སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་ལྔ་པ། ཤིང་གི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

སྡེ་ཚན་ལྔ་པ། ཤིང་གི་སྨན་སྡེ་བཤད་པ།

 

ད་ནི་བར་གྱི་ལྔ་པ་ཤིང་གི་སྨན་གྱི་ནུས་པ་བཤད་པ་ལ། འབྲས་བུ་མེ་ཏོག་ལོ་མ་སྡོང་པོ་ཡལ་ཕྲན་པགས་པ་ཚི་བ་དང་བདུན་དུ་འདུས་ཤིང་རྩ་བ་བཤད་ཀྱང༌། བྲ་མའི་རྩ་ཟེར་བ་ཙམ་ལས་ལག་ལེན་སྐབས་ཆེར་མ་བཤད་པས་ཟུར་དུ་མ་ཕྱུང་བའི་ས་བཅད་བདུན་པོ་རིམ་པས་བཤད་པ་ནི།

 

དང་པོ། འབྲས་བུའི་སྨན་གྱི་ནུས་པ་བསྟན་པ།

 

༡། ཨ་རུ་ར།

ཨ་རུ་ར་ནི་ནད་རྣམས་ཀུན་ལ་མཆོག །ཅེས་པ་འདི་སྨོན་ལམ་གྱི་མཐུ་དང་ངོ་བོའི་རོ་ནུས་པ་གང་ཐད་ནས་ནད་དོ་ཅོག་གི་གཉེན་པོ་ཡིན་པས་སྨན་མཐའ་དག་གི་རྒྱལ་པོར་གྱུར་ཕྱིར། རྒྱུད་དང་མན་ངག་ཐམས་ཅད་དུ། སྨན་མཆོག་རྒྱལ་པོ་ཨ་རུ་ར། ཞེས་བསྔགས་པ་འདི་ནི། སྔོན་ལྷ་དང་ལྷ་མ་ཡིན་གྱིས་བདུད་རྩི་ལོངས་སྤྱོད་པའི་དུས་སུ། ཚངས་པའི་ཞལ་ནས་ཐིགས་པ་སར་ལྷུང་བ་ལས་འཁྲུངས་པ་དང༌། སྒྲ་གཅན་གྱི་མགྲིན་པ་འཁོར་ལོས་བཅད་པ་ནས་སར་ལྷུང་བ་ལས་འཁྲུངས་པ་གང་ཡང་རི་རབ་ཀྱི་རྩེར་ལྷའི་གནས་སུ་འཁྲུངས་པ་ཡིན་ཏེ། གསོ་དཔྱད་ཕྲན་བུ་ལས། རྣམ་པར་རྒྱལ་བ་ཞེས་བྱ་བ། རྣམ་སྲས་ལ་སོགས་གནོད་སྦྱིན་གྱི། །གཞལ་མེད་ཁང་གི་ལོགས་སུ་སྐྱེ། །སྡོང་པོ་རིན་ཆེན་ལྔ་ལས་གྲུབ། །ལོ་མ་པཉྩ་ལི་ཀ་དང༌།།  མེ་ཏོག་ཨུ་དུམ་ཝཱ་ར་འདྲ། འབྲས་བུ་ཨ་རུ་རྣམ་རྒྱལ་ཞེས། །ཞེས་གསུངས་སོ། །དེ་ཡང་ལྷའི་བཙུན་མོ་བློ་གྲོས་བདེ་བྱེད་མས་ཨ་རུ་ར་རྣམ་པར་རྒྱལ་བ་སྔོན་པོ་རྟའི་མགོ་ཙམ་པ་ཞིག་སེམས་ཅན་གྱི་དོན་དུ་བཏུས་ནས། དེ་སྨན་གྱི་ལྷ་མོ་བདུད་རྩི་མའི་སྤྲུལ་པ་གྲུབ་པའི་ལྷ་མོ་ཡིད་འཕྲོག་མ་ལ་ཕུལ་ནས། ཡིད་འཕྲོག་ལྷ་མོ་བདག་ལ་གསོན། དབྱིབས་ལེགས་མཛེས་ཤིང་ཡོན་ཏན་རྫོགས། །སྨན་མཆོག་རྣམ་རྒྱལ་རྡོག་པོ་འདི། །གྲུབ་པའི་ལྷ་མོ་ཁྱོད་ལ་འབུལ། །བདག་ལ་བརྩེ་བས་ལེགས་བཞེས་ནས།།  ཕྱི་རབས་སེམས་ཅན་དོན་ཕྱིར་དུ། །སྨོན་ལམ་ས་བོན་འདེབས་པར་མཛོད། །འབྲས་བཟང་སྨིན་པར་གདོན་མི་ཟ། །ཞེས་ཞུས་པ་བཞིན་ཡིད་འཕྲོག་མས་ཨ་རུ་ར་དེ་བསྣམས་ནས་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ཏེ། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་སྤྱན་དྲངས་ལ་མཆོད་བསྟོད་ཀྱིས་མདུན་བསུས་ཏེ། བླ་མ་དཀོན་མཆོག་ཐུགས་རྗེ་དང༌། །བདག་གི་ལྷག་བསམ་རྣམ་དག་མཐུས། །རྒྱུ་འབྲས་བསླུ་མེད་བདེན་སྟོབས་ཀྱི་ས། །སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །བདུད་རྩིའི་མཆོག་གྱུར་རྣམ་རྒྱལ་འདི། །ཤར་ཕྱོགས་སྤོས་ངད་ལྡན་འཁྲུངས་ནས། །རྩ་སྡོང་ཡལ་ག་ལོ་མ་དང༌།།  པགས་པ་མེ་ཏོག་འབྲས་བུ་ཡིས། འགྲོ་བའི་རུས་པ་ཤ་ཡན་ལག །རྩ་རྒྱུས་པགས་པ་དོན་སྣོད་དང༌། །དབང་པོའི་ནད་རྣམས་སེལ་བྱེད་ཤོག །ཨ་རུ་རིགས་ལྔ་འཁྲུངས་པའི་གཙོར། །རོ་དྲུག་ནུས་བརྒྱད་ཞུ་རྗེས་གསུམ། །ཡོན་ཏན་བཅུ་བདུན་ཀུན་རྫོགས་པས། །ཉེས་གསུམ་མཚན་ཉིད་ཉི་ཤུ་དང༌། །ཁྱད་པར་བཞི་ཡི་ནད་སེལ་ཤོག །སྨན་རྒྱལ་ནོར་བུ་དེ་ཡི་འཁོར། །ཨ་རུ་རིགས་བཞི་ལེགས་འཁྲུངས་ནས། སྨན་སྦྱོར་གང་བྱེད་དེ་ཡི་གཙོར། །སྨན་མཆོག་འདི་ཉིད་བྱེད་གྱུར་ཅིག །སྤྲུལ་པའི་རི་བོ་སྤོས་ངད་ལྡན། །འཕགས་མིན་སོ་སྐྱེས་བགྲོད་པར་དཀའ། །དེ་ཕྱིར་ས་ཕྱོགས་གཞན་ཀུན་ཏུ། །རིགས་ལྔའི་ས་བོན་ཐེབས་སྨིན་ཤོག །སྨན་མཆོག་རྣམ་རྒྱལ་འདི་ལ་སོགས།། ནུས་ལྡན་སྨན་རིགས་ཐམས་ཅད་ཀྱི་ས། མི་མཇེད་འཇིག་རྟེན་ཁམས་ཁྱབ་ནས།  འགྲོ་བའི་ནད་ཀུན་ཞི་བྱེད་ཤོག །ཅེས་སྨོན་ལམ་བཏབ་བཞིན་སྐྱེས་པར་བཤད་པ་འདི་ནི་གཡུ་ཐོག་རྙིང་མའི་རྣམ་ཐར་ལས་བཤད་པའོ། །དེ་ལྟར་ཡིད་འཕྲོག་ལྷ་མོའི་སྨོན་ལམ་གྱི་མཐུས་སྤྲུལ་པའི་གནས་ཆེན་ལྟ་ན་སྡུག་གི་ཤར་ཕྱོགས་སྤོས་ངད་ལྡན་གྱི་རི་ལ་ཨ་རུ་རྣམ་པར་རྒྱལ་བ་གཙོ་བོར་གྱུར་པའི་རིགས་ལྔ་ཤིང་གཅིག་ལ་ཚང་བར་སྐྱེས་ལ། རྣམ་པར་རྒྱལ་བ་ནི་སྤོས་ངད་ལྡན་ལས་ཡུལ་གཞན་དུ་མི་སྐྱེ་ཡང༌། སྨོན་ལམ་གྱི་མཐུས་རིགས་གཞན་ནི་ཡུལ་ཕལ་ཆེར་དུ་སྐྱེ་བ་ཡིན། དེ་ཡང༌། འཚོ་མཛད་གཞོན་ནུའི་སྨན་གྱི་སྡེབ་སྦྱོར་ལས། རྒྱ་གར་གནས་བཟང་སེམས་ཅན་བསོད་ནམས་ཆེ། འཕགས་པའི་བྱིན་རླབས་ཡིད་འཕྲོག་སྨོན་ལམ་མཐུས། །ཤར་ཕྱོགས་སྤྲུལ་པའི་རི་བོ་སྤོས་ངད་ལྡན། །སྨན་མཆོག་རྒྱལ་པོ་ཨ་རུ་རྣམ་རྒྱལ་འཁྲུངས། །དྲི་ཡིས་ཁྱབ་པའི་ས་ཕྱོགས་ནད་མེད་ཅིང༌། །སྨན་པའི་རྒྱལ་པོས་བྱིན་རླབས་སྤྲུལ་པའི་སྨན། རྒྱ་གར་ལི་ཡུལ་བལ་ཡུལ་ལ་སོགས་པའི། །ཡུལ་ཁམས་གཞན་དུ་སྨན་མཆོག་འདི་མི་སྐྱེ། །ཆ་འདྲ་ཙམ་རེ་སྨོན་ལམ་སྟོབས་ལས་འབྱུང༌། །དེ་ལ་ནུས་པའང་ཆ་འདྲ་ཡོད་པར་གསུངས། །ཞེས་དང༌། གསོ་དཔྱད་ཕྲན་བུ་ལས། གསེར་མདོག་ཤ་ཆེན་འབིགས་བྱེད་དང༌། །རྩ་སྙུང་རྩེ་སྙུང་ཟར་མ་རྣམས། རྒྱ་གར་བལ་ཡུལ་གར་ཡང་སྐྱེ། །ཞེས་དང༌། ཟུར་རྡོལ་ལས། ཡིད་འཕྲོག་མ་དེའི་སྨོན་ལམ་མཐུ་སྟོབས་ཀྱི་ས། །ས་ཕྱོགས་གཞན་དུ་ཆ་འདྲ་ཡོད་པར་སྲིད། སྨན་སྡོང་འདི་ཡིས་ཁྱད་ཆོས་བཅོ་བརྒྱད་པོ། །ཨ་རུ་གཞན་རྣམས་ཡོན་ཏན་ལྡན་ན་ཡང༌། །རང་རང་སྐབས་སུ་བབ་པའི་ཡོན་ཏན་ལས། །རྣམ་པར་རྒྱལ་བའི་ཡོན་ཏན་ཆ་འདྲ་བ། །ཆོས་ཀྱི་སྤྱན་ལྡན་མཁས་གྲུབ་དམ་པ་རྣམས། །སྨན་མཆོག་ཨ་རུའི་ཡོན་ཏན་བརྗོད་པ་ནི།།  བདུད་རྩི་རྣམ་པར་རྒྱལ་བ་ཁོ་ནར་དགོངས། །མི་ཤེས་ཤེས་རབ་འཆལ་བའི་བླུན་པོ་རྣམས། །རྣམ་པར་རྒྱལ་བའི་ཁྱད་ཆོས་བཅོ་བརྒྱད་དེ། །ཨ་རུ་རིགས་བཞི་དག་ལ་ཚང་བར་འདོད། །རྨོངས་པའི་ཆོས་ལུགས་མཁས་རྣམས་བཞད་གད་གནས།།  ཅི་ཕྱིར་རྣམ་པར་རྒྱལ་བའི་ཡོན་ཏན་རྣམས། །ཨ་རུ་རིགས་བཞི་དག་ལ་ཚང་ཞེས་དང༌། །མཁས་པའི་ཡོན་ཏན་བླུན་རྨོངས་སྐྱེ་བོ་ལ། །ཚང་ཞེས་བརྗོད་དང་ཁྱད་པར་ཅི་ཞིག་ཡོང༌། །གསེར་དང་ར་གན་མཉམ་པ་ཇི་ལྟར་འདོད། །ཅེས་གསུངས་སོ། །ཟུར་མཁར་དྷརྨ་སྭ་མིས། ལྟ་ན་སྡུག་གི་ཤར་ཕྱོགས་སུ། །སྤོས་ངད་ལྡན་པའི་རི་བོ་ལ། །ས་བདག་ལག་པ་ཆེན་པོ་དང༌། །ཆུ་ཡི་ལྷ་མོ་གཙང་ཆེན་གཉིས། །ཆགས་སྤྱད་སྐུ་ལ་འཁྱུད་པ་ལས། །ནུས་པ་ཟླ་མཚན་ས་ལ་འཁྱིལ། །ཨ་རུ་ར་ཡི་ནགས་ཚལ་འཁྲུངས། །རྒྱ་གར་ཡུལ་དུ་ཤིང་སྐྱེས་པ། །ཏྲ་ལ་ཧ་ཞེས་བྱ་བར་གྲགས། བོད་ཀྱི་ཡུལ་དུ་ཤིང་སྐྱེས་པ། །ཀླུ་ཤིང་འོམ་བུ་ཞེས་བྱར་གྲགས། །རྩ་བས་རུས་པའི་ནད་རྣམས་སེལ། །སྡོང་པོས་ཤ་ཡི་ནད་རྣམས་སེལ། །ཤུན་པས་པགས་པའི་ནད་རྣམས་སེལ། །ཡལ་གས་རྩ་རྒྱུས་ནད་རྣམས་སེལ། །ལོ་མས་སྣོད་ཀྱི་ནད་རྣམས་སེལ། མེ་ཏོག་དབང་པོའི་ནད་རྣམས་སེལ། །འབྲས་བུས་དོན་སྙིང་ནད་རྣམས་སེལ། །རིགས་ནི་རྣམ་པ་ལྔ་ཡོད་དེ། །ཞེས་གསུངས། རིགས་ལྔ་བཅས་སྐྱེ་ཚུལ་ཡང༌། ཟུར་རྡོར་ལས། སྡོང་པོའི་དབུས་ན་ཨ་རུ་རྣམ་པར་རྒྱལ། །ཤར་ཕྱོགས་འཇིགས་མེད་ལྷོ་ཕྱོགས་ཤ་མཐུག་དང༌། །ནུབ་ཕྱོགས་འཕེལ་བྱེད་ཟླུམ་པོ་ཞེས་བྱ་དང༌། །བྱང་ཕྱོགས་སྐེམ་པོ་སུལ་མང་རིམ་བཞིན་འཁྲུངས། ཞེས་སོ། །སྐྱེ་ཚུལ་བཅས་ངོས་འཛིན་ཡང༌། བྲང་ཏི་པས། དབུས་ཀྱི་ཕྱོགས་ཀྱི་ཤིང་རྩེ་ལས། །རྣམ་པར་རྒྱལ་བའི་འབྲས་བུ་འཁྲུངས།། ཁ་ནི་ཟུམ་ལ་གྲེ་བ་ཕྲ། །རྩ་བའི་གོ་སུལ་རེ་རེ་ལ། །ཉི་མའི་འོད་ཟེར་ཤར་བ་འདྲ།། ཤར་གྱི་ཕྱོགས་ཀྱི་ཤིང་རྩེ་ལས། །གསེར་མདོག་ཅེས་བྱའི་འབྲས་བུ་འཁྲུངས། །གསེར་གྱི་མདོག་ཅན་ངང་སྒོང་འདྲ། །སུལ་ནི་ལྔའམ་བརྒྱད་ཡོད་དོ། ། ལྷོ་ཡི་ཕྱོགས་ཀྱི་ཤིང་རྩེ་ལས། །ཤ་ཆེན་ཞེས་བྱའི་འབྲས་བུ་འཁྲུངས། །སྦྲང་བུར་ཚངས་པར་བཅད་པ་འདྲ། །ནུབ་ཀྱི་ཕྱོགས་ཀྱི་ཤིང་རྩེ་ལས། །འབིགས་བྱེད་ཅེས་བྱའི་འབྲས་བུ་འཁྲུངས། །ནག་ཅིང་དཀྱིལདུ་རུས་པ་མེད། །བྱང་གི་ཕྱོགས་ཀྱི་ཤིང་རྩེ་ལས། །རྩེ་སྙུང་ཞེས་བྱའི་འབྲས་བུ་འཁྲུངས། །སེར་ནག་སུལ་ཅན་ལྕང་མོ་འདྲ། །ཨ་རུ་ར་དེ་རྣམ་ལྔ་པོ། །སོ་སོའི་ཤིང་ལས་སྐྱེ་བའང་ཡོད། །ཅེས་དང༌། དྷརྨ་སྭ་མིས། ཨ་རུ་རྣམ་པར་རྒྱལ་བ་ནི། །ཀུ་བའི་མཇུག་འདྲ་ཁྱད་པར་དུ། བཀྲ་ཤིས་དོན་ཀུན་འགྲུབ་ཅེས་པ། །ཨ་རུའི་ནང་ན་ཨ་རུ་ཡོད། བསྐྱོད་ན་ཁྲོག་ཁྲོག་ཟེར་བ་ཡོད། །དེ་ཡི་ཡིད་བཞིན་ནོར་བུ་ཡིན། །རྣམ་པར་རྒྱལ་བ་དག་ཏུ་འདོད། །རབ་འབྲིང་ཐ་མའི་དབྱེ་བ་ནི། །ཀུ་བའི་མཇུག་འདྲ་རབ་ཏུ་བཤད། །གསུམ་འབྲེལ་དག་ཏུ་ཡོང་བ་དེ། །རྣམ་པར་རྒྱལ་བ་འབྲིང་དུ་བཤད། །གཉིས་འབྲེལ་རྣམ་རྒྱལ་ཐ་མ་ཡིན། །འཕེལ་བྱེད་ཟླུམ་པོ་ཞེས་བྱ་བ། །ད་ལྟ་གསེར་མདོག་ཅེས་སུ་གྲགས། །བདུད་རྩི་ཤ་མཐུག་ཅེས་བྱ་བ། །ཁ་དོག་དམར་སེར་དག་ཏུ་འདོད། །ད་ལྟ་ཤ་ཆེན་ཞེས་སུ་གྲགས། །སྐེམ་པོ་སུལ་མང་ཞེས་བྱ་བ། །མཆུ་སྙུང་ཞེས་སུ་བཤད་པ་ཡིན། འཇིགས་མེད་ནག་པོ་གླ་རིལ་འདྲ། །འབིགས་བྱེད་དཀྱིལདུ་རུས་པ་མེད། །ད་ལྟ་ནག་ཆུང་དག་ཏུ་འདོད།། ཅེས་གསུངས། དེ་ལྟ་བུའི་ཨ་རུ་དེའི་ཁྱད་པར་གྱི་ཆོས་ཀྱང༌། རྩ་རྒྱུད་ལས། རོ་དྲུག་དང་ལྡན་པ། ནུས་པ་བརྒྱད་དང་ལྡན། ཞུ་རྗེས་གསུམ་དང་ལྡན། ཡོན་ཏན་བཅུ་བདུན་རྫོགས་པ། ཞེས་བཤད་པ་དང༌། བཤད་རྒྱུད་དུ། ཨ་རུ་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །ཞེས་ལན་ཚྭ་བའི་རོ་མེད། དེ་མ་གཏོགས་པའི་རོ་ལྔ་ཡོད་ཅེས་པ་འདི་འགྲེལ་བྱེད་དག་སྣ་ཚོགས་གསུངས་པར་སྣང་ལ། ཁོ་བོས་ཀྱང༌། མཁས་པར་ཞལ་བཞེས་པ་འགའ་ལ་དྲི་བ་ཕུལ་ཡང་ཐོག་འགྲོ་དོན་གསལ་གསུང་མཁན་མ་བྱུང་བས། དེ་ནི་ཁོ་བོས་དབྱེ་བར་བྱ་སྟེ། རོ་དྲུག་ལྡན་པར་བཤད་པ་ནི། ཡན་ལག་ནག་པོའི་རྒྱུད་ལས། ཨ་རུ་ར་ནི་རིགས་ལྔ་སྟེ། །རོ་དྲུག་ནུས་པ་བརྒྱད་དང་ལྡན། །ཞེས་དང༌། བདུད་རྩི་བུམ་པ་ལས། རིགས་ལྔ་རོ་དྲུག་ནུས་པ་བརྒྱད། །ཞུ་རྗེས་གསུམ་ལྡན་ནད་རིགས་འཇོམས། །ཞེས་གསུངས་པ་ནི། ཨ་རུའི་རིགས་སྤྱིར་བཤད་པ་དང་གཙོ་བོའི་ཡོན་ཏན་བྱེ་བྲག་བཤད་དེ་སོ་སོར་མ་ཕྱེས་པར་སྡོམ་དུ་བཤད་པ་སྟེ། མི་ཕྱེ་བའི་དོན་ཡང་ལན་ཚྭ་མ་གཏོགས་ཐུན་མོང་ཡིན་ཕྱིར་རོ། །རོ་དྲུག་ལྡན་སོགས་གསུངས་པ་དེ་ནི་ཨ་རུ་རྣམ་རྒྱལ་ཁོ་ན་ལ་གསུངས་པ་ཡིན་ལས་གཞན་ལ་མིན་ཕྱིར། རྩ་རྒྱུད་དུ་གསུངས་པ་ནི། རྣམ་པར་རྒྱལ་བའི་ཁྱད་ཆོས་ཡིན་ལ། གསེར་འོད་དུ། ཨ་རུ་ར་ནི་རྣམ་གཅིག་ལ། །རོ་ནི་རྣམ་པ་དྲུག་དང་ལྡན། ཞེས་དང༌། དྲང་སྲོང་ཙ་ར་ཀས། །དེ་ཡང་རྣམ་པར་རྒྱལ་བ་རོ་ལྔ་ལྡན། །ཅུང་ཟད་ཙམ་ནི་ལན་ཚྭའི་བག་དང་བཅས། །བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ། །ཞེས་དང༌། ཨ་ཙ་རའི་རྡེའུ་སྐོར་ལས། ཨ་རུ་ར་ནི་རྣམ་གཅིག་ལ། །རོ་དྲུག་ནུས་བརྒྱད་ཡོནཏན་ལྡན། །ཞུ་རྗེས་གསུམ་ཚང་ནད་ཀུན་འཇོམས། །འདི་ནི་རྣམ་པར་རྒྱལ་བའོ། །ཞེས་གསལ་བར་གསུངས་པས་རྣམ་རྒྱལ་གྱི་ཁྱད་ཆོས་རོ་དྲུག་ནི། །མངར་བ། སྐྱུར། ལན་ཚྭ་བ། ཁ་བ། ཚ་བ། བསྐ་བའོ། །ནུས་པ་བརྒྱད་ནི། ལྕི་བ། སྣུམ་པ། བསིལ་བ། རྟུལ་བ། ཡང་བ། རྩུབ་པ། ཚ་བ། རྣོ་བའོ། །ཞུ་རྗེས་གསུམ་ནི། མངར་བ། སྐྱུར་བ། ཁ་བའོ། ཡོན་ཏན་བཅུ་བདུན་ནི། འཇམ་པ། ལྕི་བ། དྲོ་བ། སྣུམ་པ། བརྟན་པ། གྲང་བ། རྟུལ་བ། བསིལ་བ། མཉེན་པ། སླ་བ། སྐམ་པ། སྐྱ་བ། ཚ་བ། ཡང་བ། རྣོ་བ། རྩུབ་པ། གཡོ་བའོ། །ནད་ཀུན་འཇོམས་པའི་དོན་ཡང༌། བཤད་རྒྱུད་ལ། བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས། གསུངས་པས་སྨན་གྱི་ཡོན་ཏན་བཅུ་བདུན་གྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པ་སྟེ། ནད་ཀྱི་མཚན་ཉིད་ཉི་ཤུ་ནི། རླུང་གི་མཚན་ཉིད་རྩུབ་ཅིང་ཡང་བ་དང༌། །གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་དྲུག མཁྲིས་པའི་མཚན་ཉིད་སྣུམ་བཅས་རྣོ་ཞིང་ཚ། ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་བདུན། །བད་ཀན་མཚན་ཉིད་སྣུམ་ཞིང་གཤེར་བ་དང༌། །ལྕི་བརྟུལ་འཇམ་བརྟན་འབྱར་བག་ཅན་དང་བདུན། ཞེས་སོ། །འཇོམས་ཚུལ་ནི། རླུང་ལ། འཇམ་པས་རྩུབ་པ་བཅོམ་པ་དང༌། དེ་བཞིན་དུ། ལྕི་བས་ཡང་བ། དྲོ་བས་གྲང་བ། བརྟན་པས་གཡོ་བ། སྣུམ་པས་ཕྲ་བ་དང༌། མཉེན་པས་སྲ་བ་བཅོམ་མོ། །མཁྲིས་པ་ལ། སྐྱ་བས་སྣུམ་པ། རྟུལ་བས་རྣོ་བ། བསིལ་བས་ཚ་བ། ལྕི་བས་ཡང༌། སླ་བས་དྲི་མནམ་པ། སྐམ་པས་འཁྲུ་བ་དང༌། གཤེར་བ་འཇོམས་སོ། །བད་ཀན་ལ། སྐྱ་བས་སྣུམ་པ། ཚ་བས་བསིལ་བ། ཡང་བས་ལྕི་བ། རྣོ་བས་རྟུལ་བ། གཡོ་བས་བརྟན་པ། རྩུབ་པས་འཇམ་པ་དང༌། སྲ་བས་འབྱར་བག་ཅན་འཇོམས་པའོ། །ཕྱི་རབས་པ་ཁ་ཅིག་ནི། འདི་བཞིན་གཉེན་པོ་མ་སྤྲད་པར། ཡོན་ཏན་བཅུ་བདུན་ནད་ཀྱི་མཚན་ཉིད་ཉི་ཤུའི་གཉེན་པོར་མ་འདངས་པས། དྲི་མ་མནམ་པའི་གཉེན་པོར་གཤེར་བ་དང༌། འབྱར་བག་གི་གཉེན་པོར་གྱོང་བ་དང༌། ཕྲ་བའི་གཉེན་པོར་སྦོམ་པ་གསུམ་གློ་བུར་དུ་བསྣན་ནས་ཡོན་ཏན་ཉི་ཤུ་ཁ་བསྐང་འདུག་པ་ཁྱབ་ཆུང་ལ། ཡོན་ཏན་བཅུ་བདུན་ལས་ལྷག་པའི་གཤེར་བ་གྱོང་བ་སྦོམ་པ་ཟེར་བ་འདི་འདྲ་མ་བཤད་པར་སྣོན་པ་མི་འཐད་ལ་སྣོན་ཡང་མི་དགོས་ཏེ། སླ་བ་ལས་གཤེར་བ་དོན་གཅིག་པས་མི་དགོས། རྩུབ་པ་དང་གྱོང་བ་དོན་གཅིག་པས་མི་དགོས། སྲ་བ་དང་གྱོང་བ་དོན་ཅིག་པས་མི་དགོས་སོ། །ཨ་རུ་ར་གཞན་བཞི་ལ་དགོངས་ནས། བཤད་རྒྱུད་དུ། ཨ་རུ་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །ཞེས་དང༌། ཡན་ལག་བརྒྱད་པར། ཨ་རུ་རོ་བསྐ་ཞུ་རྗེས་མངར། །རྩུབ་ཅིང་ལན་ཚྭའི་རོ་མེད་ཀྱང༌། །དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱེད། །ཅེས་གསུངས་པས་བཞི་པོ་ལ་ལན་ཚྭ་བའི་རོ་མེད་པའོ། །ཨ་རུ་རོ་བསྐ་ཞེས་པ་ཡང༌། བསྐ་བ་རྐྱང་པ་མ་ཡིན་ཏེ། བསྐ་བ་ཤས་ཆེ་བ་ལས་རོ་གཞན་རྗེས་སུ་འབྲང་བ་ནི་སོ་སོའི་སྐབས་སུ་གསལ་བའོ། །ལྔ་པའི་ངོས་འཛིན་དང་དབྱེ་བ་སླར་ཡང་ནི། བཤད་རྒྱུད་དུ། དེ་ལ་རིགས་ལྔ་རྣམ་རྒྱལ་འཇིགས་མེད་དང༌། བདུད་རྩི་འཕེལ་བྱེད་སྐེམ་པོ་ལྔ་ཡིན་ཏེ། ཞེས་གྲངས་དང༌། ངོ་བོ་ནི། རྣམ་པར་རྒྱལ་བ་ཀུ་བའི་མཇུག་མ་འདྲ། །ཞེས་དཔེར་མཛད་བཞིན་ཆག་ཚང་ཀུ་བ་ལྟར་སེར་ལ་དམར་མདངས་བཅས་མཇུག་མ་རིང་ལྟོ་བ་ལྡིར་བའོ། །དེ་ཡང་རྣམ་པར་རྒྱལ་བ་ཆེ་བ་དངོས་ནི་ལྷ་ཡུལ་ནས་འཕོས་པའི་ནོར་བུ་ཡིན་པ་རྒྱལ་ཆེན་བསོད་ནམས་ཅན་རེ་རེ་ལས་མི་རྙེད་ལ། སྤོས་ངད་ལྡན་དུ་ཡང་ཤིང་གི་རྩེར་རེ་ཟུང་ལས་མི་འབྱུང་བ་བུམ་པའི་ཁར་འཇོག་པའི་དུང་ཆོས་འབྲིང་པོ་ཙམ་འབྱུང་བ་ཡང་རྒྱལ་ཕྲན་རྣམས་ཀྱིས་ཚགས་ནས་ཚོང་བས་ཁྱེར་དབང་མེད། གཞན་བཞི་མང་པོར་སྐྱེ་བ་ལོ་རེ་བཞིན་སྐྱེ་བས་མོད། རྣམ་རྒྱལ་ལོ་དུས་བསྐལ་པ་དགེ་བའི་དུས་མ་གཏོགས་ལོ་གཅིག་ཅིག་མི་འབྱུང་ཞེས་ཛོ་ཀི་རྣམས་སྨྲ་བ་འདུག་གོ །རྣམ་རྒྱལ་བསྟེན་པའི་ཕན་ཡོན་ཡང༌། །རླུང་མཁྲིས་བད་ཀན་འདུ་བའི་ནད་རྣམས་སེལ། །ཞེས་དང༌། འཆང་བའི་ཕན་ཡོན་ནི། ཁྱད་པར་བཀྲ་ཤིས་དོན་ཀུན་འགྲུབ་པས་བཟང༌། །ཞེས་སོ། །གཞན་བཞི་ནི། འཇིགས་མེད་ཟུར་ལྔ་མིག་ནད་གདོན་ལ་བསྔགས། །ཞེས་པ་ཟུར་ལྔ་པ་འཇོང་མོའོ། །བདུད་རྩི་ཤ་མཐུག་སྐེམ་པོ་ཤ་འཕེལ་བྱེད། །ཅེས་ཤ་ཆེ་ལ་མཐུག་པའོ། །འདྲ་དཔེར་ཡང༌། ཤ་ཆེན་ཟན་རློན་ཆངས་བཅངས་འདྲ། །ཟེར། འཕེལ་བྱེད་ཟླུམ་པོ་བུམ་འདྲ་རྨ་ལ་བསྔགས། །ཞེས་བུམ་པའི་ལྟོ་བ་ལྟར་ལྡིར་བ་སྟེ་བ་རུ་རའི་དབྱིབས་ཅན་ནོ། །སྐེམ་པོ་སུལ་མང་བྱིས་པའི་མཁྲིས་ནད་སེལ། །ཞེས་ཤ་ཆུང་བས་སྐེམ་པོ་སྟེ་སུལ་མང་པོ་ཅན་ཏེ་འདི་རིགས་རྩ་བ་ཕྲ་རིང་ལ་རྩ་སྙུང་རྩེ་མོ་ཕྲ་རིང་ལ་མཆུ་སྙུང་ཟེར་བ་དབྱེའོ། །དེ་ལྔ་ཀའང་གསེར་མདོག་འབའ་ཞིག་ཡིན་པར་གསུངས། ལར་ཨ་རུ་རྒྱ་གར་མ་ཐམས་ཅད་གསེར་མདོག་ལྟ་བུའི་ཁ་དོག་དང་རྩིང་ལ་ཤས་ཆེ་བ་ཤ་སྟག་གོ བལ་པོ་སོགས་རོང་གཞན་དུ་སྐྱེ་བ་ནི་ཕལ་པ་སྟེ་ཞིབ་ལ་ཤ་ཆུང་མདོག་ནག་པ་ཁོ་ནའོ། གང་ཡང་མ་སྨིན་པ་སྔོ་ཞིང་ཆུང་ལ་སྐྱུར་བ་དང༌། རྔོས་ཕོག་པས་ཚིག་ལ་གསོབ་པ་རུལ་བ་རྣམས་ནི་ངན་ལ། ཤ་ཆེ་བ་རུས་སྲ་བ་བཅད་འཕྲོ་འོད་དང་ལྡན་ལ་མཁྲེགས་པ། དབྱིབས་རྩིང་བ་བཟང་ངོ༌། །ཡང་ཨ་རུ་ར་རིགས་བདུན་དུ་དབྱེ་བ་ནི། བདུད་རྩི་བམ་པོ་བརྒྱད་པ་ལས། ལྷ་རྫས་དགེ་བ་ཨ་རུ་ར། རིགས་བདུན་ས་ལ་ལྷུང་བ་ནི། །བརྒྱ་བྱིན་བདུད་རྩི་འཐུངས་པའི་ཚེ། །ཐིགས་པ་བདུན་ནི་ས་ལ་ལྷུང༌། །རླུང་གིས་ཁྱེར་ཏེ་ས་ལས་སྐྱེས། །བདུད་རྩིའི་གཙོ་བོར་རབ་ཏུ་གྲགས། །ཞེས་དང༌། ཀླུ་སྒྲུབ་ཀྱི་ས། སྒྲ་གཅན་བདུད་རྩི་བརྐུས་པ་དང༌། །སྐེ་བཅད་ས་ལ་འཛག་གྱུར་པའི། །བདུད་རྩི་ཐིགས་པ་སར་ལྷུང་བ། །རླུང་གིས་རྣམ་པ་བདུན་དུ་ཕྱེས། །ཞེས་དང༌། བདུན་པོ་དེ་ཡང་སོ་སོར་བཤད་པ་ནི། བདུད་རྩི་སྙིང་པོར། ཨ་རུ་ར་ནི་རྣམ་པ་བདུན།།  རྣམ་པར་རྒྱལ་བ་བུམ་གྱི་མགྲིན། །གསོ་བྱེད་བདུད་རྩི་འཇིགས་མེད་དང༌། །འཕེལ་བྱེད་སྐེམ་པོ་རྣམ་བདུན་ནོ། །དེ་དག་རོ་ནི་རྣམ་ལྔར་ལྡན། ཞེས་སོ། །དེ་བདུན་ཡང་ངོས་འཛིན་པ་ནི། གསོ་དཔྱད་ཕྲན་བུ་ལས། རྣམ་པར་རྒྱལ་བའི་ཁ་དོག་ནི།།  ཏྲི་བྱ་ཁ་ལྟར་ལྟ་ན་སྡུག །མགྲིན་པ་ཕྲ་ལ་ལྟོ་བ་ལྡིར། །འཇའ་ཚོན་སྣ་ལྔ་འཁྱུག་པ་ཡོད། །གསེར་མདོག་སེར་ལ་ལྕི་བར་གནས། །ཤ་ཆེན་མཐུག་ལ་ཤ་ཡང་ཆེ། །འབིགས་བྱེད་དཀྱིལདུ་རུས་པ་མེད། །རྩ་སྙུང་རྩ་ངོས་རིང་བ་ཡིན། །དེ་བཞིན་མཆུ་སྙུང་མཆུ་ངོས་རིང༌། །དེ་གཉིས་ཡོད་ན་ཟར་མར་འདོད། ཅེས་སོ། །བདུན་པོ་དེའི་བྱེད་ལས་གང་ཞེ་ན། བདུད་རྩི་བམ་པོ་བརྒྱད་པ་ལས། རྣམ་རྒྱལ་ཀུ་བའི་མཇུག་མ་འདྲ། །བུམ་གྱི་མགྲིན་ནི་སྨན་དུ་ཤིས། །གསོ་བྱེད་ཀྱིས་ནི་དབང་པོ་གསོ།། འཇིགས་མེད་ཀྱིས་ནི་སྨྱོ་འདྲེ་ཐུབ། །རྩི་བྱེད་ཀྱིས་ནི་རྨ་རྣམས་འདྲུབ། །སྐྱེད་བྱེད་ཀྱིས་ནི་སྲིད་འཕེལ་བྱེད། །འབེབས་བྱེད་ཀྱིས་ནི་ནད་ཀུན་བཤལ། །གསེར་འདྲ་ཆུར་བཅུག་གཏིང་འགྲོ་བདུན། །ཞེས་གསེར་མདོག་ཆུའི་སྣོད་དུ་བསྐྱུར་ཚེ་གཏིང་པར་བྱིང་བ་དགོས་སོ། །རྗེ་རང་བྱུང་རྡོ་རྗེས། ཨ་རུ་ར་ལ་རིགས་བདུན་ཡོད།། བཅུད་ཀྱིས་ལེན་པར་ཤ་ཆེན་ཏེ། །དྲི་དང་བཤལ་ལ་སྙུང་པོ་མཆོག །རྣམ་རྒྱལ་འཇིགས་མེད་གདོན་ལ་བསྔགས། །འཚོ་བ་གཙང་བ་འཕེལ་བ་གསུམ། །ཐ་མར་ཤེས་བྱ་དེ་རྣམས་སོ། ཞེས་གསུངས་སོ། །ཡང་དེ་ལས་ཕྲ་བ་རིགས་བརྒྱད་དུ་ཕྱེ་བ་ནི། དྲང་སྲོང་ཙ་ར་ཀའི་བདུད་རྩི་བམ་པོ་བཞི་པར། ལྷ་མིན་གྱིས་བརྐུས་བདུད་རྩི་ཟེགས་པ་ནི། །ས་ལ་ལྷུང་བ་རླུང་གིས་བརྒྱད་དུ་ཕྱེས། །དེ་ནི་ཧ་རི་ཏ་ཀ་བརྒྱད་གྱུར་པ། རྣམ་པར་རྒྱལ་བ་བདུད་རྩི་གསེར་མདོག་ཅན། འཆི་བ་མེད་དང་ཀུན་ནས་ཤ་རྒྱས་དང༌། །འཇིགས་མེད་འཕེལ་བྱེད་སྐེམ་པོ་མཆུ་རིང་བརྒྱད། །དེ་ཡང་རྣམ་པར་རྒྱལ་བ་རོ་ལྔ་ལྡན། །ཅུང་ཟད་ཙམ་ནི་ལན་ཚྭའི་བག་དང་བཅས། །བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ། །བདུད་རྩི་སྐྱུར་ཞིང་དྲོད་སྐྱེད་གསེར་མདོག་འབྱིན། །འཆི་མེད་མངར་ཁ་མཁྲིས་སེལ་(མིའི་ཚེ་)རིང་དུ་འཚོ་ཞིང་གནས།།  ཤ་ཆེན་མངར་སྐྱུར་ལུས་ཀྱི་ཤ་ཚིལ་སྐྱེད། །འཇིགས་མེད་ཚ་ཁ་གདོན་དང་མིག་ནད་སེལ། །འཕེལ་བྱེད་མངར་བག་རྨ་རྣམས་འདྲུབ་ཅིང་བརྟས། །སྐེམ་པོ་ཁ་བསྐ་བྱིས་པའི་ནད་གདོན་འཇོམས། །མཆུ་རིངས་མཆུ་ནི་མངར་ཁ་ནད་རྣམས་འཁྲུ། །རྩ་བ་བསྐ་ཚ་སྐྱུར་བས་འཁྲུ་བ་གཅོད། །ཅེས་གསུངས་སོ། །དེ་ལྟར་ཨ་རུ་སོ་སོར་རོ་ནུས་ཕྱེ་ལ་གང་ལ་གང་དམིགས་པའི་གཏོང་ལུགས་དགོས་ལ། དེ་ཙམ་དུའང་མ་ཟད་ཤིན་ཏུ་ཕྲ་བའི་སྒོ་ནས་ཨ་རུ་ར་རེ་རེ་ལའང་ཕྱི་ནང་སོགས་ཀྱི་ཁྱད་པར་ལ་རོའི་དབྱེ་བ་ཡང་ཡོད་པ་འབྱེད་ནས་གཏོང་ལུགས་དགོས་ཏེ། བདུད་རྩི་སྙིང་པོར། དེ་ཡི་བྱེ་བྲག་གནས་པའི་ས། །ཁ་བ་དང་ནི་ཚ་བའི་རོ། །དེ་ཡི་རྩ་རྩེ་གཉིས་ལ་གནས། སྐྱུར་བའི་རོ་ནི་དབུས་ཀྱི་ཤ །བསྐ་བ་ཡང་ནི་ཕྱི་ཤུན་ལ། །མངར་བ་རུས་ལ་ཉེ་ལས་བྱུང༌། ཞེས་དང༌། བདུད་རྩི་བུམ་པར། རོ་དྲུག་བསྟན་པ་འདི་ལྟ་སྟེ། །དཀྱིལདང་མཐའ་ནས་མངར་སྐྱུར་བ། །སུལ་ནིཁ་ལ་རྩ་རྩེ་རྩུབ། །ཞབས་ནི་བསྐ་ལ་ལན་ཚྭ་བྲོ། །ཞེས་གསུངས་པའི་ཕྱི་མ་འདི་རྣམ་པར་རྒྱལ་བ་ལ་དགོངས་སོ། །དེ་ལྟ་བུའི་དབྱེ་བ་ཤེས་པས་ཨ་རུ་སྨན་ལ་གཏོང་ཚེ། སྤྱང་ལྟོགས་ལུག་རོ་དང་འཕྲད་པ་ལྟར་གར་ཟིན་གང་ཐད་ནས་མི་གཏོང་བར་སྨན་པས་ནད་པ་དྲང་པོར་བཅོས་བསམ་པ་རྣམས་ཀྱིས་ཚིག་འདི་ཡིད་ལ་ངེས་པར་གྱིས་ལ། ཨ་རུ་ཕྱག་ཏུ་ཟིན་པ་ནས་ཚིག་འདི་ཞེ་གཤར་གྱིས་ལ་དྲན་པ་ཁོང་དུ་ཡོད་པ་ལྟར་མཛོད་ལགས། རླུང་ནད་རྐྱང་པར་རྩེ་མོ་ཚ་བས་གཏོང༌། །མཁྲིས་ལྡན་རླུང་ལ་མངར་བས་རུས་ཉེ་གཏོང༌། །བད་ལྡན་རླུང་ལ་སྐྱུར་བས་དབུས་ཤ་གཏོང༌། །མཁྲིས་ནད་རྐྱང་པར་རྩ་བ་ཁ་བས་ཐང༌།།  མཁྲིས་པ་བད་ལྡན་བསྐ་བས་ཕྱི་ཤུན་གཏོང༌། །བད་ཀན་རྐྱང་པར་ཚ་བས་རྩེ་མོ་གཏོང༌། །བད་མཁྲིས་ལྡན་ལ་བསྐ་བས་ཕྱི་ལྤགས་སམ། །རྣམ་པར་རྒྱལ་བའི་རྩ་བ་ལན་ཚྭ་གཏོང༌། འདུས་པའི་ནད་ལ་ཀུན་ཚང་གཏོང་བ་ཡིན། །དེར་ལྡོག་སྙུང་པོའི་རྩེ་མོ་སྦྱོང་ལ་གཏོང༌། །འཁྲུ་བ་གཅོད་ན་རྩ་སྙུང་གཏོང་བ་གཅེས། །ཞེས་པ་འདི་ནི་ཁོ་བོས་ཚིགས་སུ་བཅད་པའོ། །དེར་ཡང་ནམ་མཁའི་མཚན་འཆང་བས། །རྩེ་ཚ་བ་དང་ཤུན་ལྤགས་བསྐ་བས་རླུང་སེལ། །རུས་ཉེ་མངར་བས་མཁྲིས་པ་སེལ། རྩ་བ་ཁ་བས་བད་ཀན་སེལ། དབུས་སྐྱུར་བས་ཆུ་སེར་སེལ། དེ་ཀུན་སྤྱིར་འདུས་པས་ལུས་ཀྱི་རྒས་ནད་སེལ། འགྲུབ་ནས་ཚེའི་རིག་འཛིན་བརྙེས་པས་དུས་མ་ཡིན་པའི་འཆི་བ་སེལ། །ཞེས་གསུངས། ཁོ་བོའི་མྱེས་རབས་གོང་བྱུང་རིན་པོ་ཆེ་ཙན་པ་ཤི་ལ་ཧས། ཨ་རུ་རོ་ལྔ་ལན་ཚྭ་མེད་ཀྱང་དྲོ། །མངར་དང་ཁ་བས་རླན་ཅིང་འཁྲུ་བར་བྱེད། །སྐྱུར་དང་ཚ་བས་གྲང་རླུང་ནད་ཀུན་སེལ། །ཕྱི་ཤུན་པགས་པས་སྐེམ་པར་བྱེད་པ་ཡིན། །ཞེས་གསུངས། ཡང་ཨ་རུ་ར་རྩ་རྩེ་སྙུང་པོ་གཏོང་བ་འདིར་ཡང༌། འཁྲུ་བར་བྱེད་པ་དང༌། འཁྲུ་བ་གཅོད་པར་བྱེད་པ་གཉིས་པ་ཨ་རུ་ར་ལ་ཚང་བས། དེ་གོ་མི་འབྱེད་པར་སྨན་པ་ཕལ་ཆེར་ནི་གོ་བའི་ཤེས་རབ་གོང་མའི་ཞལ་རྒྱུན་གང་ནས་ཀྱང་ཤིན་ཏུ་དམན་པའི་བདག་ཉིད་ཁོ་བོ་དང་སྐལ་བ་མཉམ་པས་རིག་པ་འདིར་ཐ་ཆད་པ་དག་ནི་ཨ་རུའི་མགོ་མཇུག་ཀྱང་མི་འབྱེད་པར། གང་རིང་བ་ལ་མཆུ་སྙུང་ཞེས་འབོད་པ་མཐོང་བས་དམན་པ་བདག་གིས་ཀྱང་དམན་པ་བདག་འདྲ་ལ་མཆི་མ་འཁྲུགས་པར་གྱུར་ཏེ། དེ་ལ་དབང་མེད་སྙིང་རྗེས་འདི་ཟླའོ།།

ཁྱོད་དག་ལེགས་པར་གཟིགས་དང༌། ཨ་རུའི་རྩེ་མོ་མཁྲང་ལ་ཕུག་རྡུགས་པ་དང༌། རྩ་བ་སྐྱེས་པའི་ཤིང་གི་ངར་པ་གོག་ཤུལ་ཡོད་པས་གསལ་མོད། དེས་ན་རིང་ཐུང་ལ་ངེས་པ་མ་མཆིས་སོ། །འོ་ན་རྩ་རྩེ་ནོར་བ་ལ་སྐྱོན་ཅི་ཡོད་སྙམ་ན། བཤད་དེ། ཨ་རུའི་རྩེ་མོ་ཕུག་རྡུགས་པ་ངོས་ལ་རོ་ཁ་མངར་ཤས་ཆེ་བས་འཁྲུ་བར་བྱེད་དེ། རྒྱུ་མཚན། རྒྱུད་ལས། ཐུར་འགྲོ་ས་དང་ཆུ་ལས་འབྱུང་བའི་ཕྱིར། །ཞེས་བཞིན། ས་ཆུ་གཉིས་གྱེན་དུ་བཏེག་ཀྱང་རང་གཤིས་ཀྱི་ནུས་པས་ཐུར་དུ་འབབ་པ་ལས་མེད་པ་ནི། ཨ་རུ་རྩ་བ་ནས་མེ་རླུང་གི་ནུས་པ་གྱེན་དུ་འབར་བས། ལྕི་བ་ས་དང་རླན་པ་ཆུ་བཅས་གྱེན་དུ་འདེད་པར་བྱས་པས་འབྲས་བུ་དེ་རབ་ཏུ་རྒྱས་པར་བྱས། རང་ལྗིད་ཀྱིས་རྩེ་མོ་ཐུར་དུ་གུག་ཚེ་ས་ཆུའི་རང་བཞིན་རང་ལྗིད་ཀྱིས་མཆུ་སྣེར་མར་ལྷུང་བས་ས་དང་ཆུས་བསྐྱེད་པའི་རོ་མངར་བ་ཤས་ཆེ་བ་དང༌། ཆུ་རླུང་གིས་བསྐྱེད་པའི་རོ་ཁ་བ་ཡང་ཡོད་པས། མངར་བའི་ཆ་དེ་ས་ཆུས་བསྐྱེད་པ་ལ་ནུས་པ་སྣུམ་ལྕི་འཇམ་བརྟན་སླ་བསིལ་རྟུལ་མཉེན་བརྒྱད་དང་ལྡན་ལ། ཁ་བའི་ཆ་དེ་ཆུ་རླུང་གིས་བསྐྱེད་པས། ནུས་པ་སླ་བསིལ་རྟུལ་མཉེན་ཡང་རྩུབ་གཡོ་བ་བདུན་དང་ལྡན་ཏེ། མངར་ཁ་གཉིས་ཀྱི་ནུས་པ་བཅོ་ལྔ་པོ་དེ་རྫས་གཅིག་གི་སྟེང་དུ་ཚོགས་པས། སླ་བསིལ་རྟུལ་མཉེན་བཞི་གཉིས་ཀ་ལ་ཡོད་པ་འཕྲད་པས་གཅིག་གྲོགས་གཅིག་གིས་བྱེད་པས་སྟོབས་ཆེར་གྱུར་ལ། མངར་བའི་ལྕི་འཇམ་བརྟན་གསུམ་ཐོག་མའི་ནུས་པ་ཡིན་པས། ཁ་བའི་ཐ་མའི་ཡང་རྩུབ་གཡོ་གསུམ་བཅོམ་པས་བཤལ་མི་འབབ་པར་བྱེད་ནས་གྱེན་དུ་འདེགས་བྱེད་ཀྱི་དགྲ་རླུང་རྩུབ་པ་སོགས་མཚན་ཉིད་དྲུག་ལྡན་དེ་མི་ལྡང་བར་བྱས་པས། སྦྱོང་སྨན་རྣོ་ལ་འཇམ་པའི་རྒྱུ་མཚན་དུ་གྱུར་པའོ། །དེས་ན་ཀླུ་རྒྱུད་ལས། མཆུ་སྙུང་བྱང་མ་ཁ་ཤོར་འདྲ། །ཞེས་དང༌། ཕྱི་རྒྱུད་དུ། དེད་དཔོན་ཨ་རུ་མཆུ་རིངས་དན་རོག་དང༌། །ཞེས་དང༌། ལྟོ་བ་སྲ་ན་ཨ་རུ་མཆུ་རིངས་མུར།། ཞེས་དང༌། འཁྲུ་བའི་ཤུགས་དལ་ཨ་རུ་མཆུ་རིངས་ལྕག །ཅེས་འབྱུང་བས་སོ། །དེས་ན་རོ་ནུས་བྱེད་ལས་འདི་ཤེས་བཞིན་ཨ་རུའི་མཆུ་འཁྲུ་གཅོད་ལ་བཏང་ན་ཆོད་ཨེ་སྲིད། ཕན་པ་ལས་གནོད་པ་ཆེ་བར་མི་འཛེམ་མམ་གཞིག་པ་གནང་དང༌། ཡང་བཤད་དེ། མཆུ་རིངས་ཀྱི་རྩ་བ་ཤིང་ལ་ཟུག་པ་ངོས་ལ། རོ་བསྐ་བ་དང་ཚ་སྐྱུར་ཤས་ཆེ་བས་འཁྲུ་བ་གཅོད་དེ། རྒྱུ་མཚན། རྒྱུད་ལས། གྱེན་འདྲེན་སྨན་ནི་མེ་དང་རླུང་ཡིན་ཏེ། ཞེས་བཞིན། མེ་རླུང་གཉིས་ཐུར་དུ་བབ་ཀྱང་རང་གཤིས་ཀྱི་ནུས་པ་གྱེན་དུ་འབར་བ་ལས་མེད་ཕྱིར། མེ་རླུང་གི་ནུས་པ་གྱེན་དུ་ཕྱུར་བ་ཨ་རུའི་རྟིང་པ་ནས་ཡར་འགྲོ་བས་འབྲས་བུ་རྒྱས་པར་བྱེད་པ་སྟེ། བསྐ་བའི་ཆ་ནི་ས་རླུང་གིས་བསྐྱེད་པས། དེ་ལ་ནང་འཆམས་པར་བྱས་པས། གྲང་རྟུལ་སྐམ་རྩུབ་ལྔའི་ནུས་པ་ཡོད་ལ། ཚ་བའི་ཆ་ནི་མེ་རླུང་གིས་བསྐྱེད་པས། ཡང་རྩུབ་རྣོ་ཚ་སྐྱ་གཡོ་སྐམ་པ་བདུན་དང་ལྡན་ལ་སྐྱུར་བའི་ཆ་ནི། མེ་ས་གཉིས་ཀྱིས་བསྐྱེད་པས། ཚ་རྣོ་རྩུབ་གཡོ་སྣུམ་ལྕི་བརྟན་སྐམ་བརྒྱད་དང་ལྡན་པའོ། །རོ་འདི་གསུམ་ཀ་ལ་སྐམ་པའི་ནུས་པ་ཡོད་པ་རྫས་གཅིག་གི་སྟེང་དུ་ཚོགས་པས། གཅིག་གྲོགས་གཅིག་གིས་བྱེད་པས་མཆོག་གི་སྟོབས་ཀྱིས་འཁྲུ་བའི་སླ་གཤེར་སྐམ་པར་བྱེད་དེ། བསྐ་བ་ལ། ཌིཀྐ་མུན་སེལ་སྒྲོན་མེ་ལས། སྐམ་པ་ནང་འཕྲད་ཤིན་ཏུ་སྐམ། །ཞེས་དང༌། ཤིན་ཏུ་སྐམ་ཕྱིར་འཁྲུ་མི་སྲིད། ཅེས་དང༌། ཚ་སྐྱུར་གཉིས་ལ། དེ་ཕྱིར་འཁྲུ་གཅོད་ཚ་སྐྱུར་མང༌། ཞེས་དང༌། ཀླུ་རྒྱུད་ལས། ཐུགས་ཀར་དོམ་དང་མཆུ་སྙུང་གཉིས། །རྩ་སྡོམ་འཁྲུ་གཅོད་ནུས་པ་མཚུངས། །ཞེས་གསུངས། དེས་རོ་ནུས་བྱེད་ལས་འདི་ཤེས་བཞིན་སྦྱོང་སྨན་དུ་བཏང་ན་འཁྲུ་ཨེ་སྲིད་སོམས་དང༌། ཕན་པ་ལས་གནོད་པ་སྟོབས་མི་ཆེའམ། ལར་སྨན་ཚད་ལྡན་ཞིག་མཛད་ན་རྡེའུ་འགྲེལ་རྒྱས་ཚད་བྱ་དགོས་པ་མི་མཛད་ཀྱང་ཨ་རུ་རྡོག་པོ་གཅིག་གི་རྡེའུ་འགྲེལ་མ་མཛད་པས་སྨན་པ་ཡོད་ཚོད་དུ་མི་འདུག་གོ །འདི་བཞིན་སྨན་སྣ་རེ་ལ་བྲི་བཤད་ཉབ་ཉོབ་འདི་ལྟར་ན་སྨན་སྣ་བརྒྱ་ཕྲག་མང་པོའི་འགྲེལ་པ་ཐོག་མཐའ་མེད་པར་ཤེས་ཀྱང་འདི་ནི་གནད་ཀྱི་སྐབས་སུ་བབས་པ་དང༌། འདིས་འགྲེས་པའི་རིགས་ཀྱིས་གཞན་དག་ཅུང་གོ་བར་ཕན་སེམས་དཀར་པོས་སྤྲོས་པ་མང་སྐྱོན་དུ་མི་འགྲོ་བར་སེམས་སོ། །ཡང་ཨ་རུའི་ཆེ་བ་ནི། དྷརྨ་སྭ་མིས། ལྷ་རྣམས་ཀུན་གྱི་བདུད་རྩི་ཨ་རུ་ར། །དེ་ཕྱིར་ཨེ་ལའི་རྒྱལ་པོ་ཟེར། །གནོད་སྦྱིན་རྣམས་ཀྱི་ནོར་བུ་སྟེ། །དེ་ཕྱིར་གཙུག་གི་ནོར་བུ་ཟེར། མི་རྣམས་ཀུན་གྱི་ནད་སེལ་སྨན། །དེ་ཕྱིར་སྨན་མཆོག་རྒྱལ་པོ་ཟེར། །ཀླུ་རྣམས་ཀུན་གྱི་མྱོས་སེལ་རྩི། །དེ་ཕྱིར་ཤིང་སྒོང་ཟུར་མང་ཟེར། །འགྲོ་དྲུག་སྡུག་བསྔལ་སྐྱོབ་པའི་མ། དེ་ཕྱིར་ཤིང་གི་ལྷ་མོར་གྲགས། །ཞེས་གསུངས། ངེས་ཚིག་ནི། ཙ་ར་ཀའི་འགྲེལ་པ་ལས། ཨ་ཞེས་བྱ་བ་ཡི་གེ་ཀུན་གྱི་མཆོག །རླུང་མཁྲིས་བད་ཀན་ལས་གྱུར་ནད་རྣམས་སེལ། །རུ་ཞེས་བྱ་བ་ཤ་རུས་པགས་པ་ལྡན། ཉེས་པ་རྣམ་གསུམ་སེལ་བར་བྱེད་པ་ཡིན། །ར་ཞེས་བྱ་བ་བསེ་རུ་ལྟ་བུ་སྟེ། ལུས་ཟུངས་བདུན་གྱི་ནད་རྣམས་སེལ་བར་བྱེད། །ཨ་རུ་ར་ཞེས་དེ་ཕྱིར་བརྗོད། ཅེས་གསུངས་སོ། །ཨ་རུའི་མིང་གི་རྣམ་གྲངས་མངོན་བརྗོད་ནི། རྒྱ་གར་དང་བོད་སྐད་སྤེལ་བ་སྟེ། བི་ཛ་ཡ། རྣམ་པར་རྒྱལ་བ། ཨ་བྷ་ཡ། འཇིགས་མེད། ཨ་མྲྀ་ཏ། འཆི་མེད་དམ་བདུད་རྩི། ཝ་ཀ་ར། འཕེལ་བྱེད། ཀྲྀ་ཤཱ་ལཱ་ཀཿ། སྐེམ་པོ། ཀྲྀ་ཤཱ། སྐེམ་པོ། མ་ཧཱ་བ་ལམ། ཤ་ཆེན། ཨ་རོ་ཧ་དིརྒྷ། མཆུ་སྙུང༌། དིརྒྷ་མ་རྡྷཐ། མཆུ་རིངས། མཱུ་ལཱ་ར་རཱ། རྩ་སྙུང༌། མཱ་ལ་དིརྒྷ། རྩ་རིངས། ཀུ་ཀ། བུམ་མགྲིན། ཛ་ལནྟི། འཚོ་བྱེད། ཨ་བྱ་ཐཱ། ནད་སེལ། བ་ཡ་ས྄ཐཱཿ། ན་ཚོད་གནས། སཱུ་ཏ་ནཾ། ཚི་ཅན། ཧ་རིའ་ཏ་ཀིའ། ཚད་པའི་མདངས་འཕྲོག མ་ཧཱ་བ་ཏི། གསེར་ལྡན། སོ་ན་བར྄ཎ། གསེར་མདོག ར་ས་ཡ་ན། བཅུད་ལེན། ཕ་ལཱཿ། འབྲས་བུ་ཅན ཤི་བཱ། ཞི་བ། ཙི་ཏ་ཀིའ། སེམས་བྱེད། ཤྲེ་ཡ་སིའ། དགེ་ལེགས་ཅན། དྷ་ནྱཱ། དཔལཡོན་ཅན། ཤ་ཀྲ་པྲྀཥ྄ཌཱཿ། བརྒྱ་བྱིན་སྤྲོས། པྲྀ་ཎི། ནད་འདོར། ཧྭ་བ། བདེ་བྱེད། ཨ་མོ་ཀྷ། དོན་ཡོད། སཱ་བ་ནིའ། དག་བྱེད། དི་ནྱཿ། ལྷ་རྫས། ཀཱ་ཡསྠཱ། ལུས་གནས་བྱེད། པྲ་མ་ཐཱ། ནད་རབ་འཇོམས། ར་ས་བ་ཏི། རོ་ལྡན། ས་མཱར྄ཐ་ཀཾ། ནུས་ལྡན། ར་ས་ཀ་སྐ་ལ། རོ་བསྐ། ཀཥཱ་ཡ་ཀཾ། བསྐ་ཤས་ལྡན། རཱ་ཛ་ཧུ་ཏི་ར། རྒྱལ་པོ་སྐེམ་པོ་རྣམས་ཟེར་ལ། གབ་མིང་དུ་ཡང༌། ཨ་བ་དྷ། ཨེ་ལ། གསེར་རོག་གསེར་སྒོང་ཟུར་མང༌། ཤིང་སྒོང་སེར་པོ། ཤིང་གི་ནོར་བུ། སྨན་མཆོག་རྒྱལ་པོ། དུག་འཇོམས། དུག་སེལ། རྒྱ་ནག་སྐད་དུ། འུ་འུད། ཕྲོམ་གྱི་སྐད་དུ། ས་ཡི་མེ་ཞེས་ཟེར། ནག་ཆུང་ལ་ཀུན་དགའ་ཡང་ཟེར། འཁྲུངས་དཔེར། ཨ་རུ་ར་ཞེས་བྱ་བའི་ཤིང༌། སྡོང་པོ་ཆེ་ལ་ལོ་མ་མཐུག །མེ་ཏོག་སེར་པོའི་འབྲས་བུ་ལ། །རིགས་ནི་བརྒྱད་དམ་བདུན་ནམ་ལྔ། །རོ་ནི་དྲུག་དང་ལྡན་པ་སྟེ།། ནུས་པས་ནད་ཀུན་སེལ་བར་བྱེད། །ཅེས་པ་ལྟར། ཤིང་སྡོང་ཆེ་ལ་ཕྱི་སྐོགས་མདོག་སོགས་སྟར་གའི་སྡོང་པོ་འདྲ་བའི་བར་ཤུན་ལྗང་སེར། ལོ་མ་ལྗང་གུ་མཐུག་པ། མེ་ཏོག་སེར་པོ་འཆར་ལ། འབྲས་བུ་ནག་སེར་རིགས་གཉིས། ནག་པོ་དཀྱུས་མ་རིགས་གཅིག་དང༌། སེར་པོར་གོང་བཞིན་དབྱེ་རིགས་ཡོད་པའོ། །འདྲ་ཡིག་ལས། ཨ་རུ་ར་ནི་ཡུངས་ཆུང་སྐམ་པོ་འདྲ། །ཞེས་དང༌། འདྲ་དཔེ་ལས། རྣམ་རྒྱལ་མཇུག་རིངས་ཀུ་བ་འདྲ། །གསེར་མདོག་གསེར་གྱི་སྒོ་ང་འདྲ། །ཤ་ཆེན་སྦལ་པ་འགྲངས་པ་འདྲ། །འཇིགས་མེད་སྦལ་སྒོང་ལྕང་མོ་འདྲ། །འཕེལ་བྱེད་སེ་འབྲུའི་གང་བུ་འདྲ།།  སྙུང་པོ་རིལ་བ་སྤྱི་བླུགས་འདྲ། །ཞེས་གསུངས་སོ།།

 

 

༢། བ་རུ་ར།

བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ། །ཞེས་པར། སློབ་དཔོན་དཔའ་བོས། ཡོན་ཏན་ཅུང་དམན་བ་རུ་ར། །ཞུ་རྗེས་ཚ་མངར་སྐྲ་མིག་ཕན། །ཞེས་དང༌། གདམས་པ་སུམ་ཅུ་པར། བ་རུ་ར་ནི་ཞུ་རྗེས་མངར་ལ་སྙོམས། བད་ཀན་ཆུ་སེར་ནག་པོ་སྐེམ་པར་བྱེད། །ཅེས་དང༌། རང་བྱུང་རྡོ་རྗེས། བ་རུ་ར་དང་སྐྱུ་རུ་ར། །འདུ་བའི་ནད་རྣམས་སེལ་བར་བྱེད། །ཅེས་པའི་མིང་ནི། བྷུ་ཌུ་བ་ལ། འབྱུང་པོའི་གནས། ཀ་ལ་དྲུ་མ། རྩོད་པའི་ཤིང༌། ཨཀྵ་ར། མིག རུ་ཁ། ཚིམ་བྱེད། མཱུ་ལཱཀྵ། མིག་གི་རྩ་བ། སྐཝ་སཱ་ད་ས། དཔག་བསམ་ཤིང༌། བ་ན། ནགས། བྷཻ་ཥ་ཛྱེ། སྨན་གྱི་སྡེ། ཝརྒཱ་ཏ། ཏུ་ལི། བ་རུ་ར། མ་ཧེ་ཌ། ས་ཧེ་ཌ། བ་ཧི་ག བི་བྷིའ་ཏ་ཀ བ་ཧུ་ཝ་ར། ཝ་སནྟ་ཀ བ་ལཧ། ཏྲི་ཤ་གོ་ལ། བྷ་ཧེ་ར་རྣམས་དང༌། ཡང་སཾ་བུ་ཌི་ལས། ཤླེཥླའི་འབྲས་བུས། ཞེས་པ་ལ། མན་ངག་སྙེ་མར། དེ་ནི་བད་ཀན་མཐར་བྱེད་དེ། བ་རུ་རའོ་ཞེས་བཤད། རྒྱ་ནག་གིས་ཧཾ་ཟེའུ་ཞེས་ཟེར། དོལ་པོར་པ་ལ་ཏ་ཀ གྲུ་གུར་ཏྲི་ཤ་ཀོ་ལ་ཟེར། གབ་ཏུ་ཤིང་སྒོང་སྐྱ་བོ་ཟེར། འཁྲུངས་དཔེར། བ་རུ་ར་ཞེས་བྱ་བ་ནི། །ཤིང་སྡོང་སེར་སྐྱ་ཆེ་བ་ལ། །ལོ་མ་ལེབ་མོ་མདངས་མི་གསལ། །མེ་ཏོག་དཀར་པོ་ཆུང་བ་ཡིན། །ཨ་རུ་ར་ཡི་ཡོན་ཏན་ཚང༌། །ནུས་པས་བད་མཁྲིས་རླུང་གསུམ་དང༌། །ཆུ་སེར་ནག་པོ་སེལ་བར་བྱེད། །ཅེས་གསུངས། རྡོ་རྗེ་མཁའ་འགྲོའི་འགྲེལ་པར། འབྲས་བུའི་རིགས་ཁ་དོག་ལྗང་གུ་ནི་མ་སྨིན་པའི་རྟགས་ཡིན་ཡང༌། བ་རུ་ར་ནི་ལྗང་གུ་ལེགས་པའི་རྟགས། །ཞེས་གསུངས། ཁ་དོག་གསལ་ལ་མཁྲེགས་པ་བཟང་བ་ཡིན།།

 

༣། སྐྱུ་རུ་ར།

སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ། །ཞེས་པར། རོ་སྐོར་ལས། སྐྱུ་རུ་ར་ནི་བསིལ་ལ་རྣོ་བས་མཁྲིས་པ་སྣོད་དུ་ལྷུང་བ་དང་མཆིན་ནད་གསར་པ་སེལ། ཞེས་དང༌། བདུད་རྩི་ཐིགས་པར། སྐྱུ་རུ་ར་བསིལ་མཁྲིས་སེལ་རླུང་མི་སྐྱེད། །འབྲས་བུ་གསུམ་པོ་བཅུད་ལེན་སྨན་གྱི་མཆོག །ནད་ཀུན་ལ་ཕན་ཁྱད་པར་མིག་ནད་སེལ།།  ཞེས་གསུངས། མིང་ནི། ཨཱ་མ་ལ་ཀིའ། སྐྱུ་རུ་ར། དྷཱ་ནྱ། དཔལ་ལྡན། ཤི་བཱཿ། ཞི་བྱེད། ཏི་ཥྱ་ཕ་ལ། རྒྱལ་འབྲས། ཨ་མྲྀ་ཏ། འཆི་མེད། མ|uལ་བ་ཡས྄ཐཱ། ན་ཚོད་བཅུད་གནས། པཉྩ་སཱ་ར། བཅུད་ལྔ་ལྡན། བིའསྟ྄རི། མ་མ། ཨཱ་མ་ལ། ཨཱ་ལ་ཀཾ། ཨ་མ྄ལ། ཨ་མྲི་ཏོ་བ། བདུད་རྩི་ལས་བྱུང་བ། དྷཱ་ཏྲི། དྷཱ་ཏྲི་ཕ་ལ། ཨི་བྷ་ཀ སོ་མ་སིལ། ཛ་མུ་ཤ དྷཱ་ཏུནྐུ་ཊ། གབ་ཏུ། གྱ་ནོམ་པ། སྐོམ་སེལ། སྨིན་འགས། ཁྲག་འབྱེད། ཨ་མ་པ། ཟེར་རོ། འཁྲུངས་དཔེར། སྐྱུ་རུ་ར་ཞེས་བྱ་བའི་ཤིང༌། །ཚད་པ་ཆེ་བའི་ཡུལ་དུ་སྐྱེ། །སྡོང་པོ་རིང་ལྡེམ་ལོ་མ་ཆེ། །མེ་ཏོག་དཀར་སེར་མདངས་མི་གསལ། །ཞེས་བཤད་ཀྱང་མིག་མཐོང་དངོས་ལ་གཞན་འདྲ་ཡང་ལོ་མ་ཕག་ཟེ་ལྟར་སིབ་སིབ་པོའོ། འདིའི་འབྲས་བུ་ཤ་རུས་ཕྲལ་ནས་སྐམ་པ་བཟང༌། དེ་ཡང་དཀར་དམར་གཉིས་ལས་དཀར་བ་བཟང༌། དམར་བ་ངན། འབྲས་བུ་ཚེ་རཀྴ་ལྟ་བུ་ཤ་སྲ་བ་རིལ་མོ་སྒོག་པོ་ཤིང་སྐམ་ལས་བཏུས་པ་རོ་བྲོ་བ་ཆེར་མེད་པ་ཞན། འདྲ་ཡིག་ལས། སྐྱུ་རུ་རག་ཤ་སེར་པོ་འདྲ། །ཞེས་སོ།།

 

༤། སྙིང་ཞོ་ཤ

སྙིང་ཞོ་ཤ་ཡིས་སྙིང་གི་ཚད་པ་སེལ། །ཞེས་པར། རོ་སྐོར་ལས། སྙིང་ཞོ་ཤ་ནི་དྲོ་ལ་སྙོམས། །ཞེས་སོ། །རང་བྱུང་པས། སྙིང་ཞོ་ཤ་ཡིས་སྙིང་ནད་སེལ། །ཞེས་གསུངས། མིང་ནི། ཨམྦ་ལི། སྙིང་ཞོ་ཤ བ་ཏ། འབྲས། ཙི་ཀ ཡང་སྐབས་འགར་བྲི་ཧ་ཏི་ཟེར་ཏེ། ཀནྜ་ཀ་རི་ལའང་འཇུག་པས་སྐབས་ཐོབ་དབང་ཆེ། འདི་གནོད་སྦྱིན་བསྒྲལ་བའི་སྙིང་གར་སྐྱེས་པས་གནོད་སྦྱིན་སྙིང་འབྲས་ཀྱང་ཟེར། ཤིང་ཙུ་ཏའི་འབྲས་བུ་ཡིན་པར་བཤད་པས་ཙུ་ཏ་ཕ་ལ་ཟེར། འཁྲུངས་དཔེར། སྙིང་ནད་སེལ་བའི་ཞོ་ཤ་ནི། །རོང་གི་ནགས་ཀྱི་གསེབ་ན་སྐྱེ། །སྡོང་པོ་ཆེ་ལ་ལོ་མ་མཐུག །མེ་ཏོག་དཀར་པོ་རབ་ཏུ་མཛེས། །འབྲས་བུ་སྙིང་འདྲ་སྙིང་ཞོ་ཤ།ཞེས་བཞིན། ཀློ་ཡུལ་ནས་འབྱུང༌། ཤ་ཆེ་བ་བཟང༌། ཤ་ལོག་ཞུན་ལེབ་བྱས་པ་ཡོད་པ་མཆོག་ཏུ་བཟང༌། རུས་པ་འབྲས་བུའི་དུག་ཏུ་བཤད་ཀྱང་སྙིང་ཞོ་ཤ་ལ་རུས་པ་བཟང་གསུངས། འདྲ་ཡིག་ལས། སྙིང་བུ་ཞོ་ཤ་མི་སྙིང་འདྲ། གསུངས་སོ།།

 

༥། མཁལ་མ་ཞོ་ཤ

མཁལ་མ་ཞོ་ཤས་མཁལ་ཚད་སེལ། །ཞེས་པར། རོ་སྐོར་ལས། མཁལ་ཞོ་ཤ་ཡང་དྲོ་ལ་སྙོམས། །གསུངས། རང་བྱུང་པས། མཁལ་མ་ཞོ་ཤ་རིགས་གསུམ་དང༌།།  ཨ་འབྲས་འཇམ་འབྲས་སྲ་འབྲས་གསུམ། །མཁལ་ནད་གྲང་ནད་ཀུན་ལ་ཕན།། གསུངས། མིང༌། ཤ་ལུངྒ། ཤ་ཡུན། སྙུ་ག་ཕ་ལ་ཟེར། འཁྲུངས་དཔེར། མཁལ་མ་ཞོ་ཤ་ཞེས་བྱ་བ། །ཤིང་སྡོང་ཕྲ་ལ་ལོ་མ་འཇམ།མེ་ཏོག་མཐིང་ནག་མཛེས་པ་ལ། །གང་བུ་སེར་པོའི་ནང་དག་ནས། །འབྲས་བུ་མདོག་ནག་མཁལ་མ་འདྲ། །རོ་ནི་མངར་ལ་སྣུམ་པ་ཡིན། །རང་གི་ནུས་པས་མཁལ་ནད་སེལ། །ཞེས་པ་ལ་རིགས་དཀར་དམར་ནག་གསུམ་ཡང་རིམ་པས་གོང་མ་བཟང༌། འདྲ་ཡིག་ལས། མཁལ་མ་ཞོ་ཤ་མཁལ་མ་འདྲ། །ཞེས་སོ།།

 

༦། ཟླ་གོར་ཞོ་ཤ

ཟླ་གོར་ཞོ་ཤས་མཆེར་ཚད་སེལ། །ཞེས་པར། རོ་སྐོར་ལས། གོང་མ་གཉིས་བཤད་ནས། ཟླ་གོར་ཞོ་ཤ་དེ་ལས་བསིལ། །ཞེས་དང༌། བདུད་རྩི་ཐིགས་པར། ཟླ་གོར་ཞོ་ཤ་དྲོ་སྙོམས་སྐྲངས་པར་བྱུགས། །དེ་འཇིབས་ས་བོན་འཕེལ་བར་བྱེད་པའི་མཆོག །ཅེས་དང༌། རང་བྱུང་པས། ཟླ་གོར་གློ་ནད་བད་ཀན་ཕན། །ཞེས་གསུངས། མིང༌། ཤ་ལུ་ཀ གླང་མིག མཆེར་བ་ཞོ་ཤ་ཟེར། འཁྲུངས་དཔེར། ཟླ་གོར་ཞོ་ཤ་ཞེས་བྱ་བ། །ཤིང་སྡོང་ཆུང་ལ་ཕྲ་བ་ཡིན། །འབྲས་བུ་ནག་ཁྲ་མཁལ་མའི་དབྱིབས། །ཞེས་པ་ཤིང་སྡོང་ཕྲ་ལ་ལོ་མ་སྒོར་མོར་མཐུག་པ། མེ་ཏོག་དཀར་པོ་གང་བུ་སྙིང་འདྲ་བའི་ནང་དུ་འབྲས་བུ་ནག་ཁྲ་མཁལ་དབྱིབས་ལས། ཁྱད་པར་མིང་དང་མཐུན་པ་ཟླ་བ་ཕྱེད་པའི་དབྱིབས་ཅན། སྒང་དུ་འབྲས་སྒོ་ནག་པོའི་ཆ་ག་དོད་པ་སྟེ། མགའ་རེར་དཀྱིལསྲབ་མཐའ་མཐུག་མཆེར་དབྱིབས་ཡོང་བ་བཟང་གསུངས། འདྲ་ཡིག་ལས། ཟླ་གོར་ཞོ་ཤ་ཟླ་བ་ཕྱེད་ཚལ་འདྲ། །ཞེས་གསུངས་སོ།།

 

༧། མཆིན་པ་ཞོ་ཤ

མཆིན་པ་ཞོ་ཤས་མཆིན་དུག་རྩ་དཀར་སེལ། །ཞེས་པར། མིང༌། བ་མཁལ་སྨུག་པོ་ཟེར། འཁྲུངས་དཔེར། བ་མཁལ་སྨུག་པོ་ཞེས་བྱ་བ། །ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ། །ཤིང་སྡོང་མཆོག་ཏུ་ཆེ་བ་ལས། །གང་བུ་འདོམ་ཕྱེད་ཙམ་ནང་ནས།།  འབྲས་བུ་དམར་པོ་གླང་མིག་འདྲ། །ཞེས་འབྲས་བུ་དམར་ལ་སྨུག་ཞད་ཡོད་པ། མཆིན་པའི་མདོག་དབྱིབས་ཅན་ལེབ་མོ་མཐེབ་སྐོར་ཙམ་པའོ། །འདྲ་ཡིག་དུང་མིག་ལས། མཆིན་པ་ཞོ་ཤ་མཆིན་པ་འདྲ། །ཞེས་སོ།།

 

༨། ཨ་འབྲས།

ཨ་འབྲས་སྲ་འབྲས་འཇམ་འབྲས་མཁལ་ནད་སེལ། །ཞེས་པར། གདམས་པ་སུམ་ཅུ་པ་ལས། ཞོ་ཤ་གསུམ་པོ་རང་རིགས་འཕྲོད་དང་སྦྱོར། གང་ཡིན་ཉེས་གསུམ་འཇོམས་པར་བྱེད་པ་ཡིན། །ཞེས་པའི། ཨ་འབྲས་ནི། མིང༌། ཨ་མྲ་ཕ་ལ། ཨམྦ། ཨ་འབྲས། བྷུ་ཧུ་ར་ས་ནི། ཤ་འབྲས་ཟེར། འཁྲུངས་དཔེར། ཨ་འབྲས་ཤིང་སྡོང་ཆུང་བ་ལ། །ལོ་མ་ལྕུམ་གྱི་ལོ་མ་འདྲ། །མེ་ཏོག་སྔོན་པོ་གདུགས་ལྟར་ཕུབ། །འབྲས་བུ་ཤ་བའི་རླིག་པ་འདྲ། །རོ་ནི་སྐྱུར་ལ་མངར་བ་ཡིན། །རང་གི་ནུས་པས་མཁལ་ནད་སེལ། །ཞེས་པའི་འབྲས་བུའི་གང་བུ་ནར་མོ་མཐེབ་ཆེན་སྦོམ་པ་ཙམ་ལ་ཤྭ་བའི་སྤུ་འདྲ་བ་སྐྱེས་ལ་རྩ་རིས་ཡོད་པའོ། །གང་བུ་ལྕི་ལ་དཀྲོགས་པས་སྒག་སྒག་ཟེར་ན་ནང་འབྲས་བཟང༌། ཡང་ལ་སྒག་སྒྲ་མེད་ན་རུལ་བའམ་འབུས་ཟོས་པས་ངན་ནོ། །འདྲ་ཡིག་ཏུ། ཨ་འབྲས་ཤ་བའི་རླིག་འབྲས་འདྲ། །ཞེས་སོ།།

 

༩། སྲ་འབྲས།

སྲ་འབྲས་ནི། རྩྭ་འབྲས་ཀྱང་ཟེར། སྐྱེ་ཚུལ་ནི། སྲ་འབྲས་ཤིང་སྡོང་འབྱིང་བ་ལ། །ལོ་མ་སྤ་མའི་ལོ་མ་འདྲ། །འབྲས་བུ་ནག་པོ་ཤུག་འབྲུ་ཙམ། དབྱིབས་ནི་བུམ་འདྲ་ཁ་དོག་ནག །སྲ་མཁྲེགས་ལྕགས་ཀྱི་བུམ་ཆུང་འདྲ། ཞེས་སོ། །འདི་ལ་རིགས་གཉིས་ལས། ཆེ་བ་ལུག་རིལ་ཙམ་འབར་འབུར་མང་ལ་སྙི་བ་དེ་ངན། ཆུང་ངུ་ནར་ཞད་ཡོད་པ་བུམ་རྫབ་ཅན་མཁྲེགས་པ་དེ་བཟང༌། འདྲ་ཡིག་ཏུའང༌། སྲ་འབྲས་ལྕགས་ཀྱི་བུམ་ཆུང་འདྲ། །ཞེས་སོ།།

 

༡༠། འཇམ་འབྲས།

འཇམ་འབྲས་ནི། མིང༌། མཉྫ་ཕ་ལ། འབྲས་སྔོན། གཡུ་སྒོང༌། སྦྲུལ་སྒོང་ཟེར། སྐྱེ་ཚུལ་ནི། འཇམ་འབྲས་ཤིང་སྡོང་ནག་ཤས་ཆེ། །ལོ་མ་སིབ་པོ་ཚེར་མ་ཅན། །མེ་ཏོག་སེར་ལ་གང་བུ་ནི། །འཇོང་མོའི་ནང་གི་འབྲས་བུ་ནི། སྔོ་སྐྱ་ཐལ་ཀ་སྒོ་ང་འདྲ། །སྦྲུགས་ན་ནང་ནས་རྒྱུག་སྐད་སྒྲོགས། །ཞེས་སོ། །འདྲ་ཡིག་ལས། འཇམ་འབྲས་སྦྲུལ་གྱི་སྒོ་ང་འདྲ། །ཞེས་སོ། །

 

༡༡། ཀརཱཉྫ།

ཀརཱཉྫ་ཡིས་ཕོ་བའི་མེ་དྲོད་སྐྱེད། །ཅེས་པ་ལ། མིང༌། ཀ་རཱཉྫ། ལག་སྐྱེས་ཟེར། ཞེས་ཟུར་མཁར་གསུངས་ཀྱང༌། གང་བུ་ཐལ་མོ་ཁ་སྦྱར་འདྲ་བས་དེའི་མིང་ཡིན་ཨ་ཙ་རས་ཟེར་བ་དང་སྐད་དོད་ཀྱང་མཚུངས། ཀ་ར་ལག་པ། ཨཉྫ་ཐལ་མོ་ཡིན། ལག་པའི་ཐལ་མོ་ཞེས་སོ། །དོན་ལ་འདི་ངོས་འཛིན་ལུགས་མང་དུ་བྱུང་ལ། བྲང་ཏིས་འཇམ་འབྲས་ཡིན། ཞེས་གཡུ་ཐོག་པས་གསུངས། ཞེས་དང༌། ཆེར་རྗེ་ཞིག་པོས་སྲིན་འབུ་དམར་ལེབ་ལ་ངོས་བཟུང་བ་དང༌། བྱང་པ་ཤང་དཀར་བས། སྒ་དམར་དུ་བཞེད་པ་དེར་ལེགས་པར་རྟོགས་ཤིག་ཞེས་ཟུར་མཁར་བས་གསུངས། སྐྱེམས་པ་ཚེ་དབང་འཇམ་འབྲས་སུལ་མང་བར་ཡོད་གསུངས། འགའ་ཞིག་ཟླ་གོར་ཞོ་ཤའི་རི་མོར་འདོད། ཡན་ག་བརྒྱད་པའི་རང་འགྲེལ་དུ། ཀ་རཱཉྫ་རྣམ་པ་གཉིས་དང༌། ཞེས་རིགས་གཉིས་ཡོད་པར་གསུངས། མེས་པོའི་ཞལ་ལུང་དུ། དོན་དུ་འཇམ་འབྲས་རང་ཡིན། འཇམ་འབྲས་དང་ཀ་རཱཉྫ་གཅིག་པར་གོང་དུ་བཤད་མོད། འོ་ན་ཟློས་པར་འགྱུར་རོ་ཞེ་ན། གོང་དུ་ནུས་པ་ཁྱད་པར་བའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་སྨད་ཀྱི་འབྲས་སྣ་གསུམ་པོ་མཉམ་དུ་མཁལ་ནད་སེལ་བའི་དབང་དུ་བྱས་པའོ། །ཞེས་དང༌། འབྲི་གུང་ཆོས་གྲགས་པས། ཡན་ལག་བརྒྱད་པའི་རང་འགྲེལ་ལས། ཀ་རཱཉྫ་རིགས་གཉིས་གསུངས་པས། འཇམ་འབྲས་ལ་རིགས་ཆེ་ཆུང་གཉིས་འབྱུང་བ་ལ་དགོངས་སོ། །ཞེས་གསུངས། འཇམ་འབྲས་དང་གཅིག་པས་རིགས་ཆེ་ཆུང་གཉིས་གསུངས་པར་འདི་ཞེས་མ་གསུངས། ཕྱི་རབས་ཁ་ཅིག་ཏུ། ཀ་རཱཉྫ་འཇམ་འབྲས་ཀྱི་སྐད་དོད་ལ་མི་འཇུག་ཅིང༌། ཀ་རཱཉྫའི་མིང་གི་རིགས་དང་འཇམ་འབྲས་ཀྱི་སྐད་དོད་མི་འདྲ་ཙམ་འདུག་པ་དང༌། རྐྱང་སེལ་ཐ་དད་པས་དེ་གཉིས་གཅིག་པ་ནི་མིན་ངེས་ལ། རུང་མཐུན་གྱི་སྦྱོར་བའི་ཚེ་ནའང་འཇམ་འབྲས་མཁལ་མའི་གྲང་བ་སེལ་བས་ནུས་པ་མི་འགལ་ཙམ་ཡིན་ཀྱང་ཕོ་བའི་མེ་དྲོད་སྐྱེད་པ་སོགས་ཁྱད་པར་གྱི་ནུས་པ་མི་ཚང་ཞིང༌། འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང༌། ངོ་བོ་ནི། ཤིང་དྲོད་ཅན་གྱི་འབྲས་བུ་རོ་དང་ཞུ་རྗེས་ཤིན་ཏུ་ཁ་ལ་སྦྲུལ་གྱི་སྒོ་ང་ལྟ་བུ་ཞིག་འོངས་ལ། དེ་ལ་མཁས་མཆོག་དཔའ་བོས། མདོག་ཁམ་ནག་དང་ལྗང་གུ་གཉིས་སུ་གསུངས་ཀྱང་དེང་སང་ཆེས་དཀོན་པས། དེ་རྟེན་སྟོབས་འགྱུར་བའི་དབང་གིས་ཕོ་བའི་མེ་དྲོད་རྣམས་སྐྱེད་པར་བྱེད་ལ། རུང་མཐུན་སྦྱོར་ན། འཇམ་འབྲས་ལས་སྨན་སྒ་ལ་ནུས་པ་སྤྱི་དགོས་གཉིས་ཀ་ཚང་ངོ༌། །ཞེས་གསུངས། འདི་དག་ནི་གོང་མ་དགོངས་པ་རྣམས་ནི་གསལ་ཁ་ཆེ་བ་མ་མཛད། རྗེས་འཇུག་དག་པ་རྣམས་ནི་ཤེས་ལ་ཁད་པར་ཞིབ་དབྱེ་མ་ཕྱེད། མ་དག་འཁྲུལ་པ་རྣམས་ནི་འོལ་ཚོད་འབའ་ཞིག་འཆད་པའོ། །འགའ་ཞིག་ནི་འོལ་ཚོད་རྐྱང་པ་སྟེ། སྐད་དོད་མི་འདྲ་གསུངས་པ་ནི་སྐད་དོད་རང་མ་གོ་བ་ཡིན། ཀ་རཱཉྫ་ཞེས་པ་ཟུར་མཁར་པས་ལག་སྐྱེས་ལ་བསྒྱུར་བ་རང་ཡང་ཤེས་ལ་ཁད་པ་སྟེ། ཀ་ར་ལག་པ། ཛ་སྐྱེས་པ་ཡིན། ཡང༌། བར་དེར་ཨན་ལྷག་པ་ལུས་སོ། །གང་ཡིན་ན། ཀ་ར་ལག་པའོ། །ཨཉྫ་ཐལ་མོ་སྟེ། ཀ་ར་དང་ཨཉྫ་མཚམས་སྦྱར་ལ་མཚུངས་འདྲའི་ཆོ་གས་ཀ་རཱཉྫ་བྱུང༌། དེ་གང་ཞེ་ན། འཇམ་འབྲས་ཀྱི་ནང་ནས་རིགས་གཅིག་གི་གང་བུ་ཐལ་མོ་ཁ་སྦྱར་འདྲ་བའི་ནང་ནས་འབྲས་བུ་སྦྲུལ་སྒོང་འདྲ་འབྱུང་བས། ཛོ་ཀི་ཕལ་ཆེར་རྒྱུ་མཚན་བཅས་གསུངས་ནས་མིང་ཡང་ཨཉྫ་ལི་ཟེར་མོད། རྐྱང་སེལ་ཐ་དད་གསུངས་པའི་ལན་ནི་མེས་པོའི་ཞལ་ལུང་གིས་ཆོད་དོ། །འཇམ་འབྲས་ལ། ཕོ་བའི་མེ་དྲོད་སྐྱེད་པའི་ནུས་པ་མེད་གསུངས་པ་ནི། ཕྱི་རྒྱུད་སེ་འབྲུ་བརྒྱད་པའི་འཁྲུལ་འཁོར་དུ། འཇམ་འབྲས་བསྡེབས་པས་ཕོ་བའི་མེ་དྲོད་སྐྱེད། གསུངས་པ་འདི་ཐུགས་ཀྱི་ཡུལ་དུ་མ་ཤར་བས་ལན། ཤིང་དྲོད་ཅན་གྱི་འབྲས་བུ་རོ་དང་ཞུ་རྗེས་ཁ་བ་ཡོད་གསུངས་པའང་མ་བརྟགས་པའི་གསུང་སྟེ། ཤིང་དྲོད་ཆེན་ལ་འབྲས་བུ་ཁ་བ་སྐྱེ་ཐབས་མེད་ལ། རོ་ཁ་བས་མེ་དྲོད་སྐྱེད་མི་ནུས་ཏེ། རོ་ཁ་བ་ནི་འབྱུང་བ་ཆུ་རླུང་གཉིས་ཀྱིས་སྐྱེད་པས། ཆུའི་ཡོན་ཏན་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན་བདུན་དང༌། རླུང་གི་ཡོན་ཏན་ཡང་གཡོ་གྲང་རྩུབ་སྐྱ་སྐམ་དྲུག་སྟེ། ཁ་བ་ལ་ཡོད་པའི་ཡོན་ཏན་བཅུ་གསུམ་པོ་འདིས་ནང་ན་ཕོ་བའི་མེ་དྲོད་སྐྱེད་པ་གང་ཡོད་གཟིགས་དང༌། དཔའ་བོས་འཇམ་འབྲས་ཀྱི་ཁ་དོག་གཉིས་གསུངས་པ་ངོས་མ་ཟིན་པས། དེང་སང་ཆེས་དཀོན་གསུངས་པ། སྔོན་བྱོན་རྣམས་ཀྱིས་ངོས་བཟུང་བ་མིན་པར་མཛད་ན། སྔར་ནས་ངོས་མ་ཟིན་མ་མཐོང་བར་ཐལ་བས། དེང་སང་དཀོན་སྨྲ་བ་ལས་སྔར་ནས་དཀོན་པས་མེད་སྨྲ་བ་འཐད་དོ། །སྨན་སྒ་གཏོང་བ་འཐད་ཅེས་བྱང་པའི་རྗེས་སུ་འབྲངས་ན། ཕྱི་རྒྱུད་རྒོད་མ་ཁ་ཕྱེ་སྦྱར་སྐབས། ཀ་རཱཉྫ་དང་བཅའ་སྒ་ལ་རྩི་ཏྲ་གསུངས་པར་ཀ་རཱཉྫ་ལ་སྒ་ལན་གཅིག་དང་བཅའ་སྒ་ལ་ལན་གཅིག་སྟེ་ལན་གཉིས་བསྐྱར་དགོས་སམ་གཟིགས་ཤིག འོ་ན་གང་ལ་འདོད་ཅེ་ན་རང་ལུགས་ནི། འཇམ་འབྲས་རིགས་གཉིས་ལས། ནང་འབྲས་ཁ་དོག་སྔོ་ཤས་ཆེ་བ་ཕྱིའི་གང་བུ་ཟླུམ་པོ་ནས་བྱུང་བ་ནང་གི་ཆི་གུ་རོ་འཇམ་པ་དེ་ལ་རྒྱ་སྐད་དུ་མཉྫ་ཕ་ལ། བོད་སྐད་དུ་འཇམ་པའི་འབྲས་བུའོ། །ཕྱིའི་གང་བུ་ཐལ་མོ་སྦྱར་འདྲའི་ནང་འབྲས་ཅུང་ཟད་ཁམ་ཞད་ཡོད་ལ། སྐྱེམས་པས་གསུངས་བཞིན་སུལ་རིལ་སྤུས་བྲིས་པ་ཙམ་ཟླུམ་འཁོར་དུ་མང་དུ་དོད་པ། ནང་ཚིག་རོ་གྱོང་ལ་རྩུབ་པ་དེ་ལ་རྒྱ་སྐད་དུ་ཀ་རཱཉྫ་ལི། བོད་སྐད་དུ་ལག་པའི་ཐལ་སྦྱོར་ཞེས་པའོ། །སྔ་མ་ལས་ཕྱི་མ་དྲོད་ཆེ་བ་ཡིན། ཡན་ལག་བརྒྱད་འགྲེལ་དུ། རིགས་གཉིས་གསུངས་པའང་དེའོ།།

 

༡༢། ན་ལེ་ཤམ།

ན་ལེ་ཤམ་གྱིས་བད་ཀན་གྲང་བ་སེལ། །ཞེས་པ་ལ། སློབ་དཔོན་དཔའ་བོས། ན་ལེ་ཤམ་ནི་མཁྲིས་སྐྱེད་རྣོ། །རྩུབ་ཅིང་དྲོད་སྐྱེད་ཡི་ག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཚ། །བད་ཀན་འཇོམས་ཤིང་ཡང་བ་ཡིན། །ཞེས་དང༌། ལྕགས་ཕྲེང་ལས། ན་ལེ་ཤམ་ནི་དྲོ་ལ་རྩུབ་སྟེ་གྲང་བ་སེལ། །རྒྱུན་དུ་མང་བསྟེན་རླུང་སྐྱེད་ཟེར།།  ཞེས་དང༌། བདུད་རྩི་ཐིགས་པར། ན་ལེ་ཤམ་ནི་མཁྲིས་སྐྱེད་རྩུབ་ཅིང་རྣོ། །དྲོད་སྐྱེད་རོ་དང་ཞུ་རྗེས་གཉིས་ཀ་ཚ། །ཡང་ཞིང་བད་ཀན་འཇོམས་པས་ཡི་ག་འབྱེད།།  ཅེས་དང༌། རྗེ་རང་བྱུང་རྡོ་རྗེས། གྲང་ནད་ཀུན་འཇོམས་ན་ལེ་ཤམ། །ཞེས་གསུངས། མིང་ནི། ཨ་བ་ཀུ་ཙ། ཨ་བལྐུ་ཛ། ཤི་ཀུ་མ་ནི། ཧ་རེ་ཎཤ མ་རིའ་ཙེ། སཽ་བ་ན། ན་ལེ་ཤམ། ཕོ་བ་རིས། ཕོ་ཚེ། དྲོད་སྨན་ཧྲིལ་མོ་རྣམས་ཟེར། འདི་ལ་རིགས་དཀར་ནག་གཉིས་ཡོད་དེ། ནག་པོ་ཕོ་བ་རིས་ཡོད་པ་རོ་ཤིན་ཏུ་ཚ་བ་བཟང༌། དཀར་པོ་དེ་ལས་རོ་འཇམ་ལ་རི་མོ་མེད་པ་ཁ་སྦྱོར་གྱི་དབྱིབས་ཅན་དམན་པ་ཡིན། དེ་ལ་སྦ་ཚ་ནི་སོ་པཉྫ་ཟེར། འགའ་ཞིག་རི་མོ་ཡོད་པ་ཕོ་བ་རིས། རི་མོ་མེད་པ་ན་ལེ་ཤམ། ཞེས་ཀྱང་ཟེར། ནག་པོ་དྲོད་ཆེ་ཚ་ལ་རྩུབ། དཀར་པོ་དེ་ལས་འཇམ་པས་སྐབས་སྦྱར་གཏོང༌། འདྲ་ཡིག་ལས། ཕོ་རིས་སྲན་མ་བཙོས་སྐམ་འདྲ། །ན་ལེ་ཤམ་ནི་བྲ་རིལ་འདྲ། །ཞེས་གསུངས།།

 

༡༣། པི་པི་ལིང༌།

པི་པི་ལིང་གིས་གྲང་ནད་མ་ལུས་སེལ། །ཞེས་པ་ལ། དཔའ་བོས། པི་པི་ལིང་རློན་བད་སྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །སྐམ་པོ་དེ་ལས་ལྡོག་པ་སྟེ། །སྣུམ་ཞིང་རོ་ཙ་རོ་ཚ་ལ། །ཞུ་རྗེས་མངར་ཞིང་བད་རླུང་དང༌། ལུད་པ་དབུགས་མི་བདེ་སེལ་འཁྲུ། །ཞེས་སོ། །རོ་སྐོར་ལས། པི་པི་ལིང་ནི་སྣུམ་ལ་ལྕི་བས་གྲང་རླུང་སེལ། །གློ་ཡི་ནད་ལ་ཕན་པས་གྲོགས་ཀྱི་སྟོབས། །དེ་ལས་བད་ཀན་སྨུག་པོ་དག་ལ་སྤོང༌། །ཚད་པ་ཕྱོགས་ཙམ་སྐྱེད་པར་བྱེད། །ཅེས་དང༌། ཞང་གཟི་བརྗིད་འབར་གྱིས། པི་པི་ལིང་ནི་སྣུམ་ལ་ཞུ་རྗེས་མངར། བད་རླུང་ལུད་པ་དབུགས་མི་བདེ་སེལ་འཁྲུ། །འདི་ཡིས་རོ་ཙ་ཁ་ཅིག་བཅུད་ལེན་ཟེར། །ཞེས་དང༌། རང་བྱུང་རྡོ་རྗེས། ཉེས་པ་གསུམ་སེལ་པི་པི་ལིང༌། ཞེས་དང༌། འཚོ་མཛད་གྲུབ་པས། པི་ལིང་རོ་ཚ་ནུས་པ་རྣོ། །རྩུབ་དྲོ་ཡང་ལ་སྙོམས་པ་ཡིན། །ཞེས་དང༌། བསྡུས་པར། པི་ལིང་རོ་ཚ་ཞུ་རྗེས་བསྐ། །ཞེས་གསུངས། མིང་ནི། ཀྲྀཥཛྲ། ནག་པོ། བཻ་དེ་ཧི། ལུས་འཕགས་སྐྱེས། མ་ག་དྷི། ཡུལ་དབུས་སྐྱེས། ཙཱ་བ་ལ་ཀ་ན། ཟེག་མ་གཡོ་བྱེད། ཨུ་ཤཎཱ། སྲེག་བྱེད། ཤཽ|u། པི་པྤཱ་ལི། སེལ་སེལ། བྱང་ཆུབ་ལྗོན་ཤིང༌། དྲོད་སྨན་ནར་མོ། སྤོད་ནར། ནག་པོ་ཚིནྡྷེ། ནག་པོ་གྲོག་རྐེད། གྲོག་མའི་གཟུགས་ཅན། སྨན་ནག བྱི་རིལ། དྲོད་སྨན་ལྗང་མོ། དྲོད་སྨན་འཇོང་མོ། ཚ་བ་ལ། རྒྱ་ནག་གིས། ཨ་རི་ཧ་ཏ། ཕྲོམ་གྱི་སྐད་དུ། འདར་སིལ་སིལ་ཟེར། འདི་ལ་རིགས་ལྔ་ཡོད། སྔོ་ནག་ཆུང་ངུ་འབྲས་འབྲུམ་ཡེ་མ་དོད་པ་འདྲ་བ་མོ་རིགས་མཆོག་ལྕགས་སྨྱུག་མ་ཟེར་བ་དང༌། དེ་ལས་ནག་ལ་འབྲུམ་པ་ཡང་གསལ་བ་ཕོ་རིགས་ཏེ། རབ་བྱི་རིལ་མ་འདི་གཉིས་རྒྱ་གར་ནས་ཡོང་བ་ཡིན། རྒྱ་ནག་ནས་ཆེ་ལ་མཐོ་རེ་ཙམ་ཡོད་པ་ཤིན་ཏུ་ཚ་མངར་བྲོ་བ། འབྲུམ་འབྲས་འཇམ་པ། ཁ་དོག་ཁམ་སེར་སྲོག་ཤིང་བཅས་བཀས་ནས་སྐམ་པ་ཡོང་བ་ནི་དབང་ཕྱོགས་པི་ལིང་ཞེས་བཟང་བ་དང༌། གློ་མོན་ནས་འབྱུང་བའི་ཁམ་པ་འབྲུམ་པ་རྩིང་ལ་རོ་འཇམ་པ། མདའ་སྨྱུག་གི་ཕྲ་སྦོམ་སོར་བཞི་ཙམ་ཡོད་པར། ག་ཛ་པི་པར་ཞེས་གླང་པོའི་པི་ལིང་དུ་གྲགས་པ་དང༌། ཀོང་པོ་སོགས་བོད་རོང་ནས་ཡོང་བ་དམར་ལ་འབྲུམ་པ་གསལ་ཞིང་རོ་འཇམ་པ་ཕྲ་ལ་ཐུང་བ་སྟེ། དེ་དག་རིམ་པས་ཕྱི་མ་དམན་པའོ།།

 

༡༤། བྱི་ཏང་ག

བྱི་ཏང་ག་ཡིས་སྲིན་སེལ་མེ་དྲོད་སྐྱེད། །ཅེས་པར། རྩི་ཉི་ཟླའི་འཁོར་ལོ་ལས། བྱི་ཏང་ག་ནི་ཚ་ཞིང་རྣོ་སྟེ་སྲིན་དང་སྐྱ་རྦབ་སེལ་ཏེ་རྣོ་བས་འཁྲུ། ཞེས་དང༌། རང་བྱུང་པས། བྱི་ཏང་ག་དང་མ་རུ་རྩེ། སྲིན་ནད་སེལ་བའི་སྨན་དུ་གསུངས། །ཞེས་པའི་མིང་ནི། བི་ཊངྒ་ཟེར། འཁྲུངས་དཔེར། བྱི་ཏང་ག་ཞེས་བྱ་བའི་སྨན། །སྡོང་པོ་ཕྲ་ལ་རིང་བ་སྟེ། །ལོ་མ་སྐྱ་ཆུང་རྩུབ་པ་ཡིན། །མེ་ཏོག་སྔོ་དམར་ཆུང་བ་ལ།། འབྲས་བུ་སྲན་མ་སད་ཁྱེར་འདྲ། །རོ་ནི་སྐྱུར་ལ་མངར་བ་ཡིན། །རང་ནུས་འབྲུ་རེས་སྲིན་བུ་ཡི། །གྲོང་ཁྱེར་བཅོ་བརྒྱད་འཇོམས་པར་ནུས། །ཞེས་པ་འབྲས་བུ་དམར་སྐྱ་སྟོང་པ་འདྲ་བས་སེང་སྒྲ་སྒྲོགས་པ་སྲན་མ་ཙམ་པ་དེའོ།།

 

༡༥། མ་རུ་རྩེ།

མ་རུ་རྩེ་ཡིས་སྲིན་ནད་སེལ་བར་བྱེད། །ཅེས་པའི་མིང༌། གུཉྫ། ཤྭེ་ཏ་གུཉྫ། མ་རུ་རྩེ་དཀར་པོའོ། །རཀྟ་གུཉྫ། མ་རུ་རྩེ་དམར་པོའོ། གབ་ཏུ། སྲིན་བུ་དམར་ལེབ་ཟེར། འཁྲུངས་དཔེར། སྲིན་ནད་འཇོམས་པའི་མ་རུ་རྩེ། །ས་གཞི་དྲོད་ཆེའི་ཡུལ་ན་སྐྱེ། ལོ་མ་སྔོ་བུན་ཕུང་པོ་ཆེ། །སྡོང་པོ་ཕྲ་མོ་མེ་ཏོག་སེར། འབྲས་བུ་དམར་སེར་བྱིའུ་མཆིན་འདྲ། །རོ་ནི་ཁ་ལ་མངར་བ་ཡིན། །རང་གི་ནུས་པས་སྲིན་ནད་འཇོམས།།  ཞེས་པས། མེ་ཏོག་རྩ་བ་སྔོན་པོ་རྩེ་སེར་པོ་གང་བུ་སྤུ་ཅན་གྱི་ནང་ནས་འབྲས་བུ་ལྔ་ཙམ་འོང་པ་སྟེ། འདྲ་དཔེར། མེར་རྩེ་བུ་མོའི་བྱ་ལེ་འདྲ། །ཚི་གུ་བྱིའུ་མཆིན་འདྲ་ལ་དམར། །ཞེས་སོ། །འདི་ལ་དཀར་དམར་རིགས་གཉིས་ཡོང་བ་ཡིན།།

 

༡༦། གོ་བྱེ།

གོ་བྱེས་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ། །ཞེས་པར། བདུད་རྩི་ཐིགས་པར། བསེ་ཤིང་འབྲས་བུ་དྲོ་ཞིང་སྐམ་པས་ནི། །ཆུ་སེར་སྐེམ་ཞིང་རྨེན་སེལ་བཅུད་ལེན་འགྱུར། །ཞེས་དང༌། རང་བྱུང་པས། གོ་བྱེ་སྨུག་པོ་སེལ་བའི་མཆོག །ཅེས་པར། བ་ཏ་ལ་ཀ བྷྷལླཱ་ཏ་ཀ བྷཻ་ལ་བ། མ་ནུ་བསེ་ཤིང༌། བསེ་མ་ནུ། གོ་བྱེ། བསེ་འབྲུམ། བསེ་འབྲས། མ་ནུ་ཁྲག་ཅན་ཟེར། ངོ་བོ་བསེ་ཤིང་དཀར་ནག་གཉིས་ཡོད་པའི་བསེ་དཀར་གྱི་འབྲས་བུ་སྟེ། འབྲས་བུའི་ཕྱི་སྐོགས་སྐྱེ་མཚམས་སུ་རྐྱལ་བའི་ཁ་སྒྲོ་ལྟར་འདུས་ཤིང༌། ཕྱི་དབྱིབས་ནི། གོ་བྱེ་རྟ་ཡི་ནུ་མདེའུ་འདྲ། །ཞེས་པ་ལྟར་དང༌། ནང་དུ་སྣུམ་དམར་པོ་ཁྲག་འདྲ་བ་ཡོད་པས། གོ་བྱེ་ཁྲག་གི་རྐྱལ་པ་འདྲ། །ཞེས་པ་ལྟར་རོ། །འདི་ཆེར་བྱུགས་ན་ལྤགས་འོག་གི་ཆུ་སེར་ཕྱིར་འབྱིན་པ་དང་པགས་པ་བརྟོལ་པར་བྱེ། འདིའི་སྣུམ་གྱིས་རྒྱ་ནག་གིས་རྩི་བྱས་པའི་བསེ་ཕོར་སོགས་ཚ་གྲང་གང་ཡང་ཐུབ་པ་དེ་ཡིན། དུག་བསྲུང་མ་ཤེས་པས་ལག་ལེན་མི་བཏུབ། རེག་དུག་ཆེ་བས་མཐའ་མི་རྣམས་ཀྱིས་བསེ་དུག་གམ་སེ་དུག་གམ་བསེ་མོག་ཅེས་པའི་ཅེས་པའི་རེག་དུག་འདི་ལ་འཆོས་པ་ཡིན།

 

༡༧། ད་ཏྲིག

ད་ཏྲིག་ཚ་གྲང་འཁྲུ་བ་གཅོད་པར་བྱེད། །ཅེས་པར། ལྕགས་ཕྲེང་ལས། ད་ཏྲིག་བསིལ་ལ་སྙོམས་པ་ཡིན། །ཞེས་དང༌། གདམས་པ་སུམ་ཅུ་པ་ལས། ད་ཏྲིག་སྐམ་པས་འཁྲུ་བ་གཅོད་བྱེད་ཅིང༌། །ལུས་ཀྱི་ཡན་ལག་ཁྲག་རྒྱས་འགྱེལ་བ་དང༌། སྐྱུགས་དང་ཡི་ག་འཆུས་པ་སེལ་བར་བྱེད། །ཅེས་དང༌། རང་བྱུང་ཞབས་ཀྱིས་ད་ཏྲིག་འཁྲུ་གཅོད་དབུགས་ནད་སེལ། །ཞེས་པར་མིང༌། ཨ་ཡ་དང་སྐྱུར་མོ་ཟེར། འཁྲུངས་དཔེར། ད་ཏྲིག་ཅེས་བྱའི་ཤིང་དེ་ནི། །ཚད་པ་ཆེ་བའི་ནགས་ལས་སྐྱེ། །སྡོང་པོ་ཆེ་ལ་ཤུན་པ་སྐྱ། །མེ་ཏོག་དམར་ཆུང་ལོ་མ་སྒོར། །འབྲས་བུ་ལུག་ཤིག་སྒོ་ང་འདྲ།།  རོ་ནི་མངར་ལ་སྐྱུར་བའོ། །རང་གི་ནུས་པས་འཁྲུ་བ་གཅོད། །ཅེས་འབྲས་བུ་དམར་པོ་ལབ་སོན་ཙམ་ལེབ་ལ་སྦུན་མ་དམར་ཕྱེ་རྩི་སྣུམ་ཆེ་ལ་སྐྱུར་བ་དེའོ།།

 

༡༨། སྨག

སྨག་གིས་ཚ་གྲང་འཁྲུ་བའི་རིགས་ཀུན་གཅོད། །ཅེས་པར་མིང༌། སྐབས་འགར་མ་མ་མིག་ཟེར་བ་སྦལ་པའི་སྒོ་ང་ཡང་ཟེར་བས་སྐབས་ལས་ཤེས། འདི་ཤིང་མ་ལེ་གྲུམ་ཤིང་གི་རྐང་སྟེ། ཤིང་རྒན་གཞོན་གྱི་ཁྱད་པར་ལས་དཀར་དམར་གཉིས་ཡོང༌། དཀར་པོ་བག་ཕྱེ་རྗེན་བཏགས་འདྲ་བ་དང༌། དེ་ལས་དམར་བ་གྲོ་མའི་ཕྱེ་མ་འདྲ་བ་གཉིས་འབྱུང༌། གཉིས་ཀ་རོ་བསྐ་ཅུང་ཟད་ལན་ཚྭ་བ་ཡོད། མེ་ལ་བསྲེགས་ན་ཁོལ་ཉམས་དང༌། བཙོས་ན་སྤྱིན་ལྟར་འཁྲིགས་ནས་འོང་བའོ། །འདི་འབྲས་བུའི་སྡེར་མི་འོང་བའོ། །འདི་འབྲས་བུའི་སྡེར་མི་འོས་རྐང་གི་རིགས་ཏེ་ས་བཅད་མ་ཟིན་པས་འཁྲུ་གཅོད་གྲས་སུ་བཀོད་པའོ།།

 

༡༩། སོ་ཆ།

སོ་ཆས་ནད་ཀུན་གྱེན་འདྲེན་སྐྱུགས་སྨན་མཆོག །ཅེས་པར། རོ་སྐོར་ལས། པོ་སོ་ཆ་ནི་དྲོ་ལ་རྣོ། །ཞེས་དང༌། གདམས་པ་སུམ་ཅུ་པར། སོ་ཆ་རླན་ཞིང་གྱེན་ལ་འདྲེན་འི་མཆོག །ཅེས་དང༌། རང་བྱུང་པས། པོ་སོ་ཆ་ཡིས་ནད་རྣམས་སྐྱུགས།།  ཞེས་པར་མིང༌། རྒྱ་གར་པས། མ་ཏ་པ་ལ། ཕྲམ་དུ། གྷའུ་ཟག་ཐ། རྒྱ་ནག་ཏུ། ཟི་ར་ཀྵ། བོད་དུ་པོ་སོ་ཆའོ། །འཁྲུངས་དཔེར། སྟོད་དུ་འདྲེན་བྱེད་སོ་ཆ་ནི། །ཚད་རོང་དག་ལས་སྐྱེ་བ་ཡིན། །ཤིང་སྡོང་ཆེ་ལ་རབ་ཏུ་མཁྲེགས། །ལོ་མ་སྣུམ་ལ་ཕྲ་བ་སྟེ། །མེ་ཏོག་དཀར་ལ་འབྲས་བུ་ནི། །མི་རྒན་དག་གི་འབྲས་བུ་འདྲ། །རོ་ནི་ཚ་ལ་ཡིད་ཙམ་སྣུམ། །རང་གི་ནུས་པས་བད་ཀན་སོགས། །ནད་རྣམས་ཐམས་ཅད་གྱེན་དུ་འདྲེན། །སྐྱུགས་སྨན་ཀུན་གྱི་གཙོ་བོ་ཡིན། །ཞེས་བཞིན་ལས་ཤིང་ཚེར་མ་ཅན་འབྲས་བུ་མིའི་རླིག་འབྲས་འདྲ་བ། ཁམ་སྐམ་ཙམ་གྱི་ནང་དུ། ཚི་གུ་དོང་གའི་འབྲུ་འདྲ་བ་ཡོད་པ་དེ་ཡི། རྒྱ་ནག་ནས་ཆེ་ཆུང་དེ་ཙམ་ལ་འབྲས་བུ་ཟུར་གསུམ་ཕྱོགས་མཚོན་ཙམ་པ་ནག་ལ་རྩུབ་པའི་ནང་དུ་ཚི་གུ་རང་གང་དཀར་སེར་སྣུམ་པ་དེས་ཀྱང་འདྲེན་པར་འདྲ་བ་དང༌། ཁ་ཅིག་ལུང་ཏང་གི་ཕྱི་ལྤགས་འདྲ་དཔེ་བཤད་པ་ལྟར་དེས་བྱེད་པ་ཡང་སྐྱུགས་འདྲེན་ཐུབ་པར་བཤད་པ་དང༌། ལྡུམ་སོ་ཆ་ཞེས་པ་སྟག་ཡུངས་པའང་ཟེར། སྲིབ་ཀྱི་སྟག་མ་སོགས་ཤིང་སུབ་ཆེ་ལ་འབོལ་བའི་ས་ལས་སྐྱེ་བ། སྡོང་པོ་ཁོང་སྟོང་མཐོ་གང་ཙམ་པ་ལ་གྲ་མ་མེད་པའི་སྙེ་མ་འདྲ། ནང་དུ་འབྲུ་རྒྱ་མེན་པའི་ས་བོན་འདྲ་ལ་ཞིབ་པ་ཅན་གྱི་རྟིང་པ་ཉུངས་རྡོག་འདྲ་མཇུག་མ་ཤིང་གི་རྩ་ཕྲན་འདྲ་བ་ཅན་དེས་ཀྱང་འདྲེན་ཤད་ཆུང་ཙམ་འདྲེན་པས་ན་ཕྱི་མ་རིམ་པས་དམན་པའོ།།

 

༢༠། དན་རོག

དན་རོག་ཤྲིའ་ཁནྜས་དྲག་པོར་སྦྱོང༌། །ཞེས་པའི་དན་ད་ནི། སློབ་དཔོན་དཔའ་བོས། ཨེ་ར|u་མར་ཚ་ཞིང་ཁ། །ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན། །ཞེས་དང༌། རོ་སྐོར་ལས། དན་ད་སྙོགས་ལ་རྣོ་བ་ཡིན། །ཞེས་དང༌། རང་བྱུང་པས། དན་རོག་སྦྱོང་བྱེད་གསོད་བྱེད་མཆོག ཅེས་གསུངས་པར་མིང༌། ཨེ་ར|u་ཟེར། འདི་ལ་རིགས་གསུམ་སྟེ། དན་རོག་དང༌། དན་ཁྲ་དང༌། རུས་སྦལ་མའོ། །དན་རོགས་ནི། འཁྲུངས་དཔེར། དན་རོག་དྲོད་ཀྱི་ཡུལ་དུ་སྐྱེ། རྩ་བ་སྦོམ་ལ་ཤིན་ཏུ་རིང༌། །ལོ་མ་ཆེ་ལ་ཅུང་ཟད་རྩུབ། །སྡོང་པོ་སྦུབས་ཅན་ཚིགས་པ་ཅན། །རང་གི་ནུས་པས་བད་ཀན་དང༌། །འདུས་པའི་ནད་རྣམས་སྐྱུགས་བཤལ་བྱེད། །ཅེས་དབྱིབས་ཧ་ལམ་ལོ་སྡོང་སྐྱེ་ལུགས་ལྕུམ་འདྲ་ལ་ཁ་དོག་ལྗང་གུ་འགའ་རེར་དམར་ཆེ་བ། ཚིགས་ཐག་ལྕུམ་སྡོང་ལས་ཐུང་བ། ལོ་མའི་རྐང་དང་སྡོང་པོ་གཉིས་ཀ་ཁོང་སྟོང་ལ། ས་གཞི་ནས་རྩེ་མོ་བྱིང་ཆེ་བ། དགུ་འམ་ལྔར་གྱེས་པ་ཆེ་བ། ལྕུམ་ལོ་ཙམ་ལས་ཆུང་བ། ལྕམ་པའི་ལོ་མ་ཙམ་པར་ཅི་རིགས་སྐྱེ་བ། མེ་ཏོག་དཀར་པོ་རྩེ་མོར་ག་བུ་ཟ་རམ་བརྩེགས་ཚེར་མས་གང་བར་སྐྱེ་བ། གང་བུ་རུས་སྦལ་སུམ་སྒྲོམ་ཁ་སྤྲོད་ཀྱི་རྣམ་པར་ཡོད་པའི་ནང་དུ་འབྲས་བུ་ནག་ཆུང་ཤིན་ཏུ་འཇམ་པ་བྱུང་ན་དེ་ལ་ཛ་ཡི་ཕ་ལ་ཞེས་མཆོག་གོ། །དན་ཁྲ་ནི། གནྡྷ་རྦྷ་བ་ཧ་སྟ། དྲི་ཟའི་ལག་པ་ཟེར། འཁྲུངས་དཔེར། དནྡ་ཁྲ་བོ་ཞེས་བྱ་བ། །སྲིབ་རི་ནགས་ཀྱི་ནང་དུ་སྐྱེ། །ལོ་མ་ཅུང་ཟད་རྩུབ་པ་ཡིན། །སྡོང་པོ་རིང་ལ་འཁྲི་ཞིང་སྐྱེ། །གང་བུ་གོང་དང་འདྲ་བའི་ནང༌། འབྲས་བུ་ཁྲ་བོ་དན་རོག་འདྲ། །ཞེས་བཞིན་འབྲས་བུ་སྦུར་བུ་སྐེ་བཅད་པ་འདྲ་བ་ཁྲ་བོ་བྱུང་ངོ༌། །རུས་སྦལ་པ་ནི། མོན་སྐྱེས་སྔ་མ་ལས་ཆེ་ལ་རྩུབ་པ་སྦལ་པའི་དབྱིབས་ཅན་དེ་ངན་པའོ།།

 

༢༡། ཤྲིའ་ཁནྜ།

ཤྲིའ་ཁནྜ་ནི། རོ་སྐོར་ལས། ཤྲིའ་ཁནྜས་ཚད་པ་སྐྱེ་ཞིང་འཁྲུ། །གསུངས། མིང༌། ཀྵི་ར་དང༌། བསེ་ཞོ་ཟེར། བསེ་ཤིང་དཀར་པོ་དབྱིབས་བ་ལེ་ཀ་འདྲ་བ་ལ། ལུང་པ་དོག་པོར་ནགས་ནང་དུ་ཉིན་སྲིབ་སྦྲེལ་ནས་ཤིང་གཞན་ལ་འཁྲི་ཞིང་སྐྱེ་བ། རྩ་རྩེ་ཕྲ་སྦོམ་མེད་པ་ཐག་པ་འདྲ་ལ། ལོ་མ་མེ་ཏོག་མེད་པ། བྲེགས་ན་ཞོ་འབབ་པ། ཞོ་དེས་གང་རེག་པའི་པགས་པར་ཤུ་འབྲུམ་བྱེད་པ་ཞིག་ཡོད་པ། རྒྱ་ནག་ཏུ་སྐྱེ་བས་ཤིང་ཐུན་རྣམས་ཁུར་ཐག་བྱེད་པ། ཤིང་དེའི་ཞོ་ལས་ཁནྜ་བྱས་པ། འབྲས་ཀྱི་རྩམ་པས་སྦྲུས་པ་ཕབས་རྡོག་འདྲ་བ་དང༌། མ་སྦྲུས་པ་བུར་ཞུན་འདྲ་བ་གཉིས་འབྱུང་བའོ། །ཁནྜ་ཞེས་པ། བོད་སྐད་དུ་དུམ་བུ་ཟེར་ལ། དུམ་བུ་གཅིག་ཏུ་གདུས་པས་ཁུ་བ་འཐག་པ་ལ་ཟེར་ལ། ཤྲིའ་ཁནྜ། དཔལ་གྱི་དུམ་བུ་སྟེ། ཙན་དན་དཀར་པོའི་མིང་ལ་ཡང་འཇུག་པས་མ་ནོར་བ་སྐབས་ཀྱིས་ཤེས་སོ། །འདྲ་དཔེར། ཤྲིའ་ཁནྜ་ཕབས་རྡོག་འདྲ། །ཞེས་སོ།།

 

༢༢། དོང་ག

དོང་གས་མཆིན་ནད་སེལ་ཞིང་འཇམ་པར་འཁྲུ། །ཞེས་པར། ལྕགས་ཕྲེང་ལས། དོང་ག་ཚ་ལ་དྲོད་སྐྱེད་ལྕི་བའི་མཆོག །ཅེས་དང༌། བདུད་རྩི་ཐིགས་པར། དོང་ག་ཆ་སྙོམས་བག་ཙམ་རླན་པས་འཁྲུ། །མཉེས་པའི་ཁུ་བས་ཡན་ལག་སྐྲངས་པ་སེལ། །ཞེས་དང༌། རང་བྱུང་པས། དོང་ག་སྨུག་པོས་སྦྱོང་བར་བྱེད། །དོང་གའི་ཤིང་གིས་དུག་ལ་ཕན། །ཞེས་གསུངས། མིང༌། ཀཎྜི་ཀ་ར། ཤྱྵ་མ་ཀ་ར། ཉ་ཤ་ཀ་ར། །ཤ་མྱང་ཀ །ཨ་རཀྟ། རཱ་ཛ་བྲིཀྵ། ལྗོན་ཤིང་གི་རྒྱལ་པོ་རྣམས་ཟེར། འཁྲུངས་དཔེར། སྨན་མཆོག་དོང་ག་ཞེས་བྱ་བ། །དབེན་ལ་དྲོད་ཆེའི་ས་ལས་སྐྱེ། །ལོ་མ་མེ་ཏོག་ཆེ་བ་ལ། །རང་ཉིད་ཤིང་གཞན་འཁྲི་ལ་སྐྱེ། །འབྲས་བུ་ལོང་ག་ཁྲག་བརྒྱངས་འདྲ། །རོ་ནི་མངར་ལ་ཡིད་ཙམ་ཚ། །རང་གི་ནུས་པས་ནད་རྣམས་སྦྱོང༌། །ཞེས་པའི་གང་བུ་སྨུག་པོའི་ནང་དུ་ཚིགས་མཚམས་རེར་འབྲས་བུ་དཀར་པོ་འོད་ཅན་རེ་ཡོད་པ་དེ་གཏོང་བ་ཡི། བྲང་ཏི་པས། དོང་གའི་ཚིགས་པ་རེ་རེའི་བར། །བྱིས་པ་འཁྲུ་བྱེད་རེ་རེ་ཡོད། །མཆིན་དུག་སྦྱོང་བའི་གསང་སྨན་ཡིན། །གསུངས། འདྲ་དཔེར། དོང་ག་མི་བརྒྱགས་རྟགས་འགྲེང་འདྲ། །ཞེས་དང༌། འདྲ་ཡིག་ཏུ། དོང་ག་ཁྲག་རྒྱུ་ནག་པོ་འདྲ། །ཞེས་སོ།།

 

༢༣། སོ་མ་ར་ཛ།

སོ་མ་ར་ཛས་ལྤགས་ནད་ཆུ་སེར་སེལ། །ཞེས་པར། ལྕགས་ཀྱི་ཕྲེང་བར། སོ་མ་ར་ཛ་བསིལ་ལ་རྩུབ་པ་སྟེ། །རང་གི་ནུས་པས་ཆུ་སེར་འཇོམས་པ་ཡིན། ཞེས་དང༌། རང་བྱུང་པས། སོ་མ་ར་ཛས་མཛེ་ནད་སེལ། །ཞེས་གསུངས། མིང་ནི། སོ་མ་ར་ཛ། ཟླ་བའི་རྡུལ། ཙཎྜ་རེ་ཁ། ཟླ་བའི་རི་མོ། ཀཱ་ལ་མི་ཥི། ལུག་ནག །ཨིནྡྷུ་ར་ཛ། ཟླ་ཚེས་ཀྱི་རྡུལ། སུ་བལླི་ཀ འདབ་བཟང༌། ཀྲྀཀཋ་ཕ་ལ། འབྲས་ནག་པོ། བཱ་གུ་ཛི། སུ་རི་ཕ་ལིའ། རུས་པའི་འབྲས་བུ། ན་ཏྲི་མ་ར། མཛེ་འཇོམས། བི་ཛ་ཡ། རྣམ་རྒྱལ། སོ་མ་བལླི་ཀ ཟླ་བའི་ལྕུག་མ་རྣམས་སོ། །འདི་རྒྱ་བལ་དང་ལྷོ་མོན་གར་ནས་ཡང་འབྱུང་བས་གང་བུ་ཟུར་གསུམ་པའི་ནང་ནས་འབྲས་བུ་ལབ་སོན་ནམ། ཐང་ཕྲོམ་འབྲུ་ཙམ་ལ་ནག་པོ་མཁལ་དབྱིབས་ནེའུ་ལེའི་རི་མོ་ཡོད་པ་སྣུམ་ཅན་དེ་ཡིན། འདྲ་ཡིག་ལས། སོ་མ་ར་ཛ་བྱིའུའི་མཁལ་མ་འདྲ། །ཞེས་དང༌། འདྲ་དཔེར། སོ་མ་ར་ཛ་ཐང་ཕྲོམ་འབྲས་བུ་འདྲ། །ཞེས་སོ། །ད་ལྟ་མྱ་ངན་མེད་པའི་ཤིང་གི་འབྲས་བུ་དང༌། སྤྱང་གི་བོང་བུ་དང༌། སྲོ་མར་ཞེས་ཞིང་སྐྱེས་སྲོ་རྒྱུད་ཡོང་བ་ལ་བྱེད་པ་རྣམས་ནི་དོན་མེད་གསུངས་སོ།།

 

༢༤། ཐལ་ཀ་རྡོ་རྗེ།

ཐལ་ཀ་རྡོ་རྗེ་དག་ཀྱང་དེ་བཞིན་ནོ། །ཞེས་པར། ལྕགས་ཕྲེང་ལས། ཐལ་ཀ་སྙོམས་ལ་ཡིད་ནད་སྐེམ། ཆུ་སེར་འཇོམས་དང་ཤུ་བ་གསོ་བར་བྱེད། །ཅེས་དང༌། རང་བྱུང་པས། ཐལ་ཀས་གཟའ་དང་ཆུ་སེར་འདྲེན། གསུངས་པའི་མིང༌། ཨོ་ཌི། ཤ་རི་རཾ་ཟེར། འདི་སྔོན་སངས་རྒྱས་ཀྱི་རིང་བསྲེལ་ལས་བྱུང་བར་བཤད། འཁྲུངས་དཔེར། ཐལ་ཀ་རྡོ་རྗེ་ཞེས་བྱ་བ། ཤིང་ཕུང་ཕྲ་ཞིང་ཆུང་བ་ལ། །མེ་ཏོག་སེར་པོ་སུལ་ཅན་ཏེ། །ལོ་མ་འབྲས་བུ་ཆུང་བ་ཡིན། །གང་བུ་རིང་ལ་འབྲས་བུ་ནི།། ཁྱི་ཡི་ཕོ་མཚན་འདྲ་བ་ཡོད། །རོ་ནི་ཡིད་ཙམ་ཁ་བ་ཡིན། །རང་གི་ནུས་པས་ཆུ་སེར་སྐེམ། །ཞེས་དང༌། འདྲ་ཡིག་ཏུ། ཐལ་ཀ་རྡོ་རྗེ་ཁྱི་ཡི་ཕོ་མཚན་འདྲ། །ཞེས་སོ། །འདྲ་ཡིག་ལ་བརྟེན་ནས་ཆང་གང་བ་ལ་བྱེད་པ་དང༌། འཁྲུངས་དཔེར་འཁྲུལ་ནས། བྲ་མའི་འབྲས་བུ་ལ་བྱེད་པ་རྣམས་ནོར་བའོ། །འདི་ལ་ཕོ་མོ་རིགས་གཉིས་ཏེ། ཕོ་རིགས་གང་བུ་ཕྲ་མོའི་ནང་ནས་འབྲས་བུ་སེར་འཇོང་ཅན་དང༌། མོ་རིགས་དེ་ལས་ཆེ་བའི་ཀྲི་ཀ་ཡོད་པ་ཞིག་ཡོད་ལ། གཉིས་ཀ་སྲ་མཁྲེགས་འོད་དུ་འབར་བའོ། ། འདི་ལ་ཆེ་བཤད་ཁུངས་གཏམ་མི་ཉུང་ཙམ་འདུག་ཀྱང་བཞག་ལ། དོན་དུ་བཅུད་ལེན་རོ་ཙའི་ནུས་པ་ཆེ་བར་བཤད་དོ།།

 

༢༥། སེ་ཡབ།

སེ་ཡབ་བད་ཀན་ཚ་བ་སེལ་བར་བྱེད། །ཅེས་པར། ལྕགས་ཕྲེང་ལས། སེ་ཡབ་དྲོ་བར་བྱེད་པ་ཡིན། །ཞེས་དང༌། རང་བྱུང་པས། སེ་ཡབ་བད་ཀན་སེལ་བ་སྟེ།།  ཞེས་གསུངས། མིང༌། ཙི་ཙ་ནི། དྲ་བ་ཐིང་སླད་ཟེར། འཁྲུངས་དཔེར། སེ་ཡབ་ཤིང་སྡོང་ཆེ་བ་ལ། །ལོ་མ་ཆེ་ལ་མེ་ཏོག་དཀར། གང་བུ་རིལ་ལ་འབྲས་བུའི་དབྱིབས།།  མ་རུ་རྩེ་དང་འདྲ་བ་ཡིན། །རོ་ནི་སྐྱུར་ལ་ཡིད་ཙམ་མངར། །རྣ་བའི་ནད་ཀྱི་བདུད་རྩི་ཡིན། །ཞེས་པ་ལ་མཆོག་དམན་གཉིས། མཆོག་གམ་ཕོ་རིགས་ནི། ལྷོ་མོན་གྱི་མཐིལ་ནས་འབྱུང་བ། ལོ་སྡོང་མེ་ཏོགསོགས་ཀུ་ཤུ་འདྲ་ལ། འབྲས་བུ་བུར་རྙིང་བསྒོངས་པ་ལྟ་བུའི་ཧྲིལ་མོའི་ནང་འབྲས་རུས་པ་མཁྲེགས་པ་མ་རུ་རྩེ་འདྲ་བའོ།། དམན་པ་མོ་རིགས་ནི། སྡོང་པོ་ཚེར་མ་ལྟ་བུ་ཚེར་མ་ཅན་ལོ་མ་མེ་ཏོག་གོང་མཚུངས། འབྲས་བུ་སྟར་ག་སྔོ་རྡོག་འདྲ་བ་ནང་དུ་ཚི་གུ་ལེབ་མོ་མང་བ་འབྱུང་བ། སྤུ་པོ་སོགས་ཀྱིས་ཚོས་ཀྱི་སྐྱུར་ཁུ་བྱེད་པ་ཐིང་སླད་ཟེར་བའོ། །འདིའི་འབྲས་བུ་བཀས་ཚལ་སྐམ་པ་ལ། འདྲ་དཔེར། སེ་ཡབ་མི་རྒན་རྣ་མཆོག་འདྲ། །ཞེས་པ་ལ་བརྟེན་ནས། ཀུ་ཤུ་ལ་བྱེད་པ་འཁྲུལ། ཀུ་ཤུ་རོ་མངར་བ་དང༌། སེ་ཡབ་སྐྱུར་བས་མི་འདྲའོ།།

 

༢༦། ཀུ་ཤུ།

ཀུ་ཤུས་རྒྱུ་ལོང་འཁྲོག་འཁྲུ་གཟེར་བ་འཇོམས། །ཞེས་པ། འཁྲུངས་དཔེར། ཀུ་ཤུ་ཞེས་བྱ་ཁམ་བུའི་རིགས། །སྡོང་པོ་ལོ་མ་མེ་ཏོག་རྣམས། ཁམ་བུ་དག་དང་འདྲ་བ་ལ། །འབྲས་བུ་ཁམ་བུ་འདྲ་ལ་ཆེ། །རོ་ནི་མངར་ལ་སྐྱུར་བ་ཡིན། རང་གི་ནུས་པས་རྒྱུ་ནད་སེལ། །ཞེས་བཞིན་ལས། འབྲས་བུའི་ནང་རུས་ཁམ་ཚིགས་འདྲ་བ་མེད་ལ་སེ་ཡབ་ལྟར་ཚིགས་ཞིབ་མང་བ་ཡིན། འབྲས་བུའི་ཤ་མངར་སྐྱུར་པོ་སོགས་པའོ།།

 

༢༧། སེ་འབྲུ།

སེ་འབྲུས་ཕོ་བའི་ནད་རྣམས་མ་ལུས་སེལ། །མེ་དྲོད་སྐྱེད་ཅིང་བད་ཀན་གྲང་ནད་འཇོམས། །ཞེས་པར། ལྕགས་ཕྲེང་ལས། སེ་འབྲུ་སྐྱུར་ཏེ་ཞུ་རྗེས་དྲོད་དུ་འགྲོ།།  ཕོ་མཆིན་མེ་དྲོད་ཉམས་ལ་ཕན་པ་ཡིན། །ཞེས་དང༌། རང་བྱུང་པས། སེ་འབྲུས་བད་རླུང་ཀུན་གཞི་སྙོམས། །ཞེས་དང༌། བསྡུས་པར། སེ་འབྲུ་སྐྱུར་ཡང་མངར་བས་འཇུ། དང༌། གྲུབ་པས། སེ་འབྲུ་རོ་སྐྱུར་ནུས་པ་ཚ། །རྣོ་རྩུབ་གཡོ་སྣུམ་སྐམ་ལ་ཡང༌། དང༌། ཞང་སྨན་པས། སེ་འབྲུས་དང་ག་འགགས་པ་སེལ། །གྲང་ནད་ཀུན་དང་གློ་རླུང་འཇོམས། ཞེས་སོ། མིང༌། སེ་ལ་ཤརྟྲུ། མཆིན་ནད་ཀྱི་དགྲ། ཌཱ་ཌི་མ། ཕ་ལ་ཏ་ཀ མ་ཧུ་ར། གབ་ཏུ། ཕོ་བའི་གཉེན་ཟེར། འཁྲུངས་དཔེར། སེ་འབྲུ་ཞེས་བྱ་དྲོད་ཀྱི་ཤིང༌། །སྡོང་པོ་གདུགས་ཀྱི་ཚུལ་དུ་འཁྱིལ། །ལོ་མ་སྒོར་མོ་ཆུང་བ་སྟེ། །མེ་ཏོག་དཀར་པོ་རབ་ཏུ་མཛེས། །གང་བུ་ཀུ་བའི་དབྱིབས་དང་འདྲ། །ནང་འབྲས་དམར་པོས་ཕྱུར་བུར་གང༌། །རོ་ནི་སྐྱུར་མངར་ནུས་པ་སྣུམ། །རང་གི་ནུས་པས་གྲང་རླུང་སེལ། །ཕོ་བའི་མེ་དྲོད་སྐྱེད་པའི་མཆོག །ཅེས་གསུངས། ཡུལ་མངའ་རིས་དང་ཀློ་མོན་ནས་འབྱུང་བ་སྨུག་ཅིང་སྐྱུར་ཚོས་ཀྱི་དོན་དུ་ཁུ་བ་མ་བཏོན་པ་བཟང༌། ཁུ་བ་བཏོན་པ་ངན། ཁམས་ནས་ཡོང་བ་ལ་ཟོལ་མེད་ཀྱང་སྐྱེ་སའི་ཚད་དང་མ་སྨིན་པ་སོགས་འབྲས་བུ་སྐྱ་བོ་ཞན། དམར་ལ་སྣུམ་པ་བཟང་ངོ༌།།

 

༢༨། སྟར་བུ།

སྟར་བུས་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད། །ཅེས་པར། རོ་སྐོར་ལས། སྟར་བུ་རྣོ་ལ་ཡང་བས་གློ་དང་གྲེ་བར་བད་ཀན་ཞུགས་པ་དག་ལ་ཕན། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། སྟར་བུས་མ་ཞུ་མཆིན་ནད་སེལ། །ཞེས་དང༌། རང་བྱུང་པས། སྟར་ཞུན་སྟར་བུས་གློ་ནད་སེལ། །ཞེས་སོ། ཤིང་གི་མིང༌། སྟར་བུ། གླ་བ་ཚེར་མ། གླེ་ཚེར། འཚས་ཚེར་ཟེར། འཁྲུངས་དཔེར། སྟར་བུ་གདུག་རྩུབ་ཚེར་མར་སྐྱེ། །འབྲས་བུ་བྱི་འུ་ཕྲུ་གུ་འདྲ། །རོ་ནི་སྐྱུར་ཞིང་ལྕེ་འབིགས་བྱེད། །རང་གི་ནུས་པས་གློ་ནད་སེལ། །ཞེས་པ་འདི་ལ་རིགས་གསུམ། གང་ཡང་ཤིང་ཚེར་མ་ཅན་ནོ། །ཆེ་བ་གནམ་སྟར་རོང་ཆེན་དུ་སྐྱེ། ཉག་རོང་རྒྱ་ཡུལ་སོགས་སུ་ཤིང་ཁང་བརྩེགས་གཉིས་རེ་ཙམ་སླེབ་པར་སྐྱེ། འབྲིང་བར་སྟར་བར་ཤོད་དུ་སྐྱེ་བ་མི་ལུས་ལྷག་ཙམ་དང༌། ཆུང་བ་ས་སྟར་ཁ་སྟོད་ཆུ་འགྲམ་གྲམ་ཐང་དུ་སྐྱེ་བ་ལོ་མ་འོག་དཀར་པོ་ཅན་ཆུ་སྤེན་ལྟར་ཕྲ་བ་མཐོ་རེ་ལྷག་ཙམ་པ་སྟེ། ཆེ་ཆུང་གཉིས་ཀྱི་འབྲས་བུ་སེར་པོ་ཆུ་སེར་རྐྱལ་པ་འདྲ་བ་རྡོལ་ལ་ཁད་ཞུན་དུ་བྱ་བ་ཡིན། འདི་གཉིས་གློ་དང་གྲེ་བར་བཟང༌། ཞུན་དུ་བསྐོལ་བའི་ཁ་ཞག་མར་ཁུའི་རང་བཞིན་སྒྲོན་མེ་རུང་བ་ཡོད། བར་སྟར་འབྲས་བུ་ནས་འབྲུ་ཙམ་སྲ་ལ་སྐམ་པ་གསེར་སྤུན་ཅན་སྣུམ་ཅུང་ཟད་ཡོད་པ་དེ་ཁྲག་ལ་བཟང༌། སྟར་བུ་རྒུན་འབྲུམ་སྐྱུ་རུ་ར་གསུམ་ནི་སྔོན་སྒྲ་གཅན་ཁའི་བདུད་རྩི་ཐིགས་པ་ལས་བྱུང་བར་བཤད་པ་ཡོད་དོ།།


༢༩། རྒུན་འབྲུམ།

རྒུན་འབྲུམ་གློ་ནད་སེལ་ཞིང་ཚད་པ་སྦྱོང༌། །ཞེས་པར། རིན་སྤུངས་ལས། རྒུན་འབྲུམ་སྙོམས་ལ་ཡང་བས་གློ་ལ་ཕན། །ཞེས་དང༌། དཔའ་བོས། རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ། །རོ་ཚ་མིག་ཕན་བཤང་གཅི་སླ། མངར་ཞིང་ཞུ་རྗེས་སྣུམ་པ་དང༌། །ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། རྒུན་གྱིས་གློ་བའི་ཚད་པ་སེལ། །ཞེས་དང༌། རང་བྱུང་པས། རྒུན་འབྲུམ་བྱིས་པའི་གློ་ནད་སེལ། །ཞེས་པའི་མིང༌། ཨ་ས་ཤ་ཏ། དྲཱ་ཀྵ། མྲྀ་རྡྷ་ཀ རྒུན་འབྲུམ། གཽ་བཱ་ནིའ བའི་ནུ་མ། ར་ས་རིའ། རོ་ལྡན། མ་དྷུ་ར་ས། རོ་མངར། རྒྱ་ནག་པས། མ་སིབ་ཟེར། འཁྲུངས་དཔེར། རྒུན་འབྲུམ་ཤིང་ཐོག་ཀུན་གྱི་བཅུད། །རོང་གི་ནགས་ཀྱི་ནང་དུ་སྐྱེ། །ལོ་མ་སྒོར་ཆུང་སྡོང་པོ་རིང༌། །དབྱིབས་ནི་དབྱི་མོང་སྡོང་པོ་འདྲ།།  མེ་ཏོག་དམར་ཆུང་མཐོང་བ་དཀའ། །འབྲས་བུ་དམར་སེར་འོད་དང་ལྡན། །རོ་ནི་མངར་ལ་ཅུང་ཟད་སྐྱུར། །རང་གི་ནུས་པས་འཁྲུ་བ་གཅོད། །ཧ་ཅང་མང་ན་འཁྲུ་བར་བྱེད། །ཅེས་བཤད་ཀྱང༌། གོ་རོང་སོགས་ཀྱི་རྒུན་ལྟར་ན། སྡོང་པོ་གནམ་སྟར་འདྲ་ལ་ཡལ་ག་དབྱི་མོང་ལྟར་ལས་ཁྲི་བཤམས་པའི་སྟེང་དུ་འདོམ་བརྒྱད་དགུ་ཙམ་ཁྱབ་པར་བསྙབ་པ། ལོ་མ་ལྕུམ་པའི་ལོ་མ་འདྲ་བ་འབྲས་བུ་དམར་སྨུག་རྡོལ་ལ་ཁད་པ་ཡལ་ཕྲན་མཐོ་རེ་ལ་འབྲས་བུ་བརྒྱ་ལ་ཉེ་བ་ཙམ་སྐྱེ་བ་ཡོད། འདྲ་དཔེར། ཡལ་ག་མཐོ་རེར་འབྲས་བུ་བརྒྱ། །འབྲས་བུ་རེ་ལ་རུས་པ་གསུམ། རུས་པ་རེ་ཡི་སྟེང་འོག་ཏུ། །ཕོ་མོ་གཉིས་ཀྱི་མཚན་མ་གསལ། །འབྲས་བུ་རློན་པ་ཁྲག་རྐྱལ་འདྲ། སྐམ་ནས་བྱང་ནག་རོ་སྐམ་འདྲ། །གསུངས། རོགས་ནི་དྲུག་ཡོད་དོ། །མགོ་དཀར་སོགས་ནས་འོང་བའི་འབྲས་བུ་དམར་སེར་མཆུ་སྨྱུང་ཆེ་བ་དང༌། རྒྱ་གར་དང་ཀ་སྨིར་ནས་འོང་བའི་སེར་པོ་དང༌། མངའ་རིས་ཀྱི་འབའ་ཤའམ། བ་རུ་ཤིང་ཀ་ཟེར་བའི་ནག་པོ་སྲན་མ་ཙམ་པ་ནང་དུ་རུས་པ་མེད་པ་རོ་ཤིན་ཏུ་ཞིམ་པ་དང༌། ཁམས་ཚ་བ་དང་གོ་རོང་སོགས་ནས་འབྱུང་བའི་དམར་པོ་དཀར་ཤས་ཆེ་ལ་མངར་བ་དང༌། །དམར་སྨུག་ནག་ཤས་ཆེ་ལ་སྐྱུར་བ་དང༌། དྭགས་པོ་ནས་སྔོན་པོ་ཞིག་འོང་བ་རྣམས་སྔ་མ་བཟང་ལ་ཕྱི་མ་རིམ་པས་ངན་པ་ཡིན།།

 

༣༠། སེ་རྒོད་འབྲས་བུ།

སེ་རྒོད་འབྲས་བུས་དུག་ཚད་མཆིན་ཚད་སེལ། །ཞེས་པ་ནི། སེ་བ་རྒོད་གཡུང་གཉིས་ཡོད་པའི་རྒོད་པའི་འབྲས་བུའོ།།

 

༣༡། སྲིན་ཤིང་སྣ་མའི་འབྲས་བུ།

སྲིན་ཤིང་སྣ་མའི་འབྲས་བུས་སྲིན་ནད་སེལ། །ཞེས་པའི་མིང༌། ཀོ་བླངས་པ། ཛ་ཡ་དཀར་པོ། སྟག་ཆུང་བ། སྟག་བུ་ཆུང་ཟེར། འཁྲུངས་དཔེར། སྲིན་ཤིང་སྣ་མ་ཞེས་བྱ་བ། །ཉིན་སྲིབ་གཉིས་ཀའི་མཚམས་སུ་སྐྱེ། །པགས་པ་དངུལ་གྱི་མདོག་ལྟར་དཀར། །མེ་ཏོག་རྒྱ་ཚོས་མདངས་དང་ལྡན། །འབྲས་བུ་དམར་པོ་འོད་ཟེར་འབར། །ནུས་པས་ཕོ་བའི་མེ་དྲོད་སྐྱེད། །ཅེས་དང༌། བྱེ་བ་རིང་བསྲེལ་ལས། དྭགས་པོ་ལྷ་རྗེའི་ཐུགས་བཅུད་ནི། །བོད་ན་མི་སྐྱེ་རྒྱ་ན་སྐྱེ། །ཉིན་ལ་མི་སྐྱེ་སྲིབ་ལ་སྐྱེ། །སྲིབ་ཀྱི་ཉིན་བུ་ཆུང་ན་སྐྱེ། །ནག་པོ་རྒྱ་ཡི་ཡུལ་དུ་སྐྱེ། སྨན་མཆོག་འདི་ཡི་མཚན་ཉིད་ནི། །རྩ་བ་སྦྲུལ་ནག་ཆུན་པོ་འདྲ། །ཡལ་ག་ཤྭ་བའི་རྭ་ལག་འདྲ། །ལོ་མ་སྟག་གི་རྣ་བ་འདྲ། །མེ་ཏོག་དཀར་དམར་སྔོ་དང་གསུམ། །སྐྱེ་སའི་ས་ཡིས་བསྒྱུར་བའོ།། ཞེས་པས་རོང་དུ་སྐྱེས་པ་ལ་རོང་སྐྱེས་ནག་པོ་ཟེར། བློ་གྲོས་རྒྱལ་པོས། སྲིན་ཤིང་སྣ་མ་ནི་ཡུལ་སྐད་དུ་ཀོ་བླངས་པ་ཟེར་བའི་མེ་ཏོག་དམར་སྐྱ་ལ་འབྲས་བུ་སྲན་མ་ཙམ་སྨིན་ནས་ནག་པོར་འགྲོ་བ་དེ་ཡིན་ནོ་གསུངས་སོ། །འདིའི་ལོ་སྡོང་བཅས་ཁནྜ་བྱས་པ་ལེགས་པ་ཡིན། ཛཱ་ཏིའི་མིང་སྲི་ཤིང་སྣ་མ་དང་འདིར་སྲིན་ཤིང་ཟེར་བ་མཐའ་རྟེན་ན་ཡོད་མེད་ཡི་གེ་དག་མིན་སྐབས་ཀྱིས་མ་ནོར་བ་དགོས།།

 

༣༢། འཕང་མའི་འབྲས་བུ།

འཕང་མའི་འབྲས་བུས་སྙིང་ཚད་མོ་ནད་སེལ། །ཞེས་པར། རང་བྱུང་པས། འཕང་མའི་འབྲས་བུས་སྙིང་ནད་སེལ། །ཞེས་གསུངས། འཁྲུངས་དཔེར། འཕང་མ་ཞེས་བྱ་ལོ་མ་ཕྲ། །སྡོང་པོ་ཅུང་ཟད་ཆེ་བ་ལ། །འབྲས་བུ་སྨུག་པོ་རོ་ནི་མངར།།  རང་གི་ནུས་པས་སྙིང་ཚད་སེལ། །ཞེས་བཞིན། ལོ་མ་ཕྲ་སིབ་སྤུངས་པ་འདྲ་བ། སྡོང་པོ་སྐྱ་བོ་ཅུང་ཟད་ཆེ་ཞིང་ཡལ་ག་ཐད་སོར་ཐོན་པ་འབྲས་བུ་དམར་སྨུག་སྲན་མ་ཙམ་འབྱུང༌། དཀར་ནག་རིགས་སུ་ཕྱེ་བ་ཕལ་པས་འཕང་སྐྱ་དང་འཕང་ནག་ཟེར་བ་དེའོ། །ཚར་ལེབ་དང་ཁྱི་ཤིང་པ་ལ་བྱེད་པ་ནོར་བའོ།།


༣༣། སྐྱི་བའི་འབྲས་བུ།

སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་དུ་འདྲེན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། སྐྱི་འབྲུས་དུག་འཇོམས་བད་ཀན་སྐྱེད། །ཅེས་དང༌། རང་བྱུང་པས། སྐྱི་ཚེར་འབྲས་བུས་གག་པ་སེལ། །ཞེས་པར། མིང༌། ངང་པ་ཆིག་རྒྱུག ངང་པ་གསེར་སྒོང༌། ངང་པ་ཆིག་ཐུབ། སྐྱི་འབྲུམ། གཙོ་འབྲུམ། གཅོག་སླ། གཙོ་དུ་རྣམས་ཟེར། འཁྲུངས་དཔེར། ངང་པ་ཆིག་རྒྱུག་དར་ཡ་ཀན། །ཚེར་མ་སྐྱ་བོ་དག་ལས་སྐྱེ། །ལོ་མ་ཕྲ་ལ་ཆུང་བ་ཡིན། །མེ་ཏོག་སྔོན་པོ་ཆུང་བ་ལ། །གང་བུ་ནར་མོ་འབྲས་བུ་ནི། །ངང་པ་ཆིག་རྒྱུག་སྲན་མ་ཙམ། རོ་ནི་ཁ་ལ་དྲི་ཞིམ་པ། །རང་གི་ནུས་པས་སྲིན་ནད་དང༌། གག་པ་འཇོམས་པར་བྱེད་པ་ཡིན། །ཞེས་ཀླུང་ཤོད་བྱེ་མར་སྐྱེ་བའི་ཚེར་སྐྱའོ།།


༣༤། ཚར་འབྲུམ།

ཚར་འབྲུམ་ཡན་ལག་ཆུ་སེར་བྱེར་བ་སྡུད། །ཅེས་པ་ཚར་བུ་སྟེ། འདི་ལ་རིགས་གསུམ། ཀླུང་ཤོད་སྐྱེ་བའི་ཚར་དཀར་པགས་པ་དམར་པོ་ཅན་དང༌། ཚར་ནག་ནག་པོ་ཚེར་མ་ཅན་ཏེ་སྲ་ཤིང་སྟ་སྟེའུ་ཐོ་བ་སོགས་ཀྱི་ཡུ་བ་བྱེད་པ་དང༌། ཁ་སྟོང་བྲག་ལ་འབྱར་བའི་ཚར་ལེབ་གསུམ་གྱི་འབྲས་བུའོ།།

 

༣༥། སྤ་འབྲུམ།

སྤ་འབྲུམ་མཁྲིས་པ་གྲམ་དང་གཞང་འབྲུམ་སེལ། །ཞེས་པ། ཤུག་པའམ་སྤ་མ་ཚེར་མ་ཅན་གྱི་འབྲས་བུའོ། །འདིས་མཁྲིས་པ་གྲམ་པ་སྟེ་བྱེར་བ་བསྡུ་བ་དང་ལྤགས་ལ་རྒྱས་པ་འཇོམས་ཤིང་གཞང་འབྲུམ་ལ་ཕན་ནོ།།

 

༣༦། རྒྱ་ཤུག་འབྲས་བུ།

རྒྱ་ཤུག་འབྲས་བུས་འགགས་འབྱིན་ཚད་ནད་དང༌། དྲེག་དང་གློ་མཆིན་མཁྲིས་པའི་ནད་ལ་ཕན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། །ཞེས་དང༌། རོ་སྐོར་ལས། རྒྱ་ཤུག་འབྲས་བུ་སྙོམས་ལ་ཚ་བས་མཁལ་ནད་སེལ། ཞེས་དང༌། རང་བྱུང་པས། དེ་བ་ད་རུས་ཚད་པ་སེལ། །ཞེས་པར། མིང༌། དེ་བ་ད་རུ། ལྷ་ཤིང༌། ཇི་ལ། སུ་རུ་ཙན་དན་སོགས་ཟེར། ངོ་བོ་ཤུག་པ་སྟེ་འདི་རིགས་ལ་ལུག་ཤུག་ཤུག་འཇམ་དང༌། ར་ཤུག་ཚེར་ཅན་གཉིས་འབྱུང་བའི་སྔ་མ་སྟེ། དེ་ལ་ཆེ་འབྲིང་ཆུང་གསུམ་འབྱུང༌། ཆེ་བ་ཉག་རོང་སོགས་སུ་སྐྱེ་བའི་ཤུག་པ་རྩ་སྡོང་སེར་ལ་སྣུམ་ཚི་ཅན་དྲི་མ་ཞིམ་པ་སྤོས་བྱེད་པ་ལ་དེ་བ་ད་རུ་ཟེར། འབྲིང་བ་གཙང་འགྲམ་སོགས་སུ་སྐྱེ་བའི་ཤུག་པ་ལོ་མ་གཡག་རྔ་ལྟར་ཐུར་དུ་འཕྱངས་པའི་ཁྲོད་ནས་མེ་ཏོག་གམ་སྙེ་མ་ཟ་རམ་བརྩེགས་ཆེ་བ་ཁྲུ་གང་ནས་ཆུང་བ་མཛུབ་མོ་ཙམ་དངོས་བསྟན་ཛོ་ཀི་རྣམས་ཀྱིས་འཁྱེར་བ་སོགས་ཏེ་ཤུག་པ་ཁྲོ་ཞལ་ཅན་གྱི་འབྲས་བུ་དང༌། ཆུང་བ་ནགས་ཡོད་ས་གར་ཡང་ཉིན་དུ་སྐྱེ་བའི་ཤུག་འཇམ་སྡོང་པོ་ཆེ་ཆུང་གང་ཡང་ཐང་ཤིང་ལྟར་སྐྱེ་བའི་འབྲས་བུའོ།།

 

༣༧། གོ་ཡུ།

གོ་ཡུས་མཁལ་མའི་ནད་སེལ་སོ་རྩི་མཆོག །ཅེས་པ་ཡོངས་གྲགས་གོ་འབྲས་ཀྱིས་ཇ་བྱེད་པ་སྟེ། ཤིང་སྡོང་ཆེ་མདོག་སྐྱ་བ་རྩ་རྩེ་ཕྲ་སྦོམ་སྙོམས་ལ་ལོ་མ་རིང་བ། འབྲས་བུའི་ཕྱི་སྐོགས་རྩྭ་ལྟ་བུ་སུམ་རིམ་གྱིས་གཏུམས་པ་ཁ་ཐུར་དུ་བསྟན་པའི་ནང་འབྲུ་རིལ་མོ་སྲ་མཁྲེགས་ཏོག་གི་རྣམ་པ་སྟེང་འབུར་འོག་ལེབ། སྟེང་ཀླད་པའི་འབྲུམ་ཉམས་ཅན་བཞོགས་ན་རྩ་རིས་ཁྲ་ཁྲེམ་མེ་བ་དེའོ།།

 

༣༨། གཡེར་མ།

གཡེར་མས་རྩ་འབྱེད་སྲིན་གསོད་ཁ་ནད་དང༌། །ཟ་ཕྲུག་ལ་ཕན་ཆང་ནད་འབྱོང་བར་བྱེད། །ཅེས་པར། རང་བྱུང་པས། གཡེར་མའི་ཤིང་གིས་རྩ་ལམ་འབྱེད།།  དང༌། ལྕགས་ཕྲེང་ལས། གཡེར་མ་ཚ་ལ་རྩུབ་པས་རླུང་ནད་སྙིང་ལ་ཞུགས་པ་འདོན། །ཞེས་དང༌། དཔག་བསམ་ལྗོན་པར། གཡེར་མས་སྐེམ་པར་བྱེད་པ་སྟེ།།  ཕོ་ནད་མཐའ་དག་སེལ་བར་བྱེད། །ཅེས་པར། མིང༌། ཤིང་ཨ་ཙར། རྩ་འབྱེད། སྤོར་ཚ། ཁ་གདངས་ཟེར། འཁྲུངས་དཔེར། གཡེར་མ་ཞེས་བྱ་ཤིང་གི་རིགས།། ཤིང་ནག་གདུག་རྩུབ་ལོ་མ་ཅན། །མེ་ཏོག་སེར་ཆུང་འབྲས་བུ་ནི། །རོ་དང་ལྡན་ཙ་རབ་ཏུ་རྩུབ། །རང་གི་ནུས་པས་སྐད་ཀྱང་སྟེར། །རྩ་ཁ་འབྱེད་པའི་མཆོག་ཏུ་བཤད། །ཅེས་འབྲས་བུ་ཕྱི་དབྱིབས་འུ་སུ་འདྲ་ལ་དམར་ལ་རྩུབ་པ་ཁ་གདངས་པའི་ནང་དུ་འབྲུ་ཚིགས་སྲ་མཁྲེགས་ནག་པོ་སོལ་བ་ལྟ་བུའི་རིལ་ནག་ཡོད་པ་ཁ་ཚ་བ་དེའོ། །རྩིང་ལ་ངར་ཆེ་བར་ཚ་གཡེར། ཞིབ་ལ་ངར་ཆུང་བར་བྱིས་གཡེར་ཟེར་རོ།།

 

༣༩། ཁམ་བུ།

ཁམ་བུས་སྐྲ་སོགས་སྤུ་སྐྱེ་ཆུ་སེར་སྐེམ། །ཞེས་པའི་ཚི་གུར་ཤིང་ཐོག་བཅུད་ལྡན་ཟེར། རང་བྱུང་པས། ཁམ་བུ་སེར་ཁམ་མཁྲིས་པ་སེལ། །ཞེས་པ་ལ་རིགས་གསུམ། མིང༌། ཨ་ཤུ་ཡང་ཟེར། རི་ཁམ། ཀླུང་ཁམ་གཉིས། ཀླུང་ཁམ་ལ་རྒྱ་ཁམ་བོད་ཁམ་གཉིས། །སྤྱིར་འཁྲུངས་དཔེར། ཁམ་བུ་ཞེས་བྱ་ཤིང་གི་མཆོག །སྡོང་པོ་ཆེ་ལ་རབ་ཏུ་མཁྲེགས། །ལོ་མ་རྒྱ་ལྕང་ལོ་མ་འདྲ། །མེ་ཏོག་དཀར་པོ་འབྲས་བུ་དམར། །རང་གི་ནུས་པས་རྨ་ནད་སོས། །ཞེས་རི་ཁམ་རོ་ཁ། ཀླུང་ཁམ་མངར། རྒྱ་ཁམ་འབྲས་བུ་ཆེ་ཞིམ་རུས་པ་སུལ་རིས་མང༌། བོད་ཁམ་དེ་ལས་རོ་སོགས་དམན་ལ་རུས་པ་འཇམ། བཟའ་ཤིང་སྟེ་ཀུན་གྱི་ཟས་སུ་བྱེད་པས་འཁྲུལ་བ་ཆུང༌། ཤ་རུས་བསྲེགས་པའི་ཐལ་བས་རྨ་གསོ་ཆུ་སེར་སྐེམ་པར་བྱེད་ལ་ཚི་གུའི་མར་བྱུགས་པས་སྐྲ་དང་སྨར་སྨིན་རྨོངས་སོགས་སྐྱེའོ།།

 

༤༠། སྟར་ག

སྟར་གས་རླུང་སེལ་ཡན་ལག་འཁུམས་པ་བསྲང༌། །ཞེས་པར། རང་བྱུང་པས། སྟར་འབྲས་རླུང་ནད་སེལ་བ་ཡིན། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། སྟར་གས་རླུང་སེལ་བད་ཀན་སྐྱེད། །ཅེས་པ། བཟའ་ཤིང་ལྕང་མ་འདྲ་བའི་འབྲས་བུ་ནོར་འཕྲང་ཆུང༌། ཕྱི་ལྤགས་འབྲས་སྐོགས་ཀྱིས་སྐྲ་ནག་པོར་བྱེད་པ་དང་སྐྱེ་བར་བྱེད་པ་ལ་འགྲོ། ནང་ཚིག་རླུང་ལ་ཕན་ཞིང་བྱུགས་པས་རླུང་ནད་གཟུགས་འཁུམས་ལ་ཕན་ནོ།།

 

༤༡། ལུང་ཏོང༌།

ལུང་ཏོང་རྟ་ཡིས་གཉན་དང་མགུལ་འགགས་སེལ། །བསམ་སེའི་ནད་སེལ་ས་བོན་ལས་རུང་བྱེད། །ཅེས་པ། མིང་ན་ག་བན་དེ་དང༌། རི་བོང་མིག་ཀྱང་ཟེར། གོང་བུ་ལ་རི་བོང་མིག་རུས་ཟེར། ཤིང་སྡོང་ཆེན་པོའི་འབྲས་བུ་གང་བུ་མིའི་རླིག་འབྲས་འདྲ་བའི་ནང་ནས་འབྲས་བུ་ནག་ལ་དམར་སྨུག་ཉམས་ཅན་འོད་དང་ལྡན་པ་དེས་གཉན་གྱིས་མགུལ་འགགས་དང༌། ཁྱད་པར་རྟའི་གཉན་མགུལ་འགགས་ལ་ཕན། འབྲས་བུས་ཕྲེང་བ་བྱེད་པས་ས་བདག་སྲུང༌། འབྲས་བུ་མིག་མ་ཕུག་པ་རྫས་ལ་འགྲོ་ས་མང་ངོ༌།།

 

༤༢། རག་ཤ

རག་ཤས་གདོན་འཇོམས་དུག་བརྟག་འགྲོན་འབྱེད་བྱེད། །ཞེས་པ་ལ་རིགས་གསུམ། རུ་རག་ཤ ཚེར་རག་ཤ  ཁམ་རག་ཤའོ། རུ་རཀྵ་ཛོ་ཀི་རྣམས་ཀྱིས་བགྲང་ཕྲེང་བྱེད་པ་གདོང་སྲུབ་བཞི་པ་ལྔ་པ་དྲུག་པ་སོགས་འབྱུང༌། ཕྱི་མ་གཉིས་ལ་གདོང་སྲུབ་མེད། དེ་ཡང་ཚེར་རག་ཤ་སྐྱུ་རུ་རའི་དབྱིབས་འབྲུམ་པ་ཅན་དང༌། ཁམ་རག་ཤ་དེ་ལས་འཇམ་པ་ཁམ་ཚིག་དབྱིབས་ལ་བོ་དེ་རྩེའི་ཤིང་སྒོ་འདྲ་བ་ཡོད་པ་ཡིན། རིམ་པས་ཕྱི་མ་དམན། འཁྲུངས་དཔེར། རུ་རག་ཤ་ཞེས་བྱ་བའི་ཤིང༌། །སྡོང་པོ་ཆེ་ལ་ལོ་མ་སྦོམ། །མེ་ཏོག་དཀར་པོ་འབྲས་བུ་ཅན། །གདུག་པ་ཅན་གྱི་ཤིང་ཡིན་ནོ། །ཞེས་བཤད། རུ་རཀྵ་གདོང་དྲུག་མིག་མེད་པས་དུག་བརྟག་པ་དང༌། འགྲོན་བུ་ཕོ་མོ་བརྟགས་པས་ཤེས་པར་བྱེད་པའོ། །གཞན་པདྨ་རཀྵ་ཞེས་ནར་ལེབ་འབྲུམ་རྗེས་ཅན་ཞིག་ཀྱང་ཡོད་དོ།།

 

༤༣། བོ་དེའི་འབྲས་བུ་ཚི་གུ

བོ་དེའི་འབྲས་བུ་ཚི་གུས་བུ་རྩི་བྱེད། །ཅེས་པས། བོ་དེ་རྩེའི་འབྲས་བུ་དགེ་འདུན་རྣམས་ཀྱིས་ཕྱག་ཕྲེང་མཛད་པས་ནོར་འཕྲང་མེད། འདིའི་འབྲས་བུའི་ཤིང་སྒོ་ཆོས་འབྱུང་ཅན་གྱི་ཚི་གུས་སྦྱོར་སྡེ་བྱེད་པས་ཕོ་མོ་གཤམ་ལ་སྲིད་འབེབས་པར་ནུས། ཆོས་འབྱུང་ཅན་མ་རྙེད་ན་གཞན་པས་ཚབ་རུང༌། མིང་བུ་ཏྲོ་ཛི་བ་ཟེར།

 

༤༤། ཀ་པེད་འབྲས་བུ།

ཀ་པེད་འབྲས་བུས་ཚ་འཁྲུ་གཅོད་པར་བྱེད། །ཅེས་པར། རང་བྱུང་པས། ཀ་པེད་རྒྱུ་ལོང་ཚ་འཁྲུ་སེལ། །ཞེས་པར། རིགས་ཆེ་ཆུང་གཉིས། ཆེ་བ་ཕོ་རིགས་ལ། མིང༌། ཀ་པེད། ཁ་ཌ་ཀ རསྨི་ཙི། འཁྲུ་གཅོད་གཙོ་བོ། ཆག་ཆང་ཀུ་བ་ཟེར། འཁྲུངས་དཔེར། ཀ་པེད་ཅེས་བྱའི་འབྲས་མཆོག་ནི། ལོ་མ་ལེབ་ལ་ཆེ་བ་ཡིན། །སྡོང་པོ་རིང་ལ་ཡལ་ག་མང༌། མེ་ཏོག་དཀར་ལ་རབ་ཏུ་མཛེས། །འབྲས་བུ་བྱིས་པའི་ཐོད་ཕོར་འདྲ། །རོ་ནི་ཅུང་ཟད་སྐྱུར་བ་ཡིན། །ནུས་པས་རྨ་དང་གློ་ནད་སེལ། །ཞེས་སྟོད་ནས་ཛོ་ཀི་རྣམས་ཀྱིས་ཆུ་སྣོད་དུ་འཁྱེར་ཡོང་བ་དང༌། ཚ་བ་གོ་རོང་སོགས་སུ་ལྡུམ་རར་འཛུགས་པ་འབྲས་བུ་ཁུ་ཚུར་ཙམ་བྱུང་ནས་འོག་ཏུ་རྡོ་ལེབ་བཞག་པས་རྡོ་ཉི་མས་དྲོས་པའི་རྐྱེན་གྱིས་འབྲས་བུ་ཆེར་མྱུར་བས་རྒྱས་པས། རྡོ་ཐོག་ཤིང་སྐྱེས་ཀུ་བ་མཚར། ཞེས་ཟེར། ཆུང་ཚེ་རྩྭ་ཐག་གིས་སྐེད་པའམ་སྟོད་སྨད་ནས་བསྡམས་བཞག་པས་གོང་འོག་ནས་ཚར་བས་བུམ་དབྱིབས་དོད་པར་བྱེད་པ་ཡིན། ཆེ་བ་ལ་ལུག་ཐང་གི་གྲོད་པ་ཙམ་ཡོང་བར་འདུག འབྲས་བུའི་ནང་ལྷ་བ་དཀར་སོབ་ཀྱིས་གང་ཡོད་པའི་གསེང་ན་ས་བོན་འབྲས་བུ་དཀར་ལེབ་གསེར་མེའི་ཕྱོགས་དབྱིབས་ཡོང་བ་ལ་གསེར་ལ་ཕུད་བུ་ཞེས་བྱ། འཁྲུངས་དཔེ་ལས། གསེར་ལ་ཕུད་བུ་ཞེས་བྱ་བ། །ཀུ་བའི་ས་བོན་འབྲས་བུ་སྟེ། །ནུས་པས་འཁྲུ་གཅོད་གྱེན་འདྲེན་སྐྱུགས། །ཞེས་འབྱུང༌། བིལ་བ་ཞེས་ཀུ་བ་ཆུང་བ་མོ་རིགས་ཏེ། མིང༌། བིལྦ། ཤཱ|པཎྜི། ཤེ་མཱུ་ཥ། མཱ་ལཱུ་ར། ཤྲིའ་ཕལ། དཔལ་འབྲས། བྷཻ་ལ་ཟེར། སྔོན་ཤིང་གི་ལྷ་མོས་བཅོམ་ལྡན་འདས་ལ་ཤིང་ཐོག་གི་སྙིང་པོ་བིལྦ་ཕུལ་ཏེ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་ཞེས་པ་ཡོངས་གྲགས་ཏེ། འབྲས་བུ་ཁུ་ཚུར་ཙམ་ནང་སྒོ་ངའི་སེར་ཐིགས་འདྲ་བའི་དབུས་སུ་ཚིག་རུས་ནར་ལེབ་ཡོང་སྐྱུར་ཞིང་བསྐ་བའོ།།

 

༥། འབྲུག་ཤིང་འབྲས་བུ།

འབྲུག་ཤིང་འབྲས་བུས་ཆར་འབེབས་ཀླུ་ནད་སེལ། །ཞེས་པ་ཀླུང་ཤོད་གར་ཡང་སྐྱེ་བའི་ཤིང་པགས་པ་སྔོ་ལྗང་མཁྲེགས་པ། སེ་ཕུང་ལས་ཆེ་བ་ཙམ་ལ་ཤིང་གཞན་ལ་འཁྲིལ་ཞིང་རང་ཉིད་ཀྱང་སྐུད་པ་ལྟར་བསྒྲིམས་པ་དང༌། མདུད་པ་སོགས་བྱས་ནས་སྐྱེ་བ་ཤུན་པ་མཐུག་ལ་ཡལ་ག་མཉེན་པས་རྔ་རྡུང་བྱེད་ཀྱི་དབྱུག་པ་བྱེད་པས་ཀུན་ལ་གསལ་བའོ།།

 

༤༦། དར་ཤིང༌།

དར་ཤིང་རུས་པའི་ཚད་པ་ཀུན་ལ་ཕན། །ཞེས་པ་རོང་ཆེན་དུ་སྐྱེ་བའི་ཤིང་སྡོང་ཆེ་བ་ཤུན་པ་སྐྱ་བོ་ཅན། སྡོང་པོ་ཁ་གསེར་དཀར་ལ་ཁོག་རྒས་གསེར་ལྟར་སེར་བ། སོག་པོ་སོགས་ཀྱིས་མེ་མདའ་དང་གྲིའི་ཤུབས་བྱེད་པ། ཤིང་ཞོག་བསྐོལ་ན་ཁུ་བ་ཇ་བཟང་ལྟར་འབབ་པས་ཇ་བྱེད་པའི་འབྲས་བུས་རུས་ཚད་ལ་ཕན། ཁུ་བ་ཁནྜས་མོ་ནད་རུས་ཚབ་ལ་ཕན་པའོ།།

 

༤༧། ཁྱི་ཤིང༌།

ཁྱི་ཤིང་གློ་མིག་ནད་སེལ་བད་ཀན་འདྲེན། །ཞེས་པ། ས་སྟོད་སྨད་གར་ཡང་སྐྱེ་བའི་ཤིང་ཕྲན་དཀར་པོ་ལོ་མ་ཞིབ་ལ་མེ་ཏོག་རྒྱ་ཁ་ཆུང་བ། འབྲས་བུ་སྨིན་ནས་དམར་པོ་སྲན་འཕོས་ཙམ་བྱུར་རྡོག་འདྲ་བ་རྡོལ་ལ་ཁད་པ། ཡལ་ག་མཉེན་ངར་བས་འདྲོན་པོས་རྒྱབ་ཀྱི་སྣ་ཐུར་བྱེད་པ་དེའོ།།

 

༤༨། འོ་སེའི་འབྲས་བུ།

འོ་སེའི་འབྲས་བུས་གློ་ནད་ལུད་པ་འདྲེན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། འོ་སེས་དེ་བཞིན་གློ་ནད་སེལ། །ཞེས་པ་ཤིང་ཆེ་ཆུང་དབྱིབས་སོགས་སེ་འབྲུའི་ཤིང་འདྲ་བ། ལོ་མ་ནར་མོ་ལྕང་ལོ་འདྲ་བ། འབྲས་བུ་དམར་པོ་སེ་བའི་འབྲས་བུ་ཙམ་མངར་བ་ཀླུང་ཤོད་གར་ཡང་སྐྱེ་ལ་ཡོངས་གྲགས་ཤེས་སླའོ།།

 

༤༩། ཇ་ཤིང༌།

ཇ་ཤིང་རྒྱ་ནད་ཚད་པ་ཀུན་ལ་ཕན། །ཞེས་པར། ལྕགས་ཕྲེང་ལས། ཇ་ཡི་ནུས་པ་བསིལ་ལ་ཡང༌། །ཞེས་པ་ནི། ཇ་རྒྱ་ནས་འོང་བའི་ཤིང་སྟེ། །འདི་དང་པོ་མཐོ་རིས་ལྷ་ཡུལ་དུ་ཡོད་པ། གནམ་ནས་བྱ་ཚེ་རིང་གིས་ལོ་འདབ་འབྲས་བུ་ཕབ་པ། སྟོང་ཁུན་རྒྱལ་པོའི་སྲས་ཚད་པ་བསྙུན་པའི་པང་དུ་ལྷུང་བས་ལོ་མ་ཞལ་དུ་མྱངས་པས་ནད་ལས་གྲོལ་ཏེ། འབྲས་བུ་སར་བཏབ་པ་ལས་སྐྱེས་ནས་རྒྱ་ཡུལ་དུ་འཕེལ་བར་བཤད་ལ། འདིར་ནི་ཤིང་ཕྲན་པགས་པ་དཀར་པོ་བ་ལུ་འདྲ་བ། མེ་ཏོག་དཀར་པོ་སེ་བའི་མེ་ཏོག་འདྲ་ལ། ཆེ་ཆུང་ཡང་དེ་ཙམ་འབྲས་བུ་སེར་པོ་མཁལ་ཞོ་འདྲ་ལ། ཤན་ཇ་ཤིང་ཕུང་ཆེ་ལ་ལོ་མ་མཐུག གཞུང་མ་དེ་ལས་ཆུང་ཙམ་དང༌། ཆུག་ཇུ་ལོ་མ་སྔོ་ནག་ཕྲ་ལ་ཤིང་ཕུང་བ་ལུ་ཙམ་ཡོང་བ་དེ་དག་གི་ལོ་མས་རྒྱ་ཚད་སོགས་ལ་ཕན། ཇ་འཆམས་པ་འདི་ནི་དང་པོ་ལོ་མ་ལྗང་གུ་ཡིན་ཡང་དུད་རླངས་ཁར་བསྲོས་ནས་བསྙལ་ལ་བམ་ཞིང་སུངས་པར་བྱས་པས་ནུས་བསིལ་ཡང་སྨན་རང་མི་བཏུབ། འདིའི་རླངས་ལུམས་ཀྱིས་ཚད་པ་རུས་ཞེན་འདོན་ནོ། །ཇ་གང་ཡང་རྒྱུ་ཤིང་གཅིག་ལ་ནམ་ཟླའི་དབང་གིས་ལོ་མ་ཤེད་ཆེ་ཆུང་ལ་ཇ་བཟང་ངན་ཡོང་ལ། ལོ་རེར་ལན་བདུན་རེ་གཅོད་པར་རིམ་པ་བཞིན། མེ་ཏོག་གཡང་འཛིན། ཆིང་ཁྲཱ། ཀོ་པི་རྩེ། ཡིད་ཚང༌། གཞུང་སྔམ། ཕྱི་ཁྲེབ། ཕིང་ཁྲཱ་དེ་རྣམས་སྔ་མ་བཅད་ཤུལ་དུ་ཕྱི་མ་སྐྱེ་བས་རིམ་པས་ཕྱི་མ་རྩུབ་རིམ་སྔ་མ་བསིལ་ལ་འཇམ་པ་ཡིན།།

 

༥༠། ཙམ་པ་ཀ

ཙམ་པ་ཀ་ཡིས་ཚད་པ་འཇོམས་པར་བྱེད། །ཅེས་རྒྱ་གར་ནས་འོང་བའི་གང་བུ་མཁྲེགས་པོ་གོ་བོའི་སྒྲོ་དབྱིབས་ཞེང་སོར་བཞི་སྲིད་མདའ་ཚད་ཙམ་གྱི་ནང་ནས་འབྲས་བུ་དཀར་པོ་བྲེ་གའི་གང་དབྱིབས་འདབ་མ་དཀར་འཇམ་ཅན་བརྒྱ་ཕྲག་བདུན་བརྒྱད་ཙམ་ཡོང་བ། དབང་ཞུའི་མེ་ཏོག་ལྷ་ལ་དོར་རྒྱུ་བྱེད་པ་འདིས་ཀྱང་རྒྱ་ཚད་སོགས་ཚད་རིགས་ཀུན་ལ་ཕན་ནོ།།

 

༥༡། རས་འབྲས།

རས་འབྲས་སྣ་ནད་སེལ་ཞིང་བལ་མདེའུ་འཐུམས། །ཞེས་པ། རྒྱ་གར་ནག་གི་ཡུལ་དུ་སྐྱེ་བའི་ཤིང་ཕྲན་སྐྱ་བོ་གླང་མའི་རིགས་ཕྲ་ལ་མི་ཚད་མ་ལོངས་ཙམ་པའི་འབྲས་བུ་གླང་འབྲས་ཇི་ལྟ་བ་ནས་འབྲུ་ལས་ཟུར་ཆེ་ཙམ། དེའི་ཁུ་བས་སྣ་སྨན་བྱས་པས་སྣ་ནད་དང་སྲིན་ལ་ཕན་པ་དང༌། རས་འབྲས་ལྡུམ་རར་འདེབས་པ་གང་བུའི་ནང་ནས་རས་བལ་འབྱུང་བ་ཞིག་ཀྱང་འདུག་པ་དེ་གཉིས་ཀྱི་བལ་སྤུ་དཀར་པོ་རས་བལ་ཞེས་རས་འཆོས་བྱེད། ད་ལྟ་བོད་མི་ཤེས་པས་འབུའི་བལ་ཡིན་ཟེར་བ་མི་བདེན། རྒྱ་སོག་གིས་གོས་སྦྱར་བར་ཆངས་བྱེད་ཅིང༌། བོད་ཀྱིས་མར་མེའི་སྡོང་རས་བྱེད་པ་དེ་མདེའུ་འབྱིན་སྨན་དང་སྦྱར་བའི་རིལ་བུ་མིད་ཐུབ་ཙམ་མང་དུ་མིད་པས་ཁོང་དུ་སོང་བའི་མདེའུ་རས་བལ་གྱིས་དྲིལ་ནས་འབྱིན་པར་བྱེད་དོ།།

དེ་ལྟར་ཤིང་སྨན་འབྲས་བུའི་རིགས་ལྔ་བཅུ་རྩ་གཅིག་ནང་ཚན་རིགས་བཅས་དགུ་བཅུ་རྩ་དྲུག་རྒྱས་པར་བཤད་ཟིན་ཏོ།།

 

 

གཉིས་པ། ཤིང་སྨན་མེ་ཏོག་ནུས་པ་བསྟན་པ།

 

གཉིས་པ་ཤིང་སྨན་མེ་ཏོག་ནུས་པ་བཤད་པ་ནི།

 

༡། ནཱ་ག་པུཥྤེ་ནཱ། ག་གེ་སར།

 

ནཱ་ག་པུཥྤེ་ནཱ་ག་གེ་སར་དང༌། པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ། ཞེས་པར། རོ་སྐོར་ལས། །པདྨ་གེ་སར་བསིལ་ལ་རྩུབ་པས་མཁྲིས་ནད་སེལ། ནཱ་ག་གེ་སར་ཡང་ནི་དེ་དང་འདྲ། །ཞེས་པ། མིང་ནི། ཙིའ་སེ་ཡ། ཀེ་སར། ནཱ་ག་ཀེ་སར། ཀླུའི་གེ་སར། གེ་སར་ཅན། ཀྵཉྩར་ནཱ་ཧཱ་ལ། གསེར་མིང་ཅན་ཟེར། གེ་སར་ཞེས་པ་ཟུར་ཆག་པ་ལས། རྒྱ་སྐད་རང་དུ། ཀེ་སར་འབྱུང་ལ། བོད་སྐད་དུ་བསྒྱུར་ན། གེ་སར་རམ། པདྨའི་སྐྲའམ། ཟེ་བའམ། ཟེའུ་འབྲུ་ལ་འཇུག་ལ། ནཱ་ག་པུཥྤེ། ཀླུའི་མེ་ཏོག ནཱ་ག་གེ་སར། ཀླུའི་གེ་སར། པདྨ་གེ་སར། པདྨའི་ཟེ་བའོ། །དོན་ལ་ཀླུ་ཤིང་གི་མེ་ཏོག་སྟེ། འདི་ལ་ཕྱི་ནང་གི་ཁྱད་པར་མ་གཏོགས་གཞན་ནས་མི་འཚོལ་བ། གེ་སར་སུམ་ལྡན་དུ་སྔ་རབས་པ་རྣམས་བཞེད་ལྟར། ཕྱི་པདྨ་གེ་སར། ནང་ནཱ་ག་གེ་སར། བར་ཨུཏྤལ་གེ་སར་ཏེ། འདི་མོན་ཡུལ་ནས་འབྱུང་ལ། ཤིང་ལོ་སྡོང་སྟར་ག་འདྲ་བའི་ཐོག་རྐང་ལ་ཚེར་མ་ཡོད་པ། དེའི་སྡེབས་སུ་ཐོག་བུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེ་པའི་ཐོག་བུ་ཁ་བྱེ་བ་སྐམ་ནས་ཟངས་གོག་བཅོམ་པ་འདྲ་བ་དེ་ལ་ནཱ་ག་པུཥྤེ་ཟེར། མེ་ཏོག་ཁ་བྱེ་ཚར་ནས་ནང་གི་ཟེ་བ་རྟ་རྔ་བསྒྲིམས་པ་འདྲ་བ་དེ་ལ་ནཱ་ག་གེ་སར་རམ། ཨུཏྤལ་གེ་སར་ཟེར། བར་རམ་མེ་ཏོག་གི་འདབ་མ་དམར་པོ་དེ་ལ་པདྨ་གེ་སར་ཞེས་བྱ་སྟེ། དེ་གསུམ་པོའི་ནུས་པ་ནི། དང་པོས་གློ་བ། གཉིས་པས་མཆིན་པ། གསུམ་པས་སྙིང་སྟེ་དེ་དག་གི་ཚད་པ་སེལ་ཞེས་སོ།།  ཐོག་བུ་གཅིག་ལ་ཕྱི་ནང་ཙམ་གྱི་དབྱེ་བས་ནུས་པ་གསུམ་འབྱུང་བར་མི་རིགས་སྙམ་ན། ཨ་རུ་རྡོག་པོ་གཅིག་ལ་ཕྱི་ནང་གི་དབྱེ་བས་རོ་ལྔ་ཤས་ཆེ་ཆུང་དང་བྱེད་ལས་ལྔ་འབྱུང་བ་ལྟར་རོ། །དེ་ཡང་བརྡ་སྤྲོད་དུ། པདྨ་གེ་སར་གྲེ་བའི་ཕྱེ་མ་འདྲ། །ནཱ་ག་གེ་སར་རྟ་རྔ་གཏུབས་པ་འདྲ། །ནཱ་ག་པུཥྤེ་ཟངས་ཁོག་དུམ་བུ་འདྲ། །ཞེས་སོ།།  བལ་ཡུལ་ནས་གསུམ་ཀ་ཐ་དད་དུ་འབྱུང་ཞེས་དང༌། མོན་དང་ཀོང་པོའི་ཆུ་རྫིངས་སུ་སྐྱེ་བའི་པདྨ་དཀར་པོར་ངོས་འཛིན་པ་དང༌། མ་རྙེད་ཐབས་ཆགས་པ་རྣམས་མཐོ་སའི་ན་མཚོ་ལས་སྐྱེ་བའི་མེ་ཏོག་འདབ་མ་ཆེར་ཁ་མི་འབྱེད་པ་ནག་རྡོག་མགོ་ཐུར་དུ་གུག་པ་ལ་བྱེད་པ་སོགས་ནི་ཁུངས་ཐུབ་ལས་མ་བཤད་དོ། །སྨན་དཔྱད་ཕལ་ཆེ་བ་ལས། པདྨ་ནཱ་ག་གེ་སར་གཉིས་ཞེས་ཕྱི་ནང་རིགས་སུ་འདུས་པ་ལས་བར་ལས་བར་ལ་མིང་དང་གྲངས་མཛད་པ་ཆེར་མེད་དོ།།

 

༢། དྭ་ལི།

དྭ་ལིས་བད་ཀན་གྲང་སེལ་ཚེ་བཅུད་ལེན། །ཞེས་པར། ལྕགས་ཕྲེང་ལས། དྭ་ལིས་དྲོ་ལ་ཡང་བས་བད་ཀན་སེལ། །ཞེས་དང༌། གདམས་པ་སུམ་ཅུ་པ་ལས། །དྭ་ལིས་དྲོ་ཞིང་སྙོམས་ལ་བད་ཀན་སེལ། །གློ་ནད་གཟེར་ཐབས་དང་ག་འཁྱིག་ལ་ཕན།།  ཞེས་དང༌། རང་བྱུང་རྡོ་རྗེས། །དྭ་ལིས་གྲང་རླུང་ཀུན་སེལ་ལོ། །ཞེས་པ་ལ། །མིང༌། དྭ་ལིས། བལ་བུ། བ་ལུ། དུང་ཤིང༌། སུར་དཀར། བདུད་རྩི་ད་ལིས་ཟེར། འདི་འཕགས་པ་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཐུགས་བརྩེ་བའི་སྤྱན་ཆབ་ལས་བྱུང་བར་བཤད། འཁྲུངས་དཔེར། བདུད་རྩི་དྭ་ལིས་ཞེས་བྱ་བ། །བ་ལུ་དཀར་པོ་ཞེས་བྱ་བ། །སྲིབ་མོའི་རི་མཐོན་དག་ལས་སྐྱེ། །སྡོང་པོ་དཀར་ལ་ལོ་མ་ཁམ། །མེ་ཏོག་དཀར་ལ་འབྲས་བུ་ཅན། །རོ་ནི་མངར་ཁ་བསྐ་བ་ཡིན། །རང་གི་རོ་འཇམ་ནུས་པ་དྲོ། །རླུང་མཁྲིས་བད་ཀན་སྐད་འགགས་དང༌། །གློ་ནད་མ་ལུས་སེལ་བར་བྱེད།།  ཅེས་པ་ལ་རིགས་དཀར་ནག་གཉིས་ཡོད་པའི་དཀར་པོ་བཤད་པ་འདིའོ། །ནག་པོ་སུར་ནག་ཟེར་བ་སྐབས་འདིར་མིན་ནོ། །ནག་པོ་ནི་ལོ་མ་ནག་ལ་མེ་ཏོག་དམར་བ་རོ་ཚ་ལ་ནུས་པ་དྲོ་བས་གྲང་ནད་སེལ་བ་དང༌། ལོ་མས་གག་ལྷོག་ལ་ལུམས་བྱས་པས་ཕན་པ་ཡིན།

 

༣། སྤེན་དཀར། སྤེན་ནག

སྤེན་དཀར་སོ་རྩི་ནག་པོས་ནུ་ཚབ་སེལ། །ཞེས་པར། རང་བྱུང་པས། སྤེན་མས་མ་ཞུ་གློ་ནད་སེལ། །ཞེས་པ། ཤིང་རྐང་ཕྲན་པ་ལུ་ཙམ་པ་སྡོང་པོ་སེར་ཁམ་ལོ་མ་ཆུང་བ། འདི་ལ་དཀར་ནག་གཉིས། དཀར་པོ་མེ་ཏོག་དཀར་པོ་འཆར་བའོ།། ནག་པོ་མེ་ཏོག་སེར་པོ་འཆར་བ་ལ་ཆེ་ཆུང་གཉིས། ཆེ་བ་སྔ་མ་ཙམ་དང༌། ཆུང་བ་མཐོ་རེ་ལྷག་ཙམ་ལས་མི་སྐྱེ་བ་ཕྲ་ལ་འཇམ་པ་ཡིན། ཆེ་བ་གཉིས་བྱེ་ཁྲེབ་སོགས་ཉིན་སྲིབ་མཐོ་ས་གར་ཡང་སྐྱེ། ནག་པོ་ཆུང་བ་ཆུ་འགྲམ་ན་བར་སྐྱེ། གསུམ་ཀའི་ཐལ་བས་ཆུ་སེར་སྐེམ་པར་ནུས་སོ།།

 

༤། སྟག་མའི་མེ་ཏོག

སྟག་མའི་མེ་ཏོག་བྱང་ཁོག་རྣག་སྐེམ་མཆོག །ཅེས་པ། འཁྲུངས་དཔེར། སྟག་མའི་ཤིང་ནི་སྲིབ་མོར་སྐྱེ། །སྡོང་པོ་མཁྲེགས་པ་པགས་པ་དང༌། ལོ་མ་ཝ་ཞབས་སྦྲ་ཆུང་སེར། །མེ་ཏོག་དཀར་དམར་ཆེ་ལ་མཛེས། །རང་གིས་ནུས་པས་རྣག་རྣམས་སྐེམ། །ཞེས་པ་ཤེས་སླ། མིང༌། ཨན་ཆེན་ཟེར་རོ།།

 

༥། སེ་བའི་མེ་ཏོག

སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན། །ཞེས་པར། རང་བྱུང་རྡོ་རྗེས། སེ་བས་རྩ་སྦུབས་ནད་རྣམས་སྡུད། །ཅེས་དང༌། དཔག་བསམ་ལྗོན་ཤིང་ལས། སེ་བས་གློ་ནད་སེལ་བར་བྱེད། །ཅེས་སོ། །མིང༌། མཁྲིས་སེལ། པ|u་རིའ་ཀ་ཟེར། འདི་ལ་རྒོད་གཡུང་རིགས་གཉིས་ཡོད་པའི་འདིར་གཡུང་བ་དགོས། འཁྲུངས་དཔེར། སེ་གཡུང་སྡོང་ཕུང་ཆེ་བ་ལ། །ཚེར་མ་དག་གིས་ཐམས་ཅད་ཁྱབ། །ལོ་མ་སྒོར་མོ་ཅུང་ཟད་རྩུབ། །མེ་ཏོག་དཀར་ལ་འབྲས་བུ་དམར། །རོ་ནི་སྐྱུར་མངར་སྣུམ་པ་ཡིན། །རང་གི་ནུས་པས་རླུང་མཁྲིས་སེལ། །ཞེས་པས་སེ་གཡུང་ཚེར་མ་མདའ་སྒྲོ་འདྲ་བ་སྡོང་པོར་སྐྱེ་བ་དེའི་མེ་ཏོག་དཀར་པོ་དེའོ།།

 

༦། སྐྱེར་པའི་མེ་ཏོག

སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད། །ཅེས་པ། སྐྱེར་པར་དཀར་ནག་གཉིས་ཡོད་པའི་དཀར་པོའི་མེ་ཏོག་ཁྲག་ཤོར་ལ་ཕན། ནག་པོའི་འབྲས་བུ་དམར་ལ་སྐྱུར་ཞིང་བསྐ་བས་འཁྲུ་བ་གཅོད་དོ།།

ཞེས་ཤིང་སྨན་མེ་ཏོག་གི་རིགས་རྩ་བ་དྲུག་དང་ནང་ཚན་བཞི་བཅས་རྒྱས་པར་བཤད་ཟིན་ཏོ།།

 

གསུམ་པ། ལོ་མའི་ནུས་པ་བསྟན་པ།

ད་ནི་གསུམ་པ་ལོ་མའི་ནུས་པ་བཤད་པར་བྱ་བ་ནི།

 

༡། ཞུ་མཁན་ལོ་མ།

ཞུ་མཁན་ལོ་མས་གློ་མཁལ་འགྲམ་ཚད་སེལ། །ཞེས་པར། རང་བྱུང་པས། ཞུ་མཁན་ཁ་ཡི་ནད་རྣམས་སེལ། །ཞེས་སོ། །མིང༌། ཀྲ་མུ་ཀ ཞུ་མཁན། ལཱཀྵ་བྲ་པཱ་ད་ན། རྒྱ་སྐྱེགས་དྭངས་བྱེད། པ་Uཔཎྜི། ས་དུ། པ་རི་ཥ། སྐགས་གྲོགས། བརྒྱ་བྱིན། པྲྀ་ཧ་བ་ཊ། སིང་ཕྲོམ་རྣམས་ཟེར། འདི་ལ་རིགས་གཉིས། ལོ་མ་མཐུག་ཅིང་སེར་ལ་འོད་ཆགས་པ་སྤང་ཞུན་ཞེས་རྒོད་པ་བཟང༌། ལོ་མ་སྲབ་འཇམ་ནག་པ་ནགས་ཞུན་ཞེས་གཡུང་བ་ངན་ནོ།།

 

༢། ཤུག་པ་ཚེར་ཅན།

ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །ཞེས་པར། མིང༌། བ་ད་ར། འབྲོག་རྩི་སྔོན་པོ། སྤ་མ། གཡུ་འབྲུག་ཟེ་བ། རྒྱ་ཤུག་པ། རིགས་སྔོན་བཤད་བཞིན་གྱི་འདིར་ཤུག་ཚེར་མ་ཅན་ཡིན། རྒྱ་ཤུག་ཟེར་བ་ཤུག་པ་སྤྱི་ལ་འཇུག་པ་ལས་མང་སྟེ། རྒྱ་ཤུག་སྤ་མ་དང༌། རྒྱ་ཤུག་སྐྱུར་མོ། ཨལྨ་ལྐོ་ལ་ཟེར་བ་དང༌། རྒྱ་ཤུག་ཐུང་ངུ་ལ། ཀརྐནྟུ་ཟེར་བ་དང་གསུམ་སྟེ་ནུས་པ་འདྲ། དངོས་ནི། ཤུག་པ་བོང་ཐུང་ལ་ལོ་མ་ནག་ཅིང་ཚེར་ལྟར་སྐྱེ་བ་ཟུག་སྙམ་བྱེད་པ་ཡལ་ཕྲན་ལྟ་བུ་ལས་སྡོང་པོ་ཆེ་བ་མི་སྐྱེ་བ་དེ་ཡིན། འདི་ས་མཐོན་བྱང་བལྟའི་ལ་ཁ་ནས་བཏུ་དགོས་པར་བཤད། རྗེ་རང་བྱུང་རྡོ་རྗེས། ཤུག་པས་སྨད་ཀྱི་ཚད་པ་སེལ། །འབྲས་བུ་བདུད་རྩི་བཅུད་དུ་བཤད།། སྤ་མའི་ནུས་པ་དེ་དང་འདྲ། ཞེས་གསུངས་སོ།།

 

༣། བ་ལུ།

བ་ལུས་བད་ཀན་ཚ་གྲང་ཐམས་ཅད་སེལ། །ཞེས་པ་ནི། གོང་དུ་བཤད་པའི་ད་ལིས་དཀར་པོའི་ལོ་མའོ།།

 

༤། འོམ་བུ།

འོམ་བུས་དུག་ཚད་རྙིང་ཞེན་བྱེར་བསྡུ་གསོད། །ཅེས་པར། དཔག་བསམ་ལྗོན་ཤིང་ལས། སྤོར་ཤིང་རོང་དུ་སྐྱེ་བ་ཡིན། །ཆུ་སེར་ཁྲག་ཚད་སེལ་བར་བྱེད།།  མཆོག་ཏུ་དུག་ཚད་ཁོང་དུ་འཇོམས། །ཞེས་དང༌། རང་བྱུང་པས། འོམ་བུས་དུག་ཚད་མ་ལུས་འཇོམས། །ཞེས་གསུངས་པར། མིང༌། ཨ་གརྦྷ། སྙིང་པོ་མེད་པ། སྤོར་ཤིང༌། གཡུ་ཤིང༌། སྙེ་མི། མཆོད་ལྡུམ། ཆུ་ཤིང༌། བུ་ལས་མ་སྐྱེས་ཟེར། འཁྲུངས་དཔེར། ཆུ་ཤིང་འོམ་བུ་ཞེས་བྱ་བ། ཆུ་ཀླུང་བྱེ་མའི་གྲམ་ལས་སྐྱེ། །སྡོང་པོ་སྨུག་ལ་རིང་བ་སྟེ། །མེ་ཏོག་དམར་སྨུག་ཕུང་པོར་འཁྲིགས། །ལོ་མ་ཕྲ་སིག་སྔོ་བ་ཡིན།།  རོ་ནི་བསྐ་ལ་མངར་བ་སྟེ། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་འདིའི་ལོ་མ་མེ་ཏོག་ཡལ་ཕྲན་དམར་གསར་དང་བཅས་པ་བཏུ་བའོ།།

 

༥། སྨག་ཤད།

སྨག་ཤད་རྨ་གསོ་ཆུ་སེར་འདྲེན་པར་བྱེད། །ཅེས་པར། མིང༌། འབྲོག་དཀར། དམར་ཤད། སྨྱག་ཤད། སྨྱ་ག་ཟེར། འདི་ཤིང་ཕྲན་ཕྲ་ལ་དྲང་བ་ཤུན་པ་དམར་པོ་ལོ་མ་ཆུང་ལ་ཉུང་བ་མེ་ཏོག་དཀར་པོ་སྤུངས་ནས་སྐྱེ་བ་དེའི་ལོ་མ་མེ་ཏོག་བཅས་བཏུ་བའོ།།

 

དེ་ལྟར་ཤིང་ལོའི་སྡེ་ལས་རྩ་བ་ལྔ་རིགས་བཅས་བརྒྱད་བཤད་ཟིན་ཏོ།།

 

བཞི་པ། ཤིང་གི་སྡོང་པོའི་ནུས་པ་བསྟན་པ།

ད་ནི་བཞི་པ་ཤིང་གི་སྡོང་པོའི་སྡེ་བཤད་པར་བྱ་སྟེ།།

 

༡། ཙན་དན་དཀར་པོ།

ཙན་དན་དཀར་པོས་གློ་སྙིང་འཁྲུགས་ཚད་སེལ། །ཞེས་པ་ལ། རོ་སྐོར་ལས། ཙན་དན་བསིལ་ལ་འཇམ་པས་གློ་སྙིང་སྟོངས་པའི་ཚད་པ་སེལ། །ཞེས་དང༌། བདུད་རྩི་ཐིགས་པ་ལས། ཙན་དན་དཀར་པོ་བསིལ་འཇམ་ཡང་ལ་སྐམ། ཤ་ལྤགས་ཚ་བའི་ནད་ལ་བྱུགས་པས་ཕན། །ཞེས་དང༌། རང་བྱུང་པས། ཙན་དན་དཀར་པོ་དྲི་ལྡན་གྱིས། །བཅུད་ལེན་དྲི་མེད་ཚད་རྐྱང་སེལ། ཞེས་པ་ལ། རིགས་དཀར་སེར་དམར་སྨུག་བཞི་ཡོད། སྤྱིའི་མིང་ལ། གཎྡྷསཱ་ར། དྲིའི་སྙིང་པོ། མ་ལ་ཡ་ཛ། མ་ལ་ཡར་སྐྱེས། བྷདྲ་ཤྲཱི། དཔལ་བཟང་པོ། ཙནྡན། ཙན་དན། པ་ཏི་ཀཾ། གོས་ཅན་རྣམས་ཟེར་ལ། དཀར་པོ་ལ་མིང་ནི། ཏི་ལ་པརྣི་ཀ ཏིལ་མར་འདབ་ཅན། ཤྲིའ་ཁནྜ། དཔལ་གྱི་དུམ་བུ། ཤྭེ་ཏ་ཙན་དང༌། ཤུཀླ་ཙན། ཙན་དཀར་པོ། པིཥྜ་སཽ་ར་བྷཾ། དྲི་ཞིམ་རྟགས། ཕིའ་ཏ་སཱ་ར། སྙིང་པོ་སེར་པོ། །ཤྭེ་ཏ་སཽ་ར་བྷཾ། དྲི་ཞིམ་དཀར། ཏེ་ལ་པིརཛྲ། ཏིལ་འདབ་ཅན། གོ་ཤིརྵ། ས་མཆོག ཧ་རི་ཙན། ས་འདན་ཧ་སར་ཟེར། དཀར་པོ་འདི་ལ་རིགས་གསུམ་ཡོད་པར་བཤད་དེ། འགྲེལ་པ་ལས། ཏིལ་མར་འདབ་ཅན་ཞེས་བྱ་བའི་ཙནྡ་དང༌། གོ་ཤིརྵ་ཞེས་པ་མཆོག་གམ་བ་ལང་མགོ་ཞེས་བྱ་བ་སྟེ། དབྱིབས་བ་ལང་མགོའི་རྣམ་པ་ཅན་ཏེ། འདི་གཉིས་མ་ལ་ཡའི་རི་ལས་སྐྱེས་པ་དང༌། ཧ་རི་ཙྡན་ཞེས་པ་ལ། ཧ་རི་ནི་སྦལ་པ་སྟེ། དེའི་དབྱིབས་ཅན་གྱི་རི་བོ་ཞིག་ལས་སྐྱེ་བས་མིང་དེའོ་ཞེས་གསུངས་སོ། །ཁ་ཅིག་ནི་གོ་ཤིརྵ་ལྷ་ཡུལ་ན་ཡོད་པ་དང༌། སྦྲུལ་གྱི་སྙིང་པོ་ཀླུ་ཡུལ་ན་ཡོད་པས་འདི་གཉིས་མི་ཡུལ་ན་དཀོན། སྔོན་སངས་རྒྱས་ལ་ལྷ་ཀླུས་ཕུལ་བ་ཐོར་བུ་རེ་དང༌། ཀླུ་སྒྲུབ་ལ་ཀླུས་ཕུལ་བ་ཅུང་ཟད་ལས་མེད་ཅེས་བཤད་ན་ཡང༌། ཡོད་པའི་རྒྱུ་མཚན་ཡང་བཤད་ཡོད་པ་ནི། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་དམ་གྱི་རྟེན་གདན་འདྲེན་པའི་ཕྱིར་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ཞེས་བྱ་བ་སངས་རྒྱས་འོད་དཔག་མེད་དབུ་ལ་བཞུགས་པ་ཞིག་ནམ་མཁར་འཕུར་ནས་འཕགས་ཡུལ་དུ་ཕེབས་པ། སངས་རྒྱས་འཁོར་བ་འཇིག་གིས་རབ་ཏུ་གནས་པར་མཛད་པའི་མཆོད་རྟེན་པདྨའི་འཁོར་ལོ་ཅན་གྱི་བུམ་པའི་ཐད་ཀྱི་ནམ་མཁའ་ལ་སྐྱིལ་ཀྲུང་གིས་བསྐོར་བ་མཛད་པས། ཡུལ་དེའི་རྒྱལ་པོ་ཨུཏྤལའི་གེ་སར་གྱིས་མཇལ་བས་ངོ་མཚར་བས་ཕོ་བྲང་དུ་སྤྱན་དྲངས་ཚེ་ཞལ་གྱིས་མ་བཞེས་པར། ཡང་གསོལ་བ་བཏབ་བཀའ་ཅི་བསྒོས་བསྒྲུབ་པར་རྒྱལ་པོས་དམ་བཅས་པས། ཕོ་བྲང་དུ་ཕེབས་ཏེ་བཀའ་བསྩལ་པ། རྒྱལ་པོ་ཉིད་སྔོན་ནང་པ་ཡིན་པ་ད་ལྟ་ཕྱི་པར་འདུག་པ་འདི་སྤངས་ལ་ནང་པར་སྔར་བཞིན་འཇུག་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། ཡི་དམ་ཐུགས་རྗེ་ཆེན་པོ་བསྒོམས་ལ་ཡི་གེ་དྲུག་པ་བཟླ་བ་དང༌། ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་རྟེན་དུ་ཙན་དན་གོ་ཤིརྵ་དང༌། སྦྲུལ་སྙིང་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་རེ་བཞུགས་སུ་གསོལ་གསུངས་པས། རྒྱལ་པོས་གོ་ཤིརྵ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ལས་མེད་པ་དང༌། སྦྲུལ་སྙིང་མ་ལ་ཡར་དུག་སྦྲུལ་གདུག་པ་ཅན་ཚད་པས་གདུངས་པས་ཙན་དན་བསིལ་བ་ལ་གབ་ནས་འཁྲིལ་ཡོད་པས་ལོན་ཐབས་མེད་མ་གཏོགས་གཞན་རྣམས་བསྒྲུབ་པར་དམ་བཅས་པས། སྤྲུལ་པའི་དགེ་སློང་གིས་ཐབས་ཡོད་གསུངས་ནས། རྒྱལ་པོ་འཁོར་བཅས་ཁྲིད་ནས། ཙནྡ་དེ་གཉིས་ལེན་པའི་ཕྱིར། འཁོར་བཅས་སིང་ག་ལའི་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང༌། དེ་ནས་རྡོ་རྗེ་གདན་དུ་ཇོ་བོ་ཁརྶ་པཱ་ཎི་རང་བྱོན་བཞུགས་པའི་སྐུའི་རྒྱབ་ཕྱོགས་ལ་གླང་པོ་ཆེ་མང་པོ་ཉལ་འདུག་པ་གཟིགས་པས། དགེ་སློང་གིས་བཀའ་བསྩལ་པ། གླང་པོ་ཆེ་འདི་རྣམསཀྱི་ནང་ནས་ཁ་ཤར་དུ་བལྟ་བའི་གླང་ཆེན་སྣ་དམར་བ་རྫི་ཁུང་ན་གི་ཝང་གི་ཟར་བུ་ཡོད་པ་འདིའི་འོག་ན་ཙནྡན་གོ་ཤིརྵ་ཡོད་པས། ས་རྐོས་ཤིག་གསུངས་པ་བཞིན་གླང་པོ་ཆེ་རྣམས་བསྐྲགས་ནས་དེའི་འོག་གི་བྱེ་མ་བརྐོས་སོ།། དེར་གསུངས་བཞིན། ཙནྡན་གྱི་སྡོང་པོ་ཤིན་ཏུ་ཆེ་བ་ཞིག་འདུག་པས། རྒྱལ་པོ་ངོ་མཚར་ནས། དགེ་སློང་ལ་མི་ཡུལ་དུ་མེད་པའི་ཙནྡན་འདི་ཇི་ལྟར་བྱུང༌། དེ་གླང་པོ་ཆེས་ཇི་ལྟར་ཤེས་དྲིས་པས། བཀའ་བསྩལ། སྔོན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པའི་དུས་སུ། དགྲ་བཅོམ་པ་ཞིག་རྫུ་འཕྲུལ་གྱིས་ནམ་མཁར་འཕུར་བས། སུམ་ཅུ་རྩ་གསུམ་དུ་བྱོན་ནས་ཙནྡན་གྱི་གང་བུ་ཞིག་ཁྱེར་ནས་བྱོན་པའི་ནང་དུ་འབྲས་བུ་བཞི་འདུག་པ་གསུམ་སངས་རྒྱས་འཁོར་བ་འཇིག་ལ་ཕུལ་ཅིག་ཇོ་བོ་ཁརྶ་པཱ་ཎི་ལ་ཕུལ་ནས་དབུ་ཐོག་ཏུ་བཞག་པས། རླུང་གིས་སྐུ་རྒྱབ་ཏུ་འཕངས་པ་ས་ལ་ལྷུང་བ། སས་ནོན་པའི་ཐོག་ཏུ་ཚེས་བཅོ་ལྔའི་ཟླ་འོད་ཤར་ཚེ། ཇོ་བོའི་ཕྱག་ནས་བདུད་རྩྀའི་རྒྱུན་བབས་པས་བརླན་པར་བྱས་ནས་མྱུ་གུ་འཁྲུངས། གསེར་ཐུབ་ཀྱི་དུས་སུ་ལོ་སྡོང་ཆེར་རྒྱས། འོད་སྲུངས་ཀྱི་དུས་སུ་མེ་ཏོག་འབྲས་བུ་སྨིན། ཤཱཀྱི་ཐུབ་པའི་དུས་སུ་འབྲས་བུ་ཆེར་རྒྱས་ནས་ཡོད་པ་ལས། སྟོན་པ་མྱ་ངན་ལས་འདས་ནས་སྡོང་པོ་འགྱེལ་ཏེ་བྱེ་མས་ནོན་པ་ཡིན་ལ། ཙནྡན་དེ་ཤིན་ཏུ་བསིལ་བའི་ངད་པ་ལ་གླང་པོ་ཆེ་ཚད་བས་གདུངས་པས་བསིལ་བསྙེགས་ནས་ཉལ་བ་ཡིན་གསུངས་སོ། །སྡོང་པོ་དེ་ལ་སྲུབ་བཞི་འདུག་པ་ནས་འོད་ཟེར་དཔག་མེད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཁྱབ་ཅིང་སླར་འདུས་པ་སྡོང་པོ་ཉིད་ལ་ཐིམ་མ་ཐག་དལ་བུས་ཆོད་ཅིག་ཅེས་པའི་རང་སྒྲ་བྱུང་བ་བཞིན་བཅད་ནས་ཚལ་བ་བཞིར་བཤགས་པའི་ནང་གི་སྙིང་པོ་ལ། འཕགས་པ་བཅུ་གཅིག་ཞལ་རང་བྱོན་བྱུང༌། དེའི་ཐུགས་གའི་འོད་རྒྱ་བལ་གྱི་མཚམས་སུ་འཕྲོས་པ་དེར་དགེ་སློང་བྱོན་པས་ནགས་ཁྲོད་ཞིག་ཏུ་ཧ་རི་ཙན་གྱི་སྡོང་པོ་ཆེན་པོ་འོད་ཟེར་འཕྲོ་བ་ཞིག་ལ། ལས་དང་སྐལ་པར་ལྡན་པའི་མ་ཧེ་ཞིག་གིས་བསྐོར་བ་བྱེད་ཅིང་ནུ་ཞོས་མཆོད་པ་འཐོར་བ་ཞིག་འདུག་པས། ཙནྡན་དེའི་ནང་དུ་ཇོ་བོ་མཆེད་བཞི་རང་བྱོན་བཞུགས་པ་མཁྱེན་ནས། དེ་གཅོད་པར་བརྩམས་ཚེ་སྟོད་ནས་རིམ་པས་དལ་བུས་ཆོད་ལ་ཇོ་བོ་རྣམས་གནས་འདི་དང་འདིར་བཞུགས་ཤིག་ཅེས་པའི་སྒྲ་བྱུང་བ་བཞིན་གཤགས་པའི་ནང་ནས་ཇོ་བོ་མཆེད་བཞི་བྱོན་པའི། འཕགས་པ་ཝ་ཏི་མང་ཡུལ་དུ་བཞུགས་པས་ཡུལ་དེའི་རིམས་ཀྱི་འཇིགས་པ་ཞི། འཕགས་པ་དབུ་གང་གྲོང་ཁྱེར་ཡུམ་བུ་གླང་མཁར་དུ་བཞུགས་པས་ཡུལ་དེའི་ནད་ཀྱི་འཇིགས་པ་ཞི། འཕགས་པ་རྒྱ་མ་ལི་རྒྱ་བལ་མཚམས་སུ་བཞུགས་པས། ཡུལ་དེར་སྟེང་གདོན་གྱི་འཇིགས་པ་ཞི། འཕགས་པ་ལོ་ཀི་ཤྭ་ར་པོ་ཏ་ལར་བཞུགས་པ་རྒྱལ་པོའི་ཐུགས་དམ་གྱི་རྟེན་མཛད། ད་ལྟ་བཅུ་གཅིག་ཞལ་གྱི་ཐུགས་ཀར་བཞུགས། ཡང་སྤྲུལ་པའི་དགེ་སློང་དེས་ཀ་སྠུ་རིའི་དྲི་མས་སྦྲུལ་རེངས་པར་མཛད་དེ། མ་ལ་ཡ་ནས་སྦྲུལ་གྱི་སྙིང་པོ་བླངས་ཏེ་འཕགས་པའི་སྐུ་བརྒྱ་རྩ་བརྒྱད་བཞེངས། དེས་ན་ཙནྡན་དཀོན་པ་རྣམས་རྒྱ་གར་དུ་ཡོད་པ་དང༌། དེའི་ཤིང་ཚལ་པ་རྣམས་གཙུག་ལག་ཁང་གི་ཤིང་བྱས་པས་བཟོས་པའི་རས་མོ་དང༌། ད་ལྟ་དུས་ངན་ཚེ་གཙུག་ལག་ཕལ་ཆེར་མུ་སྟེགས་པས་བཤིག་པའི་ཤིང་ཆ་བཅས། ད་ལྟའི་སྐབས་འདིར་ཇེ་ཇེར་མོད་པའི་རྒྱུ་མཚན་ཡིན་ནོ། །ལར་ཤིན་ཏུ་བཟང་བ་འཁྲུལ་མེད་མདའ་སྨྱུག་ཙམ་རེ་མར་ཁུ་ཁོལ་མའི་ནང་དུ་བཙུགས་པས་མར་ཁུ་འཁྱགས་པ་དེ་ཡིན་ཡང་ཤིན་ཏུ་དཀོན། འདྲ་ཡིག་དུང་གི་མིག་ལས། ཙན་དན་དཀར་པོ་དག་ལ་རིགས་གསུམ་ཡོད། །སྦྲུལ་གྱི་སྙིང་པོ་དཀར་ཡོལ་བཅག་པ་འདྲ། །གོ་ཤིརྵ་ནི་སྟག་མ་བཅག་པ་འདྲ། །ས་མཆོག་སོམ་སྟེ་སོམ་པའི་དུམ་བུ་འདྲ། །ཀུན་ཀྱང་སྣུམ་ལ་དྲི་ཞིམ་བཟང༌། །ཞེས་དང༌། བརྡ་སྤྲོད་པ་ལས། ཙན་དན་བཟང་ངན་ཆུ་ལ་དྲིས། ཆུར་བྱིངས་ངད་པ་ལྡན་པ་བཟང༌། །ཞེས་གསུངས། ད་ལྟ་དཀར་པོ་མཁྲེགས་པ་ཞིག་དང༌། ཅུང་ཟད་སེར་ཁ་ཡོད་པ་ཞིག །དམར་ལ་ཤིང་སྣ་གསལ་བ་ཞིག་དང་གསུམ་སོགས། སྔ་མ་ཤིང་སྣ་ཐུང་བ་སྟེ། དེ་དག་ལ་སྣུམ་ཚི་ཡོད་པ་སྐམ་ངར་དང་མེར་བསྲེགས་པའི་དུད་པ་སོགས་ལ་དྲི་ཕུན་སུམ་ཚོགས་ཤིང་སྲ་ལ་མཁྲེགས་པ། ལྕི་ལ་བསིལ་བ་འབྱུང་བ་དེ་གསུམ་རིམ་པས། སྦྲུལ་སྙིང༌། གོ་ཤིརྵ། ས་མཆོག་གསུམ་དུ་ངོས་འཛིན་པ་ཡིན། རྒྱ་གར་ལུགས་ལ་བར་མ་དེ་སེར་ཁ་ཤིན་ཏུ་ཆེ་བས་ཝ་ཀཱཾ་ཞེས་མདོག་ཅན་དང༌། པིའངྒ་ཙན། ཞེས་ཙནྡན་སེར་པོར་འཇུག་པ་ཡིན། དེ་ལྟར་རིགས་གསུམ་ཕྱེས་ནས་སེར་པོ་དངོས་ནི་རྒྱ་ནག་ནས་ཡོང་ལ། ད་ལྟ་རྒྱ་ནག་འོ་མི་ཤན་གྱི་གཙུག་ལག་ཁང་དུ་སྤོས་བྱེད་པ་ཙན་དཀར་སེར་གཉིས་ཡོང་བ། ཤིན་ཏུ་གསར་པ་བཅད་མ་ཐག་པ་འདྲ་མ་མང་དུ་བཞོགས་ནས་ཀ་ཊོ་རར་བླུག་འདུག ཡུལ་དེ་ནས་ཆེར་མི་རིང་བའི་ས་ན་བཏུ་རྒྱུ་མི་མོད་ཙམ་ཡོད་སྐད། བདག་ལ་དཀར་སེར་གཉིས་ནས་དུམ་རེ་གནང་བ། སེར་པོ་ཤིན་ཏུ་སེར་བ་སྐྱེར་པ་ལས་ཁམ་ཙམ་དང༌། དཀར་པོ་དཀར་ཡོལ་བཅག་པ་འདྲ་བ་འདུག་ཅིང་སྣ་སོགས་དབྱིབས་རྒྱ་གར་མ་འདྲ་ལ་དྲི་དེ་ལས་ཀྱང་ཁྱད་དུ་འཕགས་པར་སྣང༌། ཤོག་བུ་རྩི་མའི་ནང་དུ་དྲིལ་ནས་ཁ་ཞབས་སྤྲ་ཚིལ་གྱིས་གཏུམས་ནས་གནང༌། དྲི་ཡལ་ན་མི་བཟང་ཁྱོད་རང་ཐུགས་དམ་མཛད་ཚེ། ཁབ་ཕྱེད་ཙམ་རེ་བསྲེགས་ལ་སྤོས་ཀྱི་ལྟག་མ་འཕྲལ་དུ་སྤྲ་ཚིལ་གྱིས་དྲིལ་གསུངས་སོ། །ཆོས་རྗེ་ས་པཎ་གྱིས། མ་ལ་ཡ་ནས་ཡོང་བ་ཡི། །སྡོང་དུམ་རྣམས་ལ་རིན་ཐང་ཆེ། །ཞེས་གསུངས་བཞིན། ཡུལ་མ་ལ་ཡར་ཙནྡན་དང་ཉེ་བར་སྐྱེས་པའི་ཤིང་ཕལ་པ་ལ་ཙནྡན་གྱི་དྲིས་ཡུན་དུ་ཁྱབ་པས་བརྟས་ནས་དྲི་བཟང་བ་འདྲ་ལ་ནོར་བ་ཡོད་པར་བཤད་ཀྱང་ཤིང་རྒྱུ་ལ་ཞིབ་ཏུ་བརྟགས་པས་ག་ལ་ནོར། སྨན་ཚོང་པས་བརྫུས་པའི་ཤིང་ཡང་དྲི་མ་མེད། སྔར་གྱི་ཙནྡན་གོག་པོ་ལ་དྲི་མེད་པ་ཡལ་བས་ལན། བཀས་ཚེ་དཀྱིལདུ་སྣུམ་དང་དྲི་ངད་ཡོད་པ་མང༌། དྲི་མ་མེད་ན་ཕན་པ་ཆུང་ངོ༌།།

 

༢། ཙན་དམར་པོ།

ཙནྡན་དམར་པོས་ཁྲག་གི་ཚད་པ་སེལ། །ཞེས་པར། བདུད་རྩི་ཐིགས་པར། དམར་པོའི་ལྡེ་གུས་ཡན་ལག་སྐྲངས་པ་འཇིབ། །ཅེས་དང༌། རང་བྱུང་རྡོ་རྗེས། དམར་པོས་ཁྲག་རླུང་འཐབ་པ་སེལ། །སྨུག་པོས་ཚད་པ་ཀུན་ལ་ཕན། །ཞེས་པར། མིང༌། རཀྟ་ཙན། ཙན་དམར་པོ། །པ་ཏངྒ། འདབ་མའི་ལུས་ཅན་ཏེ་དབུས་དམར་བའི་འདབ་མ་ཅན་ནོ། །རཉྫ་ནཾ། འཚོ་བྱེད། མ་ལ་ཡ་ཙནྡན། མ་ལ་ཡའི་ཙནྡན། ཀུ་ཙནྡན། ཙནྡན་དམན་པ་ཟེར་རོ། རིགས་དམར་སྨུག་གཉིས་འབྱུང༌། རྒས་པས་ཕལ་ཆེར་སྨུག་པ་དང་རྒྱ་སྨུག་པ་ཐ་དད་དོ། །བཟང་བ་རྒྱ་ནག་སྤས་གྱིན་ཕྱོགས་ནས་ཡོང༌། ཆིང་ཐུའི་ཧུའི་ཕྱོགས་ནས་ཀྱང་དམར་པོ་བཟང་བ་དང༌། ངན་པ་སེར་ཁ་ཆགས་པ་ཡང་ཞིང་སོམ་པ་ཞིག་འབྱུང༌། རྒྱ་གར་མ་ལ་ཡ་ན་སྐྱེ་བར་གསུངས། འོན་ཀྱང་གསར་པ་མི་འབྱུང་བར་བལྟས་ན་རྡོ་རྗེ་གདན་སོགས་ཀྱི་ཤིང་རྙིང་ཡིན་པ་འདྲ། བཟང་བ་ལྕི་བ་རྭ་ལྟར་མཁྲེགས་པ་དྲི་ཞིམ་པ་རྡོ་ཤེལ་ལམ་མེ་རྡོ་དམར་པོ་ལྟར་དྭངས་པ་བཟང༌། ནག་པོ་གོག་པ་མེས་ཚིག་པ་འདྲ་བ་དང་ཕྱི་ཁ་དཀར་རྣམས་ངན་པའོ། །སྨུག་པོའང་གསར་པ་འདྲ་ཉམས་ཡོད་པ་བཟང༌། །

 

༣། ཨ་ག་རུ།

ཨ་ག་རུ་ཡིས་སྙིང་སྲོག་ཚ་བ་སེལ། །ཞེས་པར། བདུད་རྩི་ཐིགས་པར། ཨ་ག་རུ་ནི་དྲོ་ཞིང་འཇམ་པ་ཡིན། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། ཨ་ག་རུ་བསིལ་ཚ་བ་སེལ། །ཞེས་དང༌། རང་བྱུང་པས། ཨ་གར་ནག་པོས་སྲོག་རྩ་དང༌།།  སྙིང་གི་ཚད་རླུང་ཐམས་ཅད་སེལ། །ཞེས་པ་ལ། སྤྱི་མིང༌། ཨ་ག་རུ། ལྕི་མེད། ཀ་པི་ཏཱ་ན། ཆུ་འཐུང་སྣོད་ལྡན། ཀ་པི་ལཱ། སེར་སྐྱ། བྷསྨ་ག། ཐལ་བའི་སྙིང་པོ། ། རཱ་ཛ་ཧི། རྒྱལ་པོ་མཉེས་བྱེད། ལོ་ཧ་ཀྲི་མ་ཛ། དམར་པོ་སྲིན་སྐྱེས། གནྡྷ་ཀཱ དྲིའི་ཤིང༌། ཀ་ཀཱ་སྱ། བྱ་རོག་གདོང༌། སི་ཏ་ཙནྡ་ནཾ། ཙནྡན་སེར་པོ། ཀཱ་ལེ་ཡ། དུས་སྐྱེས། ཀཱ་ལི། དུས་ལྡན། བ་ན་ཙནྡ་ནཾ། ནགས་ཙནྡན། ཀྲྀཀཋ་བྲྀཀྵ། ཤིང་ནག ཝརཛྱྞདཾ། མདོག་སྦྱིན། ཀནྟི་ད་ཡ་ཀཾ མཛེས་སྦྱིན། གུ་རུ། ལྕི་བ། ས་ལ་རྶྣ། ལྗི་བ། ཤིངྵ་པ། དྲི་ཉལ། སམ་ཀཾ། ནུས་ལྡན། བཾ་ཤི་ཀ རྒྱུད་ལྡན། རཱ་ཛརྷ། རྒྱལ་པོ་ལ་འོས། ཀྲི་མ་ཛ། སྲིན་སྐྱེས། ནྲྀཔ་ནྲིའཡ། མི་བདག་དགའ་བྱེད། ཨ་ག་རུ། སྙིང་སེལ། ལོ་ཧ། དམར་པོ། །ཛོ་ཀ་ཀཾ།ནྲྀ་པ་སྲི་ཡཾ་རྣམས་ཟེར། འདི་ལ་རིགས་གསུམ་སྟེ། དཀར་ནག་དམར་གསུམ་མོ། །དཀར་པོ་ནི། ཨར་སྐྱ་ཞེས་བྱ་སྟེ། ལྕང་མའི་སྡོང་ཚལ་འདྲ་བ་འབྱུང༌། ཡང་ལ་གསོབ་པ་ཡིན། འདི་ལ་ཡང་རིགས་གསུམ། ཅུང་ཟད་ལྕི་ལ་སྨུག་པ་སྤྱིན་ཆུ་ནང་ནས་དྲངས་ལ་སྐམ་པ་འདྲ་ཞིང་དྲི་ཤིན་ཏུ་ཞིམ་པ་དེ་ལ་ཨ་གར་འབའ་ཞིག་ཟེར། ཡུལ་ཁྱད་ལས་སྐྱ་གསོབ་ཁ་དོག་ཆེར་མི་གསལ་བ་དུམ་ཆུང་མཐོ་རེ་ཙམ་པ་དྲི་ཞིམ་པ་ཡོང་བ་ཕུར་གཟུགས་མ་དང༌། སྐྱ་གསོབ་དཀར་ཤས་ཆེ་བ་ལ་སྔོ་རུལ་ཆུ་སོང་འདྲ་བ་སྐྱ་ཆེན་ཏེ་རིམ་པས་དམན། སྤོས་ལ་སྙི་བ་བཟང༌། སྨན་ལ་དྲི་ངན་ཡང་གསར་མཁྲེགས་བཟང༌། དེ་གསུམ་ལ་འདྲ་དཔེར། ཨ་ག་རུ་ནི་ཆུ་ཤིང་རུལ་པོ་འདྲ། ཟེར་བའོ།།

 

ཨར་ནག

ཨར་ནག་ནི། འབྱུང་བའི་དབང་སོགས་ལས་མང་བའི་རྣམ་པ་ཅན་ནོ། འཚོ་མཛད་གྲུབ་པས། ཨར་ནག་རོ་ནི་ཁ་ཚ་ལྡན། །ནུས་པ་དྲོ་འཇམ་སྣུམ་ལ་སྐམ། །ཞེས་འབྱུང༌། ཤིན་ཏུ་བཟང་བ་ནི་ནག་པོ་འབྲོང་རྭ་འདྲ་བ་མེ་ལ་བསྲེགས་ན་རོ་མེད་དུ་འཇུ་བ་དྲི་ངད་ཕུན་སུམ་ཚོགས་པ་ལ་ནག་པོ་འབའ་ཞིང་ཟེར་བ་འདི་རྒྱ་ནག་ནས་འབྱུང་ལ། མཐའི་རྒྱ་མཚོའི་རླབས་ཀྱིས་འཁྱེར་ཡོང་བ་རྙེད་པ་ལས་ཡུལ་གར་ཡོད་དང་དབྱིབས་ཅི་འདྲ་མི་ཤེས་ཟེར་རོ། །འདི་ལ་མིང༌། གཡེར་པོ་ཆེའི་རྩ་བ་ཟེར་ཞེས་འབུ་ཤག་ཟངས་ཀྱི་བུམ་པ་ལས་བཤད། འདྲ་ཡིག་ལས། ཨར་ནག་འབྲོང་གི་རྭ་ཚལ་འདྲ། །ཞེས་སོ། །རིགས་གཅིག་ནི་རྒྱ་ནག་ལས་དམན་ཙམ་ཤིང་སྨུག་ནག་སེར་ཁ་ཅུང་ཟད་ཡོད་པ་སུལ་སྣ་ཤ་རེ་བ་སྣུམ་ལ་མཁྲེགས་པ། བསྲེགས་ན་དྲི་མ་ཤིན་ཏུ་ཞིམ་ལ་ཁོལ་བ་ཞིག་སྟོད་ནས་འབྱུང་བ་ཡིན། འདི་ལ་ཨར་སྨུག་ཀྱང་ཟེར། དེ་དང་འདྲ་ལ་ཤིང་སྣ་དེ་ཙམ་མི་རྩིངས་པ་སེར་ཤས་ཆེ་བ་ཞིག་ལ་སྟོད་ནས་འབྱུང་བ་དང༌། དེ་ལས་དམན་ཙམ་ཁམས་ཀྱི་རོང་དང༌། ཀླུང་ཆེན་འགྲམ་དུ་སྐྱེ་བ་སྣུམ་རྩི་ཆུང་ཞིང་དྲི་ཞིམ་པ་འབྱུང་ངོ༌། །ནག་པོའི་རིགས་འདི་དག་ཤིང་ཆེ་ཆུང་མ་གཏོགས་སྐྱེ་ཚུལ་གཅིག་པར། ལོ་མ་དང༌། མེ་ཏོག་རེ་ལྕག་པའི་དབྱིབས་ཇི་ལྟ་བ་ལ། མེ་ཏོག་ཁ་དོག་སེར་བ་ཤིང་ལྤགས་ཤོག་བུ་འཆོས་ཉན་པས་ཤོག་ཤིང་རིགས་ཡིན་ལ། རྩ་སྡོང་སྣད་ཀྱིས་སམ་རྒས་པ་སོགས་ཀྱིས་ཁ་དོག་སྨུག་ནག་ཏུ་འགྱུར་བ་ལས་གཞོན་པ་ཁ་དོག་དཀར་ལ་དྲི་ངན་པ་ངན། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལས། ཨར་ནག་ཤོག་ཤིང་རིགས་ཡིན་པས་དུག་དབྱུང་དགོས་པར་བཤད་དོ།།

 

ཨར་དམར།

དམར་པོ་ནི། རང་བྱུང་རྡོ་རྗེས། ཨ་གར་དམར་པོས་རླུང་ཚད་འཇོམས། སུ་རུ་ཙནྡན་དེ་དང་འདྲ། །ཞེས་པར། མིང༌། ཏཱ་གྷ་ར། གོ་སྙོད་མ་དང༌། གོ་སྙོད་ཨ་གར། ཨར་དམར་ཟེར། འདི་ལྷོ་མོན་དང༌། རྒྱས་དམ་སོགས་རོང་ཆེན་ནས་འབྱུང༌། སྲ་སྙི་སོགས་ཨར་སྐྱ་འདྲ་རུང༌། ཁ་དོག་དམར་ཤས་ཡོད་པ་ལ་འབོལ་ཞིང་བཞུན་པ་དྲི་མ་གོ་སྙོད་འདྲ་བའི་ངད་ཆེ་བ་ཤིང་སྡོང་ཆེན་པོ་ལས་བྱུང་བས་གླེགས་ཤིང་ཆེན་པོ་དང༌། མེ་མདའི་ཤིང་སོགས་འཆོས་པ་ཡོད། འདི་གསུམ་སྤྱི་ལ་གཟའ་རྒྱུད་དུ།༌།  ཨ་ག་རུ་སྣུམ་བསིལ་ལ་ལྕི། །ཞེས་དང༌། དྲང་སྲོང་གྲུབ་པས། ལྕི་སྣུམ་བསིལ་བའི་ཨ་གར་རིགས་གསུམ་དང༌། །ཞེས་གསུངས་པས། ལྕི་བ་ཨར་སྐྱ། སྣུམ་པ་ཨར་ནག བསིལ་བ་ཨར་དམར་ཡིན་ནོ།།

 

༤། མཛོ་མོ་ཤིང༌།

མཛོ་མོས་ཁྲག་འཁྱག་འཇུ་ཞིང་ཁྲག་ཚད་སེལ། །ཞེས་པར། དྷརྨ་སྭ་མིས། མཛོ་མོ་ཚེར་ཤིང་ར་ཁྲག་མ། ཙནྡན་དམར་དང་ནུས་པ་མཉམ། །ཞེས་དང༌། རང་བྱུང་པས། མཛོ་ཚེར་ཙནྡན་དམར་པོར་མཚུངས། །ཞེས་པར། མིང༌། མཛོ་མོ་ཤིང༌། མཛོ་ཚེར། མཛོ་མོ་ར། བོད་ཀྱི་ཙནྡན། ཁོ་ཐོ། ཨ་ལ་ཁ་སུ། ཁྱི་རྔ་སྤྱང་ཚེར། ཟེར། ཤིང་ཕྲན་ལོ་མ་ཞིབ་སྡོང་པོ་ཐམས་ཅད་ཚེར་མས་ཁྱབ་པས། ཝའི་རྔ་མ་སྤུ་གཟེང་བ་ལྟ་བུ་ལས་ལོ་མ་ཆེར་མི་མངོན་པ། མེ་ཏོག་དཀར་ལ་དམར་མདངས་ཆགས་པ་སྲན་མའི་མེ་ཏོག་གི་དབྱིབས་ཅན། རྩ་བ་དང་པགས་པ་རྒྱུས་པ་ལྟ་བུས་ཐག་པ་ཉན་པ་དེའི་ཤིང་སྙིང་ཙནྡན་ལྟར་དམར་བའོ།།

 

༥། སེང་ལྡེང༌།

སེང་ལྡེང་ཁྲག་དང་ཆུ་སེར་སྐེམ་པར་བྱེད། །ཅེས་པར། རིན་སྤུངས་ལས། སེང་ལྡེང་བསིལ་བས་ཆུ་སེར་སྐེམ་པར་བྱེད། །ཅེས་དང༌། དཔག་བསམ་ལྗོན་ཤིང་ལས། སེང་ལྡེང་གིས་ནི་སྐེམ་པར་བྱེད། །ཅེས་དང༌། རང་བྱུང་པས། སེང་ལྡེང་མཛེ་དང་ཆུ་སེར་སྐེམ། །ཞེས་པར། མིང༌། ཁ་དི་ར། སེང་ལྡེང༌། ཁ་དི་ར་སི་ཏ། སེང་ལྡེང་དཀར་པོ། པི་ཊ་ཁ་དི་ར། སེང་ལྡེང་སེར་པོ། ཨ་རི་མེ། ཚིལ་སྒྲ། སོ་མ་བལྐ། ཟླ་བའི་ཡལ་ག ཛི་བཎྦྲི་ཀྵ། འཚོ་བའི་ཤིང༌། ཁ་ཧི་ར། ཆུ་སེར་ཁྲག་འཐུང༌། ཁུ་བ་མཛེ་འཇོམས་རྣམས་ཟེར། འདི་ལ་རིགས་གསུམ། དམར་པོ་ཙནྡན་སེང་ལྡེང༌། སེར་པོ་སྐྱེར་སེང་ལྡེང༌། སྐྱ་བོ་སོམ་སེང་ལྡེང་ཟེར། དེ་གསུམ་རིམ་པས་དམན། སྔ་མ་བཟང་མཁྲེགས་རིམ་པས་ལྕི་བའོ། །གྲགས་ཆེ་བས་གསལ་ཁ་མ་དགོས་སོ།།

 

༦། སྒྲོན་ཤིང༌།

སྒྲོན་ཤིང་བད་རླུང་ཆུ་སེར་གྲང་བ་སེལ། །ཞེས་པར། བདུད་རྩི་ཐིགས་པར། སྒྲོན་ཤིང་དྲོ་ཞིང་སྐམ་ལ་རླུང་ནད་དང༌། །འོར་དང་སྐྲངས་པ་མ་ལུས་འཇོམས་པ་ཡིན། །འདྀ་ཡི་སྨན་མར་རླུང་དང་བད་ཀན་དང༌། །མཁལ་རྐེད་རྟུག་སྐམ་སྲིན་གྱི་ནད་རྣམས་སེལ། །ཞེས་དང༌། དཔག་བསམ་ལྗོན་པར། སྒྲོན་ཤིང་དྲོ་ལ་སྐེམ་པར་བྱེད། །རླུང་ནད་འོར་དང་སྐྲངས་པ་འཇོམས། །ཞེས་དང༌། མིང༌། གོར་ཙནྡན། ཐང་མ་སྒྲོན། ཐང་ཤིང༌། ར་སྣ། འདི་དབྱིབས་ཚད་སོགས་སོམ་ཐང་ཤིང་འདྲ་ལ་ལོ་མ་དེ་ལས་རིང་བ་ཕག་རྒོད་ཀྱི་ཟེ་བ་གཤིབས་པ་ལྟ་བུ། འབྲས་བུ་ཐང་ཤིང་འབོས་བྱིས་ལས་ཆེ་ལ་སྲ་མཁྲེགས་ཆངས་པར་ཆུད་ཙམ་ཡོད་པ། སྡོང་པོ་ཐང་ཆུས་ཟིན་པས་སེར་ལ་དྭངས། ཀུན་གྱིས་མེ་སྒྲོན་བྱེད་པ་ཛཱ་ཏིའི་དྲི་བྲོ་བ་དེའོ།།

དེ་ལྟར་སྡོང་པོའི་ཤིང་སྨན་རྩ་བ་དྲུག་ནང་ཚན་རིགས་བཅས་བཅོ་བརྒྱད་རྒྱས་པར་བཤད་ཟིན་ཏོ།།

 

ལྔ་པ། ཡལ་ཕྲན་གྱི་ནུས་པ་བསྟན་པ།

ད་ནི་ལྔ་པ་ཡལ་ཕྲན་གྱི་སྡེ་ཚན་བཤད་པ་ཡིན།

 

༡། ལྕེ་མྱང་ཚ།

ལྕེ་མྱང་ཚ་ཡིས་བད་རླུང་གྲང་བ་དང༌། །མ་ཞུ་འཇུ་ཞིང་མིག་ལ་ཕན་པ་ཡིན།།  ཞེས་པར། རོ་སྐོར་ལས། ལྕེ་མྱང་ཚ་ནི་ནུས་པ་གཉིས་དང་ལྡན། །གྲང་བ་སེལ་ལ་ཁྲག་མཁྲིས་དག་ལ་མི་གནོད་ཟེར། །བད་ཀན་སྨུག་པོའི་ནད་ལ་འདི་ཡང་སྤང་བར་བྱ། །ཞེས་དང༌། བདུད་རྩི་ཐིགས་པར། ལྕེ་མྱང་ཚ་ནི་རོ་མངར་མིག་ལ་ཕན། །ཡིད་འོང་རོ་ཙ་ཉེས་གསུམ་སེལ་བར་བྱེད། །ཚ་བ་མི་སྐྱེ་ཕོ་བའི་མེ་དྲོད་སྤོར། །ཞེས་པ་འདི་ལ་ཡང༌། ཚ་བའི་ལྕེ་མྱང་ཚ་དང༌། ལན་ཚྭའི་ལྕེ་མྱང་ཚ་གཉིས་ཡོད་པ་ལས།།  འདིར་ཚ་བའི་ལྕེ་མྱང་ཚ་ནི། སྨན་མིང་རྒྱ་མཚོ་ལས། ལྕེ་མྱང་ཚ་ནི་ཡལ་གའི་སྡེའོ།  ཞེས་དང༌། བདུད་རྩིའི་འབྱུང་ཁུངས་ལས། ལྕེ་མྱང་ཚ་ཞེས་བྱ་བའི་ཤིང༌། །ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ། །སྡོང་པོ་ཕྱི་སྐྱ་ནང་དམར་བ། །ལོ་མ་སྒོར་ཆུང་ཚེར་མ་ཅན། །ཡལ་ག་རིང་ལྡེམ་མེ་ཏོག་སེར། །རོ་ནི་ཚ་བེར་དྭ་བ་འདྲ། །རང་གི་ནུས་པས་གྲང་ནད་སེལ། །ཚ་བ་མི་སྐྱེ་རླུང་ལ་ཕན། །ཞེས་པས་འདི་བ་ལེ་ཀ་འདྲ་བ་ལས་ཁྱད་པར་ཤིང་གི་སྣ་སུལ་སྲབ་ལ་མང་བ། མདོག་མི་གསལ་ཞིང་བ་ཚ་ཅུང་ཟད་ཆགས་ཉམས་ཡོད་པ། རོ་ཚ་ཡང་ཙི་ཏྲ་ཀ་ཙམ་མི་ཚ་ལ་རིམ་པས་མྱངས་བཞིན་ཚ་བ་ཞིག་ལ་པགས་པ་ནག་ལ་མཐུག་པ་ཞིག་ཡོད་དོ།།

 

༢། ཙི་ཏྲ་ཀ

ཙི་ཏྲ་ཀ་སྟོབས་མེ་འདྲ་མེ་དྲོད་སྐྱེད། །འོར་ནད་གཞང་འབྲུམ་སྲིན་ནད་མཛེ་ནད་སེལ། །ཞེས་པར། ཞང་སྨན་པས། ཙི་ཏྲ་ཀ་སྟོབས་མེ་དྲོད་གཞང་འབྲུམ་དང༌།།  འོར་ནད་སྲིན་མཛེ་འབྲས་ལ་མཆོག་ཏུ་ཕན། །ཞེས་དང༌། རང་བྱུང་པས། ཙི་ཏྲ་ཀ་ཡིས་མེ་དྲོད་སྐྱེད། །ཅེས་དང༌། གྲུབ་ས། ཙི་ཏྲ་རོ་ཚ་ནུས་རྩུབ་དྲོ། །ཡང་ལ་སྐམ་སར་གནས་པ་ཡིན། །ཞེས་གསུངས། མིང༌། ཨགྣ་བ་ལེ། མེ་སྟོབས། བཧྣི་རེ ཚ་བ། ད་ཧ་ན། སྲེག་བྱེད། པ་ཙ་ཀ མཆེད་པ། ཨ་ན་ལ། མེ་འདྲ། ཚ་དབལ། ཛོ། གློག ཐང་ཤིང་ངར་པ་རྣམས་ཟེར། ཙི་ཏྲ་ཀ ཞེས་པ། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཏྲུག་ཏྲུག་ཅེས་བསྒྱུར། འདི་ལ་རིགས་དང་ངོས་འཛིན་མང་ཡང་བཞིར་འདུས། དང་པོ་ནི། རྒྱ་བོད་སོགས་སུ་སྐྱེ་ཁྱད་མི་འདྲ་མང༌། རྒྱ་གར་ནས་བྱུང་བ་ཤིང་བ་ལེ་ཀ་འདྲ་ལ་སྐོགས་ལྤགས་དེ་ལས་ཅུང་ནག་ལ་རོ་ཚ་བས་ལྕེ་སྲེག་སྙམ་པ་དེ་ཡིན། གཉིས་པ་བོད་དུ་སྐྱེ་བ་ནི། འཁྲུངས་དཔེར། དྲོད་ཀྱི་རྒྱལ་པོ་ཙི་ཏྲ་ཀ །ས་གཞི་དྲོད་ཅན་ཡུལ་དུ་སྐྱེ། །ལོ་མ་ལེབ་ཆགས་ཉ་ག་ཅན། །གང་བུ་དམར་སེར་འབྲུ་དང་ལྡན། །རོ་ནི་ཚ་བའི་མཐར་ཐུག་སྟེ། །རང་གི་ནུས་པས་གྲང་རླུང་སེལ། །སྐྲན་རིགས་འཇོམས་པར་བྱེད་པ་ནི། །ཞེས་པ་དང༌། གསུམ་པ་ནི། རོང་ཕལ་ཆེར་དུ་སྐྱེ་བ་ལ་སིརྦ་ཉྩ་ཟེར་བའི་གང་བུ་དམར་སེར་ནང་དུ་འབྲས་བུ་ལེབ་ཆུང་ཡོད་པ། སྣར་སྣོམས་པས་སྦྲིད་པ་དང་མཆི་མ་བཅས་མཚུལ་འགས་སྙམ་བྱེད་པ་དེའོ། །འདི་ལ་རྒྱ་གཡེར་ཡང་ཟེར། བཞི་པ་ནི། རྒྱ་བལ་གྱི་རོང་དུ་ཙི་ཏ་ཟེར་བའི་ཤིང་ཕྲན་ཟྭ་ཤིང་འདྲ་བ་ལ་མྱངས་ན་རོ་ཤིན་ཏུ་ཚ་བ་ཞིག་ཡོང་བའོ། །འདི་བཞི་སྐྱེ་སའི་ཁྱད་ཀྱིས་བསྒྱུར་བ་ལས་འདྲ་གསུངས། རོ་ཡང་འདྲ་བའོ། །པི་པི་ལིང་གི་ངར་པ་ཚིགས་ཅན་ལ་བྱེད་པ་དང༌། གོང་དུ་སྨོས་པ་བ་ལེ་ཀ་འདྲ་བའི་ལྕེ་མྱང་ཚ་ལ་བྱེད་པ་རྣམས་ནི་ནོར་བའོ།།

 

༣། བ་ལེ་ཀ

བ་ལེ་ཀ་ཡིས་གློ་མཆིན་སྣོད་ཚད་སེལ། །ཞེས་པར། ལྕགས་ཕྲེང་ལས། བ་ལེ་ཀ་ནི་བསིལ་ལ་ཡང་བས་རང་གི་ནུས་པས་ཁྲག་ནད་རིམས་དང་ཚ་བ་དག་ལ་ཕན།།  ཞེས་དང༌། རང་བྱུང་པས། བ་ལེ་ཀ་ཡིས་ཁྲག་འཁྲུགས་སེལ། ཞེས་སོ། །མིང༌། མ་ཎི་བྲྀཀྵ། ནོར་བུའི་ཤིང༌། ས་དུ་ཀྵ་ཏི། བ་ལེ་ཀ གཅིག་སྟོབས། གབ་ཏུ། ག་བུར་དྲི་ལྡན་ཟེར། འཁྲུངས་དཔེར། བ་ལེ་ཀ་ཞེས་བྱ་བའི་སྨན། །ཤིང་གཞན་དག་ལ་འཁྲིལ་ནས་སྐྱེ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་ནི་ཁ་ལ་རྩུབ་པ་ཡིན། རང་གི་ནུས་པས་བད་ཀན་དང༌། །གཟེར་རིགས་ཁྲག་ནད་མ་ལུས་སེལ། །ཞེས་པ་བཞིན། འཁྲི་ཤིང་གི་རིགས་དབྱིབས་སླེ་ཏྲེས་འདྲ་ལ་ཤུན་པ་སྐྱ་ནག་མཐུག་པའོ། །བརྡ་སྤྲོད་ལས། བ་ལེ་ཀ་ནི་ཚོས་ཤིང་རུལ་པ་འདྲ། །ཞེས་དང༌། འདྲ་ཡིག་ལས། བ་ལེ་ཀ་ནི་ཕུར་མོང་རྩ་བ་འདྲ། །ཞེས་དང༌། འདྲ་དཔེ་ལས། བ་ལེ་ཀ་ནི་དབྱི་མོང་རྒས་པ་འདྲ། །ཞེས་སོ།།

 

༤། ནིམ་པ།

ནིམ་པས་ཚད་པ་གདོན་དང་སྐོམ་དད་དང༌། །ཡི་ག་འཆུས་དང་ལྤགས་ནད་མེ་དབལ་སེལ། །ཞེས་པར། རོ་སྐོར་ལས། ནིམ་པ་བསིལ་ལ་ཁྲག་མཁྲིས་ཆུ་སེར་འཇོམས། །ཞེས་དང༌། གདམ་པ་སུམ་ཅུ་པར། ནིམ་པས་ཚད་པ་ཀུན་དང་རུས་ཚད་སེལ། །རྩེ་མོས་མཁྲིས་ནད་རྨ་རེབ་སྦྱོང་བར་བྱེད། །ཅེས་པ་ཤིང་ཕྲན་ལོ་རྐང་ཚིགས་སོགས་ཟྭ་ཤིང་ལྟ་བུ་ལ་གྲུ་བཞིའི་ཉམས་ཅན། ཟྭ་ལས་སྦོམ་ལ་མཁྲེགས་ཤིང་ཤུན་པ་མཐུག་པ་ཧ་ཅང་མཁྲེགས་པ་ཡང་མ་ཡིན་པ། རོ་ཁ་ལ་ནུས་པ་སླ་བསིལ་རྟུལ་མཉེན་དང་ལྡན་པའོ། །འདྲ་དཔེར། ནིམ་པ་ཟྭ་ཤིང་སྐམ་པོ་འདྲ། །ཞེས་པ་སྡོང་པོ་ཡིན་ལ། འདྲ་ཡིག་ཏུ། ནིམ་པ་སྐྱེར་པའི་ཚར་པ་འདྲ། །ཞེས་པ་རྩ་བའོ། དུང་མིག་ལས། ནིམ་པ་ཟྭ་ཡི་ཕྱེ་མ་འདྲ། ཞེས་པ་ལོ་མའོ། །འདི་མཁྲིས་པ་ཞི་བྱེད་ལ་གཏོང་མི་རུང་གསུངས།

 

༥། སླེ་ཏྲེས།

སླེ་ཏྲེས་ཀནྜ་ཀ་རིས་རླུང་ཚད་སེལ། །ཞེས་པའི་སླེ་ཏྲེས་ལ། རོ་སྐོར་ལས། སླེ་ཏྲེས་བསིལ་ལ་ཞུ་རྗེས་དྲོད་དུ་འགྲོ། །རླུང་རིམས་འདོམས་པའི་ནད་ལ་མཆོག་ཏུ་ཕན། །ཞེས་དང༌། སྨན་གྱི་བྱིངས་ལས། སླེ་ཏྲེས་ནི་མངར་བའི་ཁ་བསྐ་བའི་ཚ་བའོ། །ཞེས་དང༌། གཏེར་མཛོད་ལས། སླེ་ཏྲེས་མངར་ཁ་ཚ་བའི་རོ་ལྡན་ཞིང༌།། རང་གི་ནུས་པས་རླུང་ཚད་ལྡན་པ་སེལ། །རིམས་ཚད་སྨིན་སྡུད་འཇམ་ལ་འདུ་བ་སྙོམས། །རྒས་པའི་ནད་དང་དྲེག་ལ་མཆོག་ཏུ་བཟང༌། ཞེས་དང༌། བདུད་རྩི་རྫིང་བུར། སླེ་ཏྲེས་མངར་ཞིང་ཁ་བསྐ་ཚ། །ཞུ་རྗེས་མངར་སྐྱུར་ལྡན་པ་ཡིན། །སྣུམ་བསིལ་དྲོ་བས་རླུང་མཁྲིས་དང༌། །བད་ཀན་ལྡན་པའི་ནད་རྣམས་སེལ། །མཆོག་ཏུ་དྲེག་དང་རླུང་ཚད་སེལ། །ཞེས་དང༌། བདུད་རྩི་ཕྲེང་བར། སླེ་ཏྲེས་མངར་ཁ་མངར་སྐྱུར་ཞུ། །དེ་ཡང་ལྤགས་མངར་ཤ་ནི་ཁ། །རླུང་ཚད་འཐབ་པའི་བདུད་རྩི་ཡིན། །ཞེས་དང༌། སྙིང་པོ་བསྡུས་པར། སླེ་ཏྲེས་འདུ་བ་སྙོམས་པར་བྱེད་པའོ།། ཞེས་དང༌། རང་བྱུང་པས། སླེ་ཏྲེས་འདུ་བ་སྙོམས་པ་སྟེ། །ཀནྜ་ཀ་རི་དེ་དང་འདྲ།།  ཞེས་གསུངས། མིང༌། གུ་རི་ཙི། ཨ་མྲྀཏ། བདུད་རྩི། ཚིནྡ་རུ་ཧ། བཅད་སྐྱེས། བི་རིའ་ག མཆོག་གི་ལུས། ཝ་ཡཥྛ། ན་ཚོད་གནས། སྟ་ནྟྲིཀཱ། རྒྱུད་ལྡན། ཝ་རྶྵད་ནཱི། གྷུ་ར་ཙཡ། གྷི་ལོ་ཡ། ཞེས་དང༌། གབ་ཏུ། སླེ་སྐུད་པ་ཡང་ཟེར། ཞང་ཞུང་གི་སྐད་དུ། སླེ་ཏྲེས་ཟེར། དནྐི་ཀ །ཞེས་རྟག་ངུ་སྟེ་བཅུད་ལེན་སྐབས་སྔོ་རྟག་ངུ་ལའང་འཇུག་པ་དང༌། འདི་ལ་ཝ་ཡཥྛ། ཞེས་ན་ཚོད་གནས་ནི། ཨ་རུ་ར་དང་བྱ་རོག་ལའང་འཇུག་པ་རྣམས་སྐབས་ཕྱེད་པར་བྱ་དགོས། འཁྲུངས་དཔེར། ནད་རྣམས་ཀུན་སེལ་སླེ་ཏྲེས་ནི། །ཉིན་སྲིབ་མཚམས་སུ་འཁྲིལ་ནས་སྐྱེ། སྡོང་པོ་བྲ་མའི་སྡོང་པོ་འདྲ། །ལོ་མ་སྒོར་ཆུང་ཤིན་ཏུ་སྣུམ། །མེ་ཏོག་དཀར་པོ་རབ་ཏུ་མཛེས། འབྲས་བུ་མངར་ལ་སྣུམ་པ་ཡིན། །རོ་མངར་ནུས་པས་ནད་ཀུན་སེལ། །བཅུད་ལེན་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་སོ། །བཅད་འཕྲོ་བ་ལེ་ཀ་འདྲ་ཡང་པགས་པ་བྲ་མ་ལྟར་རྩི་འོད་ཅན་སེར་བའོ།།

 

 

༦། ཀནྜ་ཀ་རི།

ཀནྜ་ཀ་རི་ནི། ཀནྜ་ཀ་རི། བོད་སྐད་དུ། ཚེར་མ་བྱེད་པའོ། །སྨན་གྱི་བྱིངས་ལས། ཀནྜ་ཀ་རི་མངར་ཁ་ཅུང་ཟད་ཚ། །འབྲས་བུ་མངར་སྐྱུར་ཞུ་རྗེས་དག་དང་མཚུངས། །རླུང་ཚད་ལྡན་དང་བད་ཀན་སྐྱ་བོ་སེལ། །མཆོག་ཏུ་གློ་བའི་ནད་རིགས་ཀུན་ལ་ཕན། །རིམས་སྨིན་འབྲས་བུའི་ཁནྜས་འཇམ་འཁྲུགས་སེལ། །ཆིག་ཐང་རྐྱང་པ་ཡོན་ཏན་ཀུན་དང་ལྡན། །ཞེས་དང༌། བདུད་རྩི་ཕྲེང་བར། ཀནྜ་ཀ་རིའི་རྩ་བ་ཁ། །ཤིང་ནི་ཅུང་ཟད་མངར་ཁ་ལ། པགས་པ་ཚ་བའི་ཞད་དང་བཅས། །འབྲས་བུ་སྦྲང་རྩིའི་རོ་དང་མཚུངས། །ལོ་མ་ཁ་བསྐ་མཁྲིས་པ་སེལ། །རྩ་སྡོང་ཤུན་འབྲས་རླུང་ཚདའཇོམས། །པི་པི་ལིང་གི་གྲོགས་དང་བསྡེབས། །འཇམ་པས་གློ་རླུང་འཇམ་འཁྲུགས་སེལ། །ཞེས་དང༌། བདུད་རྩི་རྫིང་བུར། ཀནྜ་ཀ་རི་མངར་ཞིང་ཚ། །ཞུ་རྗེས་མངར་སྐྱུར་རླུང་ཚད་སེལ། །འཇམ་བསིལ་དྲོ་བའི་ནུས་པ་ལྡན། །ཞེས་དང༌། ལྕགས་ཕྲེང་ལས། ཀནྜ་ཀ་རི་དེ་དང་འདྲ་སྟེ་མཆོག་ཏུ་བད་ཀན་སེལ། །སྔོན་དུ་སླེ་ཏྲེས་བཤད་ནས་དེ་རྗེས་འདི་བཤད་པས་སླེ་ཏྲེས་དེ་དང་འདྲ་སྟེ་ཞེས་སོ། །མིང༌། བྱ་ཀྲི། སྟག་ཚེར། སུ་ཕུ་ཏི་ཀ འདྲེ་ཚེར། བི་དགྡྷི་ཀ །མཁས་མ། སྤྲྀ་ཤིའ། རེག་བྱ་མ། བྱཱ་གྀ། སྟག་ལྡན་ནམ། སྟག་ཚེར་བྱེད་པ། སྲ་ཙོ་ད་ནིའ། རབ་ཏུ་སྐུལ་བྱེད་མ། ཀུ་ལིའ། རིགས་ཅན་མ། ཀྵུ་དྲ། ཕྲན་ཚིག་མ། དུཿསྦརྴ། རེག་དཀའ་མ། རཥྚི་ཀ ཡུལ་སྐྱེས་མ། བྲྀ་ཧ་ཏིའ། ཆེ་ལྡན་མའོ། །འཁྲུངས་དཔེར། ཀ|u་ཀ་རི་ཞེས་བྱ་བ། །སྲིབ་ཀྱི་ནགས་རི་དག་ལས་སྐྱེ། །སྡོང་པོ་སེ་བ་གཞོན་ནུ་འདྲ། མེ་ཏོག་དཀར་སེར་མདངས་དང་ལྡན། འབྲས་བུ་དམར་པོ་སྤུངས་ནས་སྐྱེ། ལོ་སྡོང་ཚེར་མའི་བ་སྤུ་ཅན། །ཁོང་སྟོང་རོ་ནི་མངར་ལ་བསྐ། །ཞེས་པ་ལྟར་ཡོངས་གྲགས་སོ།།

 

༧། ག་བྲ།

ག་བྲ་དག་ཀྱང་དེ་བཞིན་རིམས་ལ་ཕན། །ཞེས་པ་ཀ|u་ཀ་རི་ལ་རིགས་གཉིས་ཡོད་པའི་སྔ་མ་དཀར་པོ་དང༌། ཕྱི་མ་འདི་སྨུག་པོ་སྟེ་འདི་སེ་བ་འབྲས་བཟང་འདྲ་བ་ལ། སྡོང་པོ་དང་ཐ་ཕྱིར་ཞོ་གཏོར་བ་ལྟར་དཀར་ཐིག་ཡོད་པ་ཡོང༌། སྒེར་དུ་འདི་ལ་སྟག་ཚེར་དང་བྲྀ་ཧ་ཏི་ཟེར་བ་ཡིན།།

 

༨། བྱིས་ཚེར།

བྱིས་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། བྱིས་ཚེར་རླུང་ནད་ཀུན་ལ་ཕན། །སྒེར་དུ་ཕོ་རླུང་ཞི་བར་བྱེད། །བསྐོལ་ཐང་ཚད་པ་ལྕི་འཐིབས་སེལ། །ཞེས་དང༌། གསོ་བ་རིག་པའི་རྩ་བ་ལས། །བྱིས་ཚེར་སྙོམས་པས་འཕྲལ་གྱི་རིམས་ལ་ཕན། །ཞེས་དང༌། འཁྲུངས་དཔེར། བྱིས་ཚེར་མ་ཞེས་བྱ་བའི་ཤིང༌། །སྐམ་སའི་བྱེ་མའི་ཡུལ་སོགས་སྐྱེ། །ལོ་མ་ཆུང་ལ་ནག་ཅིང་མཐུག །སྙེ་མ་གོས་ལ་འབྱར་ཞིང་འཁྲིལ། །ཚེར་མ་ཕྲུགས་སོ་གཟེངས་པ་ལ།།  ས་ནི་རྐང་མཐིལ་བསྐོར་ཙམ་ཁྱབ། །རྩ་བ་རིང་དབྱིབས་ཤིང་མངར་འདྲ། །ཞེས་པས་ཚེར་མ་མཛོ་མོ་ཤིང་འདྲ་བ་ལ་ས་ལ་ཉལ་ནས་སྐྱེ་བ། སྟོན་དགུན་ལོ་མ་སྐམ་ནས་དམར་པོར་འབྱུང་བ་ལས་འཁྲུངས་དཔེ་ལྟར་འགྲོ་བ་དེ་ཡིན། སྔོ་ལྡུམ་ཚེར་མ་ཅན་ལ་བྱེད་པ་ཚབ་ཙམ་མོ།།

 

༩། དབྱི་མོང༌།

དབྱི་མོང་དྲོད་སྐྱེད་སྐྲན་བཤིག་གཅོད་འབིགས་འདྲེན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། དབྱི་མོང་དཀར་པོས་གཉན་ནད་སེལ། །བད་ཀན་འཁྲུ་བ་གཅོད་པ་ཡིན། །ཞེས་དང༌། རང་བྱུང་རྡོ་རྗེས། དབྱི་མོང་དཀར་པོས་ལོང་སྐྲན་སེལ། །ནག་པོ་དེ་དང་མཚུངས་པ་ཡིན། །ཞེས་པའི་མིང༌། ཨ་ཟ་མོ། ཙ་བྱཱ། འཁྲི་ཤིང༌། ཀྲྀ་ཤིང༌། དཀྲི་མོ། ཨ་ས་ལ། སྤྱི་མོང༌། དྲོད་སྐྱེད་བྱེད། སྐྲ་དཀར་ཅན། སྔོན་པོ་རྟ་ཕྱག མེ་ཤིང་རྣམས་ཟེར། འཁྲུངས་དཔེར། དབྱི་མོང་དཀར་ནག་གཉིས་ཡོད་དེ། །ཉིན་སྲིབ་གཉིས་ཀ་དག་ལས་སྐྱེ། །སྡོང་པོ་ཤིང་གཞན་དག་ལ་འཁྲིལ།།  ལོ་མ་ནག་ལ་ཅུང་ཟད་རྩུབ། །དཀར་པོ་མེ་ཏོག་དཀར་བ་སྟེ། །སྲབ་ཆུང་དྲིལ་བུ་ཁ་ཟུམ་འདྲ། །གྲང་བ་སེལ་ལ་ཚ་བ་སྐྱེད། ནག་པོ་མེ་ཏོག་སེར་ལ་མཐུག །གྲང་བ་དྲུང་འབྱིན་མཁྲིས་པ་སྐྱེ། །གཉིས་ཀ་རྒས་ནས་མི་རྒན་འདྲ། །གྲང་སྐྲན་འདུལ་བའི་དར་ཡ་ཀན། རོ་ནི་ཚ་ལ་ཡིད་ཙམ་མངར། །རང་གི་ནུས་པས་དྲོད་སྐྱེད་ཅིང༌།།  སྐྲན་རིགས་འདུལ་ལ་ཆུ་སེར་འདྲེན། །ཞེས་རིགས་གཉིས་གསུངས་ཀྱང༌། གསུམ་དུ་བྱེད་པ་ཡིན་ཏེ། དཀར་པོ་མེ་ཏོག་དཀར་ཆུང་དྲིལ་བུ་ལྟ་བུས་གྲང་བ་སེལ་ཞིང་ཚ་བ་མི་སྐྱེ། ནག་པོ་མེ་ཏོག་ནང་དཀར་ཕྱི་དམར་བས་གྲང་བ་སེལ་ཡང་མཁྲིས་པ་སྐྱེད། ཁྲ་བོ་མེ་ཏོག་སྐྱུ་རུ་རའི་ཚི་གུ་འདྲ་བ་ནུས་པ་དམན་པའོ།།

 

༡༠། བྲ་མ།

བྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། བྲ་མའི་བར་ཤུན་རྣོ་ལ་རྩུབ། །རྩ་ཡི་ནད་འདྲེན་སྐྱུགས་པར་བྱེད། ཅེས་དང༌། རང་བྱུང་པས། བྲ་མས་ཤ་ཡི་ནད་རྣམས་འཇོམས། །ཞེས་དང༌། དྷརྨས། བྲ་མས་འབྲས་གཞིལ་ནད་རྣམས་བྱེར་བ་བསྡུ། །ཞེས་པར། མིང༌། དམེ་མ། ནལ་མ། བོད་ཀྱི་སླེ་ཏྲེས། བྲ་ཚེར་ཟེར། འཁྲུངས་དཔེར། བྲ་མ་ཞེས་བྱ་ཚེར་མ་ཅན། །ལོ་མ་ཚེར་མའི་སྡོང་པོས་ཁྱབ། །མེ་ཏོག་སེར་པོ་མདངས་མི་གསལ། །རོ་ནི་ཁ་ལ་ནུས་པ་བསིལ།།  ཤ་ཚད་རྩ་ཚད་ཐམས་ཅད་སེལ། །ཞེས་བཞིན་ལས། མེ་ཏོག་སེར་པོ་སྲན་མའི་མེ་ཏོག་འདྲ་ལ་གང་བུ་ནར་དྲིལ་ནང་དུ་འབྲས་བུ་སྲན་དབྱིབས་ནར་མོ་སྲན་མའི་རོ་བྲོ་བ་ཅན་ནོ།།

 

༡༡། བཙོད།

བཙོད་ཀྱིས་ཁྲག་གི་ནད་དང་འགྲམ་ཚད་སེལ། །ཞེས་པར། རང་བྱུང་པས། བཙོད་ཀྱིས་རྒྱུ་ལོང་ཚད་པ་སེལ། །གསུངས་པར། མིང༌། མཉྫི་ཁ། རཀྟ། ཏཱསྨྲ། མཱུ་ལ། ཧ་སྣ། གབ་མིང་དུ་བཟློག་བསྒྱུར་ཟེར་རོ། །ཡོངས་གྲགས་ལ་ཕྲུགས་དམར་ཚོས་བྱེད་པའི་ཤིང་ཕྲན་དམར་པོ་སྟེ། འདི་ལྭ་བའི་ཚོས་ལ་གང་བཟང་སྨན་ལ་ཡང་བཟང་བས་ཆེ་ཆུང་འབྲིང་གསུམ་ལས། ཕྱི་མ་ལ་ཕྲན་མ་ཞེས་འབྲིང་པོ་བཅག་འཕྲོ་དམར་ལ་ཁུ་བ་བཟང་བ་དེ་ལེགས། དེའི་ཚོས་མདུད་རྩ་ཐོ་སོགས་གཏོང་བའོ། །དེ་ལྟར་ཡལ་ཕྲན་གྱི་སྨན་རིགས་རྩ་བ་བཅུ་གཅིག་ནང་རིགས་བཅས་བཅུ་དྲུག་བཤད་ཟིན་ཏོ།།

 

དྲུག་པ། ཤིང་གི་པགས་པའི་སྡེ་ཚན་བསྟན་པ།

ད་ནི་ཤིང་གི་པགས་པའི་སྡེ་ཚན་བཤད་པར་བྱ་བ་ནི།

 

༡། ཤིང་ཚ།

ཤིང་ཚས་ཕོ་བའི་གྲང་རླུང་སེལ་བར་བྱེད། །ཅེས་པར། བདུད་རྩི་ཐིགས་པར། ཤིང་ཚ་དྲོ་སྐམ་དྲོད་སྐྱེད་འཁྲུ་བ་གཅོད། །ཅེས་དང༌། རང་བྱུང་པས། ཤིང་ཚས་རླུང་སེལ་གློ་རྣག་འདྲེན། །ཞེས་དང༌། གྲུབ་པས། ཤིང་ཚ་མངར་ཚ་ལན་ཚྭའི་རོ།།  ནུས་པ་སྣུམ་དྲོ་ཡང་དང་ལྡན། །ཞེས་གསུངས། མིང་ནི། ཏྲ་ཙ། ཏྲ་ཀྲ། ཏྲ་ཙྪ། ཀཉྩ་ཐ། ཞེས་ཟེར། འདི་ཤིང་ཀཉྩ་ཐ་ཞེས་པའི་བར་ཤུན་ཡིན། འཁྲུངས་དཔེར། ཤིང་ཚ་ཞེས་བྱ་དྲོད་ཀྱི་ཤིང༌། །རོང་གི་ནགས་ཚལ་མཐུག་པོར་སྐྱེ། །སྡོང་པོ་མཁྲེགས་ལ་ལོ་མ་ཆུང༌། །ཤུན་པ་མཐུག་སྲབ་རྣམ་པ་གཉིས། །སྲབ་པ་དྲོད་ཆེ་མཐུག་པ་སྙོམས། །རོ་ནི་ཚ་མངར་བསྐ་བ་དང༌། ཅུང་ཟད་ལན་ཚྭའི་རོ་དང་བཅས། །རང་གི་ནུས་པས་དྲོད་རྣམས་སྐྱེད། །ཅེས་པའི་ཤུན་པ་སྲབ་ལ་རོ་ཚ་བ་ཤིང་ཚ་དངོས་དང༌། མཐུག་ལ་རྒྱབ་སྐྱ་རོ་ཚ་ཤས་ཆུང་བ་དྭ་ཚ་ཞེས་པའོ། །འདྲ་དཔེ་ལས། ཤིང་ཚ་ཟངས་མའི་ཝ་ཆུང་འདྲ། །ཞེས་སོ།།

 

༢། སྟབ་སེང༌།

སྟབ་སེང་རུས་ཆག་སྦྱོར་ཞིང་རུས་ཚད་སེལ། །ཞེས་པར། ལྕགས་ཕྲེང་ལས། སྤྱི་བཞུར་བསིལ་ལ་རང་གི་ནུས་པས་རུས་ཚད་འདོན། །མར་དང་སྦྱར་ན་རུས་པ་འབྱར་ཞེས་ཟེར། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། སྤྱི་བཞུར་རུས་པའི་གས་པ་སྦྱོར། །ཞེས་དང༌། རང་བྱུང་པས། སྤྱི་བཞུར་མགོ་རུས་ཆག་པ་སྦྱོར། །ཞེས་དང༌། སྨན་ནུས་རྒྱས་པ་ལས། ཤིང་དཀར་མིག་ནད་ཀུན་ལ་ཕན། །རྨ་རྙིང་རུས་ནད་སེལ་བ་སྟེ། །ཞེས་གསུངས། མིང་ནི། བེ་ས་ར། ཏཱ་མ་ལ་ཀ སྟབ་སེང༌། ཤིང་དཀར། སྤྱི་བཞུར། སྤྱི་བསིལ། ཤིང་སྔོན། ཤིང་དཀར་རྩབ་མོ། གཡུ་ཤིང༌། འདེལ་པ། སེང་གེའི་འོ་མ། ཚོང་དཔོན་གཡུའི་གསང་ཆབ་ཅན། བཻ་ཌཱུར་ཆར་བསྒྱུར་རྣམས་ཟེར། འཁྲུངས་དཔེར། སྤྱི་བཞུར་ཤིང་དཀར་རྩབ་མོ་ནི། །ལྷོ་ཡི་རོང་གི་ནགས་སུ་སྐྱེ། །ཤུན་པ་སྦྱར་བའི་སྐོགས་དང་མཚུངས། །རང་གི་ནུས་པས་རུས་ནད་སེལ། །ཆུ་རུ་གདུས་ནས་ཁོང་བཏང་ན། ཆུ་མི་འཇིགས་པའི་གཙོ་བོ་ཡིན། །ཞེས་པ་ཤིང་འབྱར་པ་འདྲ་བའི་ཤུན་པ་ཕྱི་སྐྱ་ལ་བར་རྩི་སྔོན་པོ་ཅན་ཆུར་སྦངས་པས་ཁུ་བ་སྔོན་པོ་འབྱུང་བ་དེའོ།།

 

༣། སྐྱེར་བ།

སྐྱེར་པ་སེ་རྒོད་དུག་སྡུད་ཆུ་སེར་སེལ། །ཞེས་པའི་སྐྱེར་པ་ནི། ལྕགས་ཕྲེང་ལས། སྐྱེར་པ་བསིལ་ལ་རྩུབ་པས་དུག་དང་ཆུ་སེར་འདོན། །ཞེས་དང༌། དཔག་བསམ་ལྗོན་པར། སྐྱེར་ཤུན་འཁྲུ་བ་གཅོད་པ་དང༌། །ཚད་རྙིང་ཆུ་སེར་རྙིང་པ་སེལ། །ཁནྜས་གྲང་སོགས་ནད་ཀུན་འཇོམས། །ཞེས་སོ། མིང༌། བ་ལ་ཏ་ཀ དྷི་ཤ་རི། ཛི་བྱེད་ཏ། ཧ་རི་ཧ། དྷཱ་ཏུ། ཧ་ལ་དྷཱ། གསེར་ཤིང༌། ཚེར་རྣོན། འབྲས་སྐྱུར། ལྤགས་སེར། གསེར་ཤུན་ཞེས་ཟེར། རིགས་དཀར་ནག་གཉིས། འཁྲུངས་དཔེར། སྐྱེར་པའི་ཤིང་ནི་ཚེར་མ་ཅན། །སྐྱེར་པ་དཀར་པོ་ཞེས་ཀྱང་བྱ། །ཉིན་སྲིབ་གཉིས་ཀའི་མཚམས་སུ་སྐྱེ། །པགས་པ་དངུལ་མདོག་སྙིང་པོ་སེར། །མེ་ཏོག་སེར་ལ་འབྲས་བུ་དམར། །རོ་སྐྱུར་ནུས་པས་དུག་ནད་དང༌། །རིམས་རྙིང་མིག་ནད་ཐམས་ཅད་སེལ།།  ཞེས་པས་དཀར་པོ་ལོ་མ་དང་སྡོང་པོ་ཆེ། མེ་ཏོག་སེར་སྐྱ་ཕྱི་ལྤགས་དཀར། བར་ཤུན་སེར་ལ་མཐུག ནག་པོ་ཕྱི་ལྤགས་ནག་ལ་ལོ་སྡོང་ཆུང་མེ་ཏོག་སེར་ཁ་ཆེ། སྐབས་འདིར་དཀར་པོ་དགོས། །སྐྱེར་ནག་ལ་ལྷང་ཚེར་ཡང་ཟེར། །རང་བྱུང་པས། སྐྱེར་པས་དུག་སེལ་མིག་ལ་ཕན། །གསུངས་སོ།།

 

༤། སེ་རྒོད།

སེ་རྒོད་ནི། རོ་སྐོར་ལས། སེ་རྒོད་སྙོམས་ལ་ཡིད་ཙམ་བསིལ་བ་ཡིན། ཞེས་དང༌། རང་བྱུང་པས། སེ་བས་རྩ་སྦུབས་ནད་རྣམས་སྡུད། །ཅེས་སོ། འཁྲུངས་དཔེར། སེ་རྒོད་མ་ཞེས་བྱ་བ་ནི། །སྲིབ་མོ་ནགས་ཀྱི་ནང་དུ་སྐྱེ། །སྡོང་པོ་ཁོང་སྟོང་ཤུན་པ་སྨུག །མེ་ཏོག་དམར་པོ་རྩ་བ་སྤུན། །འབུས་བུ་ཆེ་ལ་རབ་ཏུ་དམར། །རང་གི་ནུས་པས་དུག་ནད་འཇོམས། ཞེས་པས་མེ་ཏོག་དམར་པོ་རྒྱ་ཁ་ཅན། །སྡོང་པོ་ལ་ཚེར་ཞིབ་བ་སྤུ་ལྟར་མང་བ། སེ་གཡུང་གི་ཚེར་མ་མདའ་སྒྲོ་ལྟ་བུ་དེ་མེད་པ། འབྲས་བུ་དམར་པོ་དམ་བེ་འདྲ་བའི་ནང་དུ་སྤུ་དཀར་ཅན་གྱི་ཤིང་དེའི་བར་ཤུན་ནོ། །མིང༌། ཧ་ཙི་ཀི། ཁ་འབར་བ། རྒྱ་ནག་སྐད་དུ། ཟུར་པ་ཏིང་དང༌། གྷ་ཀུལ་ཟེར། མི་ཉག་སྐད་དུ། ཏོ་ཧི་ཏིས། ཕྲོམ་གྱིས། ཀས་བྱ། བོད་ཀྱིས་སེ་རྒོད་མའོ།། འདི་སྔར་འབྲས་བུའི་སྐབས་སུའང་བཤད་པའོ།།

 

༥། ཡོ་འབོག

ཡོ་འབོག་ཚད་པ་ཀུན་སེལ་རྨ་ལ་ཕན། །ཞེས་པ། འཁྲུངས་དཔེ། ཡོ་འབོག་པ་ནི་སྡོང་པོ་ཅན། །ལྕང་མའི་ལོ་མ་འབྲས་བུ་འདྲ། །རང་གི་ནུས་པས་ཚིགས་ནད་སེལ། །ཞེས་པར། ལོ་མ་ལྕང་ནག་གི་ལོ་མ་ལྟར་སྣུམ་ལ་སྲབ་ཅིང་ཕྲ་བའི་ཤུན་པ་ཤིང་ཚ་འདྲ་བ་ལ་རབ་ཏུ་མཐུག་པ། ཁར་མྱངས་ན་བྲོ་བ་ཆེར་མེད་པར་ཁུ་བ་ནལ་ནལ་བ་ལང་གི་ཁ་ཆུ་ལྟར་སྣ་རིང་ལ་འབྱར་བག་ཡོད་པ་བོད་དུ་གོས་འཁྲུ་བ་དང་ཕྲུགས་སྤུ་ཆག་བྱེད་པའི་དམ་རྩི་དེའོ།།

 

༦། མ་གལ།

མ་གལ་གློ་བའི་ནད་དང་འབྲུམ་པར་ཕན། །ཞེས་པ། འཁྲུངས་དཔེར། མ་གལ་ཞེས་བྱ་ལྕང་མའི་རིགས། །ལོ་མ་རྒྱབ་སྐྱ་སྤྲ་བ་འདྲ། །པགས་པ་ལྕང་མ་འདྲ་བ་ལ། །རོ་ཡང་ལྕང་མ་དག་དང་འདྲ། །ཞེས་སྡོང་པོ་དབྱར་བ་ལྟ་བུ་རིང་ལ་ལོ་འདབ་ཀྱི་ཕྱི་ལ་སྤྲ་བ་ཡོད་པ་དེའོ།།

 

༧། ལྕང་མ།

ལྕང་མས་དུག་དང་དམུ་ཆུའི་ནད་ལ་ཕན། །ཚ་གྲང་སྐྲངས་པ་མ་ལུས་འཇོམས་པར་བྱེད། །ཅེས་པར། མིང༌། ནི་ཙཱུ་ལ་ཟེར། འཁྲུངས་དཔེར། ལྕང་མ་དབྱར་པ་ཞེས་བྱ་བ། །སྡོང་པོ་ལོ་མ་ཆེ་བ་ལ། །མེ་ཏོག་བ་འདྲ་དཀར་པོ་འབྱུང༌། །འབྲས་བུ་ཤིང་རྒན་འབྲས་བུ་ཅན། །ནུས་པས་རྩ་སྐྱོན་སྐྲངས་རྣམས་འཇོམས། །འདི་ཡི་བར་ཤུན་ཁྲག་གཅོད་སྨན། །ཞོ་དང་སྦྱར་བྱུགས་རྩ་སྐྲངས་འཇོམས། །མཁྲིས་རྩ་སྐྲངས་ན་ཞོ་དང་སྦྱར། །རླུང་རྩ་སྐྲངས་ན་བུ་རམ་སྦྱར། རྩ་སྐྱོན་སྐྲངས་ལ་བདུད་རྩི་འདྲ། །ཞེས་པ་ལ་རིགས་གསུམ། ལྕང་དབྱར་པ་དང༌། རྒྱ་ལྕང་ཕྲ་མོ་དང༌། ཀླུང་ལྕང་སྐྱེད་མའོ། །རི་ལྕང་དབྱར་པ་ནི་བཤད་མ་ཐག་པའི་ལྕང་ཆེན་དང༌། རྒྱ་ལྕང་ནི། འཁྲུངས་དཔེ་ལས། རྒྱ་ལྕང་ལྕང་ཕྲན་ལེགས་པ་ཡིན། །རྩ་ཡི་རྣག་ཆུ་བུ་གར་འདྲེན། །ཞེས་པ་ལྕང་མ་ཕྲ་ལ་དྲང་བར་སྐྱེས་པ་ལོ་མ་ཕྲ་མཉེན་སྲབ་ལ་རིང་བ་ཅན་དང༌། ཀླུང་ལྕང་ལ་དཀར་ནག་གཉིས་འབྱུང་བའི་ལྕང་དཀར་གཞན་དུ་བཙུགས་ན་སྐྱེ་བ་ཤུན་པ་སྐྱ་བ་དང༌། ལྕང་ནག་བཙུགས་ན་མི་སྐྱེ་བ་ལྤགས་མདོག་ནག་པའོ།།  ནུས་པ་ལྕང་ནག་དམན་གཞན་གསུམ་འདྲ་བའོ།།

 

༨། དབྱར་པ།

དབྱར་པས་ནད་རྣམས་བྱེར་བ་སྡུད་པར་བྱེད། །ཅེས་པ། རི་ལྕང་སྔ་མ་ལས་ཆེ་བ་ལ་སྙེ་མ་ཅན་འབྲས་བུ་ལ་ལྕང་བལ་དཀར་པོ་རས་བལ་འདྲ་བ་ཡོང་བའོ།།

 

༩། གླང་མ།

གླང་མས་མོ་ནད་དང་ནི་ཚད་པ་སེལ། །ཞེས་པ་ལ་རིགས་གཉིས། གླང་དཀར་གླང་ནག་གཉིས་སོ། །གླང་དཀར་པགས་པ་དཀར་ལ་བོང་རིང་ལ་དྲང་བ་ཡིན། གླང་ནག་པགས་པ་དམར་ལ་བོང་ཐུང་ཞིང་ཡལ་ག་ཐུང་སྤུན་སུར་ནག་ལྟར་མགོ་འབལ་འཁྲིགས་པ་ཡིན། དེ་དག་སྐམ་སྐྱེས་རླན་སྐྱེས་གཉིས་ཡོད། གླང་དཀར་སྐམ་སྐྱེས་བཟང་བ་ཡིན།།

དེ་ལྟར་པགས་པ་ཅན་གྱི་ཤུན་པ་བཤུ་བར་འོས་པའི་སྨན་རྩ་བ་དགུ་ནང་ཚན་བཅས་བཅུ་གསུམ་བཤད་ཟིན་ཏོ།།

 

བདུན། ཚི་བ་ཐང་ཆུའི་ནུས་པ་བསྟན་པ།

ད་ནི་བདུན་པ་ཚི་བ་ཐང་ཆུའི་སྡེ་ཚན་བཤད་པར་བྱ་སྟེ།

 

༡། ཤིང་ཀུན།

ཤིང་ཀུན་སྲིན་འཇོམས་གྲང་ནད་སྙིང་རླུང་སེལ། །ཞེས་པ་ལ། རྩིས་ཉི་ཟླའི་འཁོར་ལོ་ལས། ཤིང་ཀུན་ལྕི་ལ་ཚ་སྟེ་བད་ཀན་སྐྱེད། །རླུང་ནད་ལྕི་འཚུབ་པ་ལ་མཆོག་ཏུ་ཕན། །ཞེས་དང༌། སུམ་ཅུ་པ་ལས། ཤིང་ཀུན་ཞུ་རྗེས་རོ་ཚ་ཡི་ག་འབྱེད།།  བད་རླུང་སེལ་བྱེད་གཟེར་འཇོམས་མཁྲིས་པ་སྐྱེད། །ཅེས་དང༌། དཔའ་བོས། ཤིང་ཀུན་རླུང་དང་བད་ཀན་སེལ། །གཟེར་འཇོམས་མཁྲིས་པ་སྐྱེད་བྱེད་དེ། །ཞུ་རྗེས་རོ་ཚ་ཡི་ག་འབྱེད། །དྲོད་སྐྱེད་ཟས་འཇུ་ཡང་བ་ཡིན། །ཞེས་དང༌། རང་བྱུང་བས། ཤིང་ཀུན་རླུང་ནད་ཐམས་ཅད་འཇོམས། ཞེས་པའི་མིང༌། ཧིངྒུ་མ། རྩི་བོ་ཆེ། བོཀྐ་ན། ཧིངྒུ་ར། སྤོད། དྲི་ཆེན། ཤིང་ཀུ་མ་ཟེར། རྒྱ་ནག་ཏུ། ཨགྷུ་ཤིར། ཕྲོམ་དུ། ཧེལ་ཏུ་ལ་ཐ། གབ་ཏུ། རྩི་གཉིས། གནོད་སྦྱིན་རྐང་མར་ཟེར། འདི་ལ་རིགས་དངོས་དང་བཟོ་མ་གཉིས་ཡོང༌། དངོས་ནི་ཤིང་བོཀྐ་ཞེས་པའི་ཚི་བ་ཡིན་ལ་སྐུད་པ་དཀར་པོ་ལ་བསྐུས་ན་སྔོན་པོར་འགྲོ་ཞེས་དུས་འཁོར་འགྲེལ་ཆེན་ལས་བཤད། དབྱིབས་ཀླད་པ་སྐམ་པོ་འདྲ་བ་ལ་དྲི་ཤིན་ཏུ་ཆེ་བར་མནམས་པས་འཁྲུལ་ཡ་མེད། ཡང་ནི་ཤིང་བོཀྐའི་ཤ་ཤུན་བར་དུ་ཤ་ཆེན་བཅུག་བཞག་པས་ཤ་ཆེན་གྱི་ནུས་པས་ཤིང་ཁུ་འཐུང་བ་དེ་བསྐོལ་བའི་ཁནྜར་བཤད་པ་དང༌། ཁ་ཅིག་ཤིང་དེ་བྲེག་མཚམས་སུ་མིའི་ཀླད་པ་བསྐུས་བཞག་པས་ཤིང་ཚི་འཐུང་བར་བཤད། བཟོ་མ་ནི་སྒོག་རགས་འཕྲུལ་སྲེག་བྱེད་པ་ར་ག་ནའི་ཀླད་པར་བསྟིམ་ལུགས་དང༌། བསྙལ་ནས་བཟོས་པ་སོགས་ནི་ཁ་དོག་སེར་བའམ་སྔོ་ཧམ་པ་སོགས་ལ་དྲི་སྔ་མ་ལས་དམན་པ་ཡོང་བ་ཡིན་ནོ།།

 

༢། སྨུག་སྔོན་ཚི་བ།

སྨུག་སྔོན་ཚི་བས་བྱང་ཁོག་རྨ་ཚད་དང༌། །མོ་ནད་ཚ་བ་རྙིང་པ་སེལ་བར་བྱེད།།  ཅེས་པར། རང་བྱུང་པས། སྨྱུག་རྩིས་མཁལ་མའི་ཟུངས་འཛིན་བྱེད། །ཅེས་སྨྱུག་མ་གཞོན་ནུའི་ཕྱི་རྩི་ལ་ཁནྜ་བྱས་པའི་ཞུན་བུ་རམ་ལྟར་མངར་བའོ། །མ་རྙེད་ན་སྨྱུག་སྔོན་རྩི་བཞར་ལ་འཕུར་བའི་ཕྱེ་མ་རོ་མངར་བས་བྱའོ།།

 

༣། སྤོས་དཀར།

སྤོས་དཀར་ཆུ་སེར་སེལ་ཞིང་སྐེམ་པར་བྱེད། །ཅེས་པར། བདུད་རྩི་ཐིགས་པར། གུ་གུལ་དཀར་པོ་དྲོ་སྐམ་ཆུ་སེར་འབྱིན། །རླུང་དང་ཆུ་སེར་རླིག་རླུགས་སྐྲངས་པ་སེལ། །ཞེས་པར། མིང༌། སརྫ་པ། བྲ་ཏི་བོག ཀུན་ཏུ་རྒྱུ། ཨརྟ་མ། ཨཱ་ར་ལ། ཏ་ལ། གུ་གུལ་དཀར་པོ། ཏུ་རུ་སྐ་ཡང་ཟེར། ཏུ་རུ་སྐ་ནི་ཀླ་ཀློ་དང་སོག་པོ་ལ་འཇུག་པས་བྱུང་ཁུངས་ཀྱི་མིང་སྟེ། སོགས་སྤོས་ཀྱང་ཟེར། སི་ཧླ་དང་མིང་གཅིག་པས་དོན་མ་ནོར་དགོས། འདི་ལ་རིགས་གཉིས། སྟོད་ནས་ཡོང་བའི་དཀར་པོ་རྟ་སོ་འདྲ་བ་སྤོས་དཀར་ཞེས་བཟང༌། ཀླ་ཀློ་དང་མོན་ནས་འབྱུང་བའི་སྨུག་ནག་ནི་སྤོས་སྨུག་ཅེས་ངན་ནོ།།

 

༤། གུ་གུལ།

གུ་གུལ་ས་གདོན་ལྷོག་པ་གཉན་གཟེར་འཇོམས། །ཞེས་པར། ལྕགས་ཀྱི་ཕྲེང་བར། གུ་གུལ་བསིལ་ལ་ལྕི་བས་རང་གི་ནུས་པས་མཆིན་ནད་གསར་རྙིང་སེལ། ། ཞེས་པའི་མིང༌། ཀུ་ན། བུམ་པ་ཅན། ཨུ་ལུ་ཁ་ལ། ཀཽ་ཤི་ཀ ཀུ་ར། གུར་གུར། གུགྒུལ། གུ་ཁུ་ལ། བྷ་ཡི་ཤ གུ་གུ་ལུ། ཨ་པ་ཝ་རི་གུ་གུལ། འདྲེ་འཇིག་ཐང་ཆུ། བགེགས་སྐྲོད། འདྲེ་བདུད་ཀླུ་དུག་འདྲེ་གསོད། གཟའ་གསོད། གཟའ་དུག ལྗོན་པའི་བཅུད། གསོད་བྱེད་སྦྱང་ནག རྫས་ཀྱི་ཕྱག་རྡོར་ཟེར། འདི་རྒྱ་གར་བལ་ཡུལ་ཁ་ཆེ་རྣམས་སུ་སྐྱེས་པའི་ཤིང་གུ་གུ་ལའམ་འདྲེ་འཇིག་གི་ཐང་ཆུ་སྟེ། རིགས་གཉིས་སོ། །བཟང་བ་ནི་ཡུལ་ཨ་པ་ཝ་རི་ནས་བྱུང་བ་ཁ་དོག་སེར་ལ་དྭངས་པའམ། དཀར་པོ་ལྟ་བུ་འབྱུང་བ་དང༌། གཞན་པ་སེམས་ཅན་མེ་ལྷ་བྱ་བས་གུ་གུལ་གྱི་ཐང་ཆུ་ཟོས་པའི་བྲུན་དུ་གྲགས་པ་སྣ་ཐུང་ནག་ལས་རྡོ་འབྱར་བ་བྱི་བའི་བྲུན་འདྲ་བ་ལ་བྱི་བྲུན་མ་ཞེས་དམན་པའོ། །གང་ཡང་རོ་ཁ་ལ་མེར་བསྲེགས་ཚེ་རོ་མེད་འཇུ་ལ་དྲི་ཞིམ་པ་བཟང་བའོ། །བསྲེགས་རོ་ནག་རོག་འདུག་པ་དང་སླད་ཅན་དང༌། མེར་འཇུ་ཡང་དྲི་མི་ཞིམ་པ་ཐང་ཆུ་གཞན་བསྲེས་པ། མེར་མི་འཇུ་ཚེག་སྒྲ་བཅས་ཡར་ལ་རློག་དུག་བྲོ་བ། སེམས་ཅན་གྱི་ཆུ་སེར་ལས་བཟོས་པས་ཁ་དོག་གསལ་ལ་དྭངས་པ་སོགས་འབྱུང་བའི་ངན་པ་ནི་བརྫུས་པས་གུ་གུལ་ལ་མི་གཏོགས་སོ།།

 

༥། ཤེལ་ཏ།

ཤེལ་ཏས་ལྷ་རུས་ཆུ་སེར་བཙོན་དུ་འཛིན། །ཞེས་པར། རྗེ་རང་བྱུང་པས། ཐང་ཆུས་རྨ་ཡི་ཆུ་སེར་འདྲེན། །ཞེས་གསུངས། མིང༌། ས་ཡ་བ་ཟེར། འདི་གོང་དུ་བཤད་པའི་ཐང་མ་སྒྲོན་ཤིང་གི་ཐང་ཆུའོ།།

 

༦། ནགས་མའི་ཐང་ཆུ།

ནགས་མའི་ཐང་ཆུས་རྣག་འབིགས་ཆུ་སེར་འཛིན། །ཞེས་པ་ལ་རིགས་གསུམ། སོམ་ཐང་ཤིང་གི་ཐང་ཆུ་དང༌། ཤུག་པའི་ཐང་ཆུ་དང༌། བྱིའུ་ཐང་ཆུ་ཞེས་ཤིང་ཚེར་མ་སོགས་གཞན་ཚི་བ་མེད་པའི་རྐ་བྲག་བར་དུ་འབྲས་སྦྲང་ལྟར་བསགས་པ་སྤོས་དཀར་འདྲ་བ་ཡོང་བའོ། །གང་ཡང་དྭངས་པ་དང་ཁྱད་པར་སོམ་ཐང་ཆུ་དར་སྣབས་ལྟར་འོད་ནར་གྱིས་ཟག་པ་བཟང་ངོ༌།།

 

༧། རྒྱ་སྐྱེགས།

རྒྱ་སྐྱེགས་འགྲམ་འཁྲུགས་ཁྲག་ནད་ཚད་པ་སེལ། །ཞེས་པ། རོ་སྐོར་ལས། རྒྱ་སྐྱེགས་བསིལ་ལ་ཡང་བ་ཡིན། ཁྲག་གིས་འགེགས་པའི་སྨན་ཡིན་ནོ། །ཞེས་སོ། །མིང་ལ། ལཱཀྵ། ཛ་དུ། རཀྟ། ཛནྟ། སྐྱེ་ལྡན། ཡཱ་བ། ཨ་ལ་གྷ།ལོ་ཧི་ཏ། ཀྲྀ་མི་ཛ། ལི་ཏཾ། ཀེཀྵཤ ལ་ཁ། ཌུམཱ་མ་ཡ། ཤིང་ཤོད། ཏི་ལཾ། སྲིན་པོའི་ཁྲག ལྷ་མོའི་ཟླ་མཚན། ཁྱབ་མཇུག་རིལ་མ། རྒྱ་སྐྱེགས། རྒྱ་སྐགས། ཚོས། ཕོ་ཚོས་རྣམས་ཟེར། དོན་ལ་ཤིང་ཀེང་ཤུ་ཀའི་ཚི་ཡིན། བཏུ་དུས་ནམ་ཟླའི་དབང་གིས། གྲོ་ཚོས་ཞེས་དྭངས་ཤས་ཅན་དང༌། ནག་ཧྲུག་ཅེས་དམར་ནག་གཉིས་འབྱུང་ངོ༌། །འཁྲུངས་ཚུལ་ནི། རྒྱ་སྐྱགས་ཤིང་དབྱིབས་སྟག་པ་འདྲ། །མེ་ཏོག་འདབ་མའི་ནང་དམར་ལ། །རྒྱབ་ནག་ཟེ་འབྲུ་སེར་པོ་ཅན། །ཀེང་ཤུ་ཀ་ཡི་ཐང་ཚི་ཡིན། །ཞེས་སོ།།

 

༨། ལཀྵ།

ལཀྵས་གློ་མཁལ་འགྲམ་ཚད་སེལ་བ་ཡིན། །ཞེས་པ་གོང་གི་རྒྱ་སྐྱེགས་ཚོས་ཁུ་བཏོན་པའི་སྙིགས་མ་ལཀྵ་ཞེས་པ་འགྲམ་ཚད་དང་མིག་ནད་གདོན་གཟའ་འབྱུང་པོ་ཐུབ་པར་བཤད་པའོ།།

 

༩། མོན་ཆ་ར།

མོན་ཆ་ར་ཡིས་ཚ་གྲང་འཁྲུ་བ་གཅོད། །ཅེས་པ་ཤིང་བེ་ནག་རྒན་པོ་ལས་བབ་པའི་ཚི་ཁུ་ཁྲག་འདྲ་བ་སྟེ། འདྲ་ཡིག་ལས། མོན་ཆ་ར་ནི་ཁྲག་ཕྱེ་སྐམ་པོ་འདྲ། །ཞེས་གསུངས། བེ་འབྲས་ཀྱང་ཁྱད་མེད་དེ། །རང་བྱུང་རྡོ་རྗེས། བེ་ནག་འབྲས་བུ་མོན་ཆ་ར། །འཁྲུ་བ་གཅོད་པའི་མཆོག་ཡིན་ནོ། །ཞེས་གསུངས། མོན་ཆ་ར་ཞེས་པ་ཕྲོམ་གྱི་སྐད་ཡིན། མིང་གཞན། ཤལྨ་ལི། བྷ་རེ་རམ། མེ་ར་ཙ་ལི། འགྲམ་གཅོད། འཁྲུ་གཅོད་རྣམས་ཟེར་རོ།།

 

༡༠། ཐང་ཁྲག

ཐང་ཁྲག་ས་དུག་འཁྲུ་ནད་སེལ་བར་བྱེད། །ཅེས་པ་ནི་ཤིང་སོམ་ཐང་ཤིང་ངམ། མིང༌། འབོ་ལོ། འབོ་ལེ། བྱ་བལ་རྣམས་ཟེར་བ་ཐང་རྒན་གྱི་ཁྲག་གིས་མི་ཕྱུགས་དུག་གིས་ན་བ་རྟ་དྲེའུ་ཐང་ཚས་དུག་པ། དུག་རྒྱུ་མར་བབ་པས་འཁྲུ་བ་ལ་ཕན་ནོ།།

དེ་ལྟར་ཚི་བའི་རིགས་རྩ་བ་བཅུ་ནང་དབྱེ་བཅས་བཅུ་བདུན་བཤད་ཟིན་ཏོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་ལྔ་པ་དེ་ལྟར་ཤིང་གི་སྨན་དུ་གཏོགས་པ་འབྲས་བུ་སོགས་ནང་ཚན་བདུན་གྱི་ཁོངས་སུ་བསྡུ་བ། རྩ་བ་དགུ་བཅུ་རྩ་བརྒྱད། ནང་ཚན་རིགས་ཀྱི་དབྱེ་བ་བཅས་བརྒྱ་དང་གྱ་གཉིས་རྒྱས་པར་བཤད་པའི་སྐབས་ཏེ་དྲུག་པའོ།། །།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 12:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།