སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་དུ་མཆིན་པའི་གཉན་ཚད་ཉིན་མོ་སྲུང་བརྩི་ཞུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.07.2014
མདུན་ངོས། >>

 


སྨན་རྩིས་ཁང་དུ་མཆིན་པའི་གཉན་ཚད་ཉིན་མོ་སྲུང་བརྩི་ཞུས་པ།

འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་དེ་ལོ་ལྟར་ཟླ་ ༧ ཚེས་ ༢༨ ཉིན་སྲུང་རྩི་ཞུ་བཞིན་ཡོད། དེའི་དམིགས་ཡུལ་ནི། དབྱེ་བ་ལྔ་ཡོད་པའི་འགོ་ནད་ཅན་གྱི་མཆིན་པའི་གཉན་ཚད་ནད་ཀྱི་སྔོན་འགོག བརྟག་དཔྱད་དང་། བཅོས་ཐབས་སྐོར་གོ་ལ་སྤྱི་ཡོངས་སུ་གོ་རྟོགས་སྤེལ་བ་དང་སྐུལ་མ་གཏོང་ཆེད་ཡིན་པ་རེད། ནད་འདིས་འཛམ་གླིང་ཡོངས་སུ་ལོ་ལྟར་ནད་པ་ཁྱོན་བསྡོམས་འབུམ་བཅུ་བཞི་ཙམ་གྱི་སྲོག་འཕྲོག་བཞིན་པ་གསུངས་བཞིན་ཡོད། འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་གཞུང་འབྲེལ་གྱི་མི་མང་འཕྲོད་བསྟེན་ལས་འགུལ་གྲངས་བརྒྱད་སྲུང་རྩི་ཞུ་བཞིན་པའི་ནང་ནས་གཅིག་ཆགས་ཡོད། ཉིན་དེ་ནི་ད་ལྟའི་ཆར་རྒྱལ་ཁབ་བརྒྱ་ཙམ་དུ་ལས་འགུལ་སྣ་ཚོགས་སྤེལ་བའི་སྒོ་ནས་སྲུང་བརྩི་ཞུ་བཞིན་ཡོད།


ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་རྒྱབ་ཕྱག་ཚོད་བཞི་པའི་ཐོག་ལ་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱིས་གོ་སྒྲིག་འོག་འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་ (World Hepatitis Day) ཐེངས་བདུན་པ་དེ་སྲུང་བརྩི་ཞུས་པ་རེད། དེ་སྐབས་བོད་ལུགས་དང་ཕྱི་ལུགས་སྨན་པ་གཉིས་ཀྱིས་མཆིན་ནད་དུག་ཐབས་ (Hepatitis B) ཐོག་ལ་གསུང་བཤད་ཀྱང་གནང་ཡོད།

ཐེངས་འདི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཕེབས་ཡོད། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་ལགས་དང་། བོད་ལུགས་གསུང་བཤད་གནང་མཁན་ྋརྒྱལ་བའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། ཕྱི་ལུགས་ཐོག་གསུང་བཤད་གནང་མཁན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། དེ་མཚུངས་དགེ་སློབ། སྨན་པ་དང་སྐར་ནག་དབྱངས་རྩིས་པ། ལས་བྱེད། ཕྱི་ནང་གསར་འགོད་པ་བཅས་ཚོགས་བཅར་བ་ཉིས་བརྒྱ་ཙམ་ཕེབས་འདུག  

མཛད་སྒོའི་ཐོག་མར་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་ཀྱིས་གསུངས་དོན། ཕྱི་ལོ་༢༠༠༨ ལོ་ནས་ World Hepatitis Alliance (འཛམ་གླིང་མཆིན་པའི་གཉན་ཚད་མཐུན་སྒྲིག)ནས་ཟླ་༧ ཚེས་༢༨ ཉིན་མཆིན་པའི་གཉན་ཚད་ཉིན་མོར་སྲུང་རྩི་ཟབ་རྒྱས་ཞུས་པ་དང་། ཕྱི་ལོ་ ༢༠༡༠ ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་དེ་ལ་ངོས་ལེན་གནང་རྗེས་ཉིན་དེར་འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོར་སྲུང་རྩི་ཞུ་བཞིན་ཡོད། ཉིན་མོ་དེ་རང་ལ་སྲུང་བརྩི་ཞུ་དགོས་དོན་ནི། གཙུག་ལག་སློབ་དཔོན་ཆེན་པོ་ Dr. Baruch Blumberg ལགས་ལ་མཆིན་ནད་དུག་ཐབས་ཀྱི་ནད་འབུ་དེ་གསར་དུ་བརྙེས་པ་དང་། ཉིན་དེ་ཁོང་གི་སྐྱེས་སྐར་ཡིན་པའི་དབང་གིས་མཆིན་པའི་གཉན་ཚད་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་འཕེལ་ཆེ་བའི་མཆིན་པའི་གཉན་ཚད་ནང་གསེས་ Hep-B, C མཆིན་ནད་དུག་ཐབས་ཐོག་ལ་ཤུགས་མང་བ་བསྐྱོན་བཞིན་ཡོད་ཚུལ་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་ Hep-B དེ་འགོ་ཁྱབ་མང་བ་འགྲོ་བཞིན་འདུག་ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུངས་པ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ཉམས་ཞིབ་སྡེ་ཚན་ལ་མཆིན་པའི་གཉན་ཚད་ཉིན་མོ་དེ་སྲུང་བརྩི་ཞུ་དགོས་པ་དང་། དེའི་སྟེང་བོད་ལུགས་ཀྱི་མཆིན་ནད་དུག་ཐབས་དང་། ཕྱི་ལུགས་ནས་ Hep-B གསུངས་པའི་བརྗོད་གཞི་དེའི་ཐོག་ལ་གསུང་བཤད་གོ་སྒྲིག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་གནང་བ་བཞིན་དེ་རིང་ང་ཚོ་འདིར་ལྷན་འཛོམས་གནང་ཐུབ་པ་བྱུང་ཡོད། སྤྱིར་ World Hepatitis Day ཟེར་དུས་མཆིན་པའི་གཉན་ཚད་ཚང་མ་མཚོན་ཐུབ་མོད་དེ་རིང་གི་བརྗོད་གཞི་འདི་ Hep-B ཞེས་མཆིན་ནད་དུག་ཐབས་སྒང་ལ་ཡིན་པ་རེད། མ་ཟད་ཉམས་ཞིབ་སྡེ་ཚན་ངོས་ནས་དེ་རིང་གི་སྲུང་རྩི་ངོ་བོ་མཚོན་ཕྱིར་འདི་ལོའི་མཆིན་པའི་གཉན་ཚད་ནད་ཀྱི་གནད་ཡིག་དེ་དབྱིན་སྐད་ནས་བོད་བསྒྱུར་ཞུས་ཡོད་པ་དང་། མཛད་སྒོ་འདིར་འཕྲོད་བསྟེན་ལས་ཁུངས་ནས་འགྲོ་གྲོན་སོགས་ཀྱི་མཐུན་རྐྱེན་སྦྱར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། ནད་འདི་ང་ཚོའི་སྤྱི་ཚོགས་ནང་དུ་མང་པོ་ཆགས་ཡོད་པ་དང་། སྤྱིར་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་འདི་ལ་ཞིབ་འཇུག་བྱས་ནས་གྲངས་བཤེར་བྱེད་མེད་ཀྱང་གནད་དོན་འདི་ཐོག་ལ་འབད་བརྩོན་དང་ཉམས་ཞིབ་གནང་གི་ཡོད་པ་བཀའ་གནང་སོང་། ད་དུང་དྲུང་ཆེ་མཆོག་གིས། ན་ནིང་སྦེལ་ཀོབ་ཏུ་མི་ཉིས་སྟོང་ཙམ་ལ་ཞིབ་འཇུག་གནང་སྐབས་དེའི་ནང་གི་བོད་མི་བརྒྱ་ཆ་བརྒྱད་ལ་ནད་འདི་ཡོད་པའི་གནས་ཚུལ་ཐོན་ཡོད། ནད་འདི་ལ་སྔོན་འགོག་ཁབ་རྒྱག་རྒྱུ་དང་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཡིན། དེང་སང་སྐྱེ་བའི་ང་ཚོའི་ཕྲུ་གུ་ཚོར་མཐུན་རྐྱེན་འདི་སྦྱར་ཡོད་པས་དཀའ་ངལ་མེད། རྒྱ་གར་ནང་བོད་མི་རྒན་པ་ཤེས་རྟོགས་ཡོད་པ་རྣམས་ཀྱིས་སྔོན་འགོག་ཁབ་རྒྱག་གི་ཡོད་པ་དང་། ཤེས་རྟོགས་མེད་པ་རྣམས་ནས་སྣང་མེད་དུ་འགྲོ་བཞིན་ཡོད་པ། དཔལ་འབྱོར་རྐྱེན་གྱིས་ཐུབ་དང་མ་ཐུབ་པའི་སྐྱོན་གནད་ཅིག་ཡོད་པའང་གསུངས་སོང་། དེང་སང་ནད་འདིའི་ཐོག་ལ་སློབ་གསོ་དང་། གོ་རྟོགས་ལས་འགུལ་ཤུགས་ཆེན་པོ་སྤེལ་གི་ཡོད་པ་སོང་ཙང་ཤེས་ཀི་མེད་གསུངས་པ་ཡིན་ན་ཁག་པོ་རེད།

བོད་ཀྱི་སྨན་རྩིས་ཁང་དང་ཉམས་ཞིབ་སྡེ་ཚན་ནས་མཛད་སྒོའི་གོ་སྒྲིག་གནང་བར་སྐུ་ངོ་མཆོག་གིས་ཆེ་བསྟོད་དང་བསྔགས་བརྗོད་གནང་བ་རེད། མུ་མཐུད་གསུངས་དོན། སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་གོ་སྒྲིག་འདི་གནང་བ་ཧ་ལས་པའི་གཟི་བརྗིད་དང་ཡག་པོ་ཞེ་དྲགས་ཡིན། ངའི་ཚོར་སྣང་ལ། ནད་གཞི་འདི་སེལ་བར་མཐུན་འགྱུར་ཇི་ཙམ་གནང་ཡོད་པ་ནི། ནད་འདིས་མནར་བའི་ནད་པར་བོད་སྨན་ཐོག་ནས་བཅོས་ཐབས་གནང་རྗེས་ཇི་ཙམ་ཕན་ཐོགས་བྱུང་ཡོད་པ་ནི་ཚང་མས་གསལ་པོ་རྟོགས་ཐུབ། དེ་བཞིན་སྨན་ཁང་ཆེ་ཁག་དང་མཉམ་དུ་འབྲེལ་བ་གནང་རྗེས་ནད་འདི་ལ་ཉམས་ཞིབ་གནང་བར་བསྔགས་བརྗོད་གནང་སོང་།

མཇུག་ཏུ་ཁོང་གིས་མཛད་སྒོ་དེ་ལ་མི་མང་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་ཡིན་པ་དང་། མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ངོས་ནས་རམ་འདེགས་གང་དགོས་པ་ཞུ་ཆོག་རྒྱུའི་ཞལ་བཞེས་ཀྱང་གནང་སོང་།

དེ་ནས་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བོད་ལུགས་གསོ་རིག་ནང་དུ་མཆིན་ནད་དུག་ཐབས་ཀྱི་གཞུང་བཤད་དང་སྨན་བཅོས་མྱོང་ཚོར། དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཕྱི་ལུགས་སུ་ Hep-B ཐོག་ལ་འགྲེལ་བཤད་རྒྱས་པར་གནང་བས་ཚོགས་བཅར་བ་རྣམས་ཀྱི་འདོད་བློ་ཁེངས་ཐུབ་པ་བྱུང་ཡོད་པ་རེད།

མཇུག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་མཁན་རྣམ་པ་གཉིས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་མཇལ་དར་དང་ཕྱག་རྟགས་འབུལ་གནང་སོང་། ཉམས་ཞིབ་སྡེ་ཚན་འགན་འཛིན་ལགས་ནས་ཐུགས་རྗེ་ལེགས་འབུལ་གསུང་བཤད་གནང་བ་དང་། ཉམས་ཞིབ་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་འདི་ལོའི་མཆིན་པའི་གཉན་ཚད་ཉིན་མོའི་གནད་ཡིག "མཆིན་པའི་གཉན་ཚད་ནད་ལ། སླར་ཡང་བསམ་ཞིབ་གནང་རོགས།" ཞེས་ཚོགས་བཅར་བ་རྣམས་ལ་ལན་གསུམ་བསྐྱར་ཟློས་གནང་དུ་བཅུག་ནས་མཛད་སྒོ་དོན་སྙིང་ལྡན་པའི་ཐོག་གྲོལ་བ་རེད།།

 

འདི་ལོའི་མཆིན་པའི་གཉན་ཚད་ཉིན་མོའི་ལས་འགུལ་གྱི་བརྡ་ལན་གཙོ་བོ་བོད་བསྒྱུར་ཞུས་པ།

དང་པོ། གཉིས་པ། དེར་ནོན་ནས་གཟིགས།


མཛད་སྒོའི་ཐོག་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གནང་བའི་གསུང་བཤད་གསན་འདོད་ཡོད་ན།

འདིར་ནོན།


མཐའ་མའི་འདོན་ཐེངས་།: 16.08.2014 ཉིན། 10:23 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།