སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

སྲོག་རླུང་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.04.2014
བོད་ཀྱི་སྨན་བཅོས་རིག་པ། >>


སྲོག་རླུང་བཅོས་ཐབས་བདུད་རྩི་ཟླ་ཞུན་ཞེས་བྱ་བ་བཞུགས་སོ།།

 

སྨན་རམས་པ་ངག་དབང་མཁྱེན་བརྩེ།

 

ཨོཾ་ཨཱ་ཐ།

                                                    མཚན་དཔེའི་རྒྱན་རྫོགས་ལྷ་མཆོག་སྤྲུལ་པའི་སྐུ།།

                                                    ཚད་མེད་སྙིང་རྗེས་འགྲོ་བའི་གདུང་བ་སེལ།།

                                                    བླ་མེད་བླ་མ་སྨན་རྒྱལ་བཻཌཱུརྱ།།

                                                    དབྱེར་མེད་ཡོན་ཏན་མགོན་པོས་བདག་སྐྱོངས་ཤིག།

 

                                                    ས་གསུམ་སྲིད་པའི་རྩེ་མོར་མངོན་འཕགས་པའི།།

                                                    གངས་ཅན་བོད་ཀྱི་གསོ་རིག་འོད་སྟོང་འབར།།

                                                    འཛམ་གླིང་སྐྱེ་འགྲོ་དུས་མིན་འཆི་བ་ལས།།

                                                    སྐྱོབས་མཛད་རྒྱུད་རྒྱལ་གཡུ་ཐོག་མགོན་དེ་རྒྱལ།།

 

                                                    སེམས་རིག་སྒོམ་པར་བཀྲ་བའི་འབྱུང་ལྔའི་བདག།

                                                    བདག་འཛིན་དྲན་པ་གསལ་བའི་རྟེན་དབང་སྲོག།

                                                    སྲོག་རླུང་བདེ་བའི་ཁམས་ཀྱི་ཉེས་པ་ཀུན།།

                                                    ཀུན་སེལ་བདུད་རྩི་ཟླ་ཞུན་འདི་ན་སྤེལ།།

 

ཞེས་ཡུལ་དམ་པ་རྣམས་ལ་མཆོད་བརྗོད་གསོལ་འདེབས་ཀྱི་རིམ་པ་སྔོན་དུ་སོང་ནས་སྐབས་བབ་བརྗོད་པར་བྱ་བ་ནི། སྲོག་རླུང་ནད་ཀྱི་བཅོས་ཐབས་སྐོར་ཅུང་ཟད་འབྲི་བ་ལ། དེ་ཡང་ཐོག་མར་སྲོག་རླུང་ཞེས་པའི་ཐ་སྙད་གནས་ཡུལ་ངོས་འཛིན་གསལ་པོ་གཏན་འཁེལ་མེད་པར་སྨན་བཅོས་བྱ་བ་ནི་མུན་ཁུང་ནང་དུ་མདའ་འཕེན་པ་དང་འདྲ་བ་གཉེན་པོ་ནད་ཐོག་ཏུ་བབས་པའི་བཅོས་ཐབས་ཕན་སྐྱེད་ཡོང་རྒྱུ་དཀའ་བ་མ་ཟད། དེས་ནད་གཞན་སློང་བའི་རྒྱུ་ཡང་བྱེད་སྲིད།

 

ངོས་འཛིན།

འདིར་སྲོག་རླུང་ཞེས་པ་ནི། གཡུ་ཐོག་དགོངས་རྒྱན་ལས་སྲོག་རྩ་དཀར་པོ་ལ་གནས་པའི་རླུང་སྲོག་འཛིན་གྱི་མིང་ཡིན་ཏེ། བཤད་པའི་རྒྱུད་ལས། སྲོག་འཛིན་རླུང་དེ་སྤྱི་བོར་གནས། །ཞེས་དང་།  རིན་ཆེན་ཕྲེང་བར། སྲོག་འཛིན་རྒྱུངས་པའི་སྦུབས་ན་གནས། །ཁྱད་པར་ཀླད་པའི་དཀྱིལ་ན་གནས། །ཞེས་དང་།  རྗེ་རང་བྱུང་བས། རྩ་བ་རྒྱབ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་བརྟེན་པར་བྱེད། །ཅེས་གསུངས་པ་ལྟར་འགྲོ་བའི་ལུས་ཁམས་འདི་བཞིན་ཐོག་མར་ཕ་མ་གཉིས་ཀྱི་ཁུ་ཁྲག་སེམས་གསུམ་ལས་ཡོངས་སུ་གྲུབ་པའི་སྲོག་རྩ་གཙོ་བོ་དཀར་ནག་གཉིས་ལས་སྐབས་འདིར་སྲོག་རྩ་དཀར་པོའི་ནང་གནས་པའི་འབྱུང་བ་རླུང་རྡུལ་གཙོ་བོ་ཞིག་གི་དྭངས་མའི་མིང་ཡིན་པ་དང་།  དེར་ཚེའམ་སྲོག་གནས་ཤིང་སེམས་འཛིན་པར་བྱེད་པའི་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་བརྗོད་པ་དང་།  གནས་ཡུལ་ནི་སྤྱི་བོ་དང་།  རྒྱུངས་པའི་སྦུབས། རྩ་དབུ་མ་བཅས་ལ་གནས་ནས་ཀུན་གཞི་བརྟེན་པར་བྱེད་པའི་ཡུལ་ཡིན། དེང་སང་ནད་རིགས་འདི་ན་མཁན་མང་ཞིང་རྙོག་འཛིངས་ཆེ་ལ་བཅོས་ཐབས་དཀའ་བ་ཞིག་ཡིན་པ་མ་ཟད་རྒྱུད་གཞུང་དུའང་རྒྱས་པོ་དང་གསལ་པོ་གསུངས་མེད་པ་དང་།  དེ་བཞིན་ཕྱི་ལུགས་སྨན་པ་རྣམས་ནས་ཀྱང་ནད་གཞི་འདི་ལ་གཉིད་ཁབ་དང་གཉིད་སྨན་སྤྲོད་པ་ཙམ་ལས་སྨན་བཅོས་གཞན་མེད་པ་འུ་ཐུག་ཐབས་ཟད་ཀྱི་ངང་དུ་གནས་ཡོད།

རྒྱུ་རྐྱེན།

འདིར་ནད་དེའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི་ཡི་སྒོ་ནས་བརྗོད་པ་ལ། དང་པོ་ཐོག་མར་སྲོག་རླུང་ནད་ཀྱི་རྒྱུ་རྐྱེན་ནི། རྒྱུ་རླུང་ནད་སྤྱི་དང་འདྲ་བ་ལ། ཁྱད་པར་སྲོག་འཛིན་རླུང་རྣམ་པར་མ་གྱུར་པ་དེ་ལ། རྐྱེན་ཁོར་ཡུག་ཟས་སྤྱོད་གཉིས་དང་ལྷག་པར་འབྱུང་གདོན་སོགས་ཀྱི་སྲོག་རླུང་ནད་འདི་སློང་གི་ཡོད། དེ་ཡང་ཁོར་ཡུག་ཕ་མ་སྤུན་ཉེའམ་བཟའ་ཟླ་དགའ་གྲོགས་གང་རུང་དང་ཁ་བྲལ་གྱུར་ནས་མྱ་ངན་སེམས་སྡུག་ཆེན་པོ་བྱུང་བ་དང་།  ཡང་ན་ཅ་དངོས་གཅེས་ནོར་རིན་ཐང་ཅན་བོར་བརླག་ཤོར་ནས་སེམས་ལས་ཅི་ཆེ་འབྱུང་ཞིང་མཚན་མོ་གཉིད་མེད་པ། ཁ་ཟས་སྣུམ་བག་མེད་པ་སྐྱ་བོ་རྩུབ་མོའི་རིགས་བསྟེན་ཆེ་བའམ་ཁ་ཟས་མ་ཟོས་པ་སྨྱུང་བར་ཡུན་རིང་གནས་ཤིང་སྤྱོད་ལམ་དྲག་རྩུབ་རིགས་ལ་འབད་ཆེ་བ། ཡང་ན་བསམ་འདུན་དང་མི་མཐུན་པའི་གཏམ་ངན་བྱུང་བའམ་གློ་བུར་འཇིགས་སྐྲག་དྲག་ཤུལ་གྱི་སྒྲ་ཐོས་པ་དང་།  བསིལ་སྨན་བསིལ་ཟས་གཏོང་ཐལ་ཤོར་བ་སོགས་ཀྱིས་སྲོག་རླུང་ལ་དོ་འཕོག་འགལ་རྐྱེན་སོང་ནས་ནད་འདི་སློང་གི་ཡོད་པ་དང་།  ལྷག་པར་འབྱུང་གདོན་སྤྱི་དང་རྒྱལ་པོ་སྲོག་རླུང་གི་བྱ་ལས་ལ་བར་ཆད་བྱ་བའི་དབང་གི་ནད་འདི་ཡོང་གི་ཡོད་པ་ཡིན།

 

དབྱེ་བ།

གཉིས་པ་སྲོག་རླུང་གི་ནད་ལ་དབྱེ་བ་འབྱེད་ཚུལ་རྒྱུད་ལས་ཁ་གསལ་གསུངས་མེད་ན་ཡང་འདིར་སློང་རྐྱེན་དབང་གིས་ཚ་གྲང་གཉིས་སུ་དབྱེ་བ་འབྱེད་རྒྱུ་ཡིན།

 

ནད་རྟགས།

གསུམ་པ་སྲོག་རླུང་གི་ནད་རྟགས་ནི། སྤྱིར་རྩ་ཆུ་སོགས་རླུང་ནད་སྤྱི་དང་འདྲ་བ་རྒྱུད་ལས་གསུངས་པ་ལྟར་ཤེས་པའི་ཐོག་ལྷག་པར་ཡིད་སེམས་མི་བདེ་བ་འཇིགས་སྐྲག་གི་སྣང་བ་སྣ་ཚོགས་འཆར་བ་དང་།  མཚན་མོ་གཉིད་ཆུང་ལ་རྨི་ལམ་ཟ་ཟི་མང་བ། གཅིག་པུར་སྨྲ་བརྗོད་མང་ལ་གཞན་གྱི་དྲི་ཚིག་ལ་ལན་མི་སྟེར་བ། མགོ་ཡུ་འཁོར་ཤིང་བཟའ་བཏུང་སོགས་མིད་མི་ཐུབ་པ། དབུགས་ཕྱི་ནང་དུ་གཏོང་ལེན་དཀའ་བ། མིག་དང་དབང་པོ་རྣམས་མི་གསལ་ཞིང་ཤེས་པ་གཅིག་ཏུ་འཛིན་ཅིང་གནས་མ་ཐུབ་པ་སྨྱོན་པ་ཆགས་ནས་འཆོལ་གཏམ་སྣ་ཚོགས་སྨྲ་བ་སོགས་ཀྱི་རྟགས་རྣམས་འབྱུང་།

བྱེ་བྲག་ཚ་རྐྱེན་ཅན་ནི་སྤྱོད་ལམ་དྲག་རྩུབ་སོགས་ཀྱི་ཡིད་སེམས་མི་བདེ་བ་འཁྲུགས་པའམ་འཇིགས་སྐྲག་དྲག་ཤུལ་དབང་གིས་སྨྲ་བརྗོད་མང་ཞིང་སྡོད་ཚུགས་མེད་པ་ཤེས་པ་གཅིག་ཏུ་འཛིན་མི་ཐུབ་པ་ཕྱོགས་གང་སར་མྱུལ་བ་སོགས་ཀྱི་རིགས་གཅིག་དང་།  གཞན་གྲང་རྐྱེན་ཅན་ནི་སྤྱོད་ལམ་བློ་སྤོབས་ཞུམ་པའམ་སེམས་འཁུར་ལྕི་ཞིང་མྱ་ངན་སེམས་སྡུག་དབང་གིས་ནད་པ་ཁ་ཁུ་སིམ་པོ། གང་སར་འགྲོ་འདོད་མེད་པ་ཁང་པའི་ནང་དུ་འཛུལ་བའམ་ཉལ་ནས་སྡོད་པའི་རིགས་གཅིག་བཅས་གཉིས་སུ་ཡོད།

 

བཅོས་ཐབས།

བཞི་པ་སྲོག་རླུང་ནད་ཀྱི་བཅོས་ཐབས་ནི། སྤྱིར་ནད་གཞི་འདི་ཉིད་ནད་རིགས་གཞན་དང་མི་འདྲ་བ་རྟོགས་སླ་ལ་བཅོས་ཐབས་དཀའ་བ། རྙོགས་འཛིངས་ཆེ་ལ་ཕན་བསྐྱེད་ཆུང་བ་ཞིག་ཡིན་པར་བརྟེན། བཅོས་ཐབས་ཐོག་དྲོ་བཅོས་དང་སྦྲུམ་བཅོས་བྱ་བ་ལས་བསིལ་སྨན་དང་བསིལ་ཟས་བསིལ་བཅོས་སོགས་ཐལ་རྒྱུ་མེད་པ་ནི་གནད་དུ་ཆེ་བ་དང་།  ལྷག་པར་ནད་གཞི་འདི་ལ་རྒྱུད་ལས། གདོན་རྒྱབ་མེད་པ་ཆེར་མེད་པས་རིམ་འགྲོ་སྔོན་དུ་འགྲོ་དགོས་པ་གསུངས་པ་ལྟར། རྒྱལ་གསོལ་བཙན་གསོལ་དང་།  རྒྱལ་མདོས་བཙན་མདོས་བཅས་པ་སྔོན་དུ་མ་བྱུང་ཚེ་སྨན་བཅོས་ཅི་བྱས་ལམ་དུ་འགྲོ་རྒྱུ་དཀའ་བས་དེ་ལྟར་སྔོན་དུ་བྱ་དགོས་པའི་ཐོག སྤྱི་སྨན་རླུང་སྨན་ཨ་གར་རིགས་རྣམས་དང་།  བི་མ་ལ། སྲོག་འཛིན་༡༡། ཤིང་ཀུན་༢༥། བྱེ་རིང་སེམས་ཀྱི་བདེ་སྐྱིད། ཨ་གར་༨ སེ་འབྲུ་བརྒྱད་ལྔ་སོགས་གཏོང་དགོས་པ་དང་།  བྱེ་བྲག་ཚ་རྐྱེན་ཅན་ལ་རྒ་ལོ་སྨན་དམར་དང་།  འབྲོང་རྩེ་ཨར་༨། སྲོག་འཛིན་༡༡། དྲང་སྲོང་ཨར་བརྒྱད་བཅས་གཏོང་རྒྱུ། གྲང་རྐྱེན་ཅན་ལ་སེ་འབྲུ་༥། སེམས་བདེ། ཤིང་ཀུན་༢༥། ཨ་གར་༢༠། བཙན་དུག་སྨན་མར་སོགས་གཏོང་དགོས་པ་མ་ཟད། བད་མཁྲིས་གཉིས་ལ་སོགས་པའི་ནད་རིགས་གཞན་དང་འབྲེལ་བའི་རིགས་ལ་སྨན་བཅོས་ཁ་བསྒྱུར་རིག་མདས་གཏོང་རྒྱུ་ཤེས་པའི་ཐོག་ལི་ཤི་མར་ཁུ་མཉམ་དུ་གདུས་ནས་འཐུང་རྒྱུ་དང་།  སྲོག་རྩའི་གསང་ལ་ཚ་དུགས་སམ་ཕྱེ་ཕུར་སྣུམ་དུགས་རྒྱག་རྒྱུ་སོགས་ཕན་ཐོགས་དགེ་མཚན་ཆེ་བར་མངོན་པའི་མྱོང་ཚོར་བརྗོད་པ་ཡིན། མཐར་ཞི་བྱེད་སྨན་གྱིས་མ་ཞི་ན་དྲག་དཔྱད་མེ་བཙའ་བྱ་རྒྱུ་གལ་ཆེ་བས་ཚིགས་པ་དང་པོ་དང་། དྲུག་བདུན་གཉིས་ལ་ཁ་གསུམ། བྲང་གཞུང་དཀར་ནག་མཚམས་བཅས་ལ་གདབ་དགོས་པ་དང་ལྷག་པར་སྤྱི་གཙུག་དང་སྡུད་སྒོ་བཅས་པ་བསྲེག་ན་ཕན་ཆེ་བ་ཡིན། འོན་ཀྱང་དྲག་དཔྱད་མེ་བཙའ་བྱ་བ་སྔ་རྒྱུ་མེད་པ་མཐའ་མཇུག་ཏུ་ལོག་གནོན་ལྟ་བུ་སྐྱར་ལོག་མི་འབྱུང་ཆེད་བྱ་དགོས་པ་གསུངས་པ་ལྟར་ལག་ལེན་འཐོབ་པ་སེམས་བཅང་དགོས་པ་ཡིན།

 

ནད་འདི་སྔོན་འགོག་བྱ་ཐབས་ནི། རྒྱུན་དུ་བློ་སེམས་གུ་དོག་མིན་པ་བློ་རྒྱ་ཆེན་པོ་དགོས་པ་དང་།  སྐབས་མཚམས་རྐྱེན་ངན་ཉམས་གུད་བྱུང་དུས་བློ་སྤོབས་མ་ཞུམ་པ་མཐུན་ཕྱོགས་བསམ་གཏོང་ཐུབ་པ་དགོས་རྒྱུ། ངེས་མེད་འཇིགས་སྐྲག་དྲག་ཤུལ་རིགས་ལ་དོག་ཟོན་འཛེམས་བྱ་དགོས་པ། མི་སྙན་པའི་གཏམ་དང་མི་མཐུན་པའི་ལས་ལ་འཇུག་རྒྱུ་མེད་པ། བཅུད་མེད་བསིལ་ཟས་དང་བསིལ་སྨན་བསིལ་བཅོས་རིགས་ཐལ་རྒྱུ་མེད་པ། གཞན་གྱི་བཙན་གནོན་དང་སེམས་འཁུར་ལྕི་བའི་རིགས་ཀྱིས་མི་ནོན་པ་བྱ་རྒྱུ་གལ་གནད་ཆེ་བ་ཡིན་ནོ།། །།

 

འདི་ནི་སྤྱི་ལོ་༢༠༠༢ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་དྲུག་པ།》ནང་དུ་བཞུགས་ཡོད།

མཐའ་མའི་འདོན་ཐེངས་།: 07.04.2014 ཉིན། 4:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།