སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་གཏོང་ཚུལ་ལ་དྲིས་ལན་གྱི་འགྲེལ་ཆུང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.10.2014
ཆེད་རྩོམ། >>

 

 

༄༅། །སྨན་གཏོང་བའི་ཚུལ་ལ་དྲིས་ལན་གྱི་འགྲེལ་ཆུང་རབ་གསལ་ཀུན་སྣང་ཞེས་བྱ་བ་བཞུགས་སོ།།

དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས།


ནམོ་གུརུ་བུདྡྷ་བྷཻཥཛྱེ།

མ་འཁྲུལ་སྟོན་པ་སྨན་བླ་དང་།།

མ་ནོར་ཉམས་བླངས་བརྒྱུད་བཅས་ལ།།

མ་དད་ཀུན་སྤངས་གུས་ཕྱག་འཚལ།།

མ་རིག་ཀུན་གསལ་འགྲེལ་ཆུང་བྲི།།

  དེ་ཡང་གསོ་བ་རིག་པའི་གནས་ལ་དཔྱིས་ཕྱིན་པར་ཞལ་འཆེ་བའི་འཚོ་མཛད་དམ་པ་གང་ནས། དཔལ་ལྡན་ཕྱི་མ་རྒྱུད་ལས། ཟས་ཞུ་སྨན་གཏོང་སྨན་ཞུ་ཟས་གཏོང་གཅེས།། ཞེས་གསུངས་པ་བཞིན་འདི་ནི་གསོ་རིག་ཀུན་གྱི་ཕྱག་ལེན་དུའང་བསྟར་བཞིན་པ་ལས། སུས་ཀྱང་ནད་པ་དྲག་ཞན། ནད་ཚབས་ཆེ་ཆུང་གང་ལའང་གཏོང་ཚུལ་འདི་ཞེས་བྱ་རྒྱུ་མེད་པ་ནི་ཀུན་ལ་གསལ་མོད། འོན་ཀྱང་ཁྱེད་ནི་དེ་རྣམས་དང་མི་མཐུན་པ། ལ་ལར་སྨན་ཐོག་ཏུ་ཟས། ལ་ལར་ཟས་ཐོག་ཏུ་སྨན། ལ་ལར་སྨན་བར་དུ་ཟས། ལ་ལར་ཟས་བར་དུ་སྨན། ལ་ལར་སྨན་ཟས་བསྲེ་བ་སོགས་མཛད་ཚུལ་སྣ་ཚོགས་པ་ཡ་མ་ཟུང་ཞིག་མཛད་པར་ཐོས་པ་འདི་ཡི་ལུང་རིགས་རྒྱུ་མཚན་གང་འདྲ་ཡོད་ཅེས་གསལ་ཁ་དང་། གསོ་རིག་པ་འགའ་ཞིག་གིས་ནི། སྨན་དང་ཟས་འཕྲད་ནས་སྨན་གྱི་ནུས་པ་ཟས་ཀྱིས་འཕྲོག་འགྲོ་བས་མི་རིགས་ཟེར་བ་དང་། ལ་ལས་ནི་ཟས་ཐོག་ཏུ་སྨན་ཟོས་ན་སྨན་གྱིས་ཟས་མི་ཕིགས། སྨན་ཐོག་ཏུ་ཟས་ཟོས་ན་ཟས་ཀྱིས་སྨན་མི་སླེབས་ཟེར་བས་དབུས་གཙང་བ་རྣམས་ཀྱང་སྨན་བསྟེན་ལུགས་འདི་རང་བྱེད་པར་སྣང་ལགས་པ་དང་། གང་ལྟར་སྨན་ཟས་མཉམ་དུ་འཇུ་བར་བྱས་ན་མི་གནོད་ཐབས་མེད་པ་འདྲ་བའི་རིག་པ་ཞིག་ཀུན་ལ་འཆར་བ་དང་། ཕྱི་རྒྱུད་ཀྱི་ལུང་དང་ཡང་མཐུན་པར་སེམས་བྱུང་འདི་དག་ལ་མ་རིག་ཀུན་གསལ་འགྲེལ་ཆུང་ཞིག་འབྲི་གནང་བ་མཁྱེན་མཁྱེན། །ཞེས་ཕྱག་བྲིས་རྟེན་བཅས་པ་སྨིན་པ་ནི་རྗེས་སུ་ཡི་རངས་བཀའ་དྲིན་ཆེ། ལེགས་འབུལ་ཡོང་བ་ཤིན་ཏུ་སྤྲོ་དགའ་བསྟས་ལགས། ལར་རྒྱུད་སྡེ་ཕལ་ཆེ་བ་དང་། ཁྱད་པར་དཔལ་ལྡན་རྒྱུད་བཞི་འདི་ནི། མདོ་རྒྱས་གཉིས་སུ་མ་བསྟན་པ་མེད་པས་ཕྱི་རྒྱུད་ཀྱི་ལུགས་ནི་མདོར་བསྟན་པ་ཡིན་ལ། དེ་ཡི་དགོངས་དོན་ཀྱང་རྩ་རྒྱུད་ལས། རྣམ་པར་མ་གྱུར་པ་དང་གྱུར་པ་ལས་ཞེས་གསུངས་པའི་རྣམ་པར་མ་གྱུར་པའི་ནང་ཚན་ཏེ། འདུ་བ་ཆ་སྙོམས་པ་དང་། བླ་གཉན་དམན་ལྷག་ལོག་གསུམ། འཕེལ་ཟད་བདུན་ཅུ་སོགས་མེད་པས་རྣམ་པར་མ་གྱུར་པ་ལ་དགོངས་མོད། འོ་ན་ནད་མེད་པ་ལ་སྨན་ཅི་སྟེ་བཏང་ཞེ་ན། ནང་ཚན་དུ་སྨྲ་དོན། རྣམ་པར་མ་གྱུར་པ་ཁོ་ན་ནི་མ་ཡིན་ལ། རྒྱུ་རྐྱེན་ཆེ་གེ་མོ་ཞིག་གིས་བསྐྱེད་པའི་ནད་སྣ་གཅིག་ཙམ་ལྡང་བས་རྣམ་པར་གྱུར་པ་ཞིག་ལ་དགོངས་པ་ཡིན་ནོ། །གཞན་ད་ལྟའི་ཡན་ཆོད་ཕལ་མོ་ཆེའི་གཏོང་ལུགས་དང་རིག་པ་དེ་ནི་ཅལ་འབྲོས་འབའ་ཞིག་གོ། །ཁོ་བོ་ནི་དེ་རྣམས་དང་མི་མཐུན་པའི་ནད་ལ་སྨན་གཏོང་ཚུལ་ཡང་ཡ་མ་ཟུང་བྱེད་པ་ནི། སྔོན་དུ་བཤད་མ་ཐག་པའི་ཕྱི་རྒྱུད་དགོངས་དོན་བཀྲོལ་བ་དེ་ལས་ལྡོག་པའི་དོན་དུ། བཤད་རྒྱུད་ལས་རྒྱས་པར་གཏོང་ཚུལ་བཅུ་གསུངས་པ་འདི་གཏོང་ཡུལ་ལ་སྦྱར་ནས་དྲན་པར་བྱས་ཟིན་པ་ཡིན་ནོ། །ལར་གསོ་རིག་པ་རྣམས་སྨན་དང་ཟས་འཕྲད་པར་མི་རུང་སྨྲ་བ་ནི། སེང་གེའི་མགྲིན་པ་ནས་ཝའི་གསུང་འབྱིན་པ་དང་ཆོས་མཚུངས་པས་སྨྲ་བར་མི་རིགས་ཏེ། ཕྱི་རྒྱུད་ཀྱི་དགོངས་པ་དེ་སྨན་འཇུ་སླ་ཙམ་ལ་གསུངས་པ་ལས། ཟས་ཀྱི་ནུས་པར་ཞེད་ནས་བྱོལ་བ་ནི་མ་ཡིན་ནོ། །ཡིན་ན་ནད་པ་དེ་ནད་ལས་མ་གྲོལ་བར་དུ་ཟས་གང་ཡང་བཏང་མི་རུང་བར་སྤངས་དགོས་པར་རིགས་སོ།། འོ་ན་གང་ཞེ་ན། ལར་ནད་འཇོམས་པར་བྱེད་པའི་ཐབས་ལ་གཉེན་པོ་སྨན་དཔྱད་ཟས་སྤྱོད་བཞི་སྤྲོད་དགོས་པར་བཤད་པས། འཕྲོད་པའི་སྨན་ཟས་གཉིས་ཀས་ནད་འཇོམས་པས་བླང་བྱ་དང་། མི་འཕྲོད་པའི་སྨན་ཟས་གཉིས་ཀས་ནད་ལྡང་བས་སྤང་བྱ་ཡིན་པས། དེས་ན་ཕན་གནོད་ཀྱི་ལས་གང་བྱེད་ནི་རྣམ་པ་ཀུན་ཏུ་དྲན་དགོས་སོ།།

དེ་ལྟར་དགག་བཞག་གི་རིག་པ་ཟུར་ཙམ་མགོ་སྨོས་ནས། ད་ནི་རང་ལུགས་འདོད་པའི་དོན་ཅུང་ཟད་བཤད་ན་འདི་བཞིན་ཡོད་པ་ཡིན་ཏེ། རྗེ་དྲང་སྲོང་གྲུབ་པ་མཉམ་ཉིད་རྡོ་རྗེས་སྨན་གྱི་གཏོང་ཚུལ་བཅུ་ནད་ཀྱི་ལྡང་དུས་བཅུ་དང་སྦྱར་ནས། གཏོང་བའི་དུས་སྐབས་བཅུ་ལ་སྤྲད་ཤེས་དགོས། ཞེས་གསུངས་པས། བཅུ་གང་ཞེ་ན། ཟླ་ཟེར་ལས། སྨན་ནི་མ་ཟོས་ཟས་སྔོན་དང་། །དབུས་དང་མཐའ་དང་ཁམས་ཀྱི་བར། །ཟས་བར་བརྩེགས་བུ་ཟས་བཅས་དང་། །ཟས་མནན་མཚན་མོ་གཏོང་བའོ།། ཞེས་དང་། བཤད་པའི་རྒྱུད་ལས། སྨན་ཡང་ཉིན་ཞག་ཟས་དུས་རིག་པ་ཡིས། །ནད་དང་སྦྱར་སྟེ་གཏོང་ཚུལ་བཅུ་རུ་བཤད། །ཟས་མ་ཟོས་དང་ཟས་སྔོན་དབུས་དང་མཐར། །ཟས་ཁམས་ཟས་མཚམས་དུས་མེད་ཙེ་གུར་དང་། །ཟས་བཅས་ཟས་མནན་མཚན་མོ་གཏོང་བའོ། །ནད་དང་མི་སྦྱོར་ཀུན་ལ་ཞུ་དུས་གཏོང་། །རྨོངས་པའི་ལུགས་ཡིན་ནད་ཐོག་འབབ་པར་དཀའ། །དུས་ལས་མ་འདས་རྡེའུ་ངོས་འཛིན་འདྲ། །ཞེས་གསུངས། བློ་གྲོས་རྒྱལ་པོས། ཟས་མ་ཞུ་བར་སྨན་མི་གཏོང་། སྨན་མ་ཞུ་བར་ཟས་མི་ཟ་ཟེར་བ་འདི་ལས་སྨན་པ་དང་ཡོན་བདག་ཀུན་ལ་ཡོངས་སུ་གྲགས་པའི་སྲོལ་ངན་པ་འཇགས་འདུག་པས་གཏོང་ལུགས་བཅུ་བཤད་ན་ཀུན་གྱི་རྣ་བར་འགྲོ་དཀའ་བ་འདུག དེ་ཡང་ཇི་སྐད་དུ་བདག་གི་མེས་པོ་དྷརྨ་སྭྰམིས། ལྟས་ངན་སྲིན་བྱ་ཚོགས་པའི་གླིང་གསེབ་ཏུ། །བྱ་རྒྱལ་ཁུ་བྱུག་བྱུང་ན་ཐན་དུ་བྱེད། །ཁྲི་གདུགས་ཉི་མའི་འོད་ཀྱིས་ཀུན་སྐྱོང་ཡང་། །བྱ་ངན་འུག་པའི་མིག་ལ་ཕན་པ་དཀའ། །ཞེས་པ་ལྟར་ཡིན། འོན་ཀྱང་མཇུག་དོན་ཡོངས་གཏད་དུ། གཞུང་བཞིན་སྤྱོད་དང་ཉེས་ན་ང་རང་ཤེས། །ཞེས་པ་ལྟར་གཞུང་དོན་ལས་མ་འཕྱུག་པར་དགོས། ཞེས་གསུངས་སོ།།

            རྒྱུད་ཚིག་དེ་ཉིད་ལ་ཅུང་ཟད་འགྲེལ་ན། དང་པོ་ཟས་མ་ཟོས་གསུངས་པ་ནི། ཟས་ལྟོ་ལ་མེད་དུས་ཏེ་ཐོ་རངས་ཟས་མ་ཟོས་གོང་སྨན་གཏོང་བའོ། །གཉིས་པ་ཟས་སྔོན་ལ་གསུངས་པ་ནི། ཟས་ཟ་བའི་སྔོན་ལ་སྨན་བཏང་ལ་རྗེས་ཐོག་དེ་མ་ཐག་ཏུ་ཟས་ཟ་བའོ། །གསུམ་པ་དབུས་དང་ཞེས་པ། ཟས་ཀྱི་ཕྱེད་ཙམ་ཟོས་ནས་སྨན་བཏང་ལ་དེ་རྗེས་ཟས་ཀྱི་ལྷག་མ་དེ་ཟ་བས་ཟས་ཀྱི་དབུས་སུ་སྨན་གཏོང་གསུངས་པའོ།། བཞི་པ་མཐར་གསུངས་པ་ནི། ཟས་ཟོས་པའི་རྗེས་མཐར་དེ་མ་ཐག་སྨན་གཏོང་བའོ།། ལྔ་པ་ཟས་ཁམ་(ཁམས་)གསུངས་པ་ནི། ཟས་ཁམ་(ཁམས་)རེའི་བར་དུ་སྨན་ཐུན་རེ་གཏོང་ཞིང་ཟས་སྨན་སྤེལ་མར་གཏོང་བའོ།། དྲུག་པ་ཟས་མཚམས་གསུངས་པ་ནི། ཟས་ཀྱི་བར་མཚམས་ཟས་དང་ཅུང་ཟད་འགྱངས་པའི་སྐབས་སུ་སྨན་གཏོང་བའོ།། བདུན་པ་དུས་མེད་ཙེ་གུར་གསུངས་པ་ནི། ཟས་ཟོས་མ་ཟོས་གང་ཡང་རུང་བ་ལ། དུས་འདི་ཞེས་པའི་སྐབས་ངེས་པ་མེད་པར་ཡང་ཡང་དུ་བརྩེགས་བུར་ཏེ་ཐུན་གྲངས་མང་པོར་གཏོང་བའོ།། བརྒྱུད་པ་ཟས་བཅས་ཞེས་པ་ནི། ཟས་དང་ལྷན་ཅིག་བཙོ་བའམ་ཡང་ན་ཟས་གཡོས་ཚར་ནས་བསྲེས་ཀྱང་རུང་སྟེ་ཟས་དང་བཅས་པར་མཉམ་དུ་བསྲེས་ནས་ཟ་བའོ།། དགུ་པ་ཟས་མནན་ཞེས་པ་ནི། སྨན་ཐུན་གཅིག་བཏང་ནས་ཟས་ཟ་ཞིང་ཟས་དེ་ཟོས་ཚར་མ་ཐག་པ་ནས་དེ་སྟེང་སྨན་ཐུན་གཅིག་བཏང་སྟེ་སྨན་ཁ་སྦྱོར་གྱི་བར་དུ་སྨན་གྱིས་ཟས་བཏུམས་པའམ་མནན་ཐབས་སུ་ཟས་གཏོང་བའོ།། བཅུ་པ་མཚན་མོ་གཏོང་བའོ་གསུངས་པ་ནི།  ཟས་ལ་མ་ལྟོས་པར་མཚན་མོ་སྲོད་ཉལ་ཁར་གཏོང་བའོ།།

            འོ་ན་སྨན་གཏོང་ཚུལ་བཅུ་པོ་དེ་ནད་གང་གང་ལ་སྦྱར་ཞེ་ན། སོ་སོར་བཤད་པར་བྱ་སྟེ། ཟླ་ཟེར་ལས། བད་ཀན་ལོ་འདས་ནད་པ་ནི། །ཉམས་སྟོབས་ལྡན་པ་མ་ཟོས་གཏོང་། །ཐུར་སེལ་རླུང་ལ་ཟས་སྔར་གཏོང་། །མཉམ་གནས་ནད་ལ་བར་དུ་ཡིན། །ཁྱབ་བྱེད་ནད་པར་ཟས་ཟོས་མཐར། །གྱེན་རྒྱུའི་ནད་ལ་དགོང་ཀའོ།། སྲོག་ཅེས་བྱ་བའི་རླུང་ལྡན་ལ། །ཁམ་(ཁམས་)གྱི་བར་དང་ཟས་བར་ཟ། །དུག་དང་སྐྱུགས་ལུད་དབུགས་མི་བདེ། །སྐོམ་དད་སྐྱེ་ལ་བརྩེགས་བུའོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །སྨན་དང་ཟས་བཅས་སྦྱར་བར་བྱ། །སྐྱིགས་བུ་ལུས་འདར་ཡན་ལག་ལ། །ཟས་ཉུང་བཅས་པ་མནན་ལ་གཏོང་། །ནམ་ཚོང་ཡན་ཆད་ནད་ལ་ནི། །མཚན་མོའི་དུས་སུ་གཏོང་བ་བསྔགས། །ཞེས་གསུངས། དེ་ཡང་བད་ཀན་བོད་པ་སྟེ་དུས་ལས་འདས་པ་དང་། ཉམས་སྟོབས་ཏེ་ཟུངས་བཟང་བ་ལ་མ་ཟོས་གོང་གཏོང་བ་དང་། ཐུར་དུ་སེལ་བའི་རླུང་ལྡང་བར་ཟས་སྔོན་དང་། མེ་མཉམ་གྱི་རླུང་ལྡང་བ་ལ་བར་དུ་གཏོང་བ་དང་། ཁྱབ་བྱེད་ཀྱི་རླུང་ལྡང་བ་ལ་མཐར་གཏོང་བ་དང་། གྱེན་རྒྱུའི་རླུང་ལྡང་ རིགས་ལ་དགོང་མོའམ་སྲོད་དེ་མཚན་མོ་ཟས་མཐར་གཏོང་བ་དང་། སྲོག་འཛིན་གྱི་རླུང་ལྡང་བའི་རིགས་སྙིང་གཟེར་སོགས་ལ་ཟས་ཁམ་གྱི་བར་དུ་གཏོང་བ་དང་། དུག་ནད་ཅན་དང་སྐྱུགས་པ་དང་ལུ་བ་དང་དབུགས་མི་བདེ་བ་དང་སྐོམ་དད་ཆེ་བ་ལ་ཙེ་གུར་རེ་བརྩེགས་པུར་གཏོང་བ་དང་། ཡི་ག་འཆུས་པ་སྟེ་ཟས་ཡི་གར་མི་འོང་བའི་རིགས་དང་། ཁྱད་པར་སྨན་ལ་ཡི་ག་འཆུས་པའམ། བྱིས་པ་སོགས་སྨན་ཟ་མི་ཤེས་པ་དང་མི་ནུས་པའི་རིགས་ལ་ཟས་སྣ་ཚོགས་ཏེ་ནང་ལ་མི་གནོད་པའི་ཟས་ཡིད་དུ་གང་འོང་དང་བཅས་སྦྱར་ལ་གཏོང་བ་དང་། སྐྱིགས་བུ་དང་། ལུས་འདར་བ་དང་། ཡན་ལག་སྟེ་ཕྲན་བུའི་ནད་རྣམས་ལ་ཟས་ཉུང་ཙམ་རེ་སྨན་གྱིས་མནན་ལ་གཏོང་བ་དང་། ནམ་ཚོང་ཡན་གྱི་ནད་ལ་མཚན་མོ་གཏོང་བའོ།།      གཞན་ཡང་གསོ་བ་རིག་པ་ལ་གསན་སྦྱངས་གོམས་སྟོབས་ཆུང་ཞིང་བློ་རྟུལ་གོ་བ་རྨོངས་པ་ལ། ཁེངས་དྲེགས་ཆེ་ཞིང་ཞལ་སྨྲ་ཆེན་པོ་རྣམས་ཀྱིས་རྒྱུད་མན་ངག་གི་ལུང་དང་། ཚད་ལྡན་རིག་པ་གང་ལའང་དབང་མི་བསྟུན་པར་ཟས་དང་སྨན་འཕྲད་ནས་ཟས་སྟོབས་ཀྱིས་སྨན་ནུས་བཅོམ་ནས་མི་ཕན་པར་མ་ཟད་གནོད་པ་དང་། སྨན་ཟས་ནད་འཐབ་པས་སྨན་ཆུད་འཛའ་བ་དང་། ནད་སློང་བ་སོགས་ཡོང་ཕྱིར་ཟས་སྨན་གང་ཡང་སྔ་མ་ཞུ་ནས་ཕྱི་མ་གཏོང་བའི་དགོས་པའོ།། ཞེས་སྨྲ་བ་མང་ཞིག་དེ་སྔ་ཡང་བདག་གིས་ཐོས་པས་དེ་ལ་འདི་སྐད་ཟློས་ཤིག གོང་དུ་སྨྲས་པ་བཞིན་སྨན་དཔྱད་ཟས་སྤྱོད་བཞི་པོ་ཡོངས་གྲགས་ནད་ཀྱི་གཉེན་པོར་མི་འགྲོ་ཞིང་བསྡོང་ གྲོགས་སུ་འགྲོ་བ་མི་གཏོང་བ་ནི་སྨན་པའི་ལུགས་ཡིན་ཕྱིར་ནད་དང་མི་མཐུན་པ་གཏོང་བས་སྒྱུ་ལུས་ལ་ཕན་པས་ན་སྨན་ཞེས་བྱ་ལ། གནོད་པ་ག་ལ་སྲིད། དཔེར་ན་བློ་མཐུན་དམག་ཚོགས་དགྲ་ལ་ཆས་པ་དང་འདྲའོ།། དེ་ཕྱིར་སྨན་མར་དང་ལྡེ་གུ་སྨན་ཆང་ཕལ་ཆེར་ཕན་ཟས་དང་སྨན་བསྲེས་པའི་སྦྱོར་བ་ཁོ་ན་ཡིན་པར་མི་ཤེས་སམ། གཉེན་པོ་བཞི་ནད་དང་མི་འཕྲོད་པ་བཞི་མི་འཇོམས་སམ། འཕྲད་མིན་ནང་འཐབ་པའི་རིགས་བཏང་ན་རྨོངས་པས་འདོད་པའི་བླུན་ཚིག་དེ་དག་ལོས་བདེན་ཡང་། དེ་ནི་སྨན་པས་ནམ་ཡང་བྱ་བའི་ལས་མིན་ཕྱིར་སྒྱུ་ལུས་ལ་གནོད་པས་ན་དུག་ཞེས་བྱ་ལ། དེས་ན་འཚོ་བྱེད་ཀྱི་སྨན་པ་གཏམ་སར། གསོད་བྱེད་ཀྱི་ཤན་པ་གཏམ་དོན་མེད་ལ་དེ་གཉིས་མཉམ་དུ་སྦྱོར་བའི་རིག་པས་སྒྲུབ་ཀྱང་སེང་གེའི་ཡ་ཁར་ཁྱི་རྒན་གྱི་མ་ཁ་མི་འགྲིག་པས་ནམ་ཡང་ལྷ་འདྲེ་མ་ནོར་བ་ཞིག་གལ་ཆེའོ།།

སྨན་གང་གཏོང་ཡང་སྔ་ཕྱི་གང་རུང་ཞིག་ཏུ་ཕན་པའི་ཟས་མེད་ཐབས་མེད་ལ། རྒྱུ་མཚན་གང་ཞེ་ན། ནད་ནི་ལུས་ཟུངས་དེ་ཡི་གཤེད་མ་ཡིན་པས་གཤེད་མ་དེ་བཅོམ་བྱེད་གཉེན་པོ་སྨན་དང་ལུས་ཟུངས་དེ་གསོ་བྱེད་གྲོགས་པོ་ཟས་ཡིན་ལ། འདི་ལྟར་རླུང་ལྔ་ལ་བསྟུན་དགོས་པའང་། ནད་རྣམས་ཀུན་གྱི་སྣ་འདྲེན་མཇུག་སྡུད་རླུང་།། ཞེས་གསུངས། གཞན་ཡང་དཔེར་ན་ཆར་འབེབས་མཁན་གྱིས་རླུང་གནོན་བཞིན། ཞེས་པས་སོ།། རོ་ནུས་ཞུ་རྗེས་བྱེད་ལས་མི་མཐུན་པའི་རིགས་མཉམ་དུ་གཏོང་བ་ལྟ་ཞོག་མཉམ་དུ་འཇོག་མི་བཏུབ་པ་གནད་ཤེས་པར་མཛོད། འོན་ཀྱང་རོ་སྡེབས་ནུས་སྡེབས་ཞུ་རྗེས་སྦྱར་ཏེ་སྡེབས། ཅེས་པའི་སྐབས་སུ། ཆོ་གས་སྦྱར་བའི་ཁ་སྐོང་། སྡེབ་སྦྱོར་གྱི་ཆེད་དུ་མི་མཁོ་མཐུ་མེད་པར་འཇམ་རྩུབ་སྤེལ་དགོས་པ་རྣོ་སྨན་ལྟ་བུ་ནི། གང་ལའང་མི་ལྟོས་པ་ཆོ་གའི་དབང་གིས་ཡིན་ཏེ། རྒྱུད་རིག་པའི་མ་གྲོ་གཟི་ཆེན་ལས། མེ་དང་མར་གཉིས་ལྷན་ཅིག་ཏུ། །སྐད་ཅིག་བཞག་པར་ག་ལ་བཏུབ། །དེ་སྟེ་ཆོ་གས་སྦྱར་བྱས་ན། །མར་མེའི་འོད་ནི་བླ་ན་མེད། །སྨན་ཡང་རྩི་དུག་སྦྲག་མི་ཉན། །ངན་པ་བློ་རྣོས་བཟང་པོའི་ཡིད་འཕྲོག་བྱེད། །ཆོ་གས་སྦྱར་ན་རྒྱལ་པོའི་དམག་དཔུང་འདྲ། །ཞེས་གསུངས་སོ།། བཤད་རྒྱུད་དུ། དེ་ལྟར་ཉེས་པ་གཙོ་བོ་རིགས་གནས་བཞིའི། །དབྱེ་བ་བཞི་བརྒྱ་རྩ་བཞིའི་རིགས་ཡོད་དེ། །གསུངས་པ་ལྟར། ནད་གཞི་བརྒྱ་རྩ་བཞི་ཉེས་པ་གསུམ་གྱི་བསྐྱེད་ཚུལ་དང་། འབྱུང་བ་ལྔ་ལས་སྨན་གྱི་རོ་དྲུག་བསྐྱེད་ཚུལ། རོ་དྲུག་ལས། ནུས་པ་བརྒྱད་དང་ཞུ་རྗེས་གསུམ་དང་། ཡོན་ཏན་བཅུ་བདུན་སྐྱེད་ཚུལ། མེ་དྲོད་གསུམ་གྱིས་རིམ་པས་སྨན་ཟས་བཞུས་པའི་སྨན་དང་ནད་འཕྲད་ཚུལ། ཟས་ལུས་ཟུངས་བདུན་དུ་འགྱུར་ལུགས། ཡོན་ཏན་བཅུ་བདུན་གྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་ཚུལ། སྡེབ་སྦྱོར་གསུམ་གྱིས་འཕེལ་ཟས་བདུན་ཅུ་གཞོམ་ལུགས་དེ་དག་ཐམས་ཅད་ལ་ཐོས་ཙམ། འོལ་ཚོད་ཙམ་མ་ཡིན་པའི་ལུང་རིགས་ལག་ལེན་ངེས་ཏིག་འདི་དང་འདི་ཞེས་ངེས་པར་མཛོད་ལ་ཞལ་ཚོན་ཐོབ་ཤིག དེ་ལས་སྨྱོ་ཁ་གཉིད་རྐུབ་ལྟ་བུའི་སྨྲ་བ་ནི་ནམ་ཡང་མི་གནང་བར་ཞུའོ།། ཞེས་སྨྲོས་ཤིག ཁོ་བོ་ནི་འདི་དག་ལུང་རིགས་འགྲེལ་ཁྲིད་རྩིས་རྡེལ་ཀུན་ནས་སྦྱངས་པས་སོ་སོར་སྨྲ་ནུས་ཀྱང་། རང་ས་ནས་ཁོམ་པའི་ལོངས་སྐབས་དང་། རྩོལ་བའི་སྣག་ཤོག་སོགས་དཀའ་བ་དང་། མི་ས་ནས་དྲི་བའི་རྣམ་དཔྱོད། ཉན་པའི་སྐལ་བ། སློབ་པའི་གྲྭ་ས། ཤེས་པའི་སྤྲོ་དགའ། མཁས་པའི་ངོ་སོ། རྨོངས་པའི་ཞུམ་པ། འཁྲུལ་པའི་འགྱོད་པ། འཁྱལ་བའི་ངོ་ཚ་སོགས་གང་ཐད་ནས་མི་སྣང་ཕྱིར་དགོས་ཆེད་དབེན་པས་དེ་ཙམ་གྱིས་རྒྱས་པར་འཐུས་པ་པུཥྚིཾ་ཀུ་རུ་ཧོ།།

དེ་ལྟར་སྨན་གཏོང་ཚུལ་ཅུང་ཟད་གླེང་བ་འདི་ནི་འཚོ་མཛད་དམ་པ་ཚུལ་ཁྲིམས་རྡོ་རྗེ། དགོངས་པ་ཅན་དང་། དགོངས་མིན་ཅོ་འདྲི་དབྱེར་མེད་པའི་སྒོ་ནས་དྲི་ཚིག་སྨིན་པའི་ལན་དུ་འཚོ་བ་ཚེའི་རིག་པ་འཛིན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་གནམ་མཚོ་ཕྱུག་མོའི་འགྲམ་གྱི་བཀྲ་ཤིས་དོ་བོ་ཆེའི་གནས་ཕུག་ཏུ་བྲིས་པ་དགེ་བར་གྱུར་ཅིག་ཞུས་སོ།། །།

མཐའ་མའི་འདོན་ཐེངས་།: 20.10.2014 ཉིན། 9:53 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།