སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་རྩིས་གཏན་ལ་ཕབ་པའི་ལེའུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.03.2015
ཆེད་རྩོམ། >>



སྨན་རྩིས་གཏན་ལ་ཕབ་པའི་ལེའུ།

བཀའ་ཐང་སྡེ་ལྔ་ལས་བློན་པོ་བཀའི་ཐང་ཡིག་ནས་ཟུར་འདོན་ཞུས།

 

 

སྨན་གཏན་ལ་ཕབ་པའི་སྐབས་ཀྱི་ལེའུ།

ནད་ཀྱིས་ཟིན་པ་སྨན་གྱིས་གསོ་བ་ལ༔  སངས་རྒྱས་སྨན་བླ་འཚོ་བྱེད་གཞོན་ནུ་ཡིས༔  རྒྱ་གར་པདྨ་ཅན་གྱི་ཡུལ་ཁམས་ནས༔  བདུད་རྩི་སྙིང་པོའི་རྒྱུད་དང་ནང་ངག་རྒྱུད༔  བཀའ་ནི་ཡན་ལག་བརྒྱད་པའི་རྒྱུད་བསྟན་རྒྱུད༔  དྲང་སྲོང་རྣམས་ཀྱིས་མཛད་པའི་སྨན་རྒྱུད་འབུམ༔  ཀླུ་སྒྲུབ་མཛད་པའི་སོ་མ་རྭ་ཛ་དང༔  བདུད་རྩི་ཐིགས་པ་བདུད་རྩི་བུམ་པ་དང༔  ཕ་གོལ་མ་གོལ་ཡན་ལག་བརྒྱད་པ་དང༔  ཨྱོན་པདྨས་མཛད་པའི་བེ་བུམ་སྐོར༔  གསལ་བྱེད་མེ་ལོང་སྙིང་པོ་འདུས་པ་དང༔  རྒྱ་ནག་མེ་ཆུ་གོ་ལོག་གཉེན་བཤད་དང༔ ཨྰ་ཙར་ལག་རྡུམ་སྡེ་སྐོར་བརྒྱ་དང་སུམ་ཅུ་བརྒྱད༔  རྩ་རྒྱུད་ཆེན་པོ་ཙ་ཀ་དང༔  འདུས་པ་ཆེན་པོ་རིན་ཆེན་མཛོད༔  ཟ་ཧོར་གསང་མཛོད་བཅུ་གསུམ་དང༔  སྲིན་པོའི་ཤི་གསོས་བྱེར་བརྒྱད་དང༔  ལྷ་མ་ཡིན་གྱི་གསོ་རྒྱུད་ཆེན༔ ཁ་ཆེའི་གསོ་དཔྱད་རིན་ཅེན་སྤུངས༔  མུ་སྟེགས་བདུད་རྩི་གསང་མཛོད་བརྒྱ༔  ཨྱོན་ལུགས་དང་མཁའ་འགྲོའི་ལུགས༔  མི་ལུས་འདི་ལ་རྒྱུ་རྐྱེན་ཉོན་མོངས་པས༔  བསྐྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཡོད༔  གཉེན་པོ་གསོ་དཔྱད་སྟོང་དང་རྩ་གཉིས་ཡོད༔  གསོ་ཐབས་ཡན་ལག་སུམ་བརྒྱ་དྲུག་ཅུ་ཡོད༔  དང་པོ་ནད་རིགས་བཞི་བརྒྱ་རྩ་བཞི་ལ༔  རླུང་གི་ནད་རིགས་རྣམས་ལ་བརྒྱ་དང་དྲུག༔  མཁྲིས་པའི་ནད་རིགས་རྣམས་ལ་བརྒྱ་དང་དྲུག༔  བད་ཀན་ནད་རིགས་རྣམས་ལ་བརྒྱ་དང་དྲུག༔  ལྡན་དང་འདུས་པ་རྣམས་ལ་བརྒྱ་དང་དྲུག༔  གཞི་ལ་ལུས་དང་གྲིབ་མ་བཞིན་དུ་ཡོད༔  གཉིས་པ་གསོ་སྨན་སྟོང་དང་རྩ་གཉིས་ལ༔  ས་སྟེང་སྨན་དུ་མ་གྱུར་མེད་པའོ༔  འདི་དག་སྨན་སྦྱོར་རྣམས་ཀྱི་མིང་དུ་བཤད༔  གསུམ་པ་ཡན་ལག་སུམ་བརྒྱ་དྲུག་ཅུ་ལ༔  རླུང་ལ་གསོ་ཐབས་བརྒྱ་དང་ཉི་ཤུ་ཐམ༔  བཞི་པ་ཞལ་གདམས་དྲུག་ཅུ་རྩ་གཉིས་ལ༔  སྐྱེ་བའི་སྒོ་གསུམ་འཇུག་པའི་སྒོ་དྲུག་དང༔  རྟེན་པའི་གནས་གསུམ་རྒྱུ་ལམ་བཅོ་ལྔ་དང༔  ཡུལ་དང་དུས་དང་ས་སྣེ་རྣམ་པ་དགུ༔  ལྡོག་རྒྱུ་བཅུ་གཉིས་གཉན་པ་རྣམ་པ་གསུམ༔  སྲོག་གཅོད་ནད་དགུ་བསྡུས་པས་མདོ་དོན་གཉིས༔  ལྔ་པ་ལག་ལེན་བཞི་བཅུ་རྩ་བརྒྱད་ལ༔  བརྟག་ཐབས་རྣམ་པ་བརྒྱད་དང་སྨིན་རྒྱུ་ལྔ༔  གསོ་ཐབས་བཅུ་བདུན་ཕན་ཡོན་ཉེས་དམིགས་གཉིས༔  གཏར་མི་རུང་བཞི་སྲེག་ཏུ་མི་རུང་གཅིག༔  བཟང་ཁྲག་དབྱུང་གཉིས་ངན་ཁྲག་བཞག་ནད་གཉིས༔   གྲང་བ་གཏར་གཉིས་ཚ་བ་སྲེག་ནད་གཉིས༔  མི་འདྲའི་བཅོས་ཐབས་གསུམ་གྱིས་ཉམས་སུ་བླངས༔  སྨན་གྱི་མདོ་དོན་ཉི་ཤུ་རྩ་བརྒྱད་ལ༔  རོ་དྲུག་རྗེས་གསུམ་དང་ནི་གནས་པ་བརྒྱད༔  སྦྱོར་སྡེ་ལྔ་དང་ཡན་ལག་དྲུག་ཏུ་བསྟན༔  སྨན་གཏན་ལ་ཕབ་པའི་སྐབས་ཏེ་ཉེར་བཞི་པའོ༔

 


རྩིས་གཏན་ལ་ཕབ་པའི་སྐབས་ཀྱི་ལེའུ།

རྩིས་རྣམས་གཏན་ལ་ཇི་ལྟར་ཕབ་པ་ནི༔  སྲིད་པའི་གཙུག་ལག་དངུལ་དཀར་མེ་ལོང་འདི༔  མདོ་སྔགས་ཕྱོགས་ནི་གང་དུ་གཏོགས་པ་དང༔  མཛད་པའི་སློབ་དཔོན་གང་གིས་མཛད་པ་དང༔   དགོས་པའི་མཚན་ནི་ཅི་ལ་བཏགས་པ་དང༔  དབུ་ནས་ཞབས་ཀྱི་དོན་བསྡུས་བསྟན་པ་དང༔  དོན་བྱེད་གང་གི་དོན་དུ་མཛད་པའོ༔  དང་པོ་ཕྱོགས་ནི་གང་དུ་གཏོགས་པ་ནི༔  སངས་རྒྱས་ཐུབ་པའི་མཛད་པ་བཅུ་གཉིས་ལས༔  ལོ་འགྲོས་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས་གཏོགས༔ རྒྱ་ཆེར་རོལ་པའི་རྩིས་གཞུང་ཕྱོགས་སུ་གཏོགས༔  དཀོན་མཆོག་བརྩེགས་པ་དགའ་བོ་མངལ་འཇུག་རྩིས༔  འདུས་པ་རིན་པོ་ཆེ་ནི་ཏོག་གི་རྩིས༔  མདོ་སྡེ་སྟག་རྣ་ལྟས་དང་མཚན་གྱི་རྩིས༔  འཕགས་པ་རྟག་ཏུ་ངུ་ནི་རྒྱུན་དཔྱད་རྩིས༔ དེ་བཞིན་མདོ་སྡེ་མིག་ནི་བཅུ་གཉིས་ལ༔  མདོ་སྡེ་གསང་བ་ཆེན་པོ་གཏན་འབེབས་རྩིས༔ མདོ་སྡེ་ཁམས་གསུམ་སྣང་བྱེད་རྩིས་དང་ནི༔  མདོ་སྡེ་གཟེར་མིག་ལེགས་ཉེས་བསྟན་པའི་རྩིས༔  མྱ་ངན་འདས་པ་ཤི་བ་རོ་འགྲོས་རྩིས༔  ཤིས་པར་བརྗོད་པ་ཚོང་དང་བག་མའི་རྩིས༔  དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་རྕིས༔  རྡོ་རྗེ་གདན་བཞི་སྲིད་པ་འདྲེ་འཛིན་རྩིས༔  བཀའ་འདུས་རྩིས་གཞུང་ཐམས་ཅད་འདུས་པའི་རྩིས༔  མངོན་པའི་རྩིས་དང་མཁའ་འགྲོའི་རྩིས་སུ་གཏོགས༔  གཉིས་པ་སློབ་དཔོན་གང་གིས་མཛད་པ་ནི༔ འཕགས་པ་འཇམ་དཔལ་རིགས་ནི་ལྔ་ཡོད་པའི༔ རྒྱ་ནག་རི་བོ་དེ་ཤན་བྱ་བ་ལ༔  རྒྱ་ནག་རི་བོ་རྩེ་ལྔ་ཡོད་པ་ཡིན༔  དབུས་ཀྱི་རི་བོ་པེ་ཏ་རྩེ་ཞེས་བྱ༔  དེ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས༔  སྐྱེས་པའི་ཡབ་མེད་བལྟམས་པའི་ཡུམ་ཡང་མེད༔  ཤིང་ནི་འཛམ་བུ་ཏྲི་ཤའི་ཝ་བ་ལ༔  མི་འགྱུར་གསེར་ལྟར་བརྗུས་ནས་སྐུ་འཁྲུངས་པ༔  རུས་སྦལ་རྣམ་པ་ལྔ་དང་ནི༔  རྩ་བཞི་འདུས་པའི་རྒྱུད་བདུན་གསུངས༔  དེ་ནས་གསོན་རྩིས་ཉི་ཁྲི་ཆིག་སྟོང་བཤད༔  གཤིན་པོའི་རྩིས་ལ་ཉི་ཁྲི་ཆིག་སྟོང་བཤད༔  བག་མའི་རྩིས་ལ་ཉི་ཁྲི་ཆིག་སྟོང་དང༔  ས་དཔྱད་རྩིས་ལ་ཉི་ཁྲི་ཆིག་སྟོང་སྟེ༔  རྕིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས༔  གསུམ་པ་མཚན་ནི་སྲིད་པའི་གཙུག་ལག་བཏགས༔  ན་བ་གསོ་ཞིང་ཤི་བ་སྡུར་བར་བྱེད༔  མདོ་སྡེ་ནས་བསྡུས་གཙུག་ལག་གཏན་ལ་ཕབ༔ བོད་ལ་ཕན་པའི་གཙུག་ལག་སྡེ་དགུར་བཏགས༔  གནམ་ས་བར་གསུམ་གསུམ་གསུམ་གབ་རྩེ་དགུ༔  ལོ་དང་ཟླ་བ་ཞག་དང་གསུམ༔  ཟ་མ་སྐར་མ་དུས་ཚོད་གསུམ༔  སྤར་ཁ་སྨེ་བ་ལོ་ཁྱིམ་གསུམ༔  འདི་རྣམས་དགུ་གསུམ་འདུས་པས་དགུ་འདུས་བཏགས༔  ཟླ་བ་བཅུ་གཉིས་རིམ་པ་བཞིན༔  གཟའ་དང་སྐར་མ་ཚེས་གྲངས་ཉི་མ་ནི༔  མི་འགྱུར་བ་ཡི་གཟེར་ནི་བཞི་བཞི་ཡོད༔  རྒྱ་བོད་སྐོར་འགོ་བཅོ་ལྔར་གཏན་ལ་ཕབ༔  འདི་རྣམས་གབ་རྩེའི་མཚན་དུ་བཏགས༔  བཞི་པ་དབུ་ཞབས་དོན་བསྡུས་བསྟན་པ་ནི༔  ཕྱི་ཡི་སྐོར་འགོ་དྲུག་དང་ནང་གི་དྲུག༔  གསང་བའི་དྲུག་སྟེ་བཅོ་བརྒྱད་བསྡུ༔  གསོན་རྩིས་གཤིན་རྩིས་ས་བཅད་གསུམ་དུ་འདུས༔  ལྔ་པ་དོན་བྱེད་གང་གི་དོན་དུ་མཛད་པ་ནི༔  འདི་ནི་དོན་དམ་བདེན་པ་མ་ཡིན་ཏེ༔  ཀུན་རྫོབ་བདེན་པ་རྣམས་ཀྱི་དོན་དུ་མཛད༔  རྒྱ་ནག་མི་ནི་བློ་ལྕི་བསམ་པ་ངན༔  ལས་རྣམས་ངན་པ་སྣ་ཚོགས་ཀུན་ལ་དགའ༔  སྒོ་གསུམ་རྣམ་པར་མི་དབྱེན་བྱ་བ་མང༔  དོན་དམ་བདེན་པའི་ཆོས་ལ་མི་མོས་པར༔  ཀུན་རྫོབ་བདེན་པ་དཔྱད་ལ་མོས་པའི་དོན་དུ་མཛད༔  ཚེ་ཐུང་ནད་མང་ནོར་དབུལ་དགྲ་འདྲེས་གཙེར༔  འཇིགས་པ་བཅུ་དྲུག་རྐྱེན་མི་ཐེག་ཕྱིར་མཛདཿ  འཇིག་རྟེན་ཆོས་བརྒྱད་པ་ཡི་དོན་དུ་མཛད༔  རྩིས་གཏན་ལ་ཕབ་པའི་སྐབས་ཏེ་ཉེར་གསུམ་པའོ༔

མཐའ་མའི་འདོན་ཐེངས་།: 24.03.2015 ཉིན། 4:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།