སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་གི་ལས་བྱེད་༡༥ ལ་ལེགས་སྐྱེས་ཕྱག་འཁྱེར་གནང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2014
མདུན་ངོས། >>



སྨན་རྩིས་ཁང་གི་ལས་བྱེད་༡༥ ལ་ལེགས་སྐྱེས་ཕྱག་འཁྱེར་གནང་བ།

 

འདི་ཟླའི་ཚེས་༡༠ ཉིན་བོད་མིའི་སྒྲིག་འཛུགས་ངོས་ནས་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༢༥ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་ཁྱད་པར་ཅན་ཞིག་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་སྲུང་གཙི་ཞུས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། སྲི་ཞུ་ལས་བྱེད་པ་དང་མི་མང་བཅས་ཁྱོན་མི་གྲངས་སུམ་བརྒྱ་ལྷག་འདུ་འཛོམས་གནང་འདུག

སྐུ་མགྲོན་གཙོ་བ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྩོམ་སྒྲིག་གནང་བའི་༸རྒྱལ་བའི་བཀྲིན་རྗེས་དྲན་དང་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་དཔེ་དེབ་གསུམ་ཞལ་དབྱེ་གནང་བ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་༢o འཁོར་མཁན་རྣམས་ལ་ལེགས་སྐྱེས་ཕྱག་འཁྱེར་གནང་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ངོས་ནས་བོད་ཀྱི་སྨན་རྩིས་ཁང་གི་སྨན་རྩིས་པ་དང་ལས་བྱེད་ཆེ་གེ་མོ་གང་གིས་མི་ལོ་ཧྲིལ་པོ་༢༥ རིང་མང་ཚོགས་འཕྲོད་བསྟེན་དང་འཚོ་བར་བླང་དོར་ལམ་སྟོན་སོགས་ཞུ་སྒོ་གང་ཅིར་ལྷག་བསམ་རྣམ་དག་གནང་བར་བསྔགས་བརྗོད་དང་འབྲེལ་ལེགས་སྐྱེས་ཕྱག་འཁྱེར་དང་། ལེགས་མཚོན་ཧིན་སྒོར་༢༠༠༠ མཇལ་དར་བཅས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་འབུལ་གནང་མཛད་སོང་།

ཁོང་རྣམས་པས་ལོ་ངོ་ཧྲིལ་པོ་༢༥ རིང་རང་བབས་ཀྱི་ཞུ་སྒོ་མཐའ་དག་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བསྒྲུབས་གནང་མཛད་པ་དེ་དག་གཞོན་རབས་ཚོས་མིག་དཔེ་བལྟ་བྱ་ཞིག་ཡིན་ངེས་པ་དང་ཡང་སྒོས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཁོང་པའི་ལོ་རྒྱུས་སྙིང་བསྡུས་རེ་གཤམ་དུ་དགོད་རྒྱུ་ཡིན།


སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས།

སྨན་རམས་པ་བཙུན་མོ་བསྟན་འཛིན་ལྷ་སྒྲོན་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་ཐར་སོན་གནང་སྟེ། ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་མ་ན་ལི་ཡན་ལག་སྨན་ཁང་གི་སྨན་པ་དང༌། ལོ་གཅིག་ཙམ་རྗེས་མ་ན་ལི་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༢ ཟླ་ ༠༨ ཚེས་ ༠༡ ཉིན་དིལླི་ནེ་ཛམ་མུ་དྷིན་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༠༨ ཚེས་ ༠༡ ནས་དབུས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༢༢ ཉིན་སྐུ་བཅར་སྨན་པའི་ལས་གནས་སུ་བསྐོ་བཞག་བསྩལ། ཕྱི་ལོ་༢༠༠༨ ཟླ་ ༡༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ལ་ལས་བཀོད་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་དྷ་སྟེང་ཡན་ལག་སྨན་ཁང་གི་སྨན་པར་བསྐོ་བཞག་གནང་། སྐུ་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན་གཉིས་ཀར་སྦྱངས་བརྩོན་ལྷོད་མེད་གནང་བའི་འབྲས་བུར། ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་ཉམས་གསོག་སྨན་པ་ཇི་སྙེད་ཅིག་ལ་ལག་ལེན་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ནོར་ཝེ་དང་། སུ་ཌེན། སུད་སི། ཧྥ་རན་སི། ཉི་ཧོང་། ཨ་རི་བཅས་སུ་སྨན་སྐོར་དང་གཏམ་བཤད་སོགས་གནང་ཡོད། ད་ལྟའི་ཆར་དྷ་སྟེང་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པ་དང་སྐུ་བཅར་སྨན་པའི་ལས་འཁུར་ཞུ་བཞིན་ཡོད།


སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས།

སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་སྨན་དཔྱད་ཀྱི་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཏེ་ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ལོར་སློབ་སྤྱི་གཞོན་པའི་ལས་གནས་ཐོག་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༡༠
ཚེས་ ༠༡ ནས་སློབ་སྤྱིའི་ལས་གནས་སུ་བསྐོ་བཞག་བསྩལ། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཧོ་ལེནཌ་(Holland)དང་། ཇར་མ་ནི། ཨ་རི། ཨིན་ཡུལ། ཧྥ་རན་སི། ཨོ་སི་ཀྲེ་རི་ཡ་Austria བཅས་སུ་སྨན་སྐོར་དང་། 
བགྲོ་གླེང་ཁག་ལ་གཏམ་བཤད་གནང་བ་དང༌དཔྱད་རྩོམ་སྤེལ། སྨན་རྩིས་མཐོ་སློབ་ནང་ཕྱི་མི་དོན་གཉེར་ཅན་རྣམས་ལ་བོད་སྨན་སྐོར་ཟབ་སྦྱོང་གོ་སྒྲིག་དང༌། སྨན་སློབ་རྣམས་ཀྱི་སློབ་ཚན་ཆ་བགོས་རྩོམ་སྒྲིག་དང༌། ཕྱི་ལོ་༡༩༩༤ ལོར་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་གནང༌། ཕྱོགས་མཚུངས་སྨན་པའི་ལྷན་ཚོགས་ཀྱི་བཀའ་ཁྱབ་འོག་སྨན་པ་བསྡུས་ར་བ་དང༌། སྨན་པ་དཀའ་བཅུ་པའི་སློབ་ཚན་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་གནང༌། སྐུ་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན་ལ་སྦྱངས་བརྩོན་ལྷོད་མེད་བགྱིས་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་བསྩལ། ད་ལྟའི་ཆར་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱིའི་ལས་འཁུར་ཞུ་བཞིན་ཡོད།


སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས།
སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པར་སྦྱངས་པ་ཐར་སོན་གནང་སྟེ། ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་ཐོག་མར་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འཁུར་ཞུས་པ་དང་བོད་སྨན་གྱིས་འབྲས་ནད་ལ་ཕན་བསྐྱེད་ཇི་འདྲ་ཡོད་མེད་ཐད་ཉམས་ཞིབ་ཞུ་འགོ་བརྩམས། ཕྱི་ལོ་༡༩༩༡ ཟླ་ ༠༦ ཚེས་ ༠༡ ཉིན་བྷེང་ལོར་ཡན་ལག་སྨན་པ་འགན་འཛིན་གྱི་ལས་གནས་སུ་གནས་སྤོས་བསྩལ་དང་འབྲས་ནད་ཉམས་ཞིབ་མུ་མཐུད་མཇུག་སྐྱོང་གནང་། དེར་མ་ཟད་སྨན་རྩིས་ཁང་དང་དིལླི་རྒྱལ་ཡོངས་སྨན་གྱི་མཐོ་སློབ་(AIIMS) གཉིས་མཉམ་འབྲེལ་གྱིས་ཟ་ཁུ་གཅིན་སྙིའི་ནད་གཞི་གསར་པ་དང༌འབྲས་ནད་ལ་བོད་སྨན་གྱིས་ཕན་ནུས་ཇི་ཐོན་ཉམས་ཞིབ་གནང་སྐབས་ཉམས་ཞིབ་སྨན་པའི་ལས་འཁུར་ཞུས་ཏེ་གྲུབ་འབྲས་ཀྱང་ལེགས་སོན་བྱུང་ཡོད། འདས་པའི་ལོ་ཤས་རིང་གྲོང་ཁྱེར་ཅེ་ནའི་དང་། ཧེདྷར་བཏ། ཀོ་ཅི། ཀེ་རེ་ལ་བཅས་སུ་ཟླ་རེར་སྨན་སྐོར་བསྐྱོད་མཛད་དེ། རིམ་པར་ཅེན་ནའི་དང༌ཧེདྷར་བཏ་གཉིས་སུ་ཡན་ལག་སྨན་ཁང་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། ཕྱི་ལོ་༢༠༠༧ ནས་ ༢༠༡༠ བར་ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས། སྐུ་ཉིད་ནས་བོད་ཀྱི་གསོ་བ་རིག་པའི་ཞུང་ལུགས་དང་ལག་ལེན་གཉིས་ཀར་དོ་དབྱིངས་བྱས་པའི་གྲུབ་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ཉིན་སྨན་རམས་པ་ཆུང་བར་གནས་སྤར་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་རྒྱལ་སྤྱིའི་སྨན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཧྤ་རན་སི་དང་། ཇར་མ་ནི། སུད་སི། ཧོ་ལེནཌ། ལྷོ་ཀོ་རི་ཡ། ཕི་ལི་པིནྶ་(Philipines)བཅས་སུ་བསྐྱོད་དེ་བརྟག་དཔྱད་སྨན་བཅོས་དང༌བོད་སྨན་སྐོར་གཏམ་བཤད་ཞུས། སྨན་རྩིས་ཁང་གི་ཉམས་གསོག་སྨན་པ་ཇི་སྙེད་ཅིག་ལ་རང་གིས་ལོ་མང་བསགས་པའི་ནད་ཐོག་ཉམས་མྱོང་བུམ་པ་གང་བྱོའི་ཚུལ་དུ་གནང་བ་དང་། གསོ་རིག་གཞུང་དང་ལག་ལེན་གཉིས་ཀ་མི་ཉམས་རྒྱུད་འཛིན་གནང་བར་རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་(Indian Board of Alternative Medicine) དང་American Institute of Intellectuals And Excellent Service ཞེས་པའི་ཚོགས་པ་ཁག་ནས་གཟེངས་རྟགས་དང་ཕྱག་ཁྱེར་བསྩལ་གནང་ཡོད། ད་ལྟའི་ཆར་བྷེང་ལོང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འཁུར་ཞུ་བཞིན་ཡོད།

 
རྩིས་རམས་པ་རྡོ་རྗེ་དབང་རྒྱལ་ལགས།
རྩིས་རམས་པ་རྡོ་རྗེ་དབང་རྒྱལ་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་ཐར་སོན་གནང་སྟེ། ཕྱི་ལོ་ ༡༩༨༩ ཟླ་ ༠༣ ཚེས་ ༠༡ ནས་སྨན་རྩིས་ཁང་དུ་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༠༤ ཚེས་ ༡༠ ནས་སྐར་རྩིས་སྡེ་ཚན་གྱི་འགན་འཛིན་ལས་གནས་སུ་བསྐོ་བཞག་བསྩལ། སྐར་རྩིས་སྡེ་ཚན་དུ་སྨན་རྩིས་ཁང་གི་རྩིས་སློབ་ཉམས་གསོག་པར་སློབ་འཁྲིད་དང༌། སྐུའི་དགུང་བཀག་སྐེག་རྩིས་འདོན་རྒྱུའི་ལས་དོན་རྣམས་བསྒྲུབས་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༠༣ ཚེས་ ༠༡ ནས་དམིགས་བཀར་རྩིས་ཀྱི་ལས་རིགས་འགན་འཁུར་བར་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཉི་ཧོང་དུ་བསྐྱོད་དེ་བོད་ཀྱི་སྐར་དཔྱད་རྩིས་རིག་སྐོར་གཏམ་བཤད་དང༌རྩིས་འབྲས་འདོན་སྤེལ་ཞུས། ལས་ཡུན་རིང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང༌། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་མི་གནང་ཡོད། སྐུ་ཉིད་ནས་བོད་ཀྱི་སྐར་ནག་དབྱངས་རྩིས་ཀྱི་གཞུང་དང་ལག་ལེན་གཉིས་ཀར་འབད་བརྩོན་ལྷོད་མེད་གནང་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ནས་རྩིས་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༡ནས་རྩིས་རམས་པ་འབྲིང་བར་གནས་སྤར་བསྩལ་བ་དང་ད་ལྟའི་ཆར་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ནང་ཕྱག་ལས་གནང་བཞིན་ཡོད།

 

རྩིས་རམས་པ་ལྷ་དབང་ཚེ་རིང་ལགས།
རྩིས་རམས་པ་ལྷ་དབང་ཚེ་རིང་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་སྐར་ནག་དབྱངས་རྩིས་ལ་སྦྱངས་པ་ཐར་སོན་གནང་སྟེ། ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་སྨན་རྩིས་ཁང་དུ་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་༡༩༩༧ ཟླ་ ༠༦ ཚེས་ ༠༡ ཉིན་སྨན་རྩིས་ཁང་གི་གནས་ཚུལ་ཕྱོགས་སྒྲིག་དང༌པར་སྐྲུན་སྡེ་ཚན་དུ་སྐར་རྩིས་པའི་ལས་གནས་སུ་གནས་སྤོས་ཐོག་སྨན་རྩིས་སློབ་དེབ་པར་སྐྲུན་དང་། དཔེ་རྙིང་མཁོ་སྒྲུབ། སྨན་རྩིས་དུས་དེབ་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་གནང་།  ཕྱི་ལོ་ ༢༠༠༤ ཟླ་ ༠༥ ཚེས་ ༠༡ ཉིན་སྐར་རྩིས་སྡེ་ཚན་ཁོངས་སུ་སྐར་རྩིས་ཉམས་ཞིབ་པའི་ལས་བཀོད་བསྩལ་བ་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༠༡ ཉིན་དཔེ་དེབ་ཞིབ་འཇུག་དང༌པར་སྐྲུན་སྡེ་ཚན་གྱི་སྐར་རྩིས་པར་གནས་སྤོས་གནང་། སྐུ་ཉིད་ནས་བོད་ཀྱི་སྐར་ནག་དབྱངས་རྩིས་ལ་འབད་བརྩོན་ལྷོད་མེད་གནང་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ནས་རྩིས་རམས་པ་ཆུང་བར་གནས་སྤར་བསྩལ། ཕྱི་ལོ་ ༢༠༡༣ ཟླ་ ༠༦ ཚེས་ ༡༧ ཉིན་དཔེ་དེབ་ཞིབ་འཇུག་དང༌པར་སྐྲུན་སྡེ་ཚན་གྱི་འགན་འཛིན་གཞོན་པ་དང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༠༡ ནས་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བསྩལ་ཏེ། ད་ལྟ་སྡེ་འགན་གྱི་ལས་འཁུར་ཞུ་མུས་ཡིན།

 
སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས།
སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་གཞུང་ལ་སྦྱངས་པ་ཐར་སོན་གནང་སྟེ། ཕྱི་ལོ་ ༡༩༨༩ ཟླ་ ༠༣ ཚེས་ ༠༡ ནས་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་གི་སྨན་པའི་ལས་འཁུར་ཞུས། སྐབས་དེའི་སྨན་སྦྱོར་ཁང་གི་འགན་འཛིན་སྨན་པ་ཞིང་གཤེགས་བསྟན་འཛིན་རྣམ་རྒྱལ་མཆོག་དང་། བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག སྐུ་བཅར་སྨན་པ་རྣམ་རྒྱལ་ཚེ་རིང་བཅས་ནས་དངུལ་ཆུ་བཙོ་ཐལ་གྱི་ལག་ལེན་སོགས་སྨན་སྦྱོར་མན་ངག་དུ་མ་བུམ་པ་གང་བྱོའི་ཚུལ་དུ་ཁོང་ལ་གནང་། ཕྱི་ལོ་ ༢༠༠༡ ཟླ་ ༠༤ ཚེས་ ༠༡ ནས་སྨན་སྦྱོར་ཁང་གི་འགན་འཛིན་གཞོན་པའི་ལས་གནས་ཐོག་བསྐོ་བཞག་བསྩལ། སྨན་སྦྱོར་ཁང་གི་དགོས་མཁོ་ལྟར་སྨན་རྒྱུ་མཁོ་སྒྲུབ་དང་དེ་བཞིན་སྨན་སློབ་རྣམས་ལ་སྔོ་སྨན་སློབ་འཁྲིད་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་༡༨ ནས་ཟླ་གསུམ་རིང་ཉི་ཧོང་དུ་དེང་དུས་རིག་གསར་ཐོག་སྔོ་སྨན་བརྟག་དཔྱད་དང་སྤུས་ཚད་དབྱེ་ཞིབ་ཀྱི་ཟབ་སྦྱོང་དུ་བསྐྱོད། ཕྱི་ལོ་ ༢༠༠༧ ཟླ་ ༠༧ ཚེས་ ༡༣ ནས་སྨན་སྦྱོར་ཁང་གི་འགན་འཛིན་དུ་བསྐོ་བཞག་བསྩལ། སྐུ་ཉིད་ནས་བོད་ཀྱི་གསོ་རིག་གཞུང་དང་ལག་ལེན་གཉིས་ཀར་འབད་བརྩོན་ལྷོད་མེད་གནང་བར་བརྟེན་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་བསྩལ། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་གྱི་འགན་འཛིན་གནང་་མུས་ཡིན།


སྨན་རམས་པ་ཀུན་བཟང་སྒྲོལ་མ་ལགས།

སྨན་རམས་པ་ཀུན་བཟང་སྒྲོལ་མ་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཏེ་ ༡༩༨༩ ཟླ་ ༠༣ ཚེས་ ༠༡ ནས་མན་སྤར་ཡན་ལག་སྨན་ཁང་གསར་པའི་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༠༥ ཚེས་ ༡༠ ཉིན་ཌལ་ཧོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྩལ། ཌལ་ཧོར་བཞུགས་རིང་དགུན་དུས་གནས་མཆོག་རྡོ་རྗེ་གདན་དུ་རྟག་འཆར་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༠༤ ཚེས་ ༡༠ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་གནས་སྤོས་བསྩལ། ར་ཇི་པུར་སྨན་པའི་ལས་འཁུར་རིང་མ་སུ་རིར་ཟླ་རེ་ཐེངས་གཉིས་རྟག་འཆར་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཀ་ཛག་ཀ་སི་ཐན་(Kazakhsthan) དུ་བརྟག་དཔྱད་སྨན་སྐོར་དུ་བསྐྱོད། རང་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་སུ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་བསྩལ། སྨན་རྩིས་ཁང་གི་ཉམས་གསོག་སྨན་པ་ཇི་སྙེད་ཅིག་ལ་རང་གིས་ལོ་མང་བསགས་པའི་ནད་ཐོག་གི་ཉམས་མྱོང་བུམ་པ་གང་བྱོའོ་ཚུལ་དུ་གནང་ཡོད་པ་དང་། ད་ལྟའི་ཆར་ར་ཇ་པུར་ཡན་ལག་སྨན་ཁང་དུ་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་ཡོད།

 

རྩིས་རམས་པ་དཀོན་མཆོག་བསྟན་འཛིན་ལགས།
རྩིས་དགེ་དཀོན་མཆོག་བསྟན་འཛིན་ལགས་ནས་སྨན་རྩིས་ཁང་དུ་བོད་ཀྱི་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༠༣ ཚེས་ ༠༡ ནས་སྐར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༣ ཟླ་ ༠༤ཚེས་ ༠༡ ནས་སྨན་རྩིས་མཐོ་སློབ་ཁང་གི་རྩིས་དགེར་བསྐོ་བཞག་བསྩལ། སྐུ་ཉིད་ནས་བོད་ཀྱི་སྐར་ནག་དབྱངས་རྩིས་དང་ལག་ལེན་ལ་སྦྱངས་བརྩོན་ལྷོད་མེད་བགྱིས་འབྲས་སུ་ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༠༡ ནས་རྩིས་རམས་པ་ཆུང་བ་དང༌། ཕྱི་ལོ་ ༢༠༠༩ ཟླ་ ༠༤ ཚེས་ ༠༡ ནས་རྩིས་རམས་པ་འབྲིང་བར་གནས་སྤར་བསྩལ། ད་ལྟའི་ཆར་སྨན་རྩིས་མཐོ་སློབ་ཁང་དུ་རྩིས་དགེའི་ལས་འཁུར་ཞུ་བཞིན་ཡོད།

 

སྨན་རམས་པ་བློ་བཟང་ཆོས་འབྱོར་ལགས།
སྨན་རམས་པ་བློ་བཟང་ཆོས་འབྱོར་ལགས་ནས་སྨན་རྩིས་ཁང་དུ་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་ཐར་སོན་ཏེ། ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་ཐོག་མར་མོན་གྷོ་འདོད་རྒུ་གླིང་སྨན་རྩིས་ཡན་ལག་སྨན་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་བལ་ཡུལ་པོག་རཱ་བཀྲ་ཤིས་དཔལ་འཁྱིལ་ཡན་ལག་སྨན་ཁང་གི་སྨན་པ་དང༌རྩིས་པ་གཅིག་ལྕོགས་གནང་། ཕྱི་ལོ་༡༩༩༣ ཟླ་ ༠༣ ཚེས་ ༠༡ ནས་བལ་ཡུལ་ཆ་ཏ་པ་ཀྲི་ཡན་ལག་སྨན་ཁང་གི་སྨན་པའི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༡༩༩༨ ཟླ་ ༠༥ ཚེས་༡༠ ནས་སླར་པོག་ར་བཀྲ་ཤིས་དཔལ་འཁྱིལ་དུ་ཡན་ལག་སྨན་པ་འགན་འཛིན་གྱི་ལས་གནས་སུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༤ ཟླ་ ༠༩ ཚེས་ ༢༥ ཉིན་ར་ཇི་པུར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༩ ཟླ་ ༠༥ ཚེས་ ༣༠ ཉིན་དབུས་སྨན་རྩིས་ཁང་གི་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་སྨན་པའི་ལས་བཀོད་དང༌། ཟླ་ ༠༧ ཚེས་ ༠༡ ནས་སྡེ་ཚན་དེའི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་བཞག་བསྩལ། སྐུ་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན་ཐོག་སྦྱངས་བརྩོན་ལྷོད་མེད་བགྱིས་འབྲས་སུ། ཕྱི་ལོ་༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བ་དང། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་བསྩལ། ལས་ཡུན་རིང་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཕྱི་རྒྱལ་ཡུལ་གྲུ་ཨུ་རུ་སུ་དང་། ཀ་ཛག་ཀ་སི་ཐན་(Kazakhsthan) དུ་སྨན་སྐོར་དང་བོད་སྨན་སྐོར་གཏམ་བཤད་གནང་། སྨན་རྩིས་ཁང་གི་ཉམས་གསོག་གི་སྨན་པ་ཇི་སྙེད་ཅིག་ལ་ནད་ཐོག་ཉམས་མྱོང་སྤེལ་བ་དང་འཕྲོད་བསྟེན་གཏམ་བཤད་སོགས་གནང་ཡོད། ད་ལྟའི་ཆར་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་མི་དང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་ཡོད།

 

སྨན་རམས་པ་པདྨ་དབྱངས་ཅན་ལགས། 

སྨན་རམས་པ་པདྨ་དབྱངས་ཅན་ལགས་ནས་སྨན་རྩིས་ཁང་དུ་གསོ་རིག་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པ་ཐར་སོན་གནང་སྟེ། ཕྱི་ལོ་ ༡༩༨༨ ཟླ་ ༠༣ ཚེས་ ༠༡ ནས་ཐོག་མར་བུབ་ནེ་ཤི་བར་ཡན་ལག་སྨན་ཁང་དུ་སྨན་པ་དང་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༩ ཟླ་ ༠༧ ཚེས་ ༠༡ ནས་དིལླི་ནེ་འཛམ་མུ་ལྡིན་ཡན་ལག་སྨན་པར་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༡ ཟླ་ ༠༨ ཚེས་ ༢༥ ཉིན་ནེ་འཛམ་མུ་ལྡིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་གནས་སུ་བསྐོ་བཞག་བསྩལ། ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༡༨ ཉིན་དིལླི་ལ་དྭགས་ནང་དགོན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་བསྩལ་བ་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༠༡ ནས་སླར་ནེ་ཛམ་མུ་དྷིན་ཡན་ལག་སྨན་ཁང་གི་སྨན་པར་གནས་སྤོས་བསྩལ། སྐུ་ཉིད་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལག་ལེན་ལ་སྦྱངས་བརྩོན་ལྷོད་མེད་བགྱིས་འབྲས་སུ་ཕྱི་ལོ་ ༡༩༩༩ ཟླ་ ༠༤ ཚེས་ ༠༡ ནས་སྨན་རམས་པ་ཆུང་བར་གནས་སྤར་བསྩལ། སྨན་རྩིས་ཁང་གི་ཉམས་གསོག་སྨན་པ་ཇི་སྙེད་ཅིག་ལ་ནད་ཐོག་གི་ཉམས་མྱོང་ཡང་སྤེལ་ཡོད་པ་བཅས་ད་ལྟའི་ཆར་ནི་ཛམ་མུ་དྷིན་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འཁུར་ཞུ་བཞིན་ཡོད།

 

སྨན་རྩིས་ལས་སྣེ་བ་རིག་འཛིན་སྒྲོལ་མ་ལགས།

སྨན་རྩིས་ལས་སྣེ་བ་རིག་འཛིན་སྒྲོལ་མ་ལགས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ ༡༩༨༨ ཟླ་ ༡༠ ཚེས་ ༠༡ ནས་ཐོག་མར་སྒང་ཏོག་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༦ ཟླ་ ༡༢ ཚེས་ ༣༡ ཉིན་དབུས་སུ་གར་དགོས་ཀྱི་ལས་གནས་སུ་ལས་བཀོད་བྱས། ཕྱི་ལོ་ ༡༩༩༧ ཟླ་ ༠༥ ཚེས་ ༠༡ ནས་སྦིར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བའི་ལས་བཀོད་དང༌། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༠ ནས་ཇའི་སྒང་ཡན་ལག་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༣ ཟླ་ ༠༦ ཚེས་ ༡༥ ནས་ས་ལུ་སྒ་ར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་གནས་པར་ལས་བཀོད་བྱས། ཕྱི་ལོ་ ༢༠༠༩ ཟླ་ ༠༣ ཚེས་ ༠༩ ནས་སླར་ཇའི་སྒང་ཡན་ལག་ཏུ་སྨན་རྩིས་ལས་སྣེ་བ་དང༌། ཕྱི་ལོ་ ༢༠༡༠ ཟླ་ ༠༦ ཚེས་ ༢༥ ཉིན་སྒང་ཏོག་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་བ་དང་ད་ལྟའི་ཆར་ཡང་ཡན་ལག་དེར་སྨན་རྩིས་ལས་སྣེ་བའི་ལས་འཁུར་ཞུ་བཞིན་ཡོད།

 

སྨན་རྩིས་ལས་སྣེ་བ་ཕུར་བུ་སྒྲོལ་མ་ལགས། 

ཧོན་སུར་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ་ཕུར་བུ་སྒྲོལ་མ་ལགས་ནས་ཕྱི་ལོ་༡༩༨༩ ཟླ་ ༠༥ ཚེས་ ༡༦ ནས་ཀོ་ལི་གྷལ་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་བའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ཚེས་ ༡༠ ཉིན་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༡༡ ཟླ་ ༠༡ ཚེས་ ༠༣ ཉིན་ཧོན་སུར་ཡན་ལག་སྨན་ཁང་དུ་གནས་སྤོས་བསྩལ་བ་དང་སྨན་རྩིས་ལས་སྣེ་བའི་ལས་འཁུར་ཞུ་བཞིན་ཡོད།


སྨན་རྩིས་ལས་སྣེ་བ་བསོད་ནམས་གཡང་སྒྲོལ་ལགས།

སྨན་རྩིས་ལས་སྣེ་བ་བསོད་ནམས་གཡང་སྒྲོལ་ལགས་ནས་ཕྱི་ལོ་ ༡༩༨༩ ཟླ་ ༠༩ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་པའི་ལས་འཁུར་ཞུས། ཕྱི་ལོ་༡༩༩༣ ཟླ་ ༠༢ ཚེས་ ༠༡ ནས་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་གནང་། དེ་ནས་ཕྱི་ལོ་༡༩༩༩ ཟླ་ ༠༥ ཚེས་༡༥ ནས་མོན་གྷོ་གཞིས་གྲོང་ ༦ ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་པར་གནས་སྤོས་གནང་བ་དང་ད་ལྟ་མུ་མཐུད་ལས་གནས་དེ་གའི་ཐོག་ཕྱག་ལས་གནང་བཞིན་ཡོད།


ཨིན་དྲུང་ཚེ་བརྟན་རྡོ་རྗེ་ལགས།

ཨིན་དྲུང་ཚེ་བརྟན་རྡོ་རྗེ་ལགས་ནས་ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་དྲ་ལམ་སྨན་བཅོས་ཀྱི་ཡིག་འབྲེལ་ཞུས་པ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༠༧ ཚེས་ ༠༡ ནས་སྨན་རྩིས་ཁང་གི་འགན་འཛིན་གྱི་ཨིན་དྲུང་དུ་བསྐོ་བཞག་བསྩལ། ལས་ཡུན་རིང་སྨན་རྩིས་ཁངགི་སྐུ་ཚབ་ཏུ་ཕྱི་ལོ་ ༡༩༩༥ ལོར་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཇར་མ་ནི་དང་། སུད་སི། ཧྥ་རན་སི། ཨིཊ་ལི། ཧོ་ལེནཌ། ཨིན་ཡུལ། སུ་ཌན། ཨོ་སི་ཀྲེ་རི་ཡ་(Austria)བཅས་སུ་སྨན་སྐོར་བསྐྱོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ལྷོ་ཨ་མི་རི་ཀའི་གླིང་ཆེན་ནང་གནས་ཆགས་པའི་ཨར་ཇན་ཀྲི་ན་(Argentina)དང་། ཅི་ལི་(Chille) ཀོ་ལོམ་བི་ཡ་(Columbia) བཅས་སུ་སྨན་སྐོར་དུ་བསྐྱོད། ཕྱི་ལོ་༡༩༩༢ ནས་བཟུང་སྨན་རྩིས་ཁང་གི་འགན་འཛིན་རིམ་བྱོན་གྱི་ཨིན་དྲུང་གནང་བ་དང་ད་ལྟའི་ཆར་ཡང་ཨིན་དྲུང་གི་ལས་འཁུར་ཞུ་མུས་ཡིན།

 

སྨན་སྤྲོད་ཀུན་འཛོམས་བཟང་མོ་ལགས།
ཀུན་འཛོམས་བཟང་མོ་ལགས་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༠༡ ནས་བལ་ཡུལ་ཡན་ལག་སྨན་ཁང་དུ་སྨན་སྤྲོད་ཀྱི་ཞུས། ཕྱི་ལོ་ ༡༩༩༢ ཟླ་ ༠༣ ཚེས་ ༠༧ ཉིན་ཀོ་ལི་གྷལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་བསྩལ། ཕྱི་ལོ་ ༢༠༠༠ ཟླ་ ༠༤ ཚེས་ ༡༤ ཉིན་དབུས་སྨན་རྩིས་ཁང་གི་སྨན་མཛོད་ཕྱིར་གཏོང་ཁོངས་སུ་སྨན་སྤྲོད་པའི་ལས་གནས་སུ་གནས་སྤོས་བསྩལ། དེའི་རིང་དྷ་ས་ཉེ་འཁོར་དང༌། མངའ་སྡེ་གཞན་དུ་སྨན་སྐོར་དུ་བསྐྱོད་པ་དང༌། ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༠༡ ཉིན་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་བསྩལ། ༢༠༡༡ ལོའི་ཟླ་བ་ ༠༣ ཚེས་ ༢༣ ཉིན་དྷ་སྟེང་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་གནས་སྤོས་གནང་བ་དང་ད་ལྟ་སྨན་སྤྲོད་ཀྱི་ལས་འཁུར་ཞུ་མུས་ཡིན།


སྲིད་སྐྱོང་མཆོག་དང་མཉམ་དུ་བསྒྲོན་པའི་འདྲ་དཔར་རྣམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ།
སྨན་རྩིས་ཁང་གི་ལས་བྱེད་རྣམས་པའི་ལོ་རྒྱུས་དེ་དག་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་དྲུང་ཆེ་མཆོག་ནས་གནང་བ་གཞིར་བཟུང་བཀོད་ཡོད།

 

མཐའ་མའི་འདོན་ཐེངས་།: 16.01.2015 ཉིན། 11:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།