སྨན་རྩིས་དྲ་བ། - བོད་ཀྱི་སྨན་སྦྱོར་རིག་པ།

སྨན་སྦྱོར་བདུད་རྩིའི་ཐིག་ལེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.08.2016
བོད་ཀྱི་སྨན་སྦྱོར་རིག་པ། >>

 


སྨན་སྦྱོར་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།

- འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

 

            ནམོ་གུརུ་པདྨ་མནྗུ་ཤྲྰི་བཛྲ་ཏིཀྵྞཡ། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིག་ལེ་ནི། །ཕན་བདེའི་འོད་ཟེར་སྟོང་གིས་རབ་མཛེས་པས། །ལུས་ཅན་ཡིད་ཀྱི་ཀུན་དགའ་འཕེལ་མཛད་པ། །སྨན་རྒྱལ་གུ་ཎའི་ཞབས་ལ་གུས་བཏུད་ནས། །ཤིན་ཏུ་རྣོ་ལ་མྱུར་བའི་སྨན་གྱི་སྡེབ། །འབད་མེད་རྙེད་པར་སླ་བའི་ནོར་བུ་འདི། །འོ་མཚོར་ངང་མོ་རྒྱུ་བ་ཇི་བཞིན་ཏུ། །ལྷག་བསམ་དྲང་སྲོང་ཡིད་ཀྱི་ངོས་ན་འཕྱོ། །གང་ཞིག་གཞན་ཕན་ལྷག་བསམ་གྱིས། །རང་དང་གཞན་གྱི་དོན་གྲུབ་པའི། །དྲང་སྲོང་གཞོན་ནུ་དེ་དག་ལ། །བྱམས་པའི་སེམས་ཀྱིས་འདི་སྐད་ཞུ། །སྙིང་གི་ཚལ་པ་བཞིན་ཏུ་བདག་ཉིད་ལ། །ཤིན་ཏུ་བརྩེ་ཞིང་བྱམས་པ་གཅེས་དགུའི་མ། །ལས་ཀྱིས་འཕངས་པའི་གཞན་དབང་སྐྱེ་བའི་ལུས། །སྣ་ཚོགས་སྡུག་བསྔལ་ནད་ཀྱིས་རྣམ་པར་བཅོམ། །འདི་ལ་ཅུང་ཟད་ཕན་པར་གྱུར་ན་ཡང་། །དབྱིངས་ནས་སྲས་བཅས་རྒྱལ་བའི་འཇམ་མཉེན་ཕྱག །རིང་དུ་སྐྱོང་བཞིན་དགྱེས་པའི་མེ་ཏོག་ཆར། །རྣམ་པར་བཀྲམ་པས་ཀུན་དགའ་ཉིད་དུ་བྱེད། །དེ་སླད་འཚོ་བྱེད་སྐལ་བཟང་རྣམས། །རྒྱུད་ལ་མཁས་ཤིང་མན་ངག་ཤེས། །མཐོང་ཚད་སྨན་དུ་བཀོལ་བཏུབ་པ། །འདིར་ཡང་བདེ་ལ་ཕྱི་མར་བདེ། །དྲང་སྲོང་ཐུགས་རྗེ་ཆེན་པོ་དེས། །མཐའ་འཁོབ་དབུལ་པོའི་ནད་བསལ་ཕྱིར། །རྙེད་སླ་སྔོ་སྦྱོར་གང་གསུངས་པ། །ཅུང་ཟད་རྒྱས་པའི་ཚུལ་དུ་ཕྱེ།།


            ཚད་པའི་ནད་རིགས་མཐའ་དག་ལ། །སྔོ་ཡི་ནུས་པ་ཁྱད་པར་འཕགས། །གྲང་བ་རླུང་ལ་སོགས་པའི་རིགས། །རྩི་སྨན་རྣམས་ཀྱིས་འདུལ་བ་ཡིན། །དེ་ཕྱིར་ནད་ཆེན་གཏིང་ཟབ་མོ། །ཕལ་ཆེར་རྩི་ཡིས་འདུལ་དགོས་ཀྱང་། །གློ་བུར་ནད་ཀྱི་ཐུགས་ཕྲད་ལ། །སྔོ་ཡི་སྦྱོར་བ་འགའ་ཞིག་བྲི། །དགོས་འབྱུང་ཡིད་བཞིན་ནོར་བུའི་སྨན། །ས་ལ་ཡང་དག་སྐྱེ་བ་གང་། །གཅེས་པ་བདུན་གྱི་ཤིང་རྟ་ལ། །དྲངས་ནས་རྣམ་པར་བཅང་བྱ་ཏེ། །འདིར་བཤད་ཇི་བཞིན་གཞུང་རྣོ་འདོན། །ཁ་བསྒྱུར་གང་ལ་གང་དགོས་སྦྱར། །རོ་ནུས་ཞུ་རྗེས་མི་འགལ་བར། །རིགས་མཐུན་མང་སྣ་སྤྲད་ཀྱང་རུང་། །ལེགས་པར་སྦྱར་ལ་བྱིན་གྱིས་བརླབས། །ཕུད་ཀྱིས་དྲང་སྲོང་རིག་འཛིན་མཆོད། །འགྲོ་ལ་ཕྱོགས་ལྷུང་མེད་པར་སྦྱིན། །སྙིང་རྗེས་སེམས་ཅན་རྟག་ཏུ་བཟུང་། །རྟེན་འབྲེལ་སྒྱུ་མའི་དོན་ལ་བལྟ། །ལྷ་དང་བླ་མར་གསོལ་བ་གདབ། །རྒྱུད་དང་མན་ངག་ཉམས་མྱོང་བསྟུན། །རང་གཞན་དོན་གཉིས་གྲུབ་པར་མཛོད།།


            རྒྱལ་བའི་སྤྱན་ཅན་སྟོང་རི་ཟིལ། །གྲེས་མ་ཆུ་རྩ་ལྕུམ་རྩ་རྣམས། །རྒྱལ་བ་ལྔ་ཞེས་ཨ་རུ་རས། །རྣོ་བཏོན་གཉན་ཚད་བད་མཁྲིས་རླུང་། །བཞི་བརྒྱ་རྩ་བཞིའི་ནད་རིགས་སེལ། །ས་སྟེང་འདི་ན་ནད་ཀྱི་རིགས། །གང་ལ་འཕྲད་ཀྱང་མི་གནོད་ཕན། །ཁ་བསྒྱུར་རླུང་ལ་གོག་ཐལ་སྟེ། །མཁྲིས་པ་ལ་ནི་ཏིག་ཏས་བསྒྱུར། །བད་ཀན་སྐྱ་བར་དབྱི་མོང་སྟེ། །འདུས་པར་ད་ལིའི་མེ་ཏོག་བསྡེབས། །བྱིས་པའི་ནད་ལ་པྲི་ཡང་ཀུ། །མོ་ནད་ཀུན་ལ་འོལ་མོ་སེ། །གདོན་ལ་མིང་ཅན་ནག་པོ་བཏང་། །གཉན་དང་རྨ་རིགས་སྟག་ཤ་པ། །དུག་རིགས་ཀུན་ལ་ཨ་བོ་སྟེ། །བཅུད་ལེན་ར་མོ་ཤག་གིས་བསྒྱུར། །རོ་ཙ་དབང་པོ་ལག་པས་བསྐྱེན། །དབང་པོ་གསལ་འདོད་རྩ་ཨ་བ། །ཚེ་འཕེལ་བཀྲ་ཤིས་དུར་བ་སོགས། །ཁ་བསྒྱུར་ཤེས་ན་ཅི་ཡང་བྱེད། །ནད་བརྒྱ་སྨན་གཅིག་ངོ་མཚར་ཅན། །དྲང་སྲོང་སྨོན་ལམ་མཚོ་ལས་འཁྲུངས།།


            རུ་རྟ་རྒྱ་སྤོས་སྤང་སྤོས་དང་། །ལྕུམ་རྩ་ཆུ་རྩ་ཉེས་མེད་ལྔ། །ཅོང་ཞི་ཡིས་ནི་རྣོ་བཏོན་པས། །མི་ཕྱུགས་དུག་ཐབས་ན་བ་སོགས། །ཐམས་ཅད་ཀུན་ལ་འཕྲོད་ཅིང་འཇམ། །རྟ་ཟོག་དུག་ན་ཐང་ཕྲོམ་བསྣན། །ངོས་མ་ཟིན་པ་ཀུན་ལ་འགྲོ།།


            ཨ་ཤོ་གནྡྷ་ལྕ་བ་དང་། །ཏང་ཀུན་གོ་སྙོད་སྒོག་སྐྱ་ལྔ། །ཨ་ཤོ་ལྔ་པ་ཞེས་སུ་གྲགས། །ཛ་ཏི་དག་གིས་རྣོ་འདོན་བྱས། །རླུང་ནད་དྲུག་ཅུ་རྩ་སུམ་འཇོམས། །ཚད་རླུང་འཐབ་པའི་སྐབས་དག་ཏུ། །སྒོག་སྐྱ་བསྲེག་ཐལ་བྱས་པ་ལ། །ཨ་གར་གྱིས་ནི་རྣོ་འདོན་བྱ། །སྲོག་རླུང་རྣོ་འདོན་ལི་ཤི་སྟེ། །མགོ་རླུང་སྲིན་ལ་ཤིང་ཀུན་ནོ། །ཁ་བསྒྱུར་མཁྲིས་པར་སེ་མེ་ཏོག །བད་རླུང་གྲང་བར་ཟས་འབྲུམ་སྦྱར།།


            ཏིག་ཏ་རྩ་མཁྲིས་གཡའ་ཀྱི་མ། །ཟངས་རྩི་ཀྱི་ལྕེ་ཏིག་ཏ་ལྔ། །རྣོ་འདོན་གསེར་གྱི་མེ་ཏོག་ཡིན། །ཚ་མཁྲིས་མེ་ལྟར་འབར་བ་ཞི། །བ་ཤོར་དོམ་སོགས་མཁྲིས་པས་བསྒྱུར། །རྒྱུ་མར་སྤང་རྩི་ངོ་བོ་སྟེ། །རིམས་ལ་དེ་བ་རླུང་ལྡན་ཚེ། །ཁ་བསྒྱུར་སེ་བའི་མེ་ཏོག་ཡིན།།


            ས་རྫི་ཀ་དང་དབྱི་མོང་དང་། །ལྕེ་ཚ་ཟ་འབྲུ་སྲུབ་ཀ་བ། །ས་རྫི་ལྔ་བ་འདི་ལ་ནི། །སེ་འབྲུ་ཡིས་ནི་རྣོ་འདོན་བྱ། །མ་ཞུ་ལ་སོགས་གྲང་ནད་སྟོང་། །སེལ་ཞིང་ཕོ་བའི་མེ་དྲོད་བསྐྱེད། །སྨད་ཀྱི་གྲང་བར་ལྕ་བ་ཡིས། །ཁ་བསྒྱུར་གྲང་མཁྲིས་སེ་མེ་བསྣན། །རླུང་དང་ལྡན་ན་གོ་སྙོད་བསྲེ། །སྤོས་ཀར་ཨུག་ཆོས་འབྲུ་དང་ནི། །སྐྲན་ལ་རྡོ་ཐལ་ཚད་ལྡན་སྦྱར། །གྲང་ཆུར་འུག་སྒྲོའི་ཐལ་བ་སྦྱར། །མ་ཞུ་སྤྱི་ལ་ཁ་རུ་ཚྭ། །ཡང་ན་རྒྱམ་ཚྭ་བསྲེས་པའམ། །ལན་ཚྭ་བརྔོས་པས་ཀྱང་རུང་ངོ་། །རྩམ་པ་མ་ཞུ་བུལ་ཏོག་སྟེ། །ཤ་མ་ཞུ་ན་སོག་ཡུའི་ཐང་། །སྔོ་ངད་མ་ཞུ་ཟྭ་ལོ་སྡེབས། །ཆང་མ་ཞུ་ན་ཕབ་ཆང་བསྐོལ། །ཡང་ན་སོག་ཚིག་ཐང་དང་སྦྱར། །ཇ་མ་ཞུ་ན་ལན་ཚྭ་བསྣན། །ཞོ་དར་འོ་མ་མ་ཞུ་ན། །སྨན་དང་ལྟག་སྤྲད་ཕྱུར་ཁུ་བཏུང་། །མར་ཚིལ་ཅོང་ཞི་རྒོད་བཏུལ་བསྣན། །འབྲུ་མར་མ་ཞུ་སྲན་མའི་ཕྱེ། །སྨན་དང་ལྟག་པ་སྤྲད་ལ་ཟ། །རྡོ་མ་ཞུ་ན་མཚུར་ཟེ་ཚྭ། །གང་རིགས་རྩ་བའི་སྨན་ལ་བསྣན། །སྨན་མ་ཞུ་ན་དུག་རིལ་དང་། །ལྟག་སྤྲོད་པའམ་རྒྱམ་ཚྭ་བསྣན། །དོན་སྣོད་སོ་སོའི་གྲང་བ་ལ། །སོ་སོའི་ཁ་འཛིན་གཉེན་པོས་བསྒྱུར། །དྭངས་མ་མ་ཞ་བ་ལ་ནི། །བྲག་ཞུན་འམ་ནི་པྲི་ཡང་ཀུས། །ཁ་བསྒྱུར་མ་ཞུ་དྲུངས་ནས་འབྱིན། །ཡང་ན་སྨན་ལྔ་ནུས་བསྲེག་ལ། །པི་ལིང་རྣོ་བཏོན་རྒོད་བཏུལ་གྱི། །ཅོང་ཞིས་ཁ་བསྒྱུར་གྲང་སྐྲན་བརླག །པི་ལིང་ཚབ་ཏུ་མགྲོན་ཐལ་དང་། །ཅོང་ཞིའི་ཚབ་ཏུ་སྟར་བུ་བྱས། །ཚ་སྐྲན་ཁྲག་སྐྲན་ཐལ་བར་བརླག །


            ཚ་བ་གསུམ་དང་བ་ལུ་དང་། །ལན་ཚྭ་ལྔ་པོ་བསྲེག་ཐལ་ལ། །ན་ལེ་ཤམ་གྱིས་རྣོ་བཏོན་པས། །བད་ཀན་སྐྱ་བོ་བེ་སྣབས་སེལ། །རྡོ་ཐལ་སྦྱར་བས་ཕོ་ཐོག་ནི། །གྲང་བ་དག་དང་སྐྲན་རིགས་སེལ། །ཁ་བསྒྱུར་ས་རྫི་ལྔ་བ་བཞིན།།


            ཚེར་སྔོན་རུ་རྟ་བ་ཤ་ཀ །ཏང་ཀུན་དྲེས་མ་ཚེར་སྔོན་ལྔ། །ཨ་གར་གྱིས་ནི་རྣོ་བཏོན་པ། །བདུད་རྩི་ཆང་དང་སྦྱར་ལ་བཏང་། །རླུང་ཁྲག་སྟོད་དུ་འཚང་བ་འདེབས། །འབམ་ལ་སྟག་ཤས་ཁ་བསྒྱུར་ན། །སྨད་དུ་འབེབས་པར་ངེས་པ་ཡིན། །གཞན་ཡང་ཁ་བསྒྱུར་རིགས་པས་འགྲེ། །ནད་རིགས་གཞན་དག་ཐབས་ན་ཡང་། །སྨན་འདི་ངེས་པར་ཟབ་པ་སྟེ། །རང་རང་ནད་ཀྱི་ཁ་བསྒྱུར་དང་། །གླང་ཆེན་གི་ཝཾ་བུང་ཆེར་བསྡེབ།།


            ཡུ་མོ་སྲོལ་གོང་བ་ལུ་དང་། །འབྲི་ཏ་ས་འཛིན་རུ་རྟ་དང་། །མ་ནུ་སྲོལ་གོང་ལྔ་པ་ཞེས། །གོ་བོའི་གྲེ་བས་རྣོ་འདོན་བྱས། །གྲེ་ཐོག་ནད་རིགས་དགུ་པོ་འཇོམས། །ཚ་ཤས་ཆེ་ན་གི་ཝཾ་བསྣན། །གྲང་ཤས་ཆེ་ན་རྡོ་ཐལ་བསྲེ། །གྲེ་བ་འཛེར་ལ་སྤང་རྒྱན་ཏེ། །གཉན་ཤས་ཆེ་ན་སྟག་ཤ་གཏོང་། །ཨ་རུ་ནག་ཆུང་བོང་བསྐྱེད་ན། །ཡུན་རིང་ཟོས་ན་ནད་མཐའ་བརླག


            བ་ལུའི་མེ་ཏོག་རུ་རྟ་དང་། །པྲི་ཡང་ཀུ་དང་ལུག་ཆུང་བ། །མ་ནུ་སྦྱར་བའི་བ་ལུ་ལྔ། །ཅོང་ཞི་འདམ་བཏགས་ཀྱིས་རྣོ་འདོན། །གལ་ཏེ་མ་ནུ་མ་རྙེད་ན། །ཚབ་ཏུ་བྲག་ཞུན་གཏོང་བར་བྱ། །འདུས་ནད་སྨུག་པོའི་རིགས་ཀུན་འཇོམས། །མཆོག་ཏུ་ཚ་གྲང་འཐབ་པ་སེལ། །ཁྲག་ཤས་ཆེ་ན་སྐྱུ་རུ་ར། །རླུང་ཤས་ཆེ་ན་ཛྰ་ཏི་དང་། །མཁྲིས་པ་ཤས་ཆེ་གསེར་མེ་ཏོག །གྲང་ཤས་ཆེ་ན་ན་ལེ་ཤམ། །འགྱིང་འདྲིལ་ནད་ལ་སྟར་བུ་དང་། །བྱེར་རྒྱས་ཞི་དཀའ་ཕག་ཁྲག་སྟེ། །རྩིབ་གཟེར་པུཤྐར་མྰུ་ལ་བཏང་།།


            ཚ་བ་གསུམ་པོ་བསྲེགས་ཐལ་ལ། །གོ་ཐལ་རྡོ་ཐལ་ཐལ་བ་ལྔ། །ཟེ་ཚ་ཆུ་བཅད་ཅུང་ཟད་ཀྱིས། །རྣོ་འདོན་སྐྲ་རིགས་མཐའ་དག་ཀུན། །འབིགས་བྱེད་མདུང་ཐུང་ངར་མ་ཡིན། །ཡང་ན་ཅོང་ཞིའི་འཕྲུལ་ཐལ་སྦྱར། །ཁྲག་སྐྲན་ལ་ནི་སྟར་བུས་བསྒྱུར། །འདྲིལ་བ་བཤིག་ལ་སྦྲུལ་གྱི་ཤ །གྲང་སྐྲན་ཀུན་ལ་པི་པི་ལིང་། །མཁྲིས་སྐྲན་མི་དང་ཕག་བྲུན་སྦྱར།།


            ད་ལི་ཧོང་ལེན་གཉིས་ཐལ་བ། །ཏིག་ཏ་རུ་རྟ་བོང་དཀར་ལྔ། །མགྲོན་ཐལ་གྱིས་ནི་རྣོ་འདོན་བྱ། །ཚ་སྐྲན་ཕྱི་ནང་བར་གསུམ་འཇོམས། །ཁ་བསྒྱུར་སྤྱི་ལྟར་རིགས་པས་འཕྲུལ།།


            ད་ལི་གོ་སྙོད་གླ་སྒང་བ། །སྟག་ཚེར་སྐྱེར་ཤུན་ལྕགས་ཕྱེ་ཡིས། །རྣོ་བཏོན་མདར་གསུམ་ཏིང་ཁྲོལ་སྦྱར། །སྐྱ་རྦབ་ནད་རིགས་ལྔ་པོ་འཇོམས།།


            ཐང་ཤིང་བོང་དཀར་བ་སྤྲུ་བ། །སྲད་དཀར་སེང་ལྡེང་སྤོས་དཀར་གྱིས། །རྣོ་བཏོན་འོར་ནད་དྲུག་པོ་འཇོམས།།


            ག་དུར་བྱིའུ་སྲད་པྲི་ཡང་ཀུ། །སྔོ་སྨན་སྤྱི་བཞུར་ཆུ་མ་རྩི། །འདི་རྣམས་དུས་བཏུས་དག་ལས་ཉན།། དེ་ལྔ་སྐྱུ་རུས་རྣོ་བཏོན་པ། །ཚ་གྲང་དམུ་ཆུའི་སྤྱི་སྨན་ཟབ། །བྱེ་བྲག་ཚ་ཤས་ཆེ་བ་ན། །གུར་གུམ་གྱི་ནི་ཁ་ཚར་གདབ། །གྲང་ནད་དབྱི་མོང་བསྣན་པར་བྱ།།


            ལྕམ་འབྲས་སྲུབ་འབྲས་དབྱི་མོང་འབྲུ། །པྲི་ཡང་ཀུ་དང་གཟེ་མ་ལྔ། །སྐྱུ་རུས་རྣོ་བཏོན་གྲང་ཆུ་སྐེམ། །ཁ་བསྒྱུར་རྣམ་དཔྱོད་སྟོབས་ཀྱིས་འཕྲུལ། །ཤིན་ཏུ་ཞི་བར་དཀའ་བ་ན། །གཟེ་ལྕམ་སྔོན་བུ་ཁྲོན་བུ་དང་། །ཆུ་མ་རྩི་ལྔ་ཆུ་སྦུར་གྱིས། །རྣོ་བཏོན་དམུ་ཆུའི་རྒྱ་མཚོ་ནི། །ཆང་རྫིའི་ཐམ་པ་བཞིན་དུ་བརྡོལ།།


            ད་ལིའི་ཐལ་བ་ཀྱི་ལྕེ་བ། །གཟེ་མ་གོ་སྙོད་བྱི་ཚེར་ལྔ། །སེ་འབྲུས་རྣོ་འདོན་མར་ཁུ་ལ། །བརྔོས་པའི་ཤ་དང་བསྲེས་ཏེ་ཟ། །གཅོང་ཆེན་ཟད་བྱེད་ཐལ་བར་བརླག །


            ད་ལིས་ཏྲེས་མ་ལུག་མིག་པ། །ཁུར་མོང་ག་བྲ་དག་ལ་ནི། །ཨ་རུས་རྣོ་བཏོན་བདུད་རྩི་ནི། །ལྔ་ཐང་ཞེས་བྱ་ཚ་གྲང་ནད། །མ་སྨིན་ལ་སོགས་ཀུན་ལ་ཕན།།

           

གཡའ་ཀྱི་ཧོང་ལེན་སུམ་ཅུ་ཏིག །བོང་དཀར་སྤང་རྩི་དོ་བོ་ལྔ། །གི་ཝམ་གྱིས་ནི་རྣོ་འདོན་བྱ། །མ་རྙེད་བྲག་ཤུན་གྱི་ཡང་རུང་། །ཟླ་ཟེར་ལྔ་པ་ཞེས་བྱ་བ། །ཚད་རིགས་ཀུན་སེལ་བདུད་རྩི་དངོས། །རྒྱས་ཚད་ཕྱེ་མ་ཆུ་བསིལ་དབུལ། །མ་སྨིན་པ་དང་རྙོགས་ཚད་ལ། །མྱང་རྩི་སྤྲས་སྦྱར་བསྡུས་ཐང་བྱ། །སྟོང་ཚད་བསྡུས་འཇམ་གོ་སྙོད་བསྣན། །གབ་ཚད་སྟོང་རི་ཟིལ་པ་བསྣན། །རྙིང་ཚད་སྤང་སྤོས་ཨ་བི་ཥ། །གང་རུང་ཁ་བསྒྱུར་བསྡུས་འཇམ་བཏང་། །འགྲམས་ཚད་ལ་ནི་སྤྱི་བཞུར་སྦྱར། །འཁྲུགས་དང་གློ་ཚད་སྲོ་ལོས་བསྒྱུར། །ཁྲག་ལ་བ་ཤ་ཀ་ཡིས་བསྒྱུར། །རིམས་ལ་པར་པ་ཏ་ཡིས་སོ། །སྙིང་གི་ཚད་པར་ཏང་ཀུན་སྟེ། །གློ་ལ་སུག་འདྲ་ཨ་ཀྲོང་བསྒྱུར། །མཆིན་པའི་ཚད་པར་པྲི་ཡང་ཀུ། །རྒོད་སྤོས་བྱི་ཚེར་ཁྲག་རྐང་གསུམ། །གང་རིགས་བསྣན་པས་མཚེར་ཚད་སེལ། །ཤུག་ཚེར་ཉི་དགའ་གང་རུང་གིས། །མཁལ་མར་བབས་པའི་ཚ་བ་སེལ། །ཁུར་རྩ་སྙ་ལོ་འཇིབ་རྩི་གསུམ། །གང་རིགས་བསྣན་པས་ཕོ་ཚད་སེལ། །རྒྱུ་ལོང་ཚད་པར་སྙ་ལོ་སྟེ། །བྲག་སྐྱ་ཧ་བོས་ཁ་བསྒྱུར་ན། །དུག་ཚད་རིགས་ལ་བདུད་རྩི་འདྲ། །གཡེར་ཤིང་བསྣན་པས་འབྲུམ་ཚད་སེལ། །སྟག་ཤ་བསྣན་པས་གག་ལྷོག་སེལ། །སྤྲུ་རྩ་བསྣན་པས་གཉན་གཟེར་འཇོམས། །ཁུར་རྩ་ལུག་ཆུང་རེ་སྐོན་གསུམ། །གང་རུང་ཁ་བསྒྱུར་བཏང་བ་ཡིས། །སྨུག་པོ་ཚ་བ་རྒྱས་པ་སེལ། །སྟབ་སེང་ཨ་བྱག་སྲོལ་གོང་གསུམ། །གང་རུང་བསྣན་པས་མགོ་གཟེར་ཞི། །རྣམ་པར་ཁྲག་རྐང་འབམ་པོ་གསུམ། །གང་རིགས་ཁ་བསྒྱུར་ཡན་ལག་གི། །ཆུ་འཐུད་ཚ་བ་གཅོག་པར་བྱེད། །རྩ་མཁྲིས་སྐྱེར་པ་གང་རིགས་བསྣན། །མཁྲིས་ཚད་དག་ལ་བདུད་རྩི་འདྲ། །ཚད་པས་འཁྲུ་ལ་གང་གྰ་ཆུང་། །ཡང་ན་བྱ་རྐང་བསྣན་པས་གཅོད། །གྲེ་བ་ཚ་ན་ཚར་བོང་བསྒྱུར། །འམ་བུ་བྱེའུ་སྒོང་ཐོག་གསུམ། །གང་རུང་སྦྱར་བས་ཤ་དུག་གིས། །ཚ་དབལ་གྲེ་བར་འཁྱིལ་པ་སེལ། །སྲིན་ལྡན་ལང་ཐང་རྩེ་སྦྱར་རོ། །སེ་རྒོད་སྐྱེར་པ་སྤ་མའི་འབྲུ། །གང་རུང་བསྣན་པས་ཆུ་སེར་གཞིལ། །དེ་བ་སྐྱེར་ཤུན་གང་རིགས་ཀྱིས། །ཤ་ཡི་ཚད་པ་སེལ་བར་བྱེད། །གསེར་སྐུ་རྩ་ཚད་དུག་ཚད་འཇོམས། །ལུག་རུ་བྲག་སྤོས་སྙི་བ་གསུམ། །གང་རུང་གིས་བསྒྱུར་རྩ་ཆད་འཇོམས། །སྟབ་སེང་སེ་རྒོད་གང་གྰ་ཆུ། །གང་རུང་བསྣན་པས་རུས་ཚད་སེལ། །དེ་ལ་སོགས་པ་འཕྲུལ་ཤེས་ན། །ས་སྟེང་ནད་ཀུན་ཕྱེད་འདིས་འཇོམས།།


            བ་ཤ་ཀ་དང་ཧོང་ལེན་དང་། །རེ་སྐོན་སེང་ལྡེང་མཛོ་མོ་ཤིང་། །ཁྲག་འཐུག་ལྔ་པ་ཞེས་བྱ་འདིར། །སྐྱུ་རུ་ཡིས་ནི་རྣོ་འདོན་བྱ། །ཁྲག་གི་ནད་རིགས་མཐའ་དག་ཀུན། །ཞི་བྱེད་བདུད་རྩི་མངོན་སུམ་པ། །གཏར་དགོས་གཏར་གྱི་ནུས་མཚུངས་ཉིད། །མཛོ་མོ་ཤིང་ངམ་སེང་ལྡེང་ནི། །གང་རུང་ཚབ་ཏུ་འབྲི་མགོ་རུང་། །འཁྲུག་ལ་ཙན་དན་དཀར་པོ་དང་། །རིམས་ལ་པར་པ་ཏ་ཡིས་བསྒྱུར། །སྟོད་གཟེར་རུ་རྟ་བསྣན་ཏེ་བཏང་། །ཁྲག་གི་སྐྲན་ལ་སྟར་བུ་སྟེ། །སྨུག་པོ་ལ་ནི་པྲི་ཡང་ཀུ། །གཉན་གཟེར་ཁྲག་འཐུང་སྟག་ཤ་པ། །ཆུ་འབམ་རྐང་ནད་ཁང་ཕྲུག་བསྣན། །དྲེག་གྲུམ་ཀླུ་འདོན་ཀླུ་བདུད་སྦྱར། །ཀླད་གཟེར་སྟོད་འཁྲུག་ཚེར་སྔོན་སྦྱར། །དེ་ལ་སོགས་པ་མཐའ་ལས་འདས།།


            དེ་བ་སྤང་ཙི་པར་པ་ཏ། །རྒྱལ་བའི་སྤྱན་ཅན་ག་བྲ་ལྔ། །རིམས་འཇོམས་བདུད་རྩི་ལྔ་པ་ཟེར། །ཨ་རུ་ར་ཡིས་རྣོ་འདོན་བྱ། །རིམས་ཀྱི་ནད་ཀུན་དྲུངས་ནས་འབྱིན། །ཡང་ན་ག་བྲའི་ཚབ་ཏུ་ནི། །ཀྱི་ལྕེ་རོ་སྐོན་གང་རུང་བཏང་། །འབྲུམ་པར་གཡེར་ཤིང་ལྕམ་པ་དང་། །སྤང་རྒྱན་ནག་པོ་གང་རུང་བསྣན། །ཁྱད་པར་སྤང་རྒྱན་ནག་པོ་བཟང་། །གུ་གུལ་ཁ་ཚར་བཏབ་པར་བྱ། །རྒྱུ་གཟེར་རྒུ་དྲུས་ཆོས་སྨན་སྦྱར། །དམར་བཤལ་གཅོད་ན་བྱ་རྐང་བ། །ཆམ་པ་ལམ་ལྡོག་གླ་སྒང་དང་། །སེང་གེ་སྦར་མོ་གང་རིགས་བསྣན། །བྲང་ཚ་ལུག་མུར་བསྣན་བྱ་སྟེ། །གྲེ་བ་ཚ་ན་སྤང་རྒྱན་དཀར། །ཁྲག་དང་ཆུ་སེར་གཉན་བསྡོང་ན། །བདུད་རྩི་སྟག་ཤ་བཏང་བ་ཟབ། །འཐིབ་ན་འབྲི་ཏ་ས་འཛིན་བསྡེབ། །སྲིན་དང་བསྡོང་ན་ལང་ཐང་རྩེ། །རླུང་རིམས་སྒོག་ཐལ་ཁ་བསྒྱུར་བྱ། །མཁྲིས་རིམས་མགོ་ནད་ཏིག་ཏས་བསྒྱུར། །སྟོད་བརྒྱངས་གཟེར་ན་བ་ཤ་ཀ །དེ་ལ་སོགས་པ་མཐའ་ལས་འདས།།


            ཕུར་ནག་སྟག་ཤ་མིང་ཅན་ནག །དཀར་པོ་ཆིག་ཐུབ་སྤྲུ་ནག་ལྔ། །གཉན་འཇོམས་དཔའ་བོ་མཆེད་ལྔ་ཞེས། །གཉན་གྱི་གྲོང་ཁྱེར་ཟས་སུ་ཟ། །རྣོ་འདོན་གླ་རྩི་བྱ་བ་སྟེ། །ས་སྟེང་གཉན་ནད་འདི་ཡིས་འཇོམས། །ཁོང་ལྷོག་ལ་ནི་ཤ་ཆེན་བསྒྱུར། །ཡང་ན་དཀར་མོ་ལུག་དུག་བསྣན། །དེ་གཉིས་ལྡན་པར་བཏང་ན་རབ། །གག་པར་ངང་པ་གསེར་སྒོག་བསྣན། །ཡང་ན་སྤྱང་ཀའི་ལྕེ་ཡང་བསྲེ། །ལྷོག་པར་འཛིན་པ་བུངས་ཆེར་བསྐྱེད། །ཡང་ན་བྱ་རྒོད་སུག་པ་གཏོང་། །དྲེག་གྲུམ་ལ་སོགས་ཀླུ་ནད་རིགས། །གཟེར་དྲག་གཉན་དང་བསྡོང་བ་ན། །ཀླུ་བདུད་རྡོ་རྗེའི་ཁ་བསྒྱུར་བྱ། །སྲིན་ལ་བྱི་ཏང་ཀ་དང་ནི། །ཡང་ན་མ་རུ་རྩེ་ཡིས་བསྒྱུར། །སྐད་འབྲས་འདུལ་ལ་འབམ་པོ་གཏོང་། །མིང་ཅན་ནག་པོ་ཤུ་དག་བཅས། །བསྔགས་ཤིང་བཅིང་ན་ནད་རིགས་བསྲུང། །གནས་དུས་ཁ་བསྒྱུར་དབྱེ་བ་མང་། །སྲོག་འཕྲོག་ནད་རིགས་ཕལ་ཆེར་གསོ།།


            ལུག་རུ་ཏྲེས་མ་གཉིས་ཐལ་བ། །རུ་རྟ་སྟག་ཚེར་རྒྱ་སྤོས་ལྔ། །བྱུག་པས་སྐྲ་དཀར་ཀླད་ནད་སེལ། །ཨ་བ་གོ་སྙོད་རྟག་ངུ་དང་། །བ་ལུ་གྲེས་མའི་མེ་ཏོག་ལྔ། །གསལ་བྱེད་མེ་ཏོག་ལྔ་པ་འདིར། །གུར་གུམ་ཤིང་མངར་གང་རིགས་ཀྱིས། །རྣོ་བཏོན་དབང་པོ་ཀུན་གསལ་བྱེད། །རང་རང་དབང་པོ་དང་འབྲེལ་བའི། །དོན་གྱི་བཟང་པོས་ཁ་བསྒྱུར་ན། །དབང་པོའི་ནུས་པ་ཁྱད་པར་འཕེལ། །མདུང་རྩེ་བསྣན་པས་མིག་དབང་གསལ། །རྣ་བར་ཨུག་ཆོས་མེ་ཏོག་སྟེ། །པགས་མདངས་གསལ་ཕྱིར་སྦྲང་རྩི་བསྣན། །ལུས་ཀྱི་ཁམས་རྣམས་ཀུན་ལ་ཡང་། །བདུད་རྩི་ལྟ་བུར་ཤིན་ཏུ་འཕྲོད། །ཞུན་མར་སྦྱར་ཏེ་བཏང་བ་བྱ།།


            སྐྱེར་ཤུན་ཞིམ་ཐིག་བུལ་ཏོག་དང་། །གླ་རྩི་ཉ་མཁྲིས་ལྔ་པོ་ལ། །ནིར་མ་ལེ་སྦྱར་ར་འོ་འམ། །རིགས་བཟང་ནུ་ཞོར་སྦྱར་བ་ནི། །མིག་ཏུ་བླུག་པས་ཚག་འགྲིབ་སོགས། །མིག་ནད་མ་ལུས་ངེས་པར་སེལ།།


            རུ་རྟ་སུག་ཐལ་སྤྲུ་རྩ་དང་། །བ་བླ་ལྡོང་རོས་ལྔ་པོ་རྣམས། །རྟ་སྦངས་ཁུ་བས་སྤག་པའི་ཕྱེས། །སྣ་ལས་ སྣ་ནང་བླུག་གོ་  བྱུང་བའི་ནད་ཀུན་སེལ།།


            ཨུག་ཆོས་སྒོག་སྐྱ་ལ་ཕུག་དང་། །རུ་རྟ་ཤུ་ཏི་ལྔ་པོ་ལ། །ཨ་རུའི་རྣོ་བཏོན་ཁུ་བ་གང་། །རྣ་བར་གཏིགས་པས་རྣ་བའི་ནད། །ཟུག་རྔུ་རྣག་ཁྲག་བཅས་པ་སེལ། །འོན་པར་ར་ཐུག་གཅིན་སྦྱར་བླུག །རླུང་ལ་ཞུན་མར་སྦྱར་ཏེ་དགང་། །སྲིན་ལ་ཕུར་མོང་ཁུ་བར་སྦྱར།།


            རུ་རྟ་སྤྲུ་རྩ་སྐྱེར་པ་དང་། །ས་ཛི་ཀ་དང་བ་ཤ་ཀ །སྦྲང་རྩིའི་ཁུ་བས་མཁུར་བཀང་བྱ། །ཁ་ནང་ནད་རིགས་མཐའ་དག་སེལ།།


            ཨུཏྤལ་ཏིག་ཏ་བ་ཤ་ཀ །རུ་རྟ་སྤང་རྒྱན་ལྔ་པོ་ལ། །ཨོལ་མདུད་སྣ་ཚོགས་ཁུ་བ་ཡིས། །རྣོ་བཏོན་མགུལ་ཝ་ཐམས་ཅད་སེལ། །ཏེ་འཕྱིས་ཞེས་པའི་སྨན་དང་སྦྱར། །ལུས་གནས་གཞན་གྱི་ཝ་བའང་འཇོམས།།


            སྤང་རྒྱན་སྲོ་ལོ་ལི་ག་དུར། །རུ་རྟ་ཏང་ཀུན་ལྔ་པོ་ལ། །ལི་ཤིས་རྣོ་བཏོན་གྲེ་བའི་ནད། །མཐའ་དག་ཚ་གྲང་མེད་པར་འཇོམས། །དབྱངས་ལྡན་མགྲིན་པ་བདེ་བར་བྱེད། །གྲེ་བ་ཚ་ན་ཚར་བོང་དང་། །བྲང་ཚ་ལུག་མུར་སྦྱར་བ་ཡི། །སྐད་འགགས་ནད་རིགས་ཀུན་སེལ་བས། །ཐོར་ནད་ཐོག་མའི་སྐབས་སུའང་སྦྱར།།


            རུ་རྟ་གོ་སྙོད་ར་མཉེ་དང་། །སྒོག་སྐྱ་རྟག་ངུ་བདེ་སྐྱིད་ལྔ། །འདི་ལ་ཛྰ་ཏིས་རྣོ་བཏོན་པས། །སྙིང་གི་ནད་སེལ་ཡིད་བདེར་འགྱུར། །ཚ་གྲང་ཆུ་སེར་ལ་སོགས་པ། །གང་ལ་གང་ཕན་ཁ་བསྒྱུར་རམ། །མ་བསྒྱུར་ན་ཡང་ཅི་ལའང་ཕན།།


            པྲི་ཡང་ཀུ་དང་ཏིག་ཏ་དང་། །གླ་སྒང་ཧོང་ལེན་ད་ལི་སྦྱར། །གུར་གུམ་རྣོ་བཏོན་མཆིན་ནད་སེལ།།


            ཨ་ཀྲོང་སྲོ་ལོ་གསེར་སྐུད་དང་། །གདམ་བུ་ཀ་ར་གོང་ཤམས་པ། །ཅུ་གང་རྣོ་བཏོན་གློ་བ་ཡི། །ནད་བརྒྱ་སྨན་གཅིག་ངོ་མཚར་ཆེ།།


            དབང་ལག་བ་སྤུ་བྱི་ཚེར་དང་། །ཁྲག་རྐང་ད་ལི་ཀ་ཀོ་ལས། །ཁ་བསྒྱུར་མཆེར་ནད་ཀུན་ལ་ཕན།།


            བྲེ་ག་གཟེ་ལྕམ་སེང་ལྡེང་དང་། །བ་ལུ་སུག་སྨེལ་རྣོ་ལྡན་པ། །མཁལ་མའི་ནད་རིགས་མ་ལུས་སེལ། །སེང་ལྡེང་ཚབ་ཏུ་སྐྱེར་པའང་རུང་། །གཡེར་ཤིང་བྱུང་ན་ཕུལ་དུ་འགྱུར། །དྭ་རྒན་རུ་རྟ་གྲུམ་(མཁལ་གྲུམ་སྟེ་)ཟངས་རྩི། །ཆུ་ཤོར་ཤུག་ཚེར་སོགས་བསྒྱུར་རུང་།།


            ལ་ལ་ཕུད་དང་ས་རྫི་ཀ །གོ་སྙོད་ལྕུམ་རྩ་ད་ལི་ལྔ། །སེ་འབྲུས་རྣོ་བཏོན་ཕོ་ནད་ཀུན། །སེལ་ཞིང་ཤིན་ཏུ་འཕྲོད་པར་འགྱུར།།


            སྙ་ལོ་གོ་སྙོད་ཏིག་ཏ་དང་། །འཇིབ་རྩི་ད་ལི་དུག་ཉུང་གིས། །རྣོ་ལྡན་རྒྱུ་མའི་ནད་རིགས་སེལ།།


            སྟར་བུ་ལྕུམ་རྩ་ཀྱི་ལྕེ་དང་། །གོ་སྙོད་ད་ལི་ཁ་རུ་ཚྭས། །རྣོ་ལྡན་ལོང་གི་ནད་རིགས་འཇོམས།།


            སེང་ཕྲོམ་རུ་རྟ་སྐྱེར་ཁཎ་དང་། །སྲོ་ལོ་གོ་སྙོད་གླ་རྩི་ཡིས། །རྣོ་ལྡན་བྱུག་པས་ཕོ་མཚན་གྱི། །ནད་རིགས་མཐའ་དག་རྣམ་པར་འཇོམས།།


            གོ་སྙོད་ནས་ཚིག་ཐལ་བ་དག །གཟེ་མ་བ་ཤ་ཀ་རུ་རྟ། །རྒྱ་སྤོས་ཀྱི་ནི་ཆ་བསྐྱེད་པའི། །སྨན་མར་འཐུད་པས་མངལ་གྱི་ནད། །ཀུན་སེལ་བུ་ཚའི་དཔལ་ཡང་འཛིན།།


            རྒྱ་ཤུག་གོ་སྙོད་སྟར་བུ་དང་། །སྲུབ་ཀ་དབྱི་མོང་ལྔ་པོ་ལ། །སེ་འབྲུས་རྣོ་བཏོན་དང་ག་འབྱེད། །ཚད་པར་གུར་གུམ་དག་གིས་བསྒྱུར།།


            ལྕམ་པ་འུ་སུ་སྐྱེར་པ་དང་། །སོ་ཕག་བསྲེགས་ཁུ་སྐྱུར་རྩབ་ལྔ། །སྦྲང་རྩི་དག་གིས་ཁ་བསྒྱུར་བཏང་། །སྐོམ་དད་ནད་རིགས་མཐའ་དག་སེལ།།


          ནས་ཟན་བྲུན་དང་སྦྲང་རྩི་དང་། །ཤུག་དམར་ཤོག་ཤིང་མིང་ཅན་ལྔ། །སྤོས་དཀར་ཨ་གར་གང་རུང་གིས། །རྣོ་བཏོན་དུ་བ་རྣ་རུ་རྔུབ། །སྐྱིགས་བུ་ལ་སོགས་སྟོད་རླུང་འཁྱིམ། །དུད་ཁུང་ཕྱེས་པ་ལྟ་བུར་སངས།།


            སྒོང་ཐོག་སྲོ་ལོ་རུ་རྟ་དང་། །ཨ་ཀྲོང་རྟའམ་བའི་ལྕི་བ། །ཆུར་སྤྱད་ཁུ་བས་འཕུལ་བྱས་ན། །དབུགས་མི་བདེ་བ་མཐའ་དག་སེལ།།


            སྤྲུ་ནག་ཐང་ཕྲོམ་བྱི་རུག་པ། །གྲེས་འབྲུ་སྲིན་ཤིང་སྣ་མའི་འབྲས། །གེ་སར་ལྔ་བ་བྱིང་ཏང་ངམ། །མ་རུ་རྩེ་ཡིས་རྣོ་འདོན་བྱ། །ཚ་གྲང་སྲིན་གྱི་ནད་བརྒྱ་འཇོམས། །མགོ་སྲིན་ལྕགས་ཏིག་ཁ་བསྒྱུར་ལ། །མར་གསར་ཁུ་བ་ཉུང་ངུས་དབུལ། །གཞང་སྲིན་ལ་ནི་མས་བཏང་བྱ། །ཕོ་ལོང་སྲིན་གླང་འཁྱུག་པ་ལ། །ཟས་དང་སྤེལ་ལ་ཐུན་འགའ་གཏོང་། །ཕྱི་ཚིལ་སྦྱར་ལ་སྣ་ནས་བདུག དེ་ལ་སོགས་པ་རིགས་པས་འགྲེ། །བསེ་སྦུར་སྦྱར་བས་གླང་ཐབས་འཇོམས། །རྐྱང་པའང་གླང་ཐབས་སྨན་དུ་བཟང་།།


            ཚེར་སྔོན་སོག་ཁ་པ་དང་ནི། །(འདི་གཉིས་མི་བསྲེག) ཐར་ནུ་སྲུབ་ཀ་དབྱི་མོང་གསུམ། །བསྲེག་ཐལ་འབྲས་ཡོས་རྣོ་བཏོན་པས། །སྐྱུག་པ་མཐའ་དག་གཅོད་པར་བྱེད།།


            ཐ་རམ་ན་རམ་བྱ་རྐང་དང་། །འབྲས་ཡོས་དུག་ཉུང་ལྔ་པོ་ལ། །ད་ཏྲིག་བཏབ་བཏང་འཁྲུ་བ་གཅོད།།


            ཆུ་རྩ་ལྕུམ་རྩ་སྟག་ཤ་བ། །ཤུ་ཏི་ཨུག་ཆོས་ལྔ་པོ་ལ། །བུལ་ཏོག་དག་གིས་རྣོ་བཏོན་པས། །དྲི་མ་འགག་པ་མ་ལུས་སེལ།།


            ཉི་དགའ་གཟེ་གཡེར་ཏྲེས་མ་དང་། །སེ་ར་རུས་ལྔར་རྒྱ་ཚྭ་འམ། །གསེར་ཕྱེས་རྣོ་བཏོན་ཆུ་འགགས་འབིག །


        བྱི་ཚེར་སེང་ལྡེང་སྐྱེར་པ་དང་། །གླ་སྒང་གཟེ་མ་ལྔ་པོ་ལ། །སྦྲང་གིས་རྣོ་བཏོན་གཅིན་སྙིའི་ནད། །ཟ་ཁུའི་རིགས་གྱུར་ཐམས་ཅད་སེལ། །(བསྲེགས་ཐལ་དགོས།) ཡང་ན་སྐྱུ་རུའི་ཁ་ཚར་གདགས།།


            སྤང་སྤོས་རུ་རྟ་ཀླུ་བདུད་དང་། །(སྲུབ་ཀ་བ་ཤ་ཀ་ལྔ་བོར།) སླེ་ཏྲེས་རྣོ་བཏོན་དྲེག་ཀུན་སེལ། །གཉན་དང་ཟུག་ཆེ་སྟག་ཤ་བསྣན།།


            གཟེ་མ་བ་སྤྲུ་གཡེར་མ་དང་། །རུ་རྟ་སླེ་ཏྲེས་གཟེ་མ་ལྔ། །བོང་ཁྲག་རྣོ་བཏོན་གྲུམ་བུ་འཇོམས།།


            སེང་ལྡེང་ར་མཉེ་ཉེ་ཤིང་དང་། །བ་སྤྲུ་ལྕ་བ་སེང་ལྡེང་ལྔ། །སྤོས་དཀར་གྱིས་ནི་རྣོ་བཏོན་པས། །ཆུ་སེར་ཐམས་ཅད་སེལ་བའི་མཆོག །ཆུ་སེར་ནག་པོར་སྤང་རྒྱན་སྔོན། །དཀར་པོར་སྲུབ་ཀ་བོངས་ཆེར་བསྐྱེད། །མགོ་ལ་ཨ་བྱག་གཟེར་འཇོམས་དང་། །བྱང་ཁོག་འབྲི་རྟ་ས་འཛིན་བསྒྱུར། །དེ་སོགས་ཁ་བསྒྱུར་སྦྱར་ཤེས་ན། །བཅོས་རྡུགས་ཕལ་ཆེར་འདི་ཡིས་འཚོ།།


            རྒུ་དྲུས་ས་འཛིན་ལྕམ་པ་དང་། །རྡོ་དྲེག་རུ་རྟ་ལྔ་པོ་ལ། །གུར་གུམ་རྣོ་བཏོན་རྩ་དཀར་གྱི། །ནད་རྣམས་མ་ལུས་ཉེས་པར་འཇོམས། །གཉན་རིམས་རྩ་ལ་བབ་པ་ལ། །སྟག་ཤས་ཁ་བསྒྱུར་བྱེད་པ་ཟབ། །དེ་ལ་བྲག་ཤུན་བསྣན་པ་དག །ཁོང་དུ་བཏང་བས་ཞ་གྲུམ་རིགས། །ཆུ་རྒྱུས་ཉམས་པ་མཐའ་དག་སེལ། །ཕྱི་ནས་ཚད་ལྡན་བདུད་རྩི་ལྔ། །མི་རུས་བསྣན་པ་སོགས་ཀྱི་གདུལ།།


            སྐྱེར་ཁཎ་བྲག་ཞུན་སྒྲོན་ཤིང་དང་། །དབྱི་མོང་ཧོང་ལེན་ལྔ་པོ་ནི། །སྦྲང་རྩིའི་ཆུས་འཕུལ་ཚོ་ཆེས་པའི། །ནད་ཀུན་ངེས་པར་རླག་པར་བྱེད།།


            རུ་རྟ་དུག་ཉུང་བ་བླ་དང་། །ལྡོང་རོས་དུད་པའི་ལྡེ་གུ་ཡིས། །ཤ་བཀྲ་ཤུ་ཐོར་གཡན་པ་སོགས། །པགས་པའི་ནད་རིགས་མཐའ་དག་སེལ། །ཤུག་པའི་མར་ཁུ་ཕབ་བྱས་ལ། །ནིམ་པ་ནག་མཚུར་ཏིལ་གི་ཝཾ། །རྩུབ་སྦྱར་ཤུག་པས་ཟ་འཕྲུག་སོགས། །པགས་ནད་འགའ་ལ་ཤིན་ཏུ་ཕན།།


            རྟ་དཀར་རྨིག་པ་སྐྱེར་བ་དང་། །དྲ་བའི་རྩ་བ་སེང་ཕྲོམ་བཞི། །བསྲེག་ཐལ་ཆུ་རྩ་དང་ལྔ་པོ། །སྦྲང་སྦྱར་བ་ཆུས་བྱུག་པ་ཡིས། །སྨེ་བ་དོ་ཁབ་ཁྱེ་མ་སེལ། །གདོང་པ་པད་ཟླ་ལྟ་བུར་མཛེས། །པགས་པའི་ཆུ་སེར་རིགས་ཀྱང་འཇོམས།།


            སྔོན་བུ་ཁྲོན་བུ་ཆུ་རྩ་དང་། །སྟར་བུ་ཏིག་ཏ་རྣམ་པ་ལྔ། །སོ་མ་ར་ཛས་རྣོ་བཏོན་པ། །བསྡུས་འཇམ་ཐང་གི་ཚུལ་དུ་འཐུང་། །པགས་ནད་ཤུ་ཐོར་རིགས་དང་ནི། །ཁྱད་པར་ཟ་འཕྲུག་ཆེར་རྒྱས་པ། །ཕྲུག་པས་མི་ཕན་པ་དང་ནི། །ཡང་ན་ཕྲུག་ཤུལ་གཟེར་འབྱུང་བ། །དེ་འདྲའི་རིགས་ལ་ཤིན་ཏུ་ཟབ།།


            ཆུ་རུག་ཆུ་རྩ་ཆུ་བལ་དང་། །གསོར་ལྡེམ་བྲག་སྤོས་སིནྡུ་རས། །རྣོ་བཏོན་མེས་ཚིག་རྨ་ལ་ཕན། །ཡང་ན་ཉ་མཁྲིས་བུལ་ཏོག་བསྣན།།


            ཟངས་རྩི་མཛེར་ལྡུམ་བྱུག་པས་མཛེར་པ་སེལ། །གྲེ་བར་གྲ་མ་ཟུག་ན་སྦྲུལ་ཚིལ་བྱུག །སྣེའུ་ལྷག་པར་རང་གི་དྲི་ཆུ་བྱུག །གཉའ་རེངས་ལྟག་དགྱེ་ཚྭ་མར་བྱུག་ལ་མཉེ། །རྐང་ལག་ཁ་བས་བྱིད་ན་ཆུ་ཡིས་བསྒྲེང། །གློ་བུར་མིག་ནད་ནུ་ཞོ་རྡོ་དྲེག་ནི། །དཀར་པོ་སྦྱར་བྱུག་རླུང་གིས་མཆུ་གས་ན། །སྤྱི་བོར་མར་བྱུག་སེན་སྐྱི་གས་པ་ལ། །ལྟེ་བར་མར་བྱུག་དེ་ལ་སོགས་པ་ཡིས། །ཕྲན་བུའི་ནད་བཅོས་སྣ་ཚོགས་གཞན་དུ་བལྟ།།


            ཀྱི་ལྕེ་ལྕམ་པ་བ་ཤ་ཀ །དབྱི་རུས་སྤེན་མ་གཉིས་བསྲེག་ཐལ། །ཨ་རུ་དང་བཅས་བཏང་བ་ཡིས། །ནུ་མའི་ནང་རིགས་སྐྲངས་སོགས་སེལ།།


            ཀྱི་ལྕེ་ཏིག་ཏ་བྱི་ཚེར་བ། །ལྕ་བ་ར་མཉེ་འབམ་པོ་ཡིས། །ཆ་བསྐྱེད་འབྲས་འདུལ་ཁོང་སྨན་མཆོག །


            སྤྲུ་རྩ་རེ་ལྕག་འབམ་པོ་དང་། །ཉ་ཤ་བྱ་བྲུན་འབྱར་གྱིས་ནི། །འབྲས་ཀུན་འདུལ་ཞིང་རྣག་ཏུ་འགུགས། །ཤིན་ཏུ་རྒྱས་འདྲིལ་ཞི་དཀའ་ན། །བདུད་རྩི་ལྔ་ལ་འདི་བསྣན་སྟེ། །རླང་ལུམས་བྱན་ལུམས་སྤེལ་མ་རུ། །ཞག་བདུན་བྱས་ན་ངེས་པར་རྡོལ།།


            ཐང་ཤིང་གཟེ་མ་བ་སྤྲུ་བ། །དུག་ཉུང་དབྱི་མོང་ལྔ་པོ་ལ། །ཙི་ཏྲ་ཀའམ་བྱི་ཏང་ཀས། །རྣོ་བཏོན་དར་བས་ཕུལ་བ་ན། །གཞང་འབྲུམ་མ་ལུས་ངེས་པར་འཇོམས།།


            ཀྱི་ལྕེ་ཧོང་ལེན་སྐྱེར་དུག་ཉུང་། །སྲན་ཆུང་བཟའ་བྱུག་མེ་དབལ་ཞི།།


            བ་ཤ་ཀ་དང་སེང་ཕྲོམ་དང་། །སྟག་ཤ་སྤྲ་ཐང་ག་དུར་ལྔ། །སླེ་ཏྲེས་བསྣན་བཏང་སུར་ཡ་ཡི། །ནད་རིགས་ཀུན་ལ་མཆོག་ཏུ་ཕན། །སེང་ཕྲོམ་ཧོང་ལེན་སྐྱེར་སྤྲ་ཐོག །སྟག་ཤ་དྲི་ཆུར་སྦྱར་བ་ཡིས། །རྨེན་བུའི་ནད་རིགས་མཐའ་དག་སེལ།།


            ལྕ་བ་བ་སྤྲུ་རུ་རྟ་དང་། །སྐྱེར་པ་གོ་སྙོད་རླིག་རླུགས་སེལ།།


            གདུག་པ་འབམ་གྱི་ནད་རིགས་ལ། །ཚ་འབམ་ཁྲག་འཐུང་ལྔ་པ་ལ། །གི་ཝཾ་སྐྱུ་རུ་བཏབ་པ་བསྟེན། །ཚེར་སྔོན་འབེབས་སྨན་གོང་ལྟར་བྱ། །རྗེས་གཅོད་ཆུ་སེར་སྨན་རྣམས་ནི། །ཁང་ཕུག་དག་གི་ཁུ་བས་གཏོང་། །གྲང་འབམ་དྲོད་སྨན་དུམ་རེ་བསྟེན། །བདུད་རྩི་ལྔ་ཐང་དག་ཀྱང་ནི། །ཐོག་མཐའ་བར་གྱི་སྐབས་སུ་སྤེལ།།


            ཚ་བ་གསུམ་དང་དུག་མོ་ཉུང་། །སྟག་ཤ་ལྔ་ལ་སྤོས་དཀར་གྱིས། །རྣོ་བཏོན་མཚན་པར་རྡོལ་བ་སེལ།།


            བོང་དཀར་སྲོ་ལོ་ཧོང་ལེན་དང་། །འདམ་བུ་ཀ་ར་ནས་སྔོན་ནི། །འབྲུ་བདུན་གུར་གུམ་རྣོ་བཏོན་པའི། །ཐང་གིས་བྱིས་པའི་ཚད་པ་སེལ།།


            གླ་སྒང་བ་སྤྲུ་ར་མཉེ་བ། །ཉེར་ཤིང་ས་རྫི་ཀ་ལྔ་པོ། །སེ་འབྲུའི་ཁུ་བས་སྦྲུས་པ་ཡིས། །བྱིས་པའི་གྲང་བ་མཐའ་དག་སེལ།།


            གུ་གུལ་ཡུང་དཀར་མི་ཡི་སྐྲ། །རྨ་བྱའི་སྒྲོ་དང་སྟག་ཚེར་ལྔ། །ཤུ་དག་གིས་བྲན་སྔགས་ཀྱིས་བརླབ། །བཅིང་བདུག་བྱུག་པས་བྱིས་པ་ཡི། །གདོན་རིགས་མ་ལུས་སྲུང་དང་གསོ།།


            འོལ་མོ་སེ་དང་ཕང་མའི་འབྲུ། །སྟར་བུ་ཧོང་ལེན་མཐིང་ཤུན་བཅས། །ཤ་བའི་རྭ་ཁྲག་གིས་རྣོ་འདོན། །བུད་མེད་ཁྲག་ཚབ་ཞི་བར་བྱེད། །མངལ་སྐྱོན་ལྕུམ་རྩས་ཁ་ཡང་བསྒྱུར། །ཡང་ན་ཁྲོན་བུ་བུངས་ཆེན་བསྣན། །ནུ་ཚབ་བ་ཤ་ཀ་འམ་ནི། །ཀྱི་ལྕེ་བསྣན་ལ་ཐང་དུ་བཏང་། །སྟབ་སེང་ཏིག་ཏ་ལྕུམ་རྩ་བསྣན། །བཙས་རྗེས་བང་ཚད་མྱུར་དུ་སེལ།།


            ལྕུམ་རྩ་བ་སྤྲུ་ལྕ་བ་དང་། །དབང་ལག་གཟེ་མ་དང་ལྔ་བོར། །ལི་ཤི་ཛ་ཏི་གང་རུང་བསྣན། །གནག་ལུག་ཤ་བ་གང་རུང་གི། །ཤ་ཁྲག་ལ་བཏབ་བསྐོལ་ཏེ་བླུད། །རླུང་ཚབ་མཐའ་དག་ཞི་བར་བྱེད།།


            སྟར་བུ་སྦྲུལ་ཤ་བྱི་རུག་པ། །ལྕམ་པ་སྤྲུ་འབྲུ་སུག་སྨེལ་སྦྱར། །སྐྱེས་པའི་ས་བོན་ནམ་ལུས་དྲེག་གི། །ཐང་ཕུལ་བའམ་མངལ་དུ་བླུག །སྲིན་ཁྲོས་ལ་སོགས་མངལ་ནད་སེལ། །གཞན་ཡང་བྱིས་པ་བཙའ་བ་དང་། །མངལ་ཁྲག་སྐྱེ་རྒྱུན་གཅོད་པ་ཡི། །སྔོ་སྨན་སྣང་ཡང་གཞན་དུ་བལྟ།།


            རྒྱ་སྤོས་ཤུག་པ་རུ་རྟ་དང་། །ཡུངས་ཀར་ལྡོང་རོས་མར་རྙིང་སྦྱར། །ཟོས་པས་འབྱུང་པོའི་གདོན་ལས་གྲོལ།།


            བྱ་རྒོད་སྤོས་དང་དུག་སྲད་པ། །ཡུངས་ཀར་མིང་ཅན་ནག་པོ་དང་། །སྟག་ཚེར་གུ་གུལ་གྱིས་རྣོ་འདོན། །སྔགས་བཏབ་བདུག་པས་འབྱུང་པོ་བྱེར།།


            རྒྱ་སྤོས་རུ་རྟ་སྟག་ཚེར་དང་། །དབྱི་མོང་ཤུག་པ་མར་རྙིང་སྦྱར། །སྨྱོ་བྱེད་ནད་ལས་རྣམ་པར་གྲོལ། །དེ་ལྔའི་སྟེང་དུ་ཤུ་དག་དང་། །བ་སེར་མཁྲིས་སྦྱར་ཐང་དུ་འཐུང་། །བརྗེད་བྱེད་ནད་ཀྱི་འདམ་ལས་ཐར།།


            སྟོང་ཟིལ་ཟིན་ཏིག་གཟའ་དུག་པ། །ཀླུ་བདུད་ར་དུག་རྣམ་པ་ལྔ། །འབྲུ་བཞིའི་ ཧྰུཾ་བཇྲ་ཕཊ་ཡིན་ སྔགས་ཀྱིས་རབ་ཏུ་གནས། །ཐང་དང་ཕྱེ་མ་ལུས་ཟུངས་སྦྱར། །མེ་ཆུ་གནམ་གཟའ་ཀླུ་འབྱུང་གདོན། །བྱད་ཕུར་བར་ཆད་ལྟས་ངན་བཟློག །ཤིན་ཏུ་བཀའ་གཉན་འཚུབ་འགྱུར་ཆེ།།


     ཀླུ་བདུད་སེང་ལྡེང་རུ་རྟ་དང་། །དྲིན་ཆེན་ལྕ་བ་གླ་རྩི་འམ། །གུར་གུམ་གྱིས་ནི་རྣོ་བཏོན་པས། །མཛེ་རིགས་བཅོ་བརྒྱད་རྨང་ནས་བརླག །ཀླུ་ཡི་ནད་རིགས་ཀུན་ལ་ཕན།།


            མཛེ་ལྡུམ་སོག་ལེ་ཁ་དང་ནི། །མཁན་པ་སྤྲུ་རྩ་རྟ་རྨིག་པ། །ཁ་གུ་རམ་ནི་དོམ་མཁྲིས་ཀྱིས། །རྣོ་བཏོན་འཐུང་བས་ཁྲག་ཤོར་གཅོད། །རྟ་སྦངས་ཁུ་བས་ཕུལ་བྱས་ན། །སྣ་ཁྲག་ལ་ཡང་ཤིན་ཏུ་ཟབ། །བྱ་ཕོ་ཙི་སྦྱར་ཟླ་མཚན་གཅོད།།


            ཡུ་གུ་ཤིང་དང་རྟ་ལྤགས་པ། །བྲག་སྤོས་བྲག་ལྕམ་རྒུ་གྲུས་ལྔ། །རེག་འབྱོར་ལྔ་པ་ཞེས་སུ་གྲགས། །དོམ་མཁྲིས་ཀྱིས་ནི་རྣོ་བཏོན་པ། །འཐུང་ངམ་བྱུག་པ་བྱས་པས་ཀྱང་། །རྨ་རིགས་མཐའ་དག་འགྲུབ་པའི་མཆོག །རུལ་གཅོད་འབྲུག་རུས་བཏབ་སྟེ་བྱུགས། །རྨེན་ངན་འཁྲིགས་ན་བ་བླ་འདེབས། །རྩ་རུལ་མེ་ཏོག་སེར་ཆེན་བསྒྱུར། །མགོ་རྨར་སྨུག་ཆུང་འདན་ཡོན་བསྣན། །རྨ་ཡི་ཚད་པར་ཤ་མང་སྟེ། །རྨ་སྲིན་བྱི་རུག་བཏབ་པར་བྱ། །ཡང་ན་དྭ་བའི་རྩ་བ་བསྣན། །ཁྲག་གཅོད་པ་ལ་མཁན་པ་སྟེ། །མགོ་བོའི་ཤ་རུས་ཆེར་འགྲམ་ན། །ཚེར་སྔོན་སྲོལ་གོང་སྟབ་སེང་གསུམ། །གང་རུང་བསྣན་བཏང་ཞི་བར་བྱེད། །སྤང་ཚན་སྤུ་རུ་བསྣན་པ་ཡིས། །བྱང་ཁོག་རྩ་དོན་འབྱོར་ཁྲག་སྐེམ། །ཕུར་ཐལ་སྟག་ཤ་འགྲོན་ཐལ་གསུམ། །གང་རུང་ཁ་བསྒྱུར་བྱང་ཁོག་གི། །རྣག་ཁྲག་ཆུ་སེར་སྐེམ་པར་བྱེད། །གུར་གུམ་འབུ་སུ་ཧང་བསྣན་ནས། །འཐུང་བྱུག་རྨ་ལ་བདུད་རྩི་མཚུངས། །དེ་ལ་སོགས་པ་རིགས་པས་འགྲེ།།


            ཕུར་མོང་སྲུབ་ཀ་ཁང་ཕུག་གི། །ཐལ་བ་ལྕ་བ་ར་མཉེ་སྟེ། །ཐལ་བ་གསུམ་དང་རྩ་བ་གཉིས། །མུ་ཟི་མར་བསྐོལ་དམར་ནག་ནང་། །བཏབ་སྟེ་བསྐོལ་བས་གྲང་འབྱམ་རྣག །ཆུ་སེར་རྒྱ་མཚོ་ཙམ་ཡང་སྐེམ།།


            སྟག་ཤ་བྲག་སྤོས་ཧོང་ལེན་དང་། །ཚེར་སྔོན་སིནྡུར་དང་ལྔ། །བྲག་ཤུན་རྣོ་བཏོན་ཕུལ་བ་ཡིས། །རྨ་གསར་ཚད་པ་ཆེ་བ་དང་། །རྩ་ཐིག་གཉན་ཤས་སྐྲངས་ཤིང་རྣག །ལ་སོགས་བྱང་ཁོག་སྐྱོན་མང་སེལ།།


            འོམ་བུ་རེ་རལ་བྲག་སྐྱ་དང་། །ཀོ་བྱ་བོང་དཀར་ལྔ་པོ་ལ། །ཨ་རུས་རྣོ་འདོན་སྦྱར་དུག་རིགས། །ཐམས་ཅད་མ་ལུས་སེལ་བར་བྱེད། །ཆར་ཉུང་ཁཎྜ་ཡོད་ན་བསྲེ། །དུག་རིགས་ཚ་གྲང་མེད་པར་འཇོམས། །ནད་གཞན་དུག་བག་ལྡན་ལའང་ཟབ། །དུག་འཇོམས་ཆེན་མོ་ཞེས་སུ་བརྗོད།།


            ད་ལི་ལྕུམ་རྩ་ཀོ་ཋ་བ། །རེ་རལ་འོམ་བུ་ལྔ་པོ་ལ། །ཨ་རུ་ར་སྦྱར་མི་འཕྲོད་དུག །ཐུག་ཕྲད་གློ་བུར་ཉིད་དུ་སེལ།།


            བྱིའུ་ལ་ཕུག་སེ་རྒོད་ཀྱི། །བར་ཤུན་ལུག་རུ་སྨུག་པོ་དང་། །སྒོག་ཐོག་སྤང་རྒྱན་གཉེན་པོ་ལྔ། །བྲག་སྐྱ་ཨ་བོས་རྣོ་བཏོན་པས། །ཤ་དུག་ཡིན་ནོ་ཅོག་གི་ནད། །བླ་གཉན་བཅས་པ་ཅིག་ཅར་འཇོམས།།


            ཨ་བོ་བ་ཤ་ཀ་ར་ཁྲག །ཕག་ཚིལ་སླེ་ཏྲེས་བདེ་བྱེད་ལྔ། །འཐུང་ཞིང་སྐབས་འགར་བྱུག་ཀྱང་རུང་། །བཙན་དུག་ཐང་ཕྲོམ་བསེ་ཤིང་དང་། །རྟ་སྤུའི་དུག་རྣམས་ཞི་བར་བྱེད།།


            སྟོང་ཟིལ་བ་སྤྲུ་ཐང་ཕྲོམ་དཀར། །ཧོང་ལེན་རྒྱ་སྤོས་ཨ་རུ་ཡིས། །རྣོ་བཏོན་ཁྱི་དུག་ངེས་པར་འཇོམས།།


            རྒྱ་སྤོས་བྱེ་རུག་ག་བྲ་དང་། །རུ་རྟ་སྐྱེར་པ་གུ་གུལ་གྱིས། །རྣོ་བཏོན་བཟའ་བྱུག་བྱས་པ་ཡིས། །ཁྱི་སྦྲུལ་སྲིན་བུ་བ་དུག་སེལ།།


            ཚེ་སྟོབས་མདངས་བློའི་བཅུད་ལེན་ནི། །བཅོམ་ལྡན་འདས་ཀྱིས་ཚེའི་རྫས་སུ། །བྱིན་རླབས་བཀྲ་ཤིས་དུར་བའི་རྩ། །གང་གི་གདན་དུ་མཛད་ནས་ཀྱང་། །རྡོ་རྗེའི་སྐུ་བརྙེས་རྩྭ་ཀུ་ཤ །བཅུད་ལེན་རྒྱལ་པོ་མཁའ་འགྲོ་ཡིས། །བྱིན་རླབས་བདུད་རྩི་ར་མོ་ཤག །ཚེ་དཔག་མེད་མགོན་ཚེ་བུམ་གྱི། །བདུད་རྩི་ལས་འཁྲུངས་ལུག་མུར་བ། །དགུན་དུས་མི་སྐམ་རྟེན་འབྲེལ་རྫས། །ཚེ་འཕེལ་བཀྲ་ཤིས་མཁན་པ་ ཡང་ན་ཤུག་འབྲུམ་གྱིས་རུང་ ལྔ། །མཉམ་སྦྱོར་སྨན་རྒྱལ་ཨ་རུ་རས། །འཇམ་པོར་བསྒྱུར་བའི་ཕྱེ་རིལ་ལ། །རྟེན་འབྲེལ་ངེས་པ་བསམ་ཞིང་བརྗོད། །ཨེ་དྷར་བཟླ་ཞིང་སུས་ཟོས་པ། །རྒུད་མེད་ཉི་ཟླར་མཉམ་པའི་ཆ། །དཔལ་འཕེལ་བཅུད་ལེན་རྒྱལ་པོ་ཉིད། །རྒྱུད་ཁོལ་བུར་ལས་གསུངས་པ་ཇི་བཞིན་སྟེ། །འདི་ལ་ཐེ་ཚོམ་ག་ལ་ཡོད། །རྒྱུན་དུ་བསྟེན་པས་ཚེ་དབང་འགྲུབ། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ།།

         

            ར་མཉེ་དབང་ལག་ལུག་མུར་རྩ། །རྟག་དུ་བ་ལུའི་མེ་ཏོག་སྟེ། །མེ་ཏོག་གཉིས་དང་རྩ་བ་གསུམ། །སྦྲང་རྩིས་རྣོ་འདོན་ཚུལ་དུ་དྲིལ། །ལུས་སྟོབས་བཀྲག་མདངས་ཚེ་དཔལ་རྒྱས།།


            རྟག་ཏུ་དབང་ལག་བ་ལུ་དང་། །ར་མཉེ་ལུག་མུར་ལྔ་པོ་ཡི། །མེ་ཏོག་དར་ལ་རྒྱས་དུས་བཏུ། །མ་བརྙེས་སིལ་བུར་གྲིབ་བསྐམ་བྱ། །ཞིབ་བཏགས་ཨ་རུས་རྣོ་བཏོན་པས། །ལུས་མདངས་ཨུཏྤལ་བཞད་པ་དང་། །གུར་ཀུམ་མཚམས་སྤྲིན་འོད་བསྒྱུར་ན། །བློ་གསལ་བདེ་བའི་ཉི་མའང་འཆར། །འཇམ་དཔལ་ཐུགས་རྗེ་ལས་འཁྲུངས་པའི། །ཡོན་ཏན་བརྒྱ་ལྡན་ཡིད་བཞིན་ནོར། །བཅུད་ལེན་ཀུན་གྱི་རྒྱལ་པོ་ཆེ། །བདུད་རྩི་འོད་ལྡན་རྟག་ཏུ་ངུ་། །དཀར་པོ་གསུམ་ སྤང་རྒྱན་ཤུ་དག་བ་ལུའི་མེ་ཏོག དང་སེར་པོ་གཅིག ཁུར་མང་། །ར་དཀར་བ་དམར་འོ་མས་ གང་རུང་གིས་ རིལ་བུར་དྲིལ། །ཡང་ན་ ཁ་ཚར་ཨ་རུ་ནག་ཆུ་བཟང་ སྨན་མར་དག་ཏུ་བྱ། །འཇམ་པའི་རྡོ་རྗེའི་རིག་སྔགས་ ཨོཾ་ཝ་ཀྱེ་དམ་ན་མ་སོགས་ ཀྱིས། །བྱིན་རླབས་སྙིང་ནང་བདུད་རྩི་ཡིས། །གང་བར་བསམ་ལ་རྟེན་སྙིང་བཟླ། །ཐོ་རངས་དུས་སམ་འཆར་ཁའི་དུས། །བསྟེན་པས་བློ་གསལ་སེམས་བདེ་ཞིང་། །ཚིག་དོན་རྣམ་འབྱེད་ཡིད་གཞུང་དང་། །ངག་སྙན་ལུས་ཡང་ཁམས་བདེར་འགྱུར། །ཡོན་ཏན་བརྗོད་མི་ལང་བ་འཐོབ།།


            དབྱར་རྩ་དགུན་འབུ་དབང་པོ་ལག །ར་མཉེ་ཉེ་ཤིང་ཐང་ཕྲོམ་དཀར། །ཚད་ལྡན་རྩ་བ་ལྔ་པོ་དེ། །ཐུག་འབྲས་སྣ་ཚོགས་ཕྱེ་བཏབ་ནས། །འོ་མར་ཁུ་བ་རང་ཐིམ་བཙོ། །བྱུང་ན་སྲམ་གྱི་མཇུག་ཏོ་དང་། །མཆིལ་བའི་ཤ་ཡང་བསྲེ་བར་བྱ། །རིལ་བུའམ་ནི་སྨན་མར་རམ། །ལྡེ་གུ་ཕྱེ་མ་གང་རིགས་བྱ། །རོ་ཙ་མདའ་ལྔ་ཞེས་སུ་གྲགས། །ཁུ་བའི་ཆུ་གཏེར་རྒྱས་པ་དང་། །འདོད་པའི་རྟ་གདོང་མེ་འབར་བ། །དགའ་བའི་ཟླ་ཤེལ་འཆར་བ་གསུམ། །དུས་གཅིག་བྱེད་པའི་ངོ་མཚར་སྨན། །གོང་དུ་བཤད་པའི་སྨན་དེ་དག །རྣོ་འདོན་ལ་སོགས་ལྡན་གྱུར་ན། །ནུས་པ་ཕུལ་དུ་ཕྱིན་པར་འཐོབ། །གལ་ཏེ་མ་འབྱོར་ཀྱང་རུང་ཙམ། །རྣོ་བཏོན་ཁ་བསྒྱུར་འདེམས་སོ་ཅན། །ནུས་པས་འཇུག་ན་མཉམ་དུའང་སྦྱར། །ཕལ་ཆེར་ཡུན་དུ་བསྟེན་པ་ན། །སྔོ་སྨན་རྩུབ་པ་ཉིད་ཀྱི་ཕྱིར། །ཤ་ཆེན་ཨ་རུ་སྦྱར་བ་བཟང་། །ཕྱེ་རིལ་ཐང་རྣམས་གང་ཤིས་དཔྱད། །ཡང་ན་དུས་བརྐོས་སྨན་དེ་དག །སྦྱོར་སྣེ་རེ་རེ་ཁནྜ་བྱ། །དེ་ལ་རྣོ་འདོན་སྦྱར་བ་ནི། །ལོ་མང་མི་རྙིང་ནུས་པ་འཇམ། །གསོ་རིག་ཡན་ལག་བརྒྱད་པའི་གཞུང་། །སྦྱོར་སྡེས་ཅུང་ཟད་མཚོན་པར་བྱས། །དེ་ལས་རྒྱས་པར་ཕྱེ་བ་ན། །བསམ་གྱིས་མི་ཁྱབ་གྲངས་ལས་འདས། །ཀྱི་ལྕེ་སྲོ་ལོ་རྩ་བ་ལྔའི། །སྨན་མར་སྨན་ཆང་ལ་སོགས་པ། །འདི་ལས་འཕྲུལ་ཏེ་གཞུང་ལྟར་སྦྱར།།

 

            དེ་ནས་སྦྱོང་བྱེད་ལས་སོགས་ཀྱི། །ས་བཅད་ཙམ་ཞིག་སྨོས་པ་ནི། །ཐར་ནུ་སྔོན་བུ་ཁྲོན་བུ་དང་། །ཆུ་རྩ་ལྕུམ་རྩ་ལྔ་པོ་ནི། །བ་ཆུས་ཁཎྜ་བྱས་པ་ལ། །དུར་བྱིད་རྣོ་བཏོན་སྦྱང་པའི་མཆོག །ཆུ་རིགས་ཆུ་མ་རྩི་ལ་སོགས། །ཁ་བསྒྱུར་རིགས་པས་འཕྲུལ་ཏེ་ཤེས། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །བཤལ་གྱི་གཞུང་བཟང་སྤྱི་ལྟར་བྱ།།


            དུར་བྱིད་སྦྱང་ཚེར་རི་ཤོ་བ། །ས་འཛིན་བོང་དཀར་ལྔ་པོ་ལ། །པི་ལིང་རྣོ་བཏོན་སྐྱུགས་ཀྱི་སྨན། །ཡང་ན་ལྔ་པོ་ཁོ་ནར་སྦྱར། །སོ་ཆ་སོགས་ཀྱིས་ཁ་བསྒྱུར་བྱ། །མཛོ་མོ་ཞིང་གིས་ཁ་བསྒྱུར་ན། །གྲེ་ཐོག་འདྲེན་པར་བྱེད་པ་ཡིན། །དེ་ལ་སོགས་པ་དུ་མ་ཡོད།།


            རུ་རྟ་སུག་ཐལ་བོང་དཀར་ཐལ། །ས་འཛིན་ཤིང་མངར་སྦྱར་བ་སྟེ། །ཐལ་བ་གཉིས་དང་སྨན་གཞན་གསུམ། །ཞིབ་འདུལ་བ་ཡི་ཆུས་སྤྲུ་འམ། །བ་ཡི་ཆུ་ལ་བཏབ་པའི་ཁུ། །དང་མ་སྣ་སྦྱོང་མཆོག་ཉི་དེ། །མགོ་སྐྱོང་མཐའ་དག་སེལ་བར་བྱེད། །སྣ་ཁྲག་ཀླད་ཁྲག་སོ་སིན་ལ། །རྟ་སྦངས་ཁུ་བའི་དྭངས་མར་སྦྱར། །རྣ་བ་གློ་ནད་ལ་ཕུག་ཆུ། །གུར་ཀུམ་ཞུན་མར་སྦྱར་བ་ཡིས། །མགོ་རླུང་ཁྲག་འཐབ་གཟེར་བ་འཇོམས། །སྦྱོར་དངོས་སྣ་སྦྱོང་སྤྱི་ལྟར་བྱ།།


            རུ་རྟ་ཀྱི་ལྕེ་བ་སྤྲུ་བ། །དེ་བ་དྰ་རུ་སྤྲུ་ནག་བཅས། །རྒྱམ་ཚྭ་ཨ་རུས་རྣོ་བཏོན་པའི། །འཇམ་རྩིས་སྨད་ཀྱི་ནད་རིགས་སེལ།།


            སུག་པ་རེ་ལྕག་ལྕུམ་རྩ་དང་། །ཀྱི་ལྕེ་དུད་པ་བ་ཆུའམ། །ཆུས་སྦྱང་ནི་རུ་ཧ་མཆོག་གོ། །དེ་རྣམ་རང་རང་ལེའུ་བསྟུན།།


            ཚ་བར་བསིལ་བའི་སྔོ་ཡི་ཆུ། །ཆུ་བསིལ་གྲོད་པར་བཏུམ་པས་བདུག །གྲང་བར་ཚ་དང་བྱེ་མ་སོགས། །བརྔོས་པར་དྲོན་མོས་བདུག་པ་དང་། །་རང་རང་སྨན་གྱིས་བདུག་པ་སོགས། །བདུག་གྱི་ལེའུར་ཤེས་པར་བྱ།།


            བ་ལུ་ཤུག་པ་མཚེ་མཁན་པ། །འོམ་བུ་བདུད་རྩི་རྣམ་པ་ལྔ། །ཁུ་བ་དྲོན་མོ་འམ་གྲང་བ་དང་། །རླུང་ལུམས་བཅིང་ལུམས་བྱན་ལུམས་སོགས། །གང་ཤིས་དང་འཕྲོད་སྨན་ཡང་སྟེ། །རྩ་རྒྱུས་རེངས་འཁུམ་སྐོམ་པ་སོགས། །ནད་རིགས་ཀུན་ལ་བདུད་རྩི་འདྲ།།


            ཀྱི་ལྕེ་སྲོ་ལོ་ས་སྨྱག་དང་། །ཧོང་ལེན་སྔོན་བུ་ཆུར་སྦྱར་བྱུག །ཚ་སྐྲངས་ཟུག་གཟེར་ཚ་དབལ་འཇོམས།།


            དུད་པ་རུ་རྟ་སྐྱེར་འོམ་བུ། །ཨུཏྤལ་བྱུག་པས་ལྤགས་ནད་སེལ།།


            འཛིན་པ་མི་ཁྱིའི་བྲུན་རྭ་གཞོབ། །མིང་ཅན་གུ་གུལ་བྱུག་པ་ཡིས། །གག་ལྷོག་ལ་སོགས་གཉན་སྐྲང་གཞིལ། །ཡང་ན་བྲུན་གཉིས་ཚབ་ཏུ་ནི། །སྤྲུ་ནག་རེ་ལྕག་པ་ཡང་རུང་། །ཡང་ན་སྟག་ཤ་བསྣན་པར་བྱ། །སྐྲངས་འདུལ་བྱུགས་པ་ཤིན་ཏུ་ཟབ།།


            རེ་ལྕག་ཆུ་རྩ་གཉིས་ཐལ་བ། །གོ་སྙོད་སྲུབ་ཀ་སྔོན་བུ་ནི། །མར་རྙིང་སྦྱར་བྱུག་ཆུ་སེར་དང་། །གྲང་བ་ལས་བྱུང་ནད་འཇོམས་འགྱུར།།


            བྱང་བ་ལེགས་བཏུལ་ཤིང་མངར་བཅས། །དམུ་ཆུའི་སྐབས་བཤད་ཆུ་སྦྱོང་ལ། །བསྣན་པའི་རྩ་སྦྱོང་མཆོག་ཏུ་གྱུར།།


            ཡང་ན་གཡེར་ལྕམ་བྱི་བཟུང་པ། །གྲེས་མ་གཟེ་མ་གསེར་བྱེ་སྦྱར། །བྱང་པའི་རྣོ་འདོན་བྱས་ཀྱང་ཆོག རྟེན་འབྲེལ་མེ་དཔྱད་མཁྱུད་བཅོས་རིགས། །བྱ་སླ་དོན་ཆེ་ཟབ་མོའི་ཚོགས། །རྒྱས་པར་ལོགས་སུ་ཡི་གེར་སྤེལ།།


            གསེར་གཡུ་དུང་དང་ཟངས་ཞེས་པ། །མཁན་ཤུག་བ་ལུ་སྲོ་ལོ་དམར། །ཀུ་ཤ་དང་བཅས་ལྔ་པོ་དེ། །རི་མཐོ་ས་གཙང་ལས་སྐྱེས་པ། །གཅིག་བསྡུས་ཙནྡན་དཀར་དམར་གྱི། །ཆུས་བྲན་དག་བྱེད་སྔགས་འདིས་བརླབ། །ཨ་ཨ་ཤུདྡྷེ་ཨྰཿ གཙང་མར་བྱས་ལ་བདུག་པ་ཡིས། །གྲིབ་རིགས་མི་གཙང་འགལ་རྐྱེན་ཚོགས། །ཉི་མས་མུན་པ་བཞིན་དུ་སེལ། །ཆོས་སྐྱོང་ཝེར་མ་དགྱེས་པར་བྱེད། །འདི་ནི་མཆོག་ཏུ་དག་བྱེད་རྫས། །ཤིན་ཏུ་བཀྲ་ཤིས་བྱེད་པ་སྟེ། །ལྷ་བསང་རྫས་ཀྱི་རྒྱལ་པོ་ཡིན། །འདི་ལ་རྟག་ཏུ་བརྩོན་པ་ནི། །རྣལ་འབྱོར་པ་ལ་ཤིན་ཏུ་ཟབ།།


            དཀར་དམར་ཡིད་འོང་བ་ལུའི་མེ་ཏོག གུར་ཁྱིམ་དུ། །དབང་གི་ལྷ་མོ་སྲོ་ལོ་དམར་པོའི་རྩ་བ་ དྲི་བསུང་འཐུལ། །གཡས་ན་པདྨའི་ལྕགས་ཀྱུ་ གླང་སྣ་དམར་པོའི་མེ་ཏོག་འཛིན། །གཡོན་པས་དྲི་ཡི་སྤོས་ཕོར་སྤང་སྤོས་རྩ་བ་བསྣམས། །དཔག་བསམ་ཤིང་གི་རྒྱབ་རྟེན་ཅན། །འོད་དམར་རང་བཞིན་མེར་གྱིས་ཅིག་ཏུ་བསྲེ་འདུལ་བྱ་བ་ཞུ། །བདེ་བ་ཆེན་པོའི་ངང་དུ་མྱོས་ཆང་གིས་བསྙལ། །སླར་ཡང་ཧ་རིའི་ཚལ་དུ་ཙནྡན་དཀར་པོས་ཁ་བསྒྱུར་ བྱོན། །བཞེངས་བཞུགས་རེངས་འབུམ། རིལ་བུ། ཕྱེ་མ་འབྱོན་པ་གང་ཡང་རུང་། །གཙང་ཞིང་གཙང་མར་བྱས་གྱུར་ནས། །སྔགས་དང་རྟེན་འབྲེལ་སྙིང་པོ་ནི། །གང་ལ་དམིགས་ཏེ་བཟླས་བྱས་ཤིང་། །དུས་སུ་རྡོ་རྗེ་རྣོན་པོ་ཡིས། །བསྐུལ་ཞིང་ཅི་འདོད་དངོས་གྲུབ་ཞུ། །བཞི་ཡི་མན་ངག་ཚུལ་བཞིན་བྱ། །དག་གཙང་བཀྲ་ཤིས་དགེ་ལེགས་བྱེད། །བར་ཆད་ཞི་ཞིང་ཚེ་དཔལ་རྒྱས། །ཡིད་འོང་དབང་གི་རྫས་ཡིན་སྟེ། །རླུང་སེམས་ལྷ་མའི་འབྱོར་བ་འདུ། །ཆོས་སྐྱོང་མཉེས་ཤིང་དགྲ་བགེགས་བསྒྲལ། །ཡིད་བཞིན་རེ་བ་རྫོགས་པ་དང་། །དངོས་གྲུབ་ཆེན་པོའང་འགུགས་པར་བྱེད། །དེ་ཡང་ལུང་བཞིན་འདི་རུ་བསྡུས།།

            དེ་ལྟར་གསོ་རིག་རྒྱ་མཚོ་ལས། །ཉེར་མཁོ་བུམ་པས་ལེགས་བཅུས་ཆུ། །གློ་བུར་ནད་ཀྱི་ཚ་དུང་གིས། །སྐོམ་པ་སེལ་བའི་སླད་དུ་བྱས། ། ཨེ་མ། ནད་རིགས་མུན་པའི་མདངས་འཕྲོག་ཅིང་། །ཀུན་དགའི་འོད་བཟང་བདུད་རྩི་ཅན། །སྨན་སྦྱོར་ཟླ་བ་དྲི་མེད་འདི། །བདེན་རྫུན་མངོན་སུམ་ཚད་མས་གྲུབ། །རིས་མེད་འགྲོ་བའི་མདུན་ས་རུ། ། ཕན་བདེའི་སླད་དུ་ཉེར་ཆས་ཟླ། །དྲང་སྲོང་ཞལ་ལུང་ཆུ་གཏེར་གྱི། །སྙིང་པོར་རྗེས་དཔག་ཚད་མས་གྲུབ། །རྒྱུད་དོན་རྒྱུ་སྐར་ཕྲེང་བའི་ལམ། །དེ་ལས་གཞན་དུ་མ་སོང་བར། །སྙིང་པོའི་ཚུལ་མཛེས་རི་བོང་ཅན། །འཁྲུལ་མེད་ལུང་གི་ཚད་མས་གྲུབ། །ཚད་མ་གསུམ་ལྡན་མན་ངག་འདི། །སྔོན་ཆད་གཞུང་གཅིག་ཏུ་བསྒྲིགས་པའི། །དཀྱིལ་འཁོར་རྣམ་པར་གང་བའི་ཟླ། །ས་སྟེང་འདི་ནི་ཡོངས་མ་གྲགས། །རྒྱུད་དོན་རྒྱ་མཚོ་ཆེན་པོའི་འཇིང་། །བྱིན་རླབས་རླབས་ཕྲེང་ཆེར་གཡོ་བ། །དད་བརྩོན་བློ་ཡིས་དེ་བསྲུབ་པས། །མན་ངག་བདུད་རྩིའི་ཐིག་ལེ་ཤར། །དེང་སང་གངས་རིའི་ཁྲོད་འདི་ན། །སྦྱངས་དང་མ་སྦྱངས་འཚོ་བྱེད་མང་། །སྨན་མེད་དབུལ་པོའི་ངང་ཚུལ་གྱིས། །ནད་པའི་དོན་ལ་གཡེལ་བར་མཐོང་། །དེ་ཕྱིར་ལྷག་བསམ་རྣམ་པར་དཀར་བའི་མདངས། །བློ་གྲོས་ཟེའུ་འབྲུ་གསར་པས་རབ་མཛེས་པའི། །འཚོ་བྱེད་ཀུ་མུད་དཀར་པོ་རྒྱས་པའི་ཚལ། །ཀུན་དགར་བྱེད་པའི་ཟླ་ཤེལ་རྣམ་པར་མཛེས། །དྲང་སྲོང་རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །གཞན་ཕན་ལྷག་བསམ་དག་པའི་རྟེན་འབྲེལ་འདིས། །མ་རྒན་ཉམས་ཐག་འགྲོ་བའི་ནད་ཀྱི་ཚོགས། །མཐར་བྱེད་བདུད་རྩིའི་རེག་པ་འཕྲོ་གྱུར་ཅིག །དེ་སྐད་གཞན་ཕན་ཡིད་ཀྱི་འོ་མའི་མཚོ། །དྲང་སྲོང་སྨན་པའི་ཟླ་ཤེལ་གྱིས་མཛེས་པས། །སྨོན་ལམ་བདུད་རྩིའི་རླབས་ཕྲེང་ཆིལ་ཆིལ་གཡོས། །ཚེ་འཛིན་ངང་དུར་གཞོན་ནུའི་ཡིད་ཀྱང་བསྐུལ། །གང་གིས་འུ་ཅག་ཡུན་རིང་བསྐྱང་བའི་མ། །འདི་ལ་ཕན་པ་རྣམས་ཀུན་མཛོད་ཅིག་ཅེས། །ཐལ་སྦྱར་མེ་ཏོག་འཛུམ་པའི་དབུས་ཉིད་དུ། །མན་ངག་སྦྲང་རྩིའི་དོག་པ་འདི་ངོམ་ན། །གསོ་རིག་ལེགས་བཤད་མགྲིན་པའི་དབྱངས་སྙན་པ། །རྣམ་དཔྱོད་འཕུར་ལྡིང་གཡོ་བའི་བུང་ཚོགས་ཀུན། །དགའ་བའི་གར་གྱིས་རོ་བཅུད་འདི་འཐུང་ལ། །གཞན་དོན་ཡངས་པའི་མཁའ་ལ་བསྐྱོད་པར་མཛོད།།


            ཞེས་པ་འདི་ནི་ཁྱབ་བདག་སྨན་པའི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་དམ་པ་དུ་མའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་གུས་པས་སྤྱི་བོར་ལེན་པའི་སྐལ་བཟང་ཐོབ་ཅིང་། རྒྱུད་ཆེན་ཡན་ལག་དང་བཅས་པ་མང་དུ་ཐོས་པའི་ཚེ་རིག་འཛིན་པ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་པས་རྫོང་གསར་བཀྲ་ཤིང་ལྷ་རྩེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །


            གསོ་རིག་མཐར་ཕྱིན་མི་ཕམ་གྱི། །ཞལ་ལུང་བདུད་རྩིའི་ཐིག་ཕྲེང་འདི། །པར་དཔོན་ངག་འཇིགས་ལེགས་བྱས་ཀྱིས། །པར་བསྒྲུབས་འགྲོ་ཀུན་ནད་སེལ་ཤོག ། དགེའོ།། །།


མཐའ་མའི་འདོན་ཐེངས་།: 01.08.2016 ཉིན། 4:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།