཤིང་ཚ་པི་པི་ལིང་།། སུག་སྨེལ་གུར་གུམ་ཕྱེ་མས་མེ་དྲོད་གསོ།། ཡང་ན་གོང་གི་སྲོག་འཛིན་བརྒྱད་པའི་ སེམས་ཀྱི་བདེ་སྐྱིད་ལ་བསྣན་ཀྱང་ཆོག་ སྟེང་།། གསང་སྨན་ཁ་ཚར་བསྣན་པ་དག་ཀྱང་བསྔགས།། ཁྱད་པར་དྲུག་བདུན་བྲང་གཞུང་དཀར་ནག་མཚམས།། བྱ་རོག་མིག་ ཚིགས་པ་ དང་ཨན་སྟོང་དང་པོ་སོགས།། རླུང་གསང་སྤྱི་དང་སྙིང་སྲོག་གཟེར་ཆེ་ན།། ནུ་མའི་ཕྱོགས་བཞིར་ཕྱིར་ཚོན་གང་ལ་བསྲེག། ཡང་ན་རྒྱབ་མདུན་གཟེར་རྣམས་བུམ་པས་དྲངས།། ཁྲག་མཁྲིས་རྟགས་ཡོད་སྣོད་ཀ་ཅུང་ཟད་གཏར།། གཞན་ཡང་མགོ་བོ་གཟེར་ན་སྡུད་སྒོ་བཞིར།། གསེར་གྱི་ཏེལ་པས་སྲུང་སོགས་རིག་མདས་བསྣུན།། ནད་གཞན་འདྲེས་ན་དེ་ཡི་ཁ་འཛིན་དང་།། སྦྲགས་ཏེ་གོང་གི་ཞི་བྱེད་ཚོགས་རྣམས་སྦྱར།། དེ་ཡིས་གདུག་པ་སྲོག་རླུང་དག་ལས་གྲོལ།།

 

 

སྙིང་འཕྱོས་པའི་ནད།

གཞན་ཡང་སྙིང་འཕྱོས་ནད་ལ་རྒྱུ་དང་ནི།། བརྟག་ཚུལ་བཅོས་ཐབས་རྗེས་གཅོད་རྣམ་པ་བཞི།།


རྒྱུ།

རྒྱུ་ནི་སེམས་འཁྲུགས་མྱ་ངན་ཡིད་མི་བདེ།། ལྟོ་དང་གཉིད་ཆག་ཞེ་སྡང་དྲག་པོས་བསྐྱེད།།


བརྟག་ཚུལ།

དེ་རྟགས་མགོ་ན་བརྗེད་ངས་རྟག་ཏུ་ཆེ།། ཤེས་པ་འཕྱོ་ཞིང་དོན་མེད་སྙིང་མི་དགའ།། རེས་འགའ་དྲིས་ཀྱང་དེ་ལ་ལན་མི་ལྡོན།། རེས་འགའ་མ་དྲིས་པ་ཡང་མུ་ཅོར་སྨྲ།། མི་སྙན་ཚིག་གིས་དངངས་དང་ཤུ་ཡིས་འདེབས།། དྲུག་བདུན་དཀར་ནག་མཚམས་རྣམས་ཤིན་ཏུ་ཟུག། ཚབས་ཆེ་ལུས་ཀུན་གཟེར་ནས་དྲན་མེད་བརྒྱལ།། མ་བཅོས་སྙིང་ན་སྨྱོན་པར་འགྱུར་བ་ཡོད།།


བཅོས་ཐབས།

བཅོས་ཐབས་དང་པོ་འབྲས་གསུམ་མ་ནུ་བཞི།། ཤ་ཆེན་ཀོ་བྱི་བསྣན་པའི་གདུས་ཐང་བཏང་།། དེ་རྗེས་ཨ་གར་ཛྰ་ཏི་ཤིང་ཀུན་དང་།། ལི་ཤི་གོ་སྙོད་གྲི་ཤ་གསང་བའི་སྨན།། ཏང་ཀུན་བུ་རམ་རྟར་སྦྱར་མྱོས་ཁུས་ཕུལ།། ཡང་ན་ཨ་གར་བཟང་དྲུག་སྙིང་ཞོ་ཤ། དྲི་ཆེན་སྤོས་དཀར་ ནྰ་ག་ གེ་སར་ཁ་རུ་ཚ།། རྒྱམ་ཚ་པི་ལིང་རུ་རྟ་གུལ་ནག་དང་།། ཤིང་ཚ་གོ་ཡུ་ཤ་ཆེན་རི་བོང་སྙིང་།། མ་ནུ་གོ་སྙོད་སྒྲོན་ཤིང་རྩི་བོ་ཆེ་ཤིང་ཀུན།། གཡག་རྒོད་ཙིཏྟ་སྦྱར་བའི་ཉེར་ལྔ་པས།། རླུང་ནད་སྤྱི་དང་སྙིང་འཕྱོའི་རིགས་ཀུན་སེལ།། ཛྰ་ཏི་འབྲས་བུ་གསུམ་གྱི་སྨན་མར་ལ།། རུས་བཅུད་སྦྱར་ཞིང་དེ་སྟེང་སྒ་སྐྱ་དང་།། གོ་སྙོད་ཤིང་ཀུན་ཁ་ཚར་བཏབ་པ་བསྟེན།། ཁྱད་པར་གདུག་པའི་གདོན་གྱིས་རྐྱེན་བྱས་ཏེ།། སྨྱོ་འཆལ་ཆེ་ན་བཙན་དུག་ཨ་རུ་ར།། སྦྱར་བའི་མར་ལ་བཟང་དྲུག་ཨ་གར་ནག། སྤོས་དཀར་ཁ་རུ་ཚ་དང་རི་བོང་སྙིང་།། ཁ་ཚར་གདབ་པའི་སྨན་མར་ཚད་ལྡན་བཟའ།། ཟས་དང་སྤྱོད་ལམ་སྲོག་རླུང་སྐབས་དང་མཐུན།།


རྗེས་གཅོད།

རྗེས་གཅོད་དྲུག་བདུན་དཀར་ནག་མཚམས་དང་ནི།། ཨན་སྟོང་བསྲེག་ལ་ཙཀྲ་ཚད་ལྡན་གདགས།། དེས་ནི་སླར་ཡང་ཕྱིར་མི་ལྡོག་པར་འགྱུར།། དེ་ལྟར་མན་ངག་ཟབ་མོའི་ཆུ་གཏེར་ལས།། ལེགས་འོངས་ཕན་བདེའི་ནོར་བུའི་དོ་ཤལ་མཆོག། རྣམ་པར་ཕྱེ་ལས་གྲུབ་པའི་དགེ་ཚོགས་དེས།། འགྲོ་ཀུན་ནད་ཀྱི་ཚ་གདུང་བསལ་ཕྱིར་བསྔོ།།

            ཞེས་སྲོག་རླུང་གི་བཅོས་ཐབས་སྙིང་པོ་ར་དྲིལ་བ་ཕན་བདེའི་དོ་ཤལ་ཞེས་བྱ་བ་འདི་ཡང་ཁྱབ་བདག་དཔལ་ལྡན་བླ་མའི་བཀའ་སྩལ་གྱིས་ཡང་ཡང་བསྐུལ་བར་བརྟེན་ནས་ཀུན་རྨོངས་འཇིགས་མེད་མཁྱེན་བརྩེས་མྱུར་དུ་སྦྱར་བ་ཇཡནྟུ།། །།

 


མཐའ་མའི་འདོན་ཐེངས་།: 02.11.2015 ཉིན། 10:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།