སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྩིས་རིག་པ་ལས་བླ་དང་བླ་རྩའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.07.2015
ཆེད་རྩོམ། >>


༄༅། །བོད་ཀྱི་སྨན་རྩིས་རིག་པ་ལས་བྱུང་བའི་གང་ཟག་གི་བླ་དང་བླ་རྩའི་སྐོར་སོགས་ཅུང་ཙམ་གླེང་བ།

 ཨ་བུ་དཀར་ལོ་དང་གསང་བདག་ཚེ་རིང་།  

                                 


བླ་ཞེས་པའི་ངོ་བོ།

སྤྱིར་འགྲོ་བ་ཐམས་ཅད་ལ་ཤིན་ཏུ་གཅེས་ཤིང་གཉན་པའི་བླ་ཚེ་སྲོག་གསུམ་དུ་གྲགས་པ་ལ། འདིར་བླ་ཞེས་པ་ནི་ལུས་གྲུབ་པ་ནས་ལྷན་སྐྱེས་སུ་ཡོད་ཅིང་འགྲོ་འོང་འཕོ་འགྱུར་བྱེད་པའི་རྣམ་པ་ཅན། གང་ཟག་དངོས་མིན་ཀྱང་རེས་འགའ་གང་ཟག་ཏུ་སྣང་དུ་རུང་བ་ཞིག་ཀྱང་ཡིན་ལ། དོན་དུ་མི་ཕམ་རིན་པོ་ཆེས། ཚེ་སྲོག་གི་རྟེན་དྭངས་མའི་རླུང་དང་ཐིག་ལེ་རྣམ་ཤེས་དང་འགྲོགས་པ་ལ་བླ་ཞེས་བྱ་སྟེ། ཞེས་གསུངས་པས། ཐོག་མར་ཕ་མའི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་ཟང་ཐལ་གོ་མ་འགགས་པ་དེ་གཉིས་རྒྱུ་རྐྱེན་ཚོགས་པའི་མཐུ་ལས་དྭངས་མའི་རླུང་དང་ཐིག་ལེ་རྣམ་ཤེས་ཚོགས་པའམ་འགྲོགས་པའི་ང་བདག་བདེན་འཛིན་ལྷག་གེ་བའི་ཆ་དེ་བླ་ཞེས་པའི་མིང་དུ་གྲགས་པར་བསྟན་པ་དང་། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་རྒྱུན་ལུང་དུ་མཛད་པ་རྒྱལ་བ་ཇོ་ནང་བ་ངག་དབང་ཚོགས་གཉིས་རྒྱ་མཚོའི་བླའི་རྣམ་བཤད་ལས།  “བླ་ཞེས་གྲགས་པ་དེ་ཡང་གང་ཟག་དངོས་མ་ཡིན་པར་ཐོག་མེད་ནས་ང་བདེན་འཛིན་ལ་གོམས་པའི་ཚེ་འདིར་རང་རྒྱུད་ཀྱི་ང་བདེན་པར་བཟུང་བའི་བློའི་སྣང་ཆ་ཡིན་པར་བསྟན་ལ། འདིའི་ངོ་བོ་ལྡན་མིན་འདུ་བྱེད་དུ་བཞེད་དོ། །བླ་ནི་འགྲོ་བ་ཐམས་ཅད་ལ་ཡོད་པར་གསུངས་པ་ནི། འདོད་ལྷ་དང་དམྱལ་བ་མི་དང་དུད་འགྲོ་ཀུན་ལ་ཕན་གནོད་བླང་དོར་གྱི་སྟོབས་ཆེ་ཆུང་ཙམ་མ་གཏོགས་ཀུན་ལ་བླ་ཡོད་པ་དང་།  གཟུགས་མེད་ཀྱི་ཁམས་ན་བླ་མེད་ལ་གཟུགས་ཁམས་ན་ཕན་གནོད་བླང་དོར་བྱེད་པའི་རྣམ་པ་ཅན་གྱི་བླ་མེད་ཀྱང་།  ང་གཅེས་འཛིན་གྱིས་བཞག་པའི་གང་ཟག་གི་སྣང་ཆ་ཡོད་པ་དང་།  ཉན་རང་དང་དགྲ་བཅོམ་བྱང་འཕགས་རྣམས་ལ་བླ་མེད་དེ་ཉོན་མོངས་པ་དང་རྣམ་སྨིན་གྱི་ལུས་སྤངས་པའི་ཕྱིར་རོ།།” ཞེས་བླའི་རྣམ་བཤད་དུ་གསུངས་སོ།། ཡང་།  མི་ཁ་ལས་དར་བ་སོགས་འགའ་ལ་གཏམ་སྒྲུབ་མཁན་གྱི་གཏམ་གྱི་བླ་དང་ཟས་སྒྲུབ་མཁན་གྱི་ལ་ཟས་ཀྱི་བླ་སོགས་བླ་བཟང་པོ་བརྒྱ་ཙམ་རེ་ཡོད་པ་དང་།  མི་ཁ་ལས་རྒུད་ཅིང་བྱ་བ་མི་ལེགས་པ་སོགས་ལ་ཁ་ལས་རྒུད་པར་བྱེད་པའི་བླ་སོགས་བླ་ངན་པ་བརྒྱ་ཙམ་རེ་ཡོད་པར་གསུངས་པ་མདོར་ན་སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པའི་ཕྱིར་བདེ་སྡུག་གི་སྣང་བ་སྣ་ཚོགས་རྒྱུན་མི་ཆད་པར་བསྟན་པ་ཡིན་ནོ།། བླ་དང་ཚེ་དང་རྣམ་ཤེས་རྣམས་རྟེན་དང་བརྟེན་པ་སྟེ། སྲོག་ནི། མངོན་པར་མཛོད་ལས། “སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ།།” ཞེས་དྲོད་དང་རྣམ་ཤེས་ཀྱི་རྟེན་ཉིད་དུ་གསུང་པ་དང་།  མི་ཕམ་པས། “ལུས་སེམས་ལྷན་དུ་འབྲེལ་བའི་དབུགས་གནས་པ་དེ་ལ་སྲོག།” ཅེས་དང་།  “ལུས་སེམས་ལྷན་དུ་གནས་པའི་ཡུན་དེ་ལ་ཚེ།” ཞེས་གསུངས་པས་བླ་ཚེ་སྲོག་གསུམ་ནི་རྣམ་ཤེས་ཀྱི་རྗེས་སུ་མི་འབྲང་བར་ལུས་སེམས་བྲལ་ཚེ་སོ་སོར་གྱེས་ལ། དེ་ཡང་ཚེ་སྲོག་ཡལ་ཡང་བླ་ནི་མི་ཡལ་བར་དུར་ས་སོགས་ལ་གནས་པའོ།།

 

བླའི་གནས་ཡུལ།

གསོན་པོའི་གནས་སྐབས་སུ་བླ་དེ་ལུས་ལ་འཁྲི་ཞིང་།  རེ་འགའ་འགྲོ་འོང་བྲོས་འཁྱམས་བྱེད་ཚེ་འགྲོ་བ་དེའི་ལུས་སེམས་ལ་འགྱུར་ལྡོག་བྱུང་བ་དང་ལྷན་ཅིག་དེའི་བླ་ལའང་འགྱུར་ལྡོག་བྱུང་གི་ཡོད། དེའི་རྒྱུ་མཚན་ཡང་།  མི་ཕམ་པས། “ཚེ་སྲོག་ནི་བླ་ལ་བརྟེན་ཞིང་བླ་ནི་རྩ་འདི་ལ་གནས་པའི་ཕྱིར་རོ།།” ཞེས་དང་།  རྒྱུད་ལས། “བླ་རྩ་གནས་ན་བླ་ཚེ་མལ་དུ་གནས། །བླ་རྩ་འགྱུར་ལྡོག་བྱེད་ན་ཚེ་མི་བརྟན།  །བླ་རྩ་བྲོས་ན་བླ་ཚེ་ཡར་ཏེ་འཆི།།” ཞེས་གསུངས་པས། བླ་དང་བླ་རྩ་ནི་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་ཚུལ་བསྟན་པ་དང་།   མི་ཕམ་པས། “ཚེ་གནས་པ་དང་སྲོག་མི་འགགས་པའི་རྟེན་དུ་བླ་རྩ་འཁྱམས་པོ་བྱུང་བ་སྟེ། དཔེར་ན་མིག་ཤེས་ཀྱི་རྟེན་དུ་མིག་དབང་བྱུང་བ་ལྟ་བུའོ།།” ཞེས་གསུངས་པ་ལྟར་རོ།། བླ་དེ་ཉིད་རྒྱུ་བའི་ལམ་ཡང་ལག་པའི་མར་ཟུར་གྱི་ཆུ་བ་དང་རྒྱུས་པའི་གསེབ་ཏུ་གནས་པའི་འཕར་རྩ་དེ་ཡིན་ཏེ། མི་ཕམ་པས། “དེ་གང་ནས་རྒྱུ་ཞིང་འཁྱམས་པར་བྱེད་པའི་རྟེན་ནམ་ལམ་ལྟ་བུ་ལག་པའི་མར་ཟུར་གྱི་འཕར་རྩ་འདི་བྱུང་སྟེ་འདི་ཡང་བླ་གནས་པ་དང་མི་གནས་པའི་རྗེས་སུ་མཐུན་པར་གཡོ་འགྱུར་ཅན་ཡིན་པས་འཁྱམས་པོ་ཞེས་བྱའོ།།” ཞེས་གསུངས་སོ།། བླ་རྩ་བལྟ་གནས་འདི་ལ་འདོད་ཚུལ་གཞན་ཡང་ཡོད་སྐད་ཀྱང་རང་རེ་གང་ཅན་པས་ནི་ལག་པའི་མར་ཟུར་གྱི་འཕར་རྩ་འདི་ལ་འདོད་དོ།། ཡང་སྔ་རབས་པ་འགའི་ལག་པའི་སྲིན་ལག་ལ་གྲི་ལྕགས་ཀྱི་སོར་གདུབ་སྔགས་བཏབ་པ་བཅིངས་ན་ལྷ་འདྲེ་སོགས་ཀྱིས་བླ་སྲོག་ལ་གནོད་བྱེད་པ་སྲུང་ནུས་ཞེས་པའི་ངག་རྒྱུན་དང་།  དེང་སང་ཡང་སོར་གདུབ་ལ་ཕལ་ཆེར་གྱིས་སྔགས་བཏབ་ནས་སྲིན་ལག་ཏུ་བརྒྱུས་པའི་སྲོལ་དེ་ཡང་བླ་རྩའི་ཐད་དྲང་སྲིན་ལག་ཁོ་ན་ཡིན་ཕྱིར་ཚུལ་འདི་ལ་འབྲེལ་བ་ཡོད་དམ་སྙམ།།

 

བླ་འཁྱམས་པ་དང་བཀུགས་པ།

བླ་འཁྱམས་པའི་དུས་ནི། ཕལ་ཆེར་མཚན་མོའི་དུས་གཉིད་དུ་ཡུར་བའི་སྐབས་ན། ལྷ་འདྲེས་ཁྱེར་སླ་བ་དང་།  ཕ་རོལ་གྱིས་བླ་འགུགས་པ། མངོན་སྤྱོད་སོགས་ཀྱིས་གཏད་ཁྲམ་བྱས་པས་ནུས་པ་ཐོན་སླ་བ་ཡིན་ཏེ། བསྐུལ་བྱང་རྣམས་སུ་ཡང་།  “ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལ། །དམ་ཉམས་དགྲ་བོ་གཉིད་ལོག་གི། །དེ་ཚེ་བླ་རྐུན་ཤན་པ་རྣམས་། །དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག །” ཅེས་སོགས་མང་དུ་ཡོད་པ་དང་།  དེ་ལྟར་མཚན་གྱི་དུས་སུ་བླ་འཁྱམས་ཀྱང་།  ནངས་སྔ་ཕལ་ཆེར་རང་གནས་སུ་ཐོན་པའི་ཚུལ་ནི། མཁྱེན་གཟིགས་སི་ཏུའི་རྒྱ་གཞུང་གསར་འགྱུར་ལས། “ཉི་ཤར་ཚུན་གྱི་སྒོ་རུ་ནི། །བླ་རྩ་འཁྱམས་པོ་འདུས་པའི་ཕྱིར། །གསལ་མཐོང་རྟེན་འབྲེལ་སྒོ་ཡིན་པས། །དེ་ཡི་དུས་སུ་བརྟག་པ་གཅེས།།” ཞེས་རྩ་བལྟ་བའི་དུས་གནད་ཁྱད་པར་བ་གསུངས་པ་དེ་ཡང་ཚུལ་འདི་ལ་དགོངས་པ་ཡིན་ནམ་སྙམ། འོན་ཀྱང་མི་སོགས་འགྲོ་བའི་བླ་ཐམས་ཅད་འཁྱམས་འགྲོ་བ་ཤ་སྟག་མིན་པར། བླའི་རྣམ་ཤས་ལས། “སེམས་ནང་དུ་བག་ཕེབས་ནས་མི་སྡོད་པའི་མི་གཞི་མི་བརྟན་པ་དང་།  སེམས་ཀྱི་བདེ་བ་མེད་པ་རྣམས་ཀྱི་བླ་འཁྱམས་སླ་བ་དང་། ལུས་ཀྱི་རྩ་རླུང་ཐིག་ལེ་སྟོབས་ཅན་དང་སེམས་གཞི་བརྟན་པ་དང་བསོད་ནམས་ཅན་རྣམས་ཀྱི་བླ་འཁྱམས་དཀའ་བ་ཡིན་ལ། ནང་སེམས་ཀྱི་བདེ་བ་ཚེ་བརྟན་བྱེད་དུ་དུས་འཁོར་འགྲེལ་ཆེན་དུ་གསུངས་པ་ཡང་དེ་ལྟ་བུའི་དོན་ལ་དགོངས་པའོ།།” ཞེས་གསུངས་སོ།། དེ་ལྟར་འགྲོ་བ་དེའི་བླ་འཁྱམས་ནས་ཡུན་རིང་ཕྱིེར་རང་གནས་སུ་མ་འཁོར་ཚེ། མི་དེ་ས་གར་ཡང་མ་སོང་བར་གཞན་མིས་འགྲོ་བཞིན་པ་མཐོང་བ་དང་།  སྐད་ཐོས་པ། མི་དེ་ཡང་ཤེས་པ་སོ་ལ་མི་གནས་པ། བཞིན་མདངས་ཉམས་པ། རྨི་ལམ་ངན་པ་རྨི་བ། དངངས་སྐྲགས་སྐྱེ་ཞིང་ཟིང་ལོང་ངེ་བ་ཞིག་འབྱུང་ལ། བླ་རྩ་ཡང་མི་གནས་པས། དེའི་ཚེ་བསྐྱེད་རྫོགས་ཀྱི་གནད་དང་ལྡན་པའི་རྣལ་འབྱོར་བས། བླ་འབོད་དང་།  འཆི་བསླུ་སོགས་གསང་སྔགས་ཀྱི་ཆོ་ག་ཟབ་མོ་བགྱིས་པས། བླ་རྩ་རང་མལ་དུ་ཐོན་པ་དང་།  བླ་རྡོ་བླ་རྐང་རྒྱ་མར་ཚད་པས་ལྗི་རུ་འགྲོ་སྐད།

 

བླ་གནས།

བླ་གནས་ཞེས་པ་ནི། འགྲེལ་ཆེན་དྲི་མེད་འོད་དང་། དཔལ་བརྟག་པ་གཉིས་པ། རྒྱུད་སྒྱུ་འཕྲུལ་དྲ་བ་སོགས་ལས། འབྱུང་བ་ཐམས་ཅད་ཀྱི་དྭངས་མ། ཁམས་བྱང་ཆུབ་ཀྱི་སེམས་ཡི་གེའི་རྣམ་པ་ཅན་འབྱུང་ལྡོག་གི་དབྱེ་བས་གནས་སུམ་ཅུ་རྩ་གཉིས་སུ་ནུས་པ་ཐིམ་ལོང་བདག་གསུམ་གྱི་བསྡུས་པའི་ཁྱོན་དེ་ལ། རྣལ་འབྱོར་བ་ལ་ཁམས་བྱང་ཆུབ་ཀྱི་སེམས་དང་།  སོ་སོའི་སྐྱེ་བོར་བླའི་མིང་བཏགས་པའི་བླ་གནས་ཞེས་གྲགས་ལ། གནས་དེར་བླའི་ཆ་ཤས་རྒྱུ་བའི་ཕྱིར་གཏར་བསྲེག་ཐུར་གསུམ་སོགས་བྱས་ན་བླ་ཚེ་ལ་གནོད་པའི་རྒྱུ་མཚན་གྱིས་བཤོལ་དགོས་པར་བསྟན་པས་མི་དང་རྟ་བོང་སོགས་ལ་བླ་གནས་རྩི་དགོས་པའི་ཕྱིར་རོ།།

 

བླ་རྟེན།

བླ་རྟེན་ནི་བླ་བག་ཕེབས་པར་གནས་པ་དང་བླ་མི་ཉམས་པར་དར་ཞིང་རྒྱས་ལ་ཕུན་སུམ་ཚོགས་པའི་ཆེད་དུ་རྟེན་གཞི་འཛུགས་པ་སྟེ། སྔ་རབས་ཀྱི་རྒྱལ་པོ་དང་མི་ཆེན། དམག་དཔོན། ཐ་ན་བདུད་དང་སྲིན་པོ་སོགས་ལ་བླ་ཆགས་པར་བྱེད་པའི་རྟེན་དུ་གཅེས་པར་བདག་ཏུ་བཟུང་བའི་བླ་རི་དང་བླ་མཚོ་བསྟོད་པ། བླ་ཤིང་འཛུགས་པ། བླ་ལྕགས་སྒྲུབ་པ་སོགས་ཡོད་ལ། ནམ་ཞིག་བླ་ཤིང་དང་བླ་མཚོ་སྐམ་པ། བླ་རི་འཇིགས་པ་སོགས་བྱུང་ཚེ་གང་ཟག་དེ་ལ་ཆགས་སྒོ་འབྱུང་བའི་སྔ་ལྟས་སུ་འཛིན་པ་དང་།  དེ་འདྲ་མ་ཡིན་པར་དགེ་བའི་ལྟས་སུ་འདུག་ན་བློ་བདེ་བག་ཕེབས་སུ་གནས་པ་ཡིན། དེ་བཞིན་དུ་བླ་ཟོག་ལ་ཡང་བླ་འབྲོང་དང་བླ་སྟག་སོགས་སྲོག་ཆགས་གཏུམ་པོ་དག་བླ་གནས་སུ་བདག་ཏུ་བཟུང་པས། གཅན་གཟན་དེ་དག་བསད་ན་གང་ཟག་དེའི་བླ་ཚེ་ཉམས་པར་འགྱུར་བའི་ལོ་རྒྱུས་དང་།  གཞན་ཡང་།  བོད་ཀྱི་རུས་ཆེན་སྡེ་ལྔར་གྲགས་པ་ལ་སོ་སོའི་བླ་ཟོག་ཡོད་པ་དཔེར་ན་ཨ་ལྕགས་འབྲུ་ཡི་བླ་ཟོག་འབྲོང་ཡིན་པར་བཤད་པ་སོགས་ལྟ་བུ་དང་།  ཡང་བླ་རྟ་ཞེས་པ་རང་གི་ལོ་ལྷ་དང་མཐུན་པའི་འོག་རྟ་བརྟེན་ཞིང་དགྲ་རྟ་བཤོལ་བ། དཔེར་ན་བྱ་ལོ་བའི་བླ་རྟ་སྣ་དཀར་དང་གྲོགས་རྟ་སྔོ་སྔོ། དགྲ་རྟ་དམར་པོ་ཡིན་པ་སོགས་འབྱུང་རྩིས་ཀྱི་སྐོར་འགོ་ལས་བྱུང་བ་རྣམས་ཀྱང་བླ་ཟོག་གི་ཁོངས་སུ་གཏོགས་པར་སེམས་སོ།། ཡང་བླ་རྡོ་ཞེས། ལྷ་འདྲེ་སོགས་ལ་རང་རང་གི་རིགས་དང་མཐུན་པའི་བླ་རྡོ་ལ་བླ་ཆགས་པར་བྱེད་པ་དང་།  དེར་མ་ཟད་ཆོས་སྐྱོང་སྲུང་མ་རྣམས་ལ་ཡང་སྒྲུབ་གཞི་རྟེན་པའི་རྫས་སུ་བླ་རྡོ་ཡོད་དེ། དཔེར་ན་མ་མོའི་བླ་རྡོ་རྡོ་ནག་ཟུར་གསུམ་དང་།  གཟའི་བླ་རྡོ་ཁྲ་བོ་མིག་མང་། དམ་ཅན་བླ་རྡོ་ཕ་ལྦང་ལོང་བུ་སོགས་དང་།  དེ་བཞིན་རྟེན་དར་དང་།  རྔ་ཐུག་བསེ་མཁར་སོགས་ཀྱང་སྲུང་མའི་བླ་ཆགས་པར་བྱེད་པའི་རྟེན་ཡིན་པ་དང་།  མི་ལ་ཡང་བླ་གཡུ་ཞེས་པའི་གཅེས་ནོར་བླ་རྟེན་དུ་བཟུང་བ་དང་། ཤི་བའི་ཚེ་ཡང་དུར་དུ་གདབ་པའི་སར་བླ་རྡོ་ཞེས་པ་བླ་ཆགས་པར་བྱེད་པའི་རྟེན་དང་དུར་ས་དེར་གཤིན་པོ་རང་གི་གོས་ལྷམ་སོགས་འཇོག་སྲོལ་ཡང་བླ་ཆགས་པར་བྱེད་པའི་རྟེན་ཙམ་དུ་བཤད་དོ།།

 

བླ་གཟའ།

བླ་གཟའ་བླ་སྐར་ནི། གཟའ་བདུན་དང་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས། མིའི་དེའི་ལོ་ལྷ་གང་ཡིན་གྱི་ངོ་སྐལ་དུ་གྱུར་པའི་བླ་གཟའ་བླ་སྐར་སོགས་ཡོད་ལ་གཟའ་སྐར་དེ་དག་གི་དར་རྒུད་ལ་བསྟུན་ན་མི་དེའི་ལས་དོན་ལེགས་ཉེས་ཀྱི་ནུས་པ་ཁྱད་པར་བ་ཡོད་ཚུལ་སྐོར། རྩིས་འབྲས་ལས། “བླ་གཟའ་དར་དུས་བྱ་ལས་འགྲུབ། །སྲོག་གཟའ་དགེ་ལ་གཤེད་གཟར་བྱོལ། །དགྲ་བོའི་བླ་གཟའ་གུད་པ་དང་།  །གཤེད་གཟའ་གཤེད་སྐར་དར་བའི་དུས། །མཐུ་དང་ནུས་པ་བསྐྲད་ན་མྱུར། །” ཞེས་སོགས་གསུངས་པར་ལྟར་རོ། །

 

བླ་ཁམས།

བླ་ཁམས་ནི་འབྱུང་རྩིས་ཀྱི་སྐབས་སུ་མི་དེའི་བླ་ཁམས་ངོས་བཟུང་སྟེ་འཕྲད་ཀྱི་རྟེན་འབྲེལ་ལེགས་ཉེས་ལུང་དུ་བསྟན་པ་སྟེ། བརྩི་བྱའི་སྲོག་གི་མ་ཁམས་ལ་ངོས་འཛིན་པའམ་བླ་གཟའི་ཁམས་ལ་ངོས་འཛིན་པ་གང་ལྟར་མི་དེའི་བླ་ཁམས་ལ་བརྟག་པའི་ཐབས་སོ།།

 

ཤི་བའི་འོག་ཏུ་བླ་ཇི་ལྟར་གནས་པ།

བླ་དེ་ཉིད་གསོན་གྱི་གནས་སྐབས་ལྟར་ཕན་པ་ལ་དགའ་ཞིང་།  གནོད་པ་ལ་སྐྲག་པ། དགྲ་ལ་སྡང་ཞིང་། གཉེན་ལ་ཆགས་པའི་བདེན་ཞེན་གྱི་དབང་གིས་ནམ་ཞིག་བག་ཆགས་ཀྱི་ལུས་ཞིག་ནའང་ང་བདག་བདེན་འཛིན་གྱི་ཆ་དེ་བླའི་རྣམ་པར་ན་ས་དང་ཤི་ས་དུར་ས་གསུམ་གང་རུང་ལ་གནས་ཤིང་།  འཆི་རྐྱེན་སྣ་ཚོགས་པའི་དབང་གིས། འགའ་རེ་མངོན་སུམ་དུ་མཐོང་བའི་ལོ་རྒྱུས་མང་བ་དང་།  གཡུལ་འགྱེད་བྱས་པའི་ཤུལ་དུ་ཀི་སྒྲ་དང་། ངུ་སྒྲ། རྟ་འཚེར་བ། ཁྱི་ཟུག་པ་སོགས་ལོ་དུ་མར་ཐོས་རྒྱུ་ཡོད་པ་དང་།  མི་ལ་ལ་རང་གི་ཕ་ཡུལ་གཉེན་གྲོགས་ཆུང་མ་སོགས་ལ་སྐད་བརྡ་གཏོང་བའམ་མངོན་སུམ་དུ་མཐོང་བ་། གཏམ་ལབ་པ་སོགས་ཡོད་པར་གྲགས་པ་རྣམས་ང་བདེན་འཛིན་ལ་ཨ་མཐས་པའི་དབང་གིས་ཕལ་ཆེར་བླ་ཡི་ཆོ་འཕྲུལ་མངོན་སུམ་དུ་སྣང་བར་གྲགས་ཏེ། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་རྣམ་ཐར་དུ། ཁོང་ཉིད་རེ་ཞིག་རི་བོང་དམར་པོ་རེ་འགའ་སྤྲེའུར་གྱུར་པ་ཞིག་དང་འཕྲད་པས། དེ་ན་རེ། ང་ནི་ཁྱོད་ཀྱི་ཕའི་བུད་མེད་སྔ་མ་ཁྱོད་རང་གི་མ་ཡར་ཤི་བའི་གཉེན་པོའི་བླ་འཁྱམས་ཟེར་བ་དེ་ཡིན་ཟེར་བས། ཁོང་གིས། འོ་ན་ཁྱོད་ཀྱི་སྲོག་གར་སོང་།  རྣམ་ཤེས་གར་སོང་། ཞེས་དྲིས་པས། སྲོག་ནི་མོ་འདྲེས་བཅད། རྣམ་ཤེས་ཀོང་པོའི་ཡུལ་དུ་ཁྱི་མོ་ཞིག་གི་ལུས་བླངས་ཡོད། ཟེར་བ་ལ། ཡང་ཁོང་གིས། རྣམ་ཤེས་མེད་ན་ཁྱོད་ཅི་ལ་བྱུང་སྨྲས་པས། ཁོ་ན་རེ། ཧེ། ང་རུ་འཛིན་དང་བདག་ཏུ་སྣང་།  །ཤེས་པ་དེ་ཡི་རྟེན་འབྲེལ་ལས། །བླ་ཞེས་ཤུལ་མིས་ཡོད་འཛིན་གྱིས། །བླ་རུ་སྣང་བ་བྱུང་བ་ཡིན། །མེད་པར་བྱས་ན་ཡེ་ནས་མེད། །ཡོད་པར་བཟུང་ན་ང་ཙམ་ཡོད། །ཞེས་ཟེར་ནས་ཡུལ་མེད་དུ་ཡལ་བར་གསུངས་སོ།།

 

བླའི་གནས་ཚད།

བླ་ཡི་གནས་ཚད་ནི་དུད་འགྲོ་སོགས་ཀྱི་བླ་ཞག་ཤས་ལས་མི་གནས་པ་དང་།  མི་དཔོན་སྙིང་སྟོབས་ཅན་འགའ་ཞིག་གི་བླ་ནི་མི་རབས་བདུན་རེའི་བར་དུ་གནས་པར་གསུངས་ལ། སྤྱིར་བཏང་ལོ་དགུ་ལ་གནས་པ་གྲགས་ཆེ། དུར་ལད་སོང་བའི་དུར་སྤོ་དགོས་ཚེ་ཤི་ནས་ལོ་གྲངས་དུ་ལོན་ས་འོག་ཏུ་འདོམ་པ་དེ་གྲངས་བསྐོས་པའི་ས་དེ་ལ་བླ་གནས་པ་ཡིན་ཞེས་དེ་ཉིད་དུར་ས་གསར་བ་དེར་ཁྱེར་དགོས་པའི་རྒྱུ་མཚན་ཡང་དེའི་དོན་ནོ།།

 

དེ་ལྟར་འདི་ཕྱི་གཉིས་ཀར་ཕན་གནོད་བདེ་སྡུག་གི་བྱེད་པོ་དེ་བླ་ཁོ་ན་ཡིན་གྱི། དེ་ལས་གཞན་པའི་ལྷ་འདྲེ་མི་མ་ཡིན་པ་སོགས་མེད་པར་ཡང་གོ་མི་རུང་སྟེ། ཕན་གནོད་བྱེད་པའི་ལྷ་འདྲེ་སོགས་གྲངས་ལས་འདས་པ་ཡོད་པར་བཤད། དཔེར་ན་གཤིན་པོ་ལ་མཚོན་ན་དྲི་ཟ་ཀུན་ཏུ་ཁྱབ་བྱེད་སོགས་ཀྱིས་གནོད་ཅིང་འཚེ་བའི་ཚུལ་ཡང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ ཞལ་ནས། "གཞན་ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་།  །གནོད་སྦྱིན་རྟོགས་འདོད་འབྱུང་པོ་བ་ར་ཧི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་པོ་ཡིས། །འཆི་ཁར་དབུགས་ལེན་ཕུང་པོ་བདག་ཏུ་འཛིན། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ནས་འཇོམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་འཕྲིན་བསྐུར། །དེ་འདྲ་དཔག་ཏུ་མེད་པ་ཡོད་པའི་ཚུལ། །འཆི་འཕོ་ཇི་ལྟར་འགྱུར་བའི་མདོ་ལས་གསུངས་། །དེ་དག་རྣམས་དང་དབྱེ་བར་མ་བྱས་ན། །གསོན་པོ་རྣམས་ལ་གནོད་པའི་གསོན་བདུད་ཟེར། །གཤིན་པོར་ཡར་འགྲོ་མི་བཅུག་བཅགས་པའི་ཕྱིར། །དེ་ལ་གསོན་བདུད་གཤིན་ལྕགས་ཞེས་བྱའོ།།" ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་གསོན་པོ་ལ་ཡང་སྡོང་གྲོགས་བྱེད་པའི་ལྷ་ཀླུ་གཞི་བདག་སོགས་དང་།  གནོད་པར་བྱེད་པའི་བགེགས་རིགས་འབྱུང་པོ་སོགས་མཐའ་ཀླས་པ་ཡོད་པར་བཤད་པས་བདེ་སྡུག་ཐམས་ཅད་བླའི་བྱེད་ལས་ཁོ་ནར་མ་ངེས་སོ།། །།


- འདི་ནི་བོད་ལྗོངས་ཞིབ་འཇུག་དུས་དེབ་༦༥ ཕྱི་ལོ་༡༩༩༨ ལོའི་དེབ་དང་པོའི་ནང་བཞུགས་པ་དེ་ནས་ཟུར་འདོན་བྱས་པ་ཞིག་ཡིན།

མཐའ་མའི་འདོན་ཐེངས་།: 21.07.2015 ཉིན། 10:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།