སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་མཛད་སྒོའི་སྐབས་གལ་ཆེའི་གསུང་བཤད་གནང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.03.2014
མདུན་ངོས། >>


ཕྱི་ལོ་༡༩༦༡ ཟླ་༣ ཚེས་༢༣ གྱི་ཉིན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྐབས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་པ། ད་ལྟའི་ཆར་སྨན་རྩིས་ཁང་ལ་མི་ཆ་དང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཡོད་ཀྱང་འབྱུང་འགྱུར་མི་ལོ་སུམ་ཅུ་བཞི་བཅུའི་རྗེས་སུ་རྒྱལ་སྤྱིའི་ནང་བོད་སྨན་གྱིས་ཁ་གྲག་ཡོང་གི་རེད། དེ་ལྟར་བཀའ་ཕེབས་ཡོད་པ་བཞིན་སྨན་རྩིས་ཁང་ཐོག་མར་མེད་པ་ནས་ཡོད་པ་བཟོས་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་ཕྱིན་ཏེ་ད་ཆ་ལོ་ངོ་༥༣ རྗེས་སུ་ཕྱི་ནང་མི་རིགས་མང་པོས་སྨན་རྩིས་ཁང་གི་ལས་བྱེད་དང་ལས་གཞི་ལ་དགའ་མོས་དང་རྒྱབ་སྐྱོར་བསྔགས་བརྗོད་ཞུ་མུས་ཀྱང་སྨན་རྩིས་ཁང་ལ་གོ་སྐབས་ཡོད་པ་ལྟར་ཇི་བཞིན་སྒྲུབ་ཐུབ་ཀྱི་མེད་པའི་ཐུགས་ཚབས་ྋགོང་ས་མཆོག་ལ་ཡོད་པའི་སྐོར་སྨན་རྩིས་ཁང་གི་ལས་སློབ་ཚོགས་འདུའི་སྐབས་དུས་ནས་དུས་སུ་བརྗོད་རྒྱུ་བྱུང་བ་ལྟར། དེ་རིང་གི་མཛད་སྒོ་འདིའི་ཐོག་ལའང་བསྐྱར་ཟློས་ཞུ་རྒྱུ་ཡིན།

ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༥ ཉིན་དབར་བོད་ཀྱི་སྨན་རྩིས་ཁང་དུ་ལས་བྱེད། ལས་མི། སློབ་ཕྲུག་བཅས་ཀྱི་གྲངས་འབོར་ནི། སྨན་པ་སྐྱེས་པ་༩༤ དང་། བུད་མེད་༥༦ བསྡོམས་༡༥༠། སྐར་ནག་དབྱངས་རྩིས་པ་ཕོ་༡༡ དང་། མོ་༡༠ བསྡོམས་༢༡། འཛིན་སྐྱོང་ལས་བྱེད་ཕོ་༡༣༨ དང་། མོ་༡༤༣ བསྡོམས་༢༨༡། ལས་མི་ཕོ་༡༢༡ དང་། མོ་༥༡ བསྡོམས་༡༧༢། ཆོད་གན་སྨན་པ་ཕོ་༡།  འཛིན་སྐྱོང་དུ་ཆོད་གན་ལས་བྱེད་ཕོ་༦། སྨན་སློབ་སྐབས་༡༧། ༡༨། ༡༩། གསུམ་ལ་བུ་༤༨ དང་། བུ་མོ་༣༩ བསྡོམས་༨༧། སྐར་ནག་དབྱངས་རྩིས་སྐབས་༩། ༡༠། གཉིས་ལ་བུ་༨ དང་། བུ་མོ་༡༦ བསྡོམས་༢༤། བོད་ཀྱི་སྨན་རྩིས་ཁང་དུ་ལས་བྱེད་དང་། ལས་མི། སློབ་ཕྲུག་བཅས་ཁྱོན་བསྡོམས་༧༤༢ ཡོད།

ཚོགས་ཆུང་མང་པོས་སྨན་རྩིས་ཁང་གི་འཛིན་སྐྱོང་བྱེད་ཀྱི་ཡོད་ཀྱང་འགན་འཛིན་གྱིས་འགན་ཁུར་ཞུ་ཡུལ་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཕུད་ཚོགས་ཆུང་གཞན་རྣམས་འགན་འཛིན་ལ་རམ་འདེགས་ཞུ་མཁན་ཡིན། 

འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་མཚན་གནས་རྗེས་འབྲེལ་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་ཚོགས་གཙོ་དང་། མཚན་གནས་རྗེས་འབྲེལ་འཕྲོད་བསྟེན་དྲུང་ཆེ་ཚོགས་གཞོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་ནང་ཤེས་གསུམ་གྱི་དྲུང་ཆེ་རྣམ་པ་མཚན་གནས་རྗེས་འབྲེལ་གྱི་ཚོགས་མི།  སྨན་རྩིས་ཁང་གི་འགན་འཛིན་རྒྱུན་ཞུགས་འགན་འཛིན། མཚན་གནས་རྗེས་འབྲེལ་བདེ་ལེགས་སྨན་ཁང་གི་འགན་འཛིན། མཚན་གནས་རྗེས་འབྲེལ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན། སྨན་རྩིས་ཁང་གི་སྨན་པ་གཙོ་བོ་བཅས་འགན་འཛིན་ལྷན་ཚོགས་སུ་ཚོགས་མི་གྲངས་དགུ་ཡོད།

སྨན་རྩིས་ཁང་གི་འགན་འཛིན་ལ་རམ་འདེགས་ཞུ་མཁན་གྱི་ཚོགས་ཆུང་རྣམས་ནི། ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཞེས་སྨན་པ་དང་སྐར་ནག་དབྱངས་རྩིས་པ་རྒན་གྲས་བཅུ་ཡོད་པའི་གལ་ཆེའི་ལྷན་ཚོགས་ཞིག་དང་། དངུལ་རྩིས་དང་འཛིན་སྐྱོང་ཚོགས་ཆུང་། ས་ཁང་ཚོགས་ཆུང་། ལས་བྱེད་བདེ་དོན་ཚོགས་ཆུང་། སྤྱི་ཐབ་ཚོགས་ཆུང་། བུ་བཅོལ་ཁང་ཕ་མའི་ཚོགས་ཆུང་བཅས་དང་། ལས་བྱེད་འདེམས་བསྐོའི་རིགས་འགན་འཛིན་གྱིས་དུས་ནས་དུས་སུ་ལས་དོན་ངོ་བོར་གཞིགས་པའི་ཚོགས་མི་ཉུང་མཐར་བདུན་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་བྱེད་ཀྱི་ཡོད། ཚོགས་ཆུང་འགའ་ཞིག་གི་ལས་དོན་ངོ་བོའི་ཆ་ནས་རྒྱུགས་བཞེས་འདེམས་སྒྲུག་སྟེ་ཡིག་ཚད་གཏོང་རྒྱུ་དང་། རྩིས་དང་འཛིན་སྐྱོང་སོགས་ཀྱི་ཐོག་འགྲིག་མིན་ཞིབ་འཇུག་དཔྱད་ཁྲ་གཏོང་རྒྱུ་སོགས་མི་འདོད་བཞིན་དུ་གནང་དགོས་པའི་ལས་དོན་ཇི་སྙེད་ཅིག་ཡོད་ཀྱང་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་སོགས་ནས་ཚོགས་ཆུང་ཁག་གིས་ཐག་གཅོད་ལ་བརྩི་བཀུར་གནང་བར་བརྟེན་ཚོགས་ཆུང་ཁག་གི་ལས་དོན་ཚགས་ཚུད་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་རིང་གི་དུས་དྲན་འདིའི་ཐོག་ཆེད་དུ་བརྗོད་འདོད་བྱུང་།

ཚོགས་ཆུང་ཁག་མ་ཡིན་པའི་སྨན་རྩིས་ཁང་གི་ལས་དོན་རྣམས་རིག་གཞུང་སྡེ་ཚན་དང་འཛིན་སྐྱོང་སྡེ་ཚན་ཞེས་གཉིས་སུ་དབྱེ་ཡོད། རིག་གཞུང་སྡེ་ཚན་ཁོངས་སུ་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་། སྨན་རྩིས་མཐོ་སློབ། སྨན་སྦྱོར་ཁང་། སྔོ་སྦྱོར་ཁང་། སྐར་ནག་དབྱངས་རྩིས་སྡེ་ཚན། སྨན་རྫས་སྡེ་ཚན། ཉམས་ཞིབ་སྡེ་ཚན། དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། ལུས་སེམས་སྲོག་གི་སྡེ་ཚན་དང་བཅས། འཛིན་སྐྱོང་གི་ཁོངས་སུ་དངུལ་རྩིས་དང་། ནང་ཞིབ། སྨན་མཛོད་དང་སྨན་ཚོང་། ཡན་ལག་སྡེ་ཚན། ལ་དྭགས་རིག་གཞུང་བསྟི་གནས། དི་ལི་ཕྱིར་ཚོང་ཁང་དང་ཡན་ལག་ཁག། ས་ཁང་བདག་གཉེར། སྤྱི་ཐབ་བཅས་ཡིན།

ལྷ་ས་སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་སྐོར།

འདི་ལོ་སྨན་རྩིས་ལས་སློབ་ཚང་འཛོམས་ཐོག་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་འཆར་གྱི་གསར་འགོད་གསལ་བསྒྲགས་བྱས་པའི་ནང་། ཕྱི་ལོ་༡༩༡༦ ལོར་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་མཛད་པ་དང་། དེ་ནས་ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་རྗེས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བོད་ཆོས་ལྡན་རྒྱལ་ཁབ་ཏུ་སྐུ་བཞུགས་མ་ཐུབ་པར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། ཕྱི་ལོ་༡༩༦༡ ཟླ་༣ ཚེས་༢༣ ཉིན་བྱེས་སུ་འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་བ་རེད། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ རེས་གཟའ་ལྷག་པ་ནས་བཟུང་རྒྱ་གར་གྱིས་གཙོས་རྒྱལ་སྤྱིའི་གྲོང་ཁྱེར་ཁ་ཤས་སུ་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གཞི་རྒྱ་ཆེ་བའི་ལས་རིམ་གོ་སྒྲིག་གནང་མུས་ཡིན། དུས་དྲན་སྲུང་བརྩི་ཞུ་རྒྱུའི་དགོས་དངུལ་ས་བོན་དུ་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་སོ་སོས་གླ་ཕོགས་ནས་ཆུ་ཚོད་བརྒྱ་ཐམ་པའི་འབབ་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་བསྐུལ་ཞུས་པ་བཞིན་ལས་བྱེད་དང་ལས་མི་བཅས་ནས་ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༥ བར་ཞལ་འདེབས་ཕུལ་འབྱོར་ཟིན་པ་ཧིན་སྒོར་ས་ཡ་གསུམ་དང་ཕྱེད་ཀ་ཙམ་དང་ད་དུང་ཡོང་མུས་རེད། དེ་བཞིན་སྨན་རྩིས་སློབ་ཕྲུག་ཚོས་ཀྱང་ཆ་ཤས་ལེན་རྒྱུར་ལས་ཀའི་འཆར་གཞི་བཀོད་ཡོད།


སྨན་སྦྱིན་དང་ཞལ་འདེབས།

དགོངས་གཞི་དང་བཀའ་སློབ་ལྟར་སྨན་རྩིས་ཁང་ཐོག་མར་དགེ་རྩའི་ངོ་བོར་གསར་འཛུགས་གནང་སྟེ། རིག་གཞུང་དང་། ཤེས་རིག སྤྱི་ཚོགས་བདེ་རྩ་སོགས་ཀྱི་ཐོག་ཞབས་འདེགས་ཞུ་དགོས་ཀྱི་ཡོད་པར་བརྟེན། དགོས་ངེས་ཅན་ལ་སྨན་སྦྱིན་ཤུགས་ཆེ་སྤྲོད་ཀྱི་ཡོད་པ་མ་ཟད་ད་དུང་ཡང་སྨན་སྦྱིན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན། སྨན་སྦྱིན་ཡོང་ཁུངས་སྔར་ལས་ལྷག་པའི་ཐབས་འཚོལ་བྱེད་དགོས་ཀྱི་ཡོད། ཕྱི་ལོ་༢༠༡༣ ཟླ་༡ པོ་ནས་༡༢ ཏེ་ལོ་གཅིག་ནང་སྨན་སྦྱིན་ཧིན་སྒོར་ས་ཡ་ཉེར་གཉིས་ཙམ་བཏང་ཡོད། སྨན་སྦྱིན་འགྲོ་ཁུངས་ནི་གཙོ་བོ་མི་མང་ཉམ་ཐག་དང་། དགུང་ལོ་དྲུག་ཅུ་རེ་ལྔ་ཡན་གྱི་བགྲེས་སོང་། སྨན་རྩིས་ལས་བྱེད་དང་འདོད་གཅིག་ནང་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་སྨན་སྦྱིན་ཆ་ཚང་དང་། བོད་ནས་གསར་དུ་འབྱོར་བ་རྣམས་ལ་ཟླ་དྲུག་རིང་སྨན་སྦྱིན་ཆ་ཚང་། སློབ་ཕྲུག་དང་རབ་བྱུང་ཚོར་སྨན་སྦྱིན་ཕྱེད་བཅག དེ་བཞིན་བར་ལམ་ནས་ྋགོང་ས་མཆོག་གིས་མང་ཚོགས་ལ་གསུང་ཆོས་བསྩལ་ཡུལ་གང་དུའང་མི་འབོར་ལ་གཞིགས་པའི་སྨན་རྩིས་ཁང་ནས་སྨན་ཁང་གཅིག་གམ་གཉིས་ཆེད་བཙུགས་ཀྱིས་སྨན་སྦྱིན་གནང་གི་ཡོད། དཔེར་ན། མོན་གྷོཌ། ཝྰརྰཎསི། ས་ལུ་སྒ་ར། སྒང་ཏོག ར་ཝང་ལ། སྦེལ་ཀོབ། གུ་ཝ་ཧ་ཊི། ཤི་ལོང་ལྟ་བུ་ཡིན།

སྨན་རྩིས་ཁང་གི་ལས་དོན་ངོ་བོའི་ཆ་ནས་རིག་གཞུང་དང་། འཕྲོད་བསྟེན། ཤེས་རིག སྤྱི་ཚོགས་བདེ་རྩ་སོགས་ལ་ཞབས་འདེགས་ཞུ་དགོས་ཀྱི་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ལས་དོན་ཐོག་དུས་ནས་དུས་སུ་ཞལ་འདེབས་ཕུལ་ཏེ་ལོ་རེ་ཆ་སྙོམས་ཧིན་སྒོར་ས་ཡ་དྲུག་ནས་བརྒྱད་བར་འགྲོ་ཡི་ཡོད།

སྨན་སྦྱིན་གསར་དུ་འགྲོ་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་རེ་འདུན་གནང་བ་བཞིན་བོད་མི་ཆབ་སྲིད་བཙོན་ཟུར་རྣམས་ལ་སྨན་སྦྱིན་གཏོང་རྒྱུའི་ཁས་ལེན་ཞུས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༤ ཟླ་༤ ཚེས་༡ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་ཁོངས་བོད་སྨན་བསྟེན་གཏུགས་བྱེད་མཁན་རྣམས་ལ་སྨན་རིན་ནས་བརྒྱ་ཆ་བཅུ་ཆག་ཡང་འབུལ་རྒྱུའི་ཁས་ལེན་ཞུས་ཡོད།

 

ད་ལྟ་འགྲོ་བཞིན་པ་དང་མ་འོངས་པའི་ལས་འཆར་ཁག

སྔར་ལོ་དངུལ་རྩིས་བཀའ་ཁྲོལ་ལྟར་རིག་གཞུང་སྡེ་ཚན་དང་འཛིན་སྐྱོང་སྡེ་ཚན་ཁག་ནས་བྱེད་སྒོ་རྣམས་གང་ལེགས་བྱུང་སོང་སྙམ། འདི་ལོའི་དངུལ་རྩིས་འཆར་འབུལ་དང་བཀའ་ཁྲོལ་གཞིར་བཟུང་སྡེ་ཚན་སོ་སོས་བྱེད་འཆར་རྣམས་བསྲི་ཚགས་དང་འབྲེལ་འཐུས་ཚང་གྲུབ་ཐུབ་ན་སྔ་ལོའི་ལས་ཀའི་ཐོག་ནས་འདི་ལོ་ཡར་རྒྱས་ཀྱི་གྲུབ་འབྲས་སྟོན་རྒྱུ་ཡོང་རྒྱུ་དང་། དངུལ་བརྩི་བཀའ་ཁྲོལ་ནང་གི་ལས་འཆར་ཙམ་མ་ཟད་དགོས་ངེས་ཅན་གྱི་བྱེད་སྒོ་རྣམས་དང་། ལྷག་པར་དུ་དགའ་ལྡན་ཕོ་བྲང་ནས་བཀའ་སློབ་ནམ་ཕེབས་འཕྲལ་དུ་སྒྲུབ་དགོས་ཀྱི་ཡོད།

ཨ་རི་དང་། ལྷོ་ཨ་རི། ཡུ་རོབ། ཨོས་ཊྲེ་ལི་ཡ། ཐའེ་ཝན། སོག་ཡུལ། ཨུ་རུ་སུ་བཅས་ལ་སྨན་བསྐོར་དང་འགྲེམས་སྟོན། སློབ་སྦྱོང་བཅས་ཀྱི་ཆེད་སྨན་པ་དང་། སྐར་ནག་དབྱངས་རྩིས་པ། འཛིན་སྐྱོང་ལས་བྱེད་རྣམས་གཅིག་མཇུག་གཉིས་མཐུད་འགྲོ་ཐུབ་པར་བརྟེན་ད་ཆ་འབྲེལ་བ་གསར་པ་མང་པོ་ཞིག་བྱུང་ཡོད་སྟབས་འདི་ལོ་སྔར་ལས་མང་བ་གོ་སྒྲིག་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ྋགོང་ས་མཆོག་གིས་སྨན་རྩིས་ཁང་ཕྱི་ལོགས་སུ་མང་ཙམ་འཐོན་དགོས་ཀྱི་ཡོད་པའི་བཀའ་སློབ་ཕེབས་དོན་བཞིན་ཕྱི་རྒྱལ་དུ་སྨན་པ་དང་། སྐར་ནག་དབྱངས་རྩིས་པ་རྣམས་ཡང་ཡང་བསྐྱོད་རྒྱུ་ནི་བོད་ཀྱི་རྩ་ཆེན་རིག་གཞུང་ཁྱབ་སྤེལ་ཙམ་མ་ཡིན་པར་འབྲེལ་ཡོད་ལས་བྱེད་སོ་སོར་སློབ་སྦྱོང་དང་ཉམས་མྱོང་ཐོབ་རྒྱུ་མ་ཟད། སྨན་རྩིས་ཁང་ལ་ངེས་ཅན་གྱི་དཔལ་འབྱོར་འདུ་འགོད་ཀྱི་དགེ་ཕན་ཡོད་སྟབས་དེ་སྔར་ལས་ལྷག་པ་བྱེད་དགོས་པར་སོང་འགན་འཛིན་གྱིས་རྔ་ལྟ་བུ་བརྡུང་བའི་སྐབས་སྨན་པ་དང་སྐར་ནག་དབྱངས་རྩིས་པ་ཚོས་གར་འཆམ་ལྟ་བུ་གནང་དགོས་ཀྱི་འདུག

ལས་དོན་འགའ་ཞིག་མཇུག་སྐྱོང་དང་འདི་ལོའི་ལས་འཆར་གསར་པ་འགའ་ཞིག་ཟུར་འདོན་ཞུ་རྒྱུར། འབྲས་ལྗོངས་འཕྲོད་བསྟེན་བློན་ཆེན་མཆོག་དང་དྲུང་ཆེ་གཙོ་བོ། གུས་འགན་འཛིན་བཅས་ལ་སྨན་རྩ་མཁོ་སྒྲུབ་དང་སྨན་ཁང་གསར་འཛུགས་དང་འབྲེལ་བའི་བཀའ་སློབ་ཕེབས་དོན་ལྟར་འབྲེལ་ཡོད་རྣམས་ཐེངས་གཉིས་འཛོམས་བསྡུར་བྱུང་སྟེ་གཉིས་སྨན་གྱི་ལས་གཞིར་གོམ་བགྲོད་ཐུབ་ཐབས་བྱས་ཡོད། གལ་ཏེ་སྨན་རྩིས་ཁང་ངོས་ནས་མ་ལན་མ་འགྱོད་བྱེད་པའི་ལས་གཞིར་གྲུབ་འབྲས་ཇི་བཞིན་མ་ཐོན་ཚེ་སླར་ཡང་སྙན་སེང་ཞུ་རྒྱུ་ཡིན། ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་ལྟར་ཉེ་ལམ་ཨ་རུ་ན་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་དང་། དྲུང་ཆེ་གཙོ་བོ། འཕྲོད་བསྟེན་དྲུང་ཆེ། སྨན་པ་གཙོ་བོ། སྲོལ་རྒྱུན་སྨན་པ་གཙོ་བོ་བཅས་མཇལ་ཕྲད་བྱུང་བའི་དོན་གནད་རྣམས་མཇུག་སྐྱོང་བྱས་ཏེ་འབྲས་ལྗོངས་མངའ་སྡེ་དང་སྨན་རྩིས་ཁང་གཉིས་ཀྱི་ལས་གཞི་འདྲ་མཚུངས་ཐོག་སྐྱོད་ཐུབ་པའི་རེ་བ་ཡོད། ཨུ་རུ་སུ་དང་སོག་ཡུལ་དུ་ད་ལྟ་སྨན་ཁང་བཞི་ལ་དུས་ནས་དུས་སུ་གཅིག་མཇུག་གཉིས་མཐུད་སྨན་པ་བཏང་སྟེ་སྨན་རྩིས་ཁང་དང་འབྲེལ་ཡོད་ནད་པ་སོ་སོར་ངེས་ཅན་གྱི་ཕན་ཐོགས་ཡོད་སྟབས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཅིག་གཉིས་འཛུགས་གཏན་ཁེལ་བ་མ་ཟད་མི་འགྲོ་ཡང་མཐོང་མཆན་ལག་ཁྱེར་འགྲོ་ལུགས་སོགས་ཀྱི་ཐོག་ལས་དོན་འགྲོ་བཞིན་པ་ཡིན། ད་དུང་ཨུ་རུ་སུ་དང་ཕྱིས་སུ་རང་བཙན་ཐོབ་པའི་ཡུ་རོབ་རྒྱལ་ཁབ་རེ་ཟུང་ནང་སྨན་རྩིས་ཁང་གིས་དུས་ནས་དུས་སུ་སྨན་པ་དང་སྐར་ནག་དབྱངས་རྩིས་པ་བཏང་སྟེ་རིག་གཞུང་ཁྱབ་སྤེལ་དང་དཔལ་འབྱོར་འདུ་འགོད་ཐོག་འབད་བརྩོན་ཞུ་རྒྱུ་ཡིན། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཡུ་རོབ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་སྐབས་རྒྱལ་ཁབ་ཅིག་ནས་ཞུ་དོན་ལྟར་ས་གནས་འདྲེན་མཚུངས་ཞིག་ཏུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་གནང་རྒྱུའི་ཆེད་སྨན་པ་གསུམ་འདེམས་སྒྲུག་བྱས་པ་རིང་མིན་མཐོང་མཆན་ལག་ཁྱེར་འགྲོ་ལུགས་དང་། སྐད་ཡིག་སྦྱོང་བརྡར། གཞན་ཡང་འཇམ་དཔྱད་སོགས་ཀྱི་ཐོག་སྦྱོང་བརྡར་གནང་སྟེ་འདི་ལོར་གཏོང་ཐུབ་པ་བྱ་རྒྱུ་ཡིན།

སྡེ་ཚན་སོ་སོའི་ལས་གཞི་ཚགས་ཚུད་འགྲོ་བཞིན་པའི་ཐོག་འདི་ལོ་ཤུགས་སྣོན་རྒྱག་དགོས་པར་སྨན་རྒྱུ་མཁོ་སྒྲུབ་དང་། སྨན་རྩ་འདེབས་ལས། སྨན་སྦྱོར་ལས་གཞི་སོགས་ཀྱི་ཐོག་འབད་བརྩོན་ཤུགས་ཆེ་བྱེད་དགོས་ཀྱི་ཡོད། དྷ་རམ་ས་ལའི་གནམ་གཤིས་སྐྱོ་བོ་དང་སྨན་སྦྱོར་ཁང་གི་ས་ཆ་རྒྱ་ཁྱོན་ཆུང་སྐྱོན་གྱི་དཀའ་ངལ་སེལ་ཆེད་མགྱོགས་མྱུར་ཅོན་ཏ་ར་སྨན་སྦྱོར་ལས་གཞི་ཆུང་ཆུང་ཞིག་འཛུགས་རྒྱུ་དང་། ལས་གཞི་དེ་ལས་ཆེ་བ་ས་ལུ་སྒ་ར་ལ་སྨན་སྦྱོར་ཁང་འཛུགས་རྒྱུ་དང་། དེ་ལས་ཆེ་བ་སྦེང་ལོར་ཏྰ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རྒྱ་ཆེ་བའི་སྨན་སྦྱོར་དང་མཐོ་སློབ་ལས་གཞི་ཆེད་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། སྦེང་ལོར་ཏྰ་ལའི་བླ་མའི་མཐོ་སློབ་ནས་ས་ཆ་ཨེ་ཀར་བཅུ་ཞུས་པ་གནང་སོན་བྱུང་བ་མ་ཟད་རྒྱ་ཁྱོན་ཆེ་བའི་ས་ཆའི་ཐོག་ནས་སྤུས་ལེགས་གུ་ཡངས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དྷ་སྟེང་སྨན་ཁང་གི་སྟེང་དུ་འཇམ་དཔྱད་ཁང་གི་ལས་གཞི་གསར་འཛུགས་ཀྱིས་འབད་བརྩོན་དང་རེ་བ་བྱས་པ་བཞིན་འགོ་འཛུགས་བྱས་མ་ཐག་དྷ་སར་འཇམ་དཔྱད་གནང་མཁན་མང་པོའི་ནང་ནས་ཚད་ལྡན་བྱེད་མཁན་དང་སྐད་གྲགས་ཆེ་ཤོས་གྲས་སུ་ཚུད་ཡོད། འཇམ་དཔྱད་སྡེ་ཚན་འདི་ནས་ནད་པ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་མཁན་དང་། སྨན་རྩིས་ཁང་ལ་ཞབས་འདེགས་ཞུ་ཕྱོགས་སོགས་ནས་དཔལ་འབྱོར་འདུ་འགོད་ཙམ་མིན་པར་སྨན་གཞུང་གི་ལམ་ནས་གོ་སྐབས་ངེས་ཅན་ཞིག་ཐོབ་ཀྱི་ཡོད་པར་བརྟེན་རིང་པོ་མི་ཐོགས་པར་རྒྱ་གར་གྲོང་ཁྱེར་ཁག་གསུམ་དུ་ཚད་ལྡན་གྱི་འཇམ་དཔྱད་སྡེ་ཚན་འཛུགས་རྒྱུ་ཡིན། ད་ཆ་འཇམ་དཔྱད་ཀྱི་སྨན་པ་དང་དགོས་ངེས་ཀྱི་ལས་བྱེད་འདེམས་སྒྲུག་བྱེད་བཞིན་པ་ཡིན།

ྋགོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་ཕེབས་དོན་ལྟར་ཨ་རིའི་ནིའུ་ཡོག་ཏུ་ (Sowa Rigpa Tibet) དགེ་རྩའི་ཚོགས་པ་ཞིག་དེབ་སྐྱེལ་ཞུས་ཡོད། སྔར་ལོ་ལས་དོན་ཇི་བཞིན་བྱུང་མེད་སྟབས་འདི་ལོ་མཇུག་སྐྱོང་དང་འབྲེལ་དམིགས་ཡུལ་ཡོད་པ་བཞིན་སྒྲུབ་ཐབས་ཞུ་རྒྱུ་ཡིན།  དགེ་རྩའི་ཚོགས་པ་འདིའི་ལས་བྱེད་དུ་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་བཞུགས་ཐོག་ཚོགས་མི་དྲུག་ལས་གྲུབ་པའི་ཚོགས་ཆུང་གིས་ལོ་གཉིས་རིང་ཆོད་གན་ལས་བྱེད་ཅིག་བསྐོས་ཀྱང་ཉེ་ཆར་ Sowa Rigpa Tibet འགན་འཛིན་ལྷན་ཚོགས་བསྐྱངས་དུས་ལས་དོན་བསྐྱར་ཞིབ་སྐབས་ཆོད་གན་གྱི་ལས་བྱེད་དེས་དགོངས་པ་ཞུ་ཆོག་པའི་འདུན་པ་བཏོན་པ་ལྟར་ལོ་གཉིས་ཀྱི་ཆོད་གན་མ་ཚང་ཡང་འགན་འཛིན་ལྷན་ཚོགས་ཀྱིས་དགའ་པོའི་ངང་ནས་དགོངས་པ་གནང་ཡོད། དེར་བརྟེན་ཨ་རིའི་ཁུལ་དུ་ལོ་གཉིས་ཙམ་གྱི་རིང་ཆོད་གན་ཞིག་འདེམས་སྒྲུག་བྱེད་དང་། ཡང་ན་རྒྱ་གར་ནས་ལས་བྱེད་ཅིག་ལ་མཐོང་མཆན་ལམ་ཡིག་ཞུས་ཏེ་བསྐོ་གཏོང་བྱེད་རྒྱུ་ད་ལྟ་ཐག་གཅོད་བྱེད་རྒྱུ་ཡིན། 

སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་ཁག་གསུམ་ཨ་རིའི་ཁུལ་དུ་ཚོང་འགྲེམས་ཆོག་པའི་ཨ་རིའི་འབྲེལ་ཡོད་ལས་ཁུངས་སུ་སྤུད་ཚད་ཆེད་བཏང་ཡོད་པས་དགོངས་འཆར་འབྱོར་འཕྲལ་དགོས་ངེས་ཀྱི་འགྲེལ་བཤད་དང་ཕྱི་ཐུམ་བཟོ་བཅོས་བརྒྱབས་ཏེ་སླར་ཡང་ཕུལ་ཡོད་པ་མཇུག་སྐྱོང་བྱ་རྒྱུ་ཡིན། ལས་གཞི་འདི་ལམ་ལྷོངས་བྱུང་ན་བོད་སྨན་གྱིས་ཕན་ཐོགས་ངེས་ཅན་ཡོད་པ་གྲུབ་ཐུབ་རྒྱུ་མ་ཟད་སྨན་རྩིས་ཁང་ལ་ཡང་དཔལ་འབྱོར་ཡོང་འབབ་ཆེ་ཙམ་ཡོང་ངེས་ཡིན།

ྋགོང་ས་མཆོག་གི་བཀའ་སློབ་ཏུ་འགྲོ་བ་མི་ལ་དགོས་པ་དེ་ལུས་བདེ་བ་དང་། སེམས་བདེ་བ་རེད། ང་ཚོ་བཙན་བྱོལ་གྱི་གནས་བབས་ཐོག་ཡོད་ཀྱང་དེ་གཉིས་ཐོག་ངེས་ཅན་གྱི་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་ཅེས་བཀའ་ཕེབས་ཡོད་པ་བཞིན་ལུས་སེམས་གཉིས་ཀྱི་བདེ་བའི་ཞབས་འདེགས་སྒྲུབ་ཐུབ་མཁན་གཅིག་ང་ཚོ་སྨན་རྩིས་ཁང་ཡིན། དེར་བརྟེན་འདི་ལོ་ལུས་སེམས་སྲོག་གི་སྡེ་ཚན་གསར་འཛུགས་གནང་སྟེ་གཞི་རྒྱ་ཆེ་བའི་བགྲོ་གླེང་ཚོགས་ཆེན་ཞིག་དང་། མོན་གྷོ་འདོད་རྒུ་གླིང་དུ་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་མཐུན་འགྱུར་འོག་ཟླ་གཅིག་ཙམ་རིང་ཟབ་སྦྱོང་ཐེངས་གཉིས་གོ་སྒྲིག་བྱས་ཐུབ་ཡོད། ཁ་སྔོན་ལུས་སེམས་སྲོག་གི་ཚོགས་འདུའི་རྗེས་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་པ་སྙིང་ལ་བཅངས་ནས་ལུས་སེམས་སྲོག་གི་ལས་གཞིའི་ཐོག་ཤུགས་སྣོན་རྒྱག་ནས་རིམ་པས་རྒྱལ་སྤྱིའི་ནང་དོ་སྣང་ཆེ་རུ་འགྲོ་རྒྱུ་དང་། བགྲོ་གླེང་ཁག་ལ་མཉམ་བཞུགས་གོ་སྐབས་ཐོབ་པར་བྱ་རྒྱུ། དེ་དོན་འབྲེལ་ཡོད་ཚང་མས་སྡེ་ཚན་གསར་པ་འདིར་དགོས་ངེས་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན།

རྒྱ་སྐད་ཤེས་པའི་ལས་བྱེད་གཉིས་ཡོད་པའི་ཐོག་འདི་ལོའི་སྨན་སློབ་ཐོན་པའི་ནང་ནས་རྒྱ་སྐད་ཤེས་པ་གཉིས་ཡོད་སྟབས། ད་ཆ་རྒྱ་སྐད་སྡེ་ཚན་ཞིག་འཛུགས་རྒྱུར་དུས་ལ་བབ་འདུག་པས་གསར་འཛུགས་བྱ་རྒྱུ་དང་། འདི་ལོ་ནས་བཟུང་ཐེ་ཝན་ཁུལ་དུ་སྨན་རྩིས་འགྲེམས་སྟོན་དང་། གཏམ་བཤད། གཞན་ཡང་མངོན་གསལ་དོད་པོ་མེད་པའི་ཐོག་ནད་པ་ལྟ་རྒྱུ་སོགས་གོ་སྒྲིག་ཞུ་རྒྱུ་དང་། དེ་མཚུངས་འདི་ལོ་སྨན་པ་གཅིག་སྐམ་ཁབ་ཀྱི་སློབ་སྦྱོང་དུ་གཏོང་ཐུབ་པ་དགེ་ཕན་ཧ་ཅང་ཆེན་པོ་བྱུང་ཡོད་སྟབས། མུ་མཐུད་སྨན་པ་གཅིག་གཉིས་ལོ་ལྟར་གཏང་རྒྱུ་ཡིན།

རང་རེའི་གཞིས་ཆགས་ཁག་ཏུ་བསྐོར་བསྐྱོད་སྐབས་ཤེས་རྟོགས་བྱུང་བ་བཞིན་སྨན་རྩིས་ཁང་ནས་སྨན་གྱི་ཐོག་ནས་མི་མང་ལ་ཞབས་འདེགས་ཞུ་མུས་ཡིན་ཀྱང་བོད་ཀྱི་སྐར་ནག་དབྱངས་རྩིས་ཀྱི་ཐོག་ནས་ཞབས་འདེགས་སྒྲུབ་ཐུབ་ཀྱི་མེད་སྟབས། དགོངས་འཆར་ཤུགས་ཆེ་ཡོང་བ་བཞིན་གཞིས་ཆགས་ཆེ་ཁག་འགའ་ཤས་ལ་སྐར་ནག་དབྱངས་རྩིས་པ་གཏོང་རྒྱུའི་ཁས་ལེན་ཞུས་པ་ལྟར་མང་ཚོགས་ལ་རྩིས་ཀྱི་ཞབས་འདེགས་ཞུ་རྒྱུ་མ་ཟད། དོ་སྣང་ཅན་ལ་རྩིས་ཀྱི་སློབ་ཁྲིད་བྱས་ཏེ་རིམ་པས་མང་ཚོགས་ནང་བོད་རྩིས་རིག་པའི་ཤེས་བྱ་ཁྱབ་སྤེལ་བྱ་རྒྱུ་ཡིན། ལྷག་པར་སྨན་པ་རྣམས་ལ་སྦྱོང་བརྡར་སྤྲོད་རྒྱུ་ཡིན།

 

རིན་ཆེན་རིལ་བུའི་གསལ་བཤད།

རིན་ཆེན་རིལ་བུའི་སྐོར་མང་ཚོགས་ལ་གཏམ་བཤད་བྱ་རྒྱུའི་གོ་སྐབས་ནམ་བྱུང་ལ་གསལ་བཤད་བྱེད་ཀྱི་ཡོད་པ་དེ་རིང་འདིར་བསྐྱར་ཟློས་ཙམ་ཞུ་རྒྱུ་ཡིན། ང་ཚོས་རིན་ཆེན་རིལ་བུ་འདོད་པ་ཁེངས་པ་ཞིག་བཟོ་སྐྲུན་ཐུབ་ཀྱི་མེད་སྟབས། དགོས་ངེས་ཀྱི་སྟངས་འཛིན་མ་བྱས་ན་སྨན་སྦྱོར་ཁང་ནས་བཟོ་སྐྲུན་མ་བྱས་སྔོན་ལ་ནད་པར་རིན་ཆེན་རིལ་བུ་ཆད་པའི་དཀའ་ངལ་ཡོང་ཉེན་ཡོད། དེར་བརྟེན་རིན་ཆེན་རིལ་བུའི་འགྲོ་སྟངས་ནི། ནད་པའི་ཆེད་དུ་བརྟག་དཔྱད་སྨན་པས་ཇི་ཙམ་དགོས་ཀྱང་འགན་དབང་ཆ་ཚང་ཡོད་ལ། གང་ལྟར་ནད་པའི་ཆེད་དུ་སྨན་པས་རིན་ཆེན་རིལ་བུ་འདོད་པ་ཚིམ་པ་གཏོང་གནང་གི་ཡོད། དེའི་ཐོག་སྨན་ཁང་ཆེ་ཆུང་ལ་གཞིགས་པ་དང་། ལྷག་པར་བཞུགས་སྒར་དང་གཞིས་ཆགས་ཆེ་ཁག་གི་སྨན་ཁང་རྣམས་ལ་ཚོང་རྒྱུག་བྱེད་རྒྱུའི་ཐོབ་སྐལ་བགོས་འགྲེམས་བྱེད་ཀྱི་ཡོད། ཉོ་མཁན་ཚོའི་འདོད་བློ་ཚིམ་པའི་གྲངས་འབོར་ཐོབ་ཀྱི་མེད་ཀྱང་སྨན་ཁང་ཁག་ཏུ་རིན་ཆེན་རིལ་བུ་རྩ་ཆད་མི་འགྲོ་བའི་ཆེད་ཐབས་ལམ་དེ་ལྟར་ལག་བསྟར་བྱེད་ཀྱི་ཡོད།

སྤྱི་ཚོགས་ནང་རྒྱུན་དུ་བསམ་འཆར་ཡོང་བ་གཅིག་ནི། སྒེར་པས་རིན་ཆེན་རིལ་བུ་མང་པོ་བཟོ་སྐྲུན་ཐུབ་སར་སྨན་རྩིས་ཁང་གིས་བཟོ་སྐྲུན་མ་ཐུབ་པ་གང་ཡིན་ནམ་ཞེས་པ་འདི་ཡིན། དེའི་ལན་དུ། སྨན་རྩིས་ཁང་ལ་རིན་ཆེན་རིལ་བུའི་རྒྱུ་ཆ་དུས་ནས་དུས་སུ་གཟིམ་ཆུང་ནས་གསོལ་བསྩལ་གནང་གི་ཡོད་པ་དེ་དང་། བོད་ནས་ཕེབས་པ་དགེ་བའི་བསམ་བློ་ཡོད་མཁན་ཚོས་ཀྱང་རིན་ཆེན་རིལ་བུའི་རྒྱུ་ཆ་ཞལ་འདེབས་འབུལ་གྱིན་ཡོད་ལ་དེའི་སྟེང་དུ་སྨན་རྩིས་ཁང་གི་སྡེ་ཚན་མང་པོས་ས་གནས་གང་སར་རིན་ཆེན་རིལ་བུའི་རྒྱུ་ཆ་སྒྲུབ་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད། རིན་ཆེན་རིལ་བུའི་རྒྱུ་ཆ་ཉོ་རྒྱུར་སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་དཀའ་ངལ་མེད་ཀྱང་ད་དུང་རིན་ཆེན་རིལ་བུའི་རྒྱུ་ཆ་གཞན་མ་ལྡེང་རྐྱེན་པས་བཟོ་སྐྲུན་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། གལ་ཏེ་རིན་ཆེན་རིལ་བུ་འདོད་པ་བཞིན་བཟོ་སྐྲུན་ཐུབ་ན་ནད་པར་གཏོང་རྒྱུ་ཙམ་མིན་པར་ཚོང་རྒྱུར་དཀའ་ངལ་མེད་པ་ཚང་མས་མཁྱེན་ཆུབ་ཡོང་བ་ཞུ།

བློ་ཕམ་པའི་གནས་ཚུལ་ཞིག་ལ་སྨན་རྩིས་ཁང་གི་མཚན་བྱང་ཐོག་ནས་རིན་ཆེན་རིལ་བུ་རྗུན་མ་ཞིག་ཐོན་ཏེ་བལ་ཡུལ་རྒྱལ་ས་དང་། ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོ། སོག་ཡུལ་རྒྱལ་ས་ཨུ་ལན་སྦ་ཏོར། བོད་ཀྱི་རྒྱལ་ས་ལྷ་ས། མདོ་སྨད་ཁུལ། ལྷག་པར་རྒྱ་རིགས་ནང་པ་ཚོར་རིན་ཆེན་རིལ་བུ་རྫུན་མ་དེ་གོང་ཧ་ཅང་ཆེན་པོ་བྱས་ཏེ་ཚོང་འགྲེམས་བྱེད་ཀྱི་ཡོད་འདུག ཚོང་འགྲེམས་བྱེད་སྟངས་ཀྱི་གནས་ཚུལ་ཡང་ཤེས་ཀྱི་ཡོད་ལ་ད་དུང་གནས་ཚུལ་བསྡུ་རུབ་བྱེད་བཞིན་ཡོད། རིན་ཆེན་རིལ་བུ་རྫུན་མ་བཟོ་མཁན་རྩད་གཅོད་ཐུབ་ཚེ་ས་གནས་ལ་ཁྲིམས་གཏུགས་བྱ་རྒྱུར་ངེས་པ་ཡིན། ལས་རྒྱུ་འབྲས་ལ་མི་བརྩི་མཁན་གྱི་ཚོང་པ་ཚོས་རིན་ཆེན་རིལ་བུ་རྫུན་མ་ཚོང་གི་ཡོད་པ་མ་ཟད་གོང་ཚད་ཀྱང་ཆེན་པོ་བྱེད་ཀྱི་ཡོད། ལྷག་དོན་རྫུན་མ་དེ་རིན་ཆེན་རིལ་བུ་དངོས་འབྲེལ་ཡིན་པའི་འགྲེལ་ལོག་ཏུ་སྨན་རྩིས་ཁང་དང་དམིགས་བསལ་འབྲེལ་བ་ཡོད་ལུགས་འགྲེལ་བཤད་ལོག་པ་རྒྱག་སྟེ་ཉོ་མཁན་ཚོས་ཡིན་ཤག་བྱེད་ཀྱི་ཡོད་འདུག

མཐའ་དོན་གུས་འགན་འཛིན་གྱིས་ལས་དོན་སྙན་སེང་སྐབས་སུ་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། སྨན་རྩིས་ཁང་གིས་གོ་སྐབས་ལེན་ཐུབ་ཀྱི་མི་འདུག པད་ཤག་ནི་ཨའུ་ཙི་ཡོད། སྨན་ཁང་མང་པོ་ཞིག་ཡོད། ད་ཆ་འགྲིག་བསྡད་ཡོད་བསམ་སྟེ་ཨའུ་ཙི་བྱས་ཏེ་བསྡད་པས་མི་འགྲིག་ཅེས་ཕེབས་ཡོད་པ་ང་ཚོ་ལས་བྱེད་དང་། ལས་མི་རྣམས་ཀྱིས་འབད་བརྩོན་སྔར་ལྷག་རྒྱག་དགོས་ཀྱི་འདུག་པ་དེ་དོན་ཚང་མས་དམ་བཅའ་བརྟན་པོ་བཟུང་རོགས་ཞུ་རྒྱུ་མ་ཟད། འདི་ལོ་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་མྱུར་ཚད་སྔ་ལོ་དང་བསྡུར་ན་ཕྲན་བུའི་བཟང་བ་ཙམ་ལ་ཆོག་ཤེས་མ་བྱས་པར་གོ་སྐབས་འཚོལ་དགོས་ཀྱི་འདུག་པ་དེ་དོན་དགོངས་འཇགས་ཞུ། ཐུགས་རྗེ་ཆེ།

འབྲེལ་ཡོད་གནས་ཚུལ།


 སྨན་རྩིས་ཁང་བཙུགས་ནས་ལོ་༥༣ འཁོར་བའི་དུས་དྲན་མཛད་སྒོ།

མཐའ་མའི་འདོན་ཐེངས་།: 28.03.2014 ཉིན། 2:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།